Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་པདྨ་གར་དབང་གི་དཀྱིལ་འཁོར།
   
   
   
   
   


 
previousརྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་པདྨ་གར་དབང་གི་དཀྱིལ་འཁོར།next

རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་པདྨ་གར་དབང་གི་དཀྱིལ་འཁོར།


CMR020_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་པདྨ་གར་དབང་གི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི། དབུས་སུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་གཞལ་ཡས་ཁང་པ་གྲུ་བཞི་པ། །སྒོ་བཞི་པ་རིན་པོ་ཆེའི་རྩིག་པ་ནང་ནས་བརྩམས་ཏེ། དམར་པོ་ལྗང་གུ་སྔོན་པོ་སེར་པོ་དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་


CMR020_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ།་སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ་སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ་སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བ་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་། ཤར་དཀར་ལྷོ་སེར་ནུབ་སྔོ་བྱང་ལྗང་དབུས་དམར་བ། ནང་གི་དབྱིབས་པདྨ་ལྟ་བུ། དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་སུ། པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཚངས་པ་སེར་པོ། །དབང་པོ་དཀར་པོ། ཉེ་དབང་སྔོན་པོ། དྲག་པོ་ནག་པོ་སྟེ། བདུད་བཞིའི་སྙིང་ཁར་ཉི་མའི་དཀྱིལ་འཁོར་འདབ་མ་བརྒྱད་ལ་པདྨ་དང་ཉི་མ་རོའི་གདན་དབུས་ཀྱི་གདན་གྱི་སྟེང་


CMR020_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དུ། བདག་ཉིད་སྐད་ཅིག་གིས་པདྨ་མཁའ་འགྲོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་། རྩ་བའི་ཞལ་དམར། གཡས་ནག །གཡོན་དཀར་བ། ཕྱག་བཅུ་དྲུག་གི་ཐོད་པའི་ནང་དུ་གཡས་པ་རྣམས་ན། དོམ་དང་། བྱ་རྒོད་དང་། བསེ་དང་། བ་མེན། སྟག་དང་། སྤྲེའུ་དང་། ཆུ་སྲིན་ན་ཀྲ་དང་། ལྕེ་སྤྱང་རྣམས་འཛིན་པ། གཡོན་པ་རྣམས་ན། ལྭ་དང་། འུག་པ་དང་། བྱ་དཀར་དང་། སེང་གེ་དང་། ས་ར་པ་དང་། ར་དང་། ཀྲི་སྣ་ར་སི་དང་། ཕག་རྣམས་འཛིན་པ། རྩ་ཞལ་ཐོསྤྱི་བོར་པདྨ་དམར་པོས་མཚན་ཅིང་། ཡུམ་གོས་དཀར་མོ་སྐུ་མདོག་དམར་མོ་དང་མཉམ་པར་སྦྱོར་བ། སྟེང་ཞལ་དུད་ཁ། རྒྱབ་ཞལ་བཞི་ནག་པ། ཞལ་མཆེ་བ་གཙིགས་པ། སྤྱན་ཉི་ཤུ་རྩ་བཞི་ཆེ་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་རྫོགས་པ་ལྔ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་མདུན་མ་གཉིས་གཡས་བརྐྱངས་ཤིང་གཡོན་བསྐུམས་པ། རྒྱབ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྒེག་པ་དཔའ་བ་མི་སྡུག་པ། རྒོད་


CMR020_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲག་ཤུལ་འཇིགས་སུ་རུང་བ། སྙིང་རྗེ་རྔམ་དང་ཞི་བ་སྟེ། གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་གནས་པའི་ཡུམ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དང་ལྡན་ཞིང་། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་པས་སྡིགས་མཛུབ་དང་བཅས་པའི་གྲི་གུག་ནམ་མཁའ་ལ་འཕྱར་ཤིང་། གཡོན་པས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ་གཅེར་བུ་ཞབས་གཡོན་བརྐྱངས་ཤིང་། གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མར་པདྨ་ཅན་དཀར་མོ་པདྨ་འཛིན་པ། ལྷོར་ཆོས་འབྱུང་མ་སེར་མོ་ཆོས་འབྱུང་འཛིན་པ། ནུབ་ཏུ་ལྕགས་སྒྲོག་མ་ནག་མོ་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པ། བྱང་དུ་རང་འཁྱུད་མོ་ལྗང་གུས་སངས་རྒྱས་ཐམས་ཅད་ལ་རྗེས་སུ་ཆགས་པའི་ཚུལ་གྱིས་ཕྱག་ན་རྡོ་རྗེ་དང་ཐོད་པ་བཟུང་བས་རང་ལ་འཁྱུད་པ། བྱང་ཤར་དུ་གླིང་བུ་མ་དམར་མོ། ཕྱག་


CMR020_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་གླིང་བུ་བཟུང་ནས་སྒྲ་སྒྲོགས་པ། ཤར་ལྷོར་པི་ཝཾ་མ་སེར་མོ་ཕྱག་གཉིས་ཀྱིས་པི་ཝཾ་བསྒྲེངས་བ་ལ་བརྩོན་པ། ལྷོ་ནུབ་ཏུ་མུ་ཀུན་ཌ་མ་དཀར་མོ་ཕྱག་གཉིས་ཀྱིས་རྔ་བོ་ཆེ་བརྡུང་བ། ནུབ་བྱང་དུ་རྫ་རྔ་མ་དུ་བའི་མདོག་ཅན། ཕྱག་གཉིས་ཀྱིས་རྫ་རྔ་བརྡུང་བའོ། །ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ་ས་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་གི་གཡས་བསྐུམས་པའི་སྟབས་ཀྱིས་བཞུགས་པའོ། །ས་བོན་ནི་ཨཱཿཿ གཙོ་བོ་ལ་རང་འདྲ་བས་དབུ་བརྒྱན། སྔགས་ནི། ཨོཾ་བཛྲ་དྷརྨ་ས་མ་ཡ་སཱུ་ཧུ་ལུ་ཧུ་ལུ་ཨ་རོ་ལིཀྲ་ཕཊ་སྭཱ་ཧཱ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR020_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་པདྨ་གར་དབང་གི་དཀྱིལ་འཁོར།next