Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར།
   
   


 
previousདཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར།next

དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར།


CMR020_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་སེར་པོ་རྩིབས་བཅུ་པ། གཡས་སྐོར་དུ་འགྲོ་བ་མི་མངོན་པར་མགྱོགས་པར་འཁོར་བ་དེའི་རྩིབས་བཅུ་ལ། ཤར་དུ་བགེགས་མཐར་བྱེད་ནག་པོ། ནག་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རལ་གྲི་དང་གྲི་གུག་རྩེ་གསུམ། གཡོན་ན་ཕུབ་དང་ཐོད་པ་དང་ཁཊཾ་ག་དཀར་པོ་འཛིན་པ། ལྷོར་ཤེས་རབ་མཐར་བྱེད་དམར་པོ། དམར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་མེའི་མདའ་རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ་རྡོ་རྗེ་ཞགས་པ་རིན་པོ་ཆེ་ཆ་དགུ་པ་འཛིན་པ། བྱང་དུ་པདྨ་མཐར་བྱེད་དཀར་པོ། དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་ཐོ་བ། མདུང་། རྩེ་གསུམ། གཡོན་ན་པད་དཀར་འདབ་བརྒྱད་པ། མེ་ལོང་བགྲང་ཕྲེང་འཛིན་པ། ནུབ་ཏུ་གཤིན་རྗེ་མཐར་བྱེད་སེར་པོ། སེར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ནི་འཁོར་ལོ་དང་།་དབྱུག་པ་དང་འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་རྡོ་རྗེ་ལྕགས་


CMR020_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག །དྲིལ་བུ་འཛིན་པ། ཤར་ལྷོར་དབྱུག་སྔོན་ཅན་ནག་པོ། ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་ཕུབ་དང་སྦྲུལ་འཛིན་པ། ལྷོ་ནུབ་ཏུ་འདོད་རྒྱལ་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་མདའ་དང་ལྕགས་ཀྱུ། གཡོན་གཉིས་ནི་གཞུ་དང་ཞགས་པ་འཛིན་པ། བྱང་ཤར་དུ་མི་གཡོ་བ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་ཐོ་བ་དང་མདུང་། གཡོན་གཉིས་ན་པདྨ་དང་མེ་ལོང་འཛིན་པ། ནུབ་བྱང་དུ་སྟོབས་པོ་ཆེ་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་འཁོར་ལོ་དང་དབྱུག་པ། གཡོན་གཉིས་ན་དུང་དང་རིན་པོ་ཆེ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ལྗང་གུ། ལྗང་དམར་དཀར་བའི་ཞལ་ཅན། །ཕྱག་དྲུག་གི་གཡས་པ་རྣམས་ན་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ། གཡོན་པ་རྣམས་ན་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ། འོག་གི་རྩིབས་ལ་གནོད་མཛེས་སྔོན་པོ་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་པ་རྣམས་ན་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ། གཡོན་པ་རྣམས་ན་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་


CMR020_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦྲུལ་རྒྱན་དང་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། གཡས་བརྐྱངས་ཀྱི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་དུ་འབར་བའི་དབུས་ན་བཞུགས་པ་། འཁོར་ལོ་ཡང་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བས་བརྟན་པར་གནས་པ་ལྟ་བུ། འབར་བའི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། དེ་ལྟ་བུའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནམ་མཁའི་ཁམས་ཐམས་ཅད་མཐའ་ཡས་པའི་རང་བཞིན་གྱི་ཆོས་འབྱུང་གི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་ཐད་དཀར་དཔག་ཚད་འབུམ་ཕྲག་བཞི་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ། སྟེང་འོག་ཏུ་ཧཱུྃ་


CMR020_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་པདྨས་མཚན་པ། དེའི་སྟེང་དུ་པཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྡོ་རྗེས་མཚན་པ། དེའི་སྟེང་དུ་མི་ལས་ལྷུན་པོ་ཆེན་པོ་རྡོ་རྗེའི་རང་བཞིན་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་དྲུག་ཅུ་དང་། སྟེང་ལ་སྟོང་ཕྲག་ལྔ་བཅུ་པ། དེའི་དབུས་སུ་ཧཱུཾ་ལས་སྣ་ཚོགས་པདྨ་རི་རབ་ཀྱི་ཕྱེད་དང་མཉམ་པའི་སུམ་ཆ་ལྟེ་བ་ལ་ཡོད་ཅིང་། ལྟེ་བའི་སྟེང་དུ་ཧཱུྃ་ལས་ཟླ་བའི་དཀྱིལ་འཁོར་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་ཚེག་དྲུག་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ། དེའི་སྟེང་དུ་ཐིག་ལེ་ནཱ་ད་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་སྔོན་པོ་ཉི་མ་དང་མཉམ་པ། དེ་རྣམས་རོ་གཅིག་ཏུ་འདྲེས་པ་ལས་ཧྐྵྨླྭྲྱཱཾ་གི་ཡི་གེ །དེ་ལས་གྲུབ་པའི་འཇིག་རྟེན་ཁམས་རླུང་སོགས་ནས་སྒྲ་གཅན་བར་སྔ་མ་བཞིན་དུ་བསྐྱེད་ལ། དེའི་སྟེང་དུ་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེའི་གུར་གྱི་ནང་དུ་རྡོ་རྗེའི་ས་གཞི་ལ། ཨོཾ་ཡིག་ཡོངས་སུ་གྱུར་པ་ལས། ཐུགས་ཀྱི་དཀྱིལ་འཁོར་ནོར་བུའི་འོད་ཟེར་འཕྲོ་བ་ཅན་གྱི་ཕྱི་ནས་རིམ་པ་བཞིན། ནག་དམར་དཀར་བའི་རྩིག་པ་རིམ་པ་


CMR020_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ལྡན་པ། གྲུ་བཞི་པ་སྒོ་བཞི་པ། ནོར་བུ་གསེར་གྱི་རང་བཞིན་གྱི་རྟ་བབས་བཞིས་བརྒྱན་པ། རྟ་བབས་སོ་སོ་ལ་ཀ་བ་བཞིའི་བར་དུ་ལྷ་མོའི་གནས་ང་གསུམ་གསུམ་དང་ལྡན་པའི་བརྩེ་གས་མ་གསུམ་པ། བརྩེགས་འོག་མ་ལ་གླང་པོ་ཆེའི་མགོར་སེང་གེས་མནན་པ། བར་མ་དང་། སྟེང་མ་ཤ་ལ་པཉྩི་ཀས་སྣམ་བུ་བཏེག་པ། སྣམ་བུ་སོ་སོའི་རྩེ་མོར་རྒྱལ་མཚན་བསྒྲེང་བ་རྔ་ཡབ་དང་། མེ་ལོང་དང་། དྲིལ་བུ་དང་། བ་དན་དཀར་པོ་རྣམས་འཁྱུད་པ། སྟེང་དུ་ཧར་མི་དེའི་སྟེང་དུ་དབུས་སུ་བུམ་པ་དང་། གཡས་གཡོན་དུ་རྒྱལ་མཚན་དང་། ཀ་བའམ་གཤམ་ནས་མྱོས་པ་བསྲུང་བའི་སྣམ་བུ་དམར་པོས་བསྐོར་བའོ། །རྩིག་པའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ། རིན་པོ་ཆེའི་འཆིང་བ་རྣམ་པར་བཀྲ་བ། དེའི་སྟེང་དུ་དོ་ཤལ་དང་། དོ་ཤལ་ཕྱེད་པ་དང་། མེ་ལོང་དང་། རྔ་ཡབ་དང་། དྲིལ་བུ་དང་། ཟླ་བ་ཕྱེད་པ་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་འཕྱང་བའི་བ་ཀུ་ལི་དཀར་པོ་དང་། དེའི་སྟེང་དུ་ཀྲ་མ་ཤིར་ཥ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཀྱིས་བསྐོར་བའི་བར་བར་དུ་རྒྱལ་མཚན་


CMR020_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བ་དན་ལ་སོགས་པས་མཛེས་པར་བྱས་པ། འདོད་ཡོན་གྱི་སྣམ་བུ་དཀར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་ཞིང་། སྒོ་ཁྱུད་དང་ཀ་བའི་མཚམས་སུ་རིན་པོ་ཆེའི་སྤུས་པ། ཟུར་བཞིར་སྣ་ཚོགས་རྡོ་རྗེས་བརྒྱན་པ། དེའི་ནང་དུ་རྡོ་རྗེའི་ཕྲེང་བ་ནག་པོས་བསྐོར་བའི་ནང་དུ་གཙོ་བོའི་པདྨ་ལྗང་གུ། ཨོཾ་ལས་པདྨ་ཟླ་ཉིའི་གདན་དང་བཅས་པ། གཙོ་བོའི་པདྨའི་ལྟེ་བར། ཨོཾ་ཨཱཿཿ ཨ་ལས་ཟླ་བ་དང་། ཉི་མ་དང་། སྒྲ་གཅན་གྱི་གདན། གཞན་རྣམས་ལ་ཨ་ལས་ཟླ་བ་དང་། རཾ་ལས་ཉི་མའི་གདན། ཕྱི་རོལ་ན་མཆོད་པའི་ས་ལ་པདྨ་བུམ་སོགས་མཆོད་རྫས་དུ་མས་གང་བ། གཞལ་ཡས་ཁང་གི་ས་གཞི་དང་། སྟེང་འོག་ཐམས་ཅད་ཀྱི་དབུས་སྔོ་ཤར་ནག །ལྷོ་དམར། བྱང་དཀར། ནུབ་སེར་བ། ཕྱི་ནས་ས་ཆུ་མེ་རླུང་གི་འཁོར་ཡུག་བཞིས་བསྐོར་བའི་སའི་དཀྱིལ་འཁོར་གྱི་དབང་ལྡན་གྱི་མཚམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་འཆར་བཞིན་པ་དང་། བདེན་བྲལ་མཚམས་སུ་ཨོཾ་ལས་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པ་དང་། མེ་དང་རླུང་གི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། ནམ་མཁའི་འཁོར་ཡུག་ལ་རྡོ་རྗེའི་རྭ་བ་དང་།


CMR020_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱི་རོལ་དུ་འོད་ཟེར་འབར་བས་བསྐོར་བའོ། །དེའི་དབུས་སུ་ཟླ་ཉི་སྒྲ་གཅན་གྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྐུ་མདོག་སྔོན་པོ། དབུས་ཀྱི་མགྲིན་པ་སྔོན་པོ། གཡས་པ་དམར་པོ། གཡོན་པ་དཀར་པོ་སྟེ། མགྲིན་པ་གསུམ་དང་ལྡན་པ། རྩ་ཞལ་ནག་པོ་དྲག་ཅིང་མཆེ་བ་གཙིགས་པ། གཡས་ཞལ་དམར་པོ་ཆགས་དང་བཅས་པ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། རྡོ་རྗེ་ནོར་བུ་དང་། །རྡོ་རྗེ་ན་རྒྱན་དང་། རྡོ་རྗེ་མགུལ་རྒྱན་དང་། རྡོ་རྗེ་གདུབ་བུ་དང་། རྡོ་རྗེ་སྐེ་རགས་དང་། རྡོ་རྗེ་རྐང་གདུབ་དང་། རྡོ་རྗེ་དར་དཔྱངས་དང་། རྡོ་རྗེ་ཕྲེང་བ་དང་། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། གཡོན་གྱི་ཕྲག་པ་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། ཕྲག་པ་དྲུག །དཔུང་པ་བཅུ་གཉིས། ཕྱག་ཉི་ཤུ་


CMR020_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཞིའི་དང་པོ་བཞི་བཞི་ནག་པོ། གཉིས་པ་བཞི་བཞི་དམར་པོ། གསུམ་པ་བཞི་བཞི་དཀར་པོ། ཕྱག་ཐམས་ཅད་ཀྱི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ།། མིང་མེད་ནག་པོ། མཐེའུ་ཆུང་ལྗང་གུ། སོར་མོ་རྣམས་ཀྱི་ཚིགས་ཀྱི་འཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། སོར་གདུབ་རྣམས་ཀྱིས་མཛེས་ཤིང་འོད་འཕྲོ་བ། གཡས་ཀྱི་ཕྱག་ནག་པོ་བཞིའི་དང་པོར་རྡོ་རྗེ། གཉིས་པར་རལ་གྲི། གསུམ་པར་རྩེ་གསུམ། བཞི་པར་གྲི་གུག །དམར་པོ་བཞིའི་དང་པོར་མེའི་མདའ། གཉིས་པར་རྡོ་རྗེ་ལྕགས་ཀྱུ། གསུམ་པར་སྒྲ་དང་བཅས་པའི་ཌ་མ་རུ། བཞི་པར་ཐོ་བ། དཀར་པོ་བཞིའི་དང་པོར་འཁོར་ལོ། གཉིས་པར་མདུང་། །གསུམ་པར་དབྱུག་པ། བཞི་པར་དགྲ་སྟ། གཡོན་གྱི་ནག་པོ་བཞིའི་དང་པོར་དྲིལ་བུ། གཉིས་པར་ཕུབ། གསུམ་པར་ཁཊཾ་ག་རྣམ་པར་རྒྱས་པ། བཞི་པར་ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིའི་དང་པོར་གཞུ། གཉིས་པར་རྡོ་རྗེ་ཞགས་པ། གསུམ་པར་རིན་པོ་ཆེ། བཞི་པར་པདྨ་དཀར་པོ་འདབ་བརྒྱད་པ། དཀར་པོ་བཞིའི་དང་པོར་


CMR020_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དུང་། གཉིས་པར་མེ་ལོང་། གསུམ་པར་རྡོ་རྗེ་ལྕགས་སྒྲོག །བཞི་པར་ཚངས་པའི་མགོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་པ། ཤིན་ཏུ་རོལ་པའི་གཡས་བརྐྱངས་ཀྱི་སྟབས་ཀྱིས་བཞུགས་པའི་ཞབས་གཡས་པ་དམར་པོའི་འོག་ཏུ་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞི་པ། ལག་ན་མེ་ཏོག་གི་མདའ་ལྔ་དང་། གཞུ་དང་། ཞགས་པ་དང་། ལྕགས་ཀྱུ་འཛིན་པ། གཡོན་པ་དཀར་པོའི་འོག་ཏུ་དྲག་པོ་དཀར་པོ་གདོང་གཅིག་པ། མིག་གསུམ་པ། ལག་པ་བཞི་པ། རྩེ་གསུམ་དང་། ཌཱ་མ་རུ་དང། ཐོད་པ་དང་། ཁཊཾ་ག་འཛིན་པ། བདུད་དང་དྲག་པོའི་ལྷ་མོ་དགའ་མ་དང་། ཨུ་མས་ཞབས་ཀྱི་མཐིལ་ལ་འཛིན་ཅིང་། གདོང་དམན་པར་བྱེད་བཞིན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་ཡུམ་ལ་འཁྱུད་པའི་སྣ་ཚོགས་ཡུམ་གསེར་མདོག་ཅན། གཡས་སྐོར་གྱིས་སེར་དཀར་སྔོ་དམར་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན་གྲི་གུག །ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། བགྲང་ཕྲེང་། གཡོན་པ་རྣམས་ན་ཐོད་པ་དང་། ཞགས་པ། པདྨ་


CMR020_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འདབ་མ་བརྒྱད་པ། རིན་པོ་ཆེ་རྣམས་བསྣམས་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཡོན་བརྐྱངས་ཀྱི་སྟབས་ཀྱིས་བཅོམ་ལྡན་འདས་དང་སྙོམས་པར་འཇུག་པས་གནས་པ། ཤར་གྱི་ལེའུ་ཚེ་ལ་དོན་ཡོད་གྲུབ་པ་ནག་པོ། ནག་དཀར་དམར་བའི་ཞལ་ཅན། ཕྱག་གཡས་ན་རལ་གྲི་དང་། གྲི་གུག་དང་། རྩེ་གསུམ། གཡོན་ན་ཕུབ་དང་། ཐོད་པ་དང་། ཁཊཾ་ག་དཀར་པོ་འཛིན་པ། སྤྱན་མས་འཁྱུད་པ། ལྷོར་རིན་འབྱུང་དམར་པོ། དམར་དཀར་ནག་པའི་ཞལ་ཅན། ཕྱག་གཡས་ན་མེའི་མདའ། ལྕགས་ཀྱུ། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ། རྡོ་རྗེ་ཞགས་པ། རིན་པོ་ཆེ་ཆ་དགུ་པ་འཛིན་པ། མཱ་མ་ཀིས་འཁྱུད་པ། །བྱང་དུ་འོད་དཔག་མེད་དཀར་པོ། དཀར་ནག་དམར་བའི་ཞལ་ཅན། ཕྱག་གཡས་པ་གསུམ་ན། ཐོ་བ་མདུང་རྩེ་གསུམ། གཡོན་པ་གསུམ་ན་པད་དཀར་འདབ་བརྒྱད་པ། མེ་ལོང་། བགྲང་ཕྲེང་འཛིན་པ། གོས་དཀར་མོས་འཁྱུད་པ། ནུབ་ཏུ་རྣམ་སྣང་སེར་པོ། སེར་དཀར་དམར་བའི་ཞལ་ཅན། ཕྱག་གཡས་ན་འཁོར་ལོ་དང་། དབྱུག་པ་དང་། འཇིགས་


CMR020_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྡོ་རྗེ། གཡོན་ན་དུང་དང་། རྡོ་རྗེ་ལྕགས་སྒྲོག་དང་། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། སྒྲོལ་མས་འཁྱུད་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། པདྨ་དཀར་པོ་དང་། ཉི་མའི་སྟེང་དུ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ། །ཡུམ་རྣམས་པདྨའི་གདན་གྱིས་འཁྱུད་པ། རལ་པའི་ཅོད་པན་ཅན། ཤར་ལྷོར་སྒྲོལ་མ་ལྗང་གུ་དོན་གྲུབ་ལྟ་བུ་ལ་རྣམ་སྣང་གིས་འཁྱུད་པ། ལྷོ་ནུབ་ཏུ་གོས་དཀར་མོ་རིན་འབྱུང་ལྟ་བུ་ལ་འོད་དཔག་མེད་ཀྱིས་འཁྱུད་པ། བྱང་ཤར་དུ་མཱ་མ་ཀཱི་འོད་དཔག་མེད་ལྟ་བུ་ལ་རིན་འབྱུང་གིས་འཁྱུད་པ། ནུབ་བྱང་དུ་སྤྱན་མ་རྣམ་སྣང་ལྟ་བུ་ལ་དོན་གྲུབ་ཀྱིས་འཁྱུད་པ། ཐམས་ཅད་ཀྱང་པདྨ་དམར་པོ་དང་། ཟླ་བའི་གདན་གྱི་སྟེང་དུ་པདྨའི་གདན་གྱིས་བཞུགས་པ་ལ། ཡབ་རྣམས་རྡོ་རྗེའི་གདན་གྱིས་འཁྱུད་པ། ཤར་སྒོར་པདྨ་དམར་པོ་དང་ཟླ་བའི་སྟེང་དུ། །བགེགས་མཐར་བྱེད་ལ་རེངས་བྱེད་མ་སྤྱན་མ་ལྟ་བུས་འཁྱུད་པ། ལྷོ་སྒོར་པདྨ་དཀར་པོ་དང་ཉི་མའི་སྟེང་དུ། ཤེས་རབ་མཐར་བྱེད་ལ་ཁེངས་བྱེད་མ་མཱ་མ་ཀཱི་ལྟ་བུས་འཁྱུད་པ། བྱང་སྒོར་པདྨ་དམར་པོ་དང་ཟླ་བའི་སྟེང་དུ། པདྨ་


CMR020_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱེད་ལ་རྨུགས་བྱེད་མ་གོས་དཀར་མོ་ལྟ་བུས་འཁྱུད་པ། ནུབ་སྒོར་པདྨ་དཀར་པོ་དང་ཉི་མའི་སྟེང་དུ། གཤིན་རྗེ་མཐར་བྱེད་ལ་རབ་བརྩོན་མ་སྒྲོལ་མ་ལྟ་བུས་འཁྱུད་པ། ཁྲོ་བོ་རྣམས་གཡས་བརྐྱངས་ཀྱི་སྟབས་ཀྱིས་བཞུགས་པ་ལ། ཁྲོ་མོ་རྣམས་གཡོན་བརྐྱངས་ཀྱི་སྟབས་ཀྱིས་འཁྱུད་པ། དེ་ནས་སྣམ་བུ་ལ་ཤར་སྒོའི་གཡས་སུ་ནམ་མཁའི་སྙིང་པོ་དོན་གྲུབ་ལྟ་བུ་ལ་དྲི་རྡོ་རྗེ་མས་འཁྱུད་པ། ལྷོ་སྒོའི་གཡས་སུ་སའི་སྙིང་པོ་རིན་འབྱུང་ལྟ་བུ་ལ་གཟུགས་རྡོ་རྗེ་མས་འཁྱུད་པ། བྱང་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་སྣང་བ་མཐའ་ཡས་ལྟ་བུ་ལ་རོ་རྡོ་རྗེ་མས་འཁྱུད་པ། ནུབ་སྒོའི་གཡས་སུ་སྒྲིབ་པ་རྣམ་སེལ་རྣམ་སྣང་ལྟ་བུ་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པ། ལྷོ་སྒོའི་གཡོན་དུ་ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུ་ལ་སྒྲ་རྡོ་རྗེ་མས་འཁྱུད་པ། ཤར་སྒོའི་གཡོན་དུ་ཀུན་ཏུ་བཟང་པོ་རྡོར་སེམས་ལྟ་བུ་ལ་ཆོས་དབྱིངས་རྡོ་རྗེ་མས་འཁྱུད་པ། ཐམས་ཅད་ཀྱང་པདྨ་དཀར་པོ་དང་ཉི་མའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ལ། ཡུམ་རྣམས་པདྨའི་འདུག་སྟངས་ཀྱིས་འཁྱུད་པའོ། །མེར་རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་ལ་སྒྲིབ་པ་རྣམ་སེལ་གྱིས་འཁྱུད་པ། བདེན་བྲལ་དུ་རོ་རྡོ་རྗེ་མ་


CMR020_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དཀར་མོ་ལྟ་བུ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ། དབང་ལྡན་དུ་གཟུགས་རྡོ་རྗེ་མ་མཱ་མ་ཀཱི་ལྟ་བུ་ལ་ས་ཡི་སྙིང་པོས་འཁྱུད་པ། རླུང་དུ་དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ་ལ་ནམ་མཁའི་སྙིང་པོས་འཁྱུད་པ། བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེ་མ་ཀུན་བཟང་ལྟ་བུ་ལ་ཕྱག་རྡོར་གྱིས་འཁྱུད་པ། ནུབ་སྒོའི་གཡོན་དུ་ཆོས་དབྱིངས་རྡོ་རྗེ་མ་ཕྱག་རྡོར་ལྟ་བུ་ལ་ཀུན་ཏུ་བཟང་པོས་འཁྱུད་པ། ཐམས་ཅད་ཀྱང་པདྨ་དམར་པོ་དང་ཟླ་བའི་གདན་ལ་པདྨའི་འདུག་སྟངས་ཀྱིས་བཞུགས་པ་ལ། ཡབ་རྣམས་རྡོ་རྗེའི་གདན་གྱིས་འཁྱུད་པའོ། དཀྱིལ་འཁོར་གྱི་འདོད་ཡོན་ལ་མཆོད་པའི་ལྷ་མོ་བཅུ་གཉིས་གནས་པ་ནི། ཤར་སྒོའི་གཡོན་དང་གཡས་སུ་དྲི་ཆབ་མ་དང་ཕྲེང་བ་མ། ལྷོ་སྒོའི་གཡོན་དང་གཡས་སུ་སྤོས་མ་དང་མར་མེ་མ། བྱང་སྒོའི་གཡོན་དང་གཡས་སུ་ལྷ་བཤོས་མ་དང་འབྲས་བུ་མ། ནུབ་སྒོའི་གཡོན་དང་གཡས་སུ་སྒེག་མོ་མ་དང་བཞད་མ། སྟེང་དུ་རོལ་མོ་དང་གར་མ། འོག་ཏུ་གླུ་མ་དང་འདོད་མི་རྣམས་པདྨའི་འདུག་སྟངས་ཀྱིས་བཞུགས་པ། གཙོ་བོ་ལ་མི་བསྐྱོད་པ་སྤྲུལ་སྐུ། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་


CMR020_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི། ཨོཾ་ཧ་སྭཱ་ཧཱ། སྒྲུབ་ལེའུ་ལེའུ་ཉེར་གསུམ་པའི་འགྲེལ་པ་གང་གི་ཚེ་དུ་བ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་བུམ་པ་བརྒྱད་དང་ཆོས་ཀྱི་དུང་ལ་སོགས་རེས་འགའ་དོར་ནས། རྒྱལ་བའི་བདག་པོའི་པདྨ་དག་ལ་དཔལ་ལྡན་འཁོར་ལོ་ཐུགས་ཀྱི་་དཀྱིལ་འཁོར་ནི་སྙིང་པོའི་དབུས་སུ་མི་ཡི་བདག་པོ་ཉི་ཤུ་རྩ་ལྔའི་བདག་ཉིད་དུ་ཡང་འགྱུར་ཏེ། དེའི་བཅོམ་ལྡན་འདས་བསྐོར་བ་ཡང་དཔལ་འདུས་པ་ལྟ་བུ་འགྱུར་རོ། །ཞེས་གསུངས་པ་དང་། རྫོགས་ཕྲེང་ལས། འདིར་འདབ་མ་ལ་གནས་པའི་ལྷ་མོ་བརྒྱད་དང་བུམ་པ་རྣམས་དང་ཆོས་ཀྱི་དུང་ལ་སོགས་པ་སྤང་བར་གྱུར་པས་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་ཐུགས་ཀྱི་དཀྱིལ་འཁོར་ཡང་བསྒོམ་པར་བྱའོ། །ཞེས་དང་། ཀཾ་ཚང་ལུགས་ཀྱི་རྡོར་ཕྲེང་ལས། ལྷ་ཉེར་ལྔའི་ཡབ་ཡུམ་ཕྱེ་ན་ལྔ་བཅུ་དང་། མཆོད་ལྷ་བསྣན་པས་རེ་གཉིས་པའི་ཐུགས་དཀྱིལ་རྐྱང་པ་ལ་བརྟེན་ཡང་རུང་སྟེ། ཐུགས་དཀྱིལ་ལ་བདེ་ཆེན་འཁོར་ལོའི་ལྷ་མོ་དང་མཚན་མ་རྣམས་སྤངས་པ་ནི་འདིའི་ཁྱད་སོ། །ཆོས་གསུངས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། 


previousདཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར།next