Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
སམ་བྷུ་ཊི་ལས་གསུངས་པའི་བདེ་མཆོག་པདྨ་མཁའ་འགྲོའི་དཀྱིལ་འཁོར།
   
   
   


 
previousསམ་བྷུ་ཊི་ལས་གསུངས་པའི་བདེ་མཆོག་པདྨ་མཁའ་འགྲོའི་དཀྱིལ་འཁོར།next

སམ་བྷུ་ཊི་ལས་གསུངས་པའི་བདེ་མཆོག་པདྨ་མཁའ་འགྲོའི་དཀྱིལ་འཁོར།


CMR020_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སམ་བྷུ་ཊི་ལས་གསུངས་པའི་བདེ་མཆོག་པདྨ་མཁའ་འགྲོའི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་སྲུང་བའི་འཁོར་ལོའི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་སྐོར་དུ་འགྲོ་བ་མི་མངོན་པར་མགྱོགས་པར་འཁོར་བ་དེའི་རྩིབས་རྣམས་ལ། ཤར་དུ་རྡོ་རྗེ་དབྱུག་པ་སྔོན་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེའི་ཐོ་བ་འཛིན་པ། བྱང་དུ་རྡོ་རྗེ་ཉི་མ་སེར་པོ། སེར་སྔོ་ལྗང་བའི་ཞལ་གསུམ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེའི་མཚན་པའི་དབྱུག་པ་འཛིན་པ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ། དམར་དཀར་ལྗང་བའི་ཞལ་གསུམ། ཕྱག་གཡས་ཀྱི་དང་པོས་པདྨ་དམར་པོ་འཛིན་པ། ལྷོར་རྡོ་རྗེ་འཁྱིལ་བ་ལྗང་གུ། ལྗང་དཀར་སེར་བའི་ཞལ་གསུམ༔ ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་འཛིན་པ། མེར་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་ཅན། རྩ་ཞལ་དུ་བའི་མདོག་ཅན། གཡས་ཞལ་སེར་པོ། གཡོན་ཞལ་ལྗང་གུ། ཕྱག་གཡས་དང་པོས་ལྕགས་ཀྱུ་འཛིན་པ། སྲིན་པོར་རྡོ་རྗེ་དུས་མཚན་དམར་པོ། དམར་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་དགྲ་སྟ་འཛིན་པ། རླུང་དུ་ 


CMR020_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེན་པོ་སྔོན་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོ་ཏྲི་ཤུལ་འཛིན་པ། དབང་ལྡན་དུ་རྡོ་རྗེ་འཇིགས་སུ་རུང་བ་ནག་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་རལ་གྲི་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ། དཀར་སྔོ་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་འཁོར་ལོ་འཛིན་པ༔ འོག་ཏུ་གནོད་མཛེས་སྔོན་པོ་སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་གཏུན་ཤིང་འཛིན་པ། ཐམས་ཅད་ཀྱི་ཕྱག་གཡས་དང་པོས་རང་རང་གི་ཕྱག་མཚན་དང་། གཡོན་དང་པོས་ཐོད་པ་འཛིན་པ་དང་བཅས་པས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། གཡས་འོག་མས་རྡོ་རྗེ་དང་། གཡོན་འོག་མས་ཁཊཾ་ག་འཛིན་པ། སྨིན་མ་གཡོ་བ་དང་བཅས་པའི་ཁྲོ་གཉེར་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཉི་མ་དང་རང་རང་གི་ཕྱོགས་སྐྱོང་གི་གདན་ལ་གཡས་བརྐྱངས་ཀྱིས་བཞུགས་པའོ། །སྲུང་བའི་འཁོར་ལོའི་དབུས་སུ་ཆོས་འབྱུང་གི་ནང་དུ། །


CMR020_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དང་། མེ་དང་། ཆུ་དང་། དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ། རི་རབ་ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ། རྩེ་མོར་ཅོག་བརྒྱད་ཀྱིས་མཛེས་པའི་རི་རབ་ཀྱི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་གཞལ་ཡས་ཁང་པ། གྲུ་བཞི་པ་སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནང་ནས་བརྩམས་ཏེ། སྔོན་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲ་བ་ཕྱེད་པ་དང་། དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་


CMR020_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ།། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། །སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའི་དབུས་སུ་པདྨ་གར་དབང་གི་དཀྱིལ་འཁོར་ལ་ཕྱི་ནས་དཀར་སེར་སྔོ་ལྗང་དམར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕྱིའི་དབྱིབས་ནི་གྲུ་བཞི་པ་སྒོ་བཞི་པ། རྟ་བབས་དང་བྲལ་བ། རིན་པོ་ཆེའི་རྩིག་པ་དང་། ཕ་གུ་དང་དྲུ་བ་དང་དྲ་བ་ཕྱེད་པ་དང་།


CMR020_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བུ་དང་མདའ་ཡབ་ལ་སོགས་པས་བསྐོར་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་ཤར་དཀར་ལྷོ་སེར་ནུབ་སྔོ་བྱང་ལྗང་དབུས་དམར་པོའི་དབུས་སུ། རྨ་བྱའི་ཁྲི་སྣ་ཚོགས་པདྨ་དང་ཉི་མ་དང་། དབང་ཕྱུག་ཆེན་པོའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་པདྨ་མཁའ་འགྲོ་སྐུ་མདོག་དམར་པོ། །ཞལ་གཅིག་ཕྱག་གཉིས་པ། གཡས་པས་པདྨ་དང་། གཡོན་པས་པདྨས་མཚན་པའི་དྲིལ་བུ་འཛིན་པ། ཡུམ་པདྨ་མཁའ་འགྲོ་མ་དམར་མོ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཅོག་དང་། ཐོད་པའི་ཕྲེང་བའི་ཅོད་པན་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་གནས་པའི་ཡུམ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་པདྨ་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་དང་། གཡོན་ཁྲག་གིས་གང་བའི་ཐོད་པ་འཛིན་པའི་ཕྱག་གིས་ཡབ་ལ་འཁྱུད་པ། །གཅེར་བུ་སྐུ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཡུམ་གཉིས་ཀ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། ཤར་དུ་རབ་ཏུ་བཟང་པོ་དང་བྱ་མ་དེ་ཝི། བྱང་དུ་


CMR020_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་ཏུ་འཇིགས་བྱེད་ཆེན་མོ་དང་རྟ་རྣ་མ། ལྷོར་མིག་མི་བཟང་དང་ཁ་ག་ན་སྟེ། དཔའ་བོ་རྣམས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་པདྨ་དང་གཡོན་པས་པདྨས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་སྐུ་མདོག་དཀར་མོ་གཡས་སྡིགས་མཛུབ་དང་བཅས་པའི་པདྨ། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། དཔའ་བོ་བཞི་པོ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ་ལ། དཔའ་མོ་རྣམས་གཡོན་བརྐྱང་གིས་འཁྱུད་པའོ། །ཕྱིའི་དཀྱིལ་འཁོར་གྱི་ཤར་སྒོར་ཁྭ་གདོང་མ་སྔོན་མོ་གཡས་པས་ལྕགས་ཀྱུ་འཛིན་པ། བྱང་སྒོར་འུག་གདོང་མ་ལྗང་གུ། གཡས་པས་ཞགས་པ་འཛིན་པ། ནུབ་སྒོར་ཁྱི་གདོང་མ་དམར་མོ་གཡས་པས་ལྕགས་སྒྲོག་འཛིན་པ། ལྷོ་སྒོར་ཕག་གདོང་མ་སེར་མོ་གཡས་པས་དྲིལ་བུ་འཛིན་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ། གཡོན་སེར་བ། གཡས་པས་མེ་ལོང་འཛིན་པ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། གཡས་པས་པི་ཝཾ་འཛིན་པ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ་གཡས་


CMR020_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲིའི་དུང་ཆོས་འཛིན་པ། བྱང་ཤར་དུ་གཤིན་རྗེ་འཇོམས་མི་གཡས་ལྗང་གཡོན་སྔོ་བ། གཡས་པས་རོའི་སྣོད་འཛིན་པ། ལྷ་མོ་བརྒྱད་པོ་དེ་དག་གི་ཕྱག་གཡོན་པས་ཐོད་པ་དང་གྲུ་མོ་ན་ཁཊཾ་ག་འཛིན་པ། གཡས་བརྐྱངས་ཀྱི་སྟབས་ཀྱིས་བཞུགས་པའོ། །དཔའ་བོ་བཞི་པོ་རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པན་ཅན། །ཕྱག་རྒྱ་དྲུག་གིས་སྤས་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། རྣལ་འབྱོར་མ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། གཅེར་བུ་སྐུ་གྲོལ་བ། །ཕྱག་རྒྱ་ལྔས་བརྒྱན་པའོ། །གཙོ་བོ་ལ་རྡོ་རྗེ་མཁའ་འགྲོས་དབུ་བརྒྱན། ས་བོན་ཧཱུྃ༔ སྔགས་ནི། ཨོཾ་ཤྲཱི་པདྨ་ཌཱཀ་ཧྲཱིཿཨཱཿཿཧཱུྃ། ཊཀི་ནཱི་ཛཱ་ལ་སཾ་བྷ་རཾ་ཧཱུྃ་ཕཊ༔སྭཱ་ཧཱ། ལས་སྔགས་ནི། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཕཊ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR020_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསམ་བྷུ་ཊི་ལས་གསུངས་པའི་བདེ་མཆོག་པདྨ་མཁའ་འགྲོའི་དཀྱིལ་འཁོར།next