Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
དབང་རྡོ་རྗེ་ཕྲེང་བའི་སློབ་མ་རྗེས་འཛིན་དང་སློབ་མ་སྟ་གོན་ཁྱེར་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབང་རྡོ་རྗེ་ཕྲེང་བའི་སློབ་མ་རྗེས་འཛིན་དང་སློབ་མ་སྟ་གོན་ཁྱེར་བདེ།next

དབང་རྡོ་རྗེ་ཕྲེང་བའི་སློབ་མ་རྗེས་འཛིན་དང་སློབ་མ་སྟ་གོན་ཁྱེར་བདེ།


CMR021_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྡོ་རྗེ་ཕྲེང་བའི་སློབ་མ་རྗེས་འཛིན་དང་སློབ་མ་སྟ་གོན་ཁྱེར་བདེ་བ་བཞུགས་སོ།།


CMR021_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་ར་ཡེ། རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མ་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །རྡོར་ཕྲེང་ཡོངས་རྫོགས་དབང་སྐུར་བྱེད་པའི་ཚེ། །ཐོག་མར་སློབ་མ་རྗེས་འཛིན་ཆོ་ག་ནི། །མདུན་དུ་སློབ་མ་འཚོགས་ལ་འདི་ལྟར་བརྗོད། །འདིར་སྐབས་སུ་བབ་པ་སློབ་མ་ལ་དབང་བསྐུར་བའི་ཆོ་ག་ལ། སློབ་མ་རྗེས་སུ་བཟུང་བ་དང་། ཆོ་ག་དངོས་གཉིས་སོ། །དང་པོ་ནི་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་དོན་དུ་གཉེར་བའི་སློབ་མས། གསོལ་བ་འདེབས་པའམ་གཙུག་ལག་ཁང་ལ་སོགས་པའི་རབ་གནས་ཞུ་བ་


CMR021_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན། རབ་གནས་ཀྱི་རྒྱུད་ལས། དབང་བསྐུར་དང་ནི་རབ་གནས་དག་།ཡར་གྱི་ངོ་ལ་བརྩམ་པར་བྱ། །གཟའ་དང་སྐར་མ་འཛོམས་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཉི་ཤུ་དགུ་དང་གནམ་སྟོང་ལ། །ཁྱད་པར་དུ་ནི་བྱ་བ་མིན། །ཞེས་པ་ལྟར། ཟླ་བ་ཡར་ངོ་སོགས་ལ་ཚེས་དང་གཟའ་དང་རྒྱུ་སྐར་དང་དུས་སྦྱོར་དང་བྱེད་པ་བཟང་པོ་རྣམས་འཛོམས་པའི་དུས་སུ་སློབ་མ་རྗེས་སུ་བཟུང་བ་ལ་སོགས་པའི་ཆོ་ག་བརྩམ་པར་བྱའོ། །དབང་སྐུར་རྒྱུན་གཅིག་ལ་བྱེད་ན། ཉི་ཤུ་དགུ་དང་གནམ་སྟོང་ལ་ཡང་ཉེས་པ་མེད་དོ། །དེ་ཡང་སློབ་དཔོན་གྱི་


CMR021_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ཡོངས་སུ་བརྟགས་པའི་སློབ་མས་ཡི་དམ་ལྷའི་བསྙེན་པ་སོང་ཞིང་དཀྱིལ་འཁོར་གྱི་ཆོ་ག་ལ་མཁས་པ་ལ་སོགས་པ་མཚན་ཉིད་དང་ལྡན་པའི་བླ་མ་ལ་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས༔ སློབ་དཔོན་དགོངས་སུ་གསོལ་ལོ། །སློབ་དཔོན་ཁྱེད་ཀྱིས་བདག་ལ་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་རྣམ་པར་དག་པ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། སོ་སོར་ཐར་པ་རིགས་བདུན་གང་རུང་གི་སྡོམ་པ་དང་། བྱང་སེམས་ཀྱི་སྡོམ་པ་ལེན་དུ་གཞུག་གོ་གསུངས། རྒྱས་པར་སྐྱབས་སྡོམ་དང་བྱང་སྡོམ་འབོགས་པར་བྱའོ། །བསྡུ་ན། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་རྗེས་ཟློས་བཅུག་པས་འཐུས། སློབ་མ་རྗེས་སུ་བཟུང་བ་དངོས་ནི། བླ་མ་དང་སློབ་མ་གཉིས་ཀས། ཡིད་མ་ཡེངས་པར་དམིགས་པ་འདི་བཞིན་དུ་བསྒོམ། བླ་མ་ལྷག་པའི་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། སྙིང་གར་གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་ཤ་ཟ་ལྟར་གནག་ཅིང་གཟུགས་རྣམ་པར་གྱུར་པ། གཅེར་བུ་འབྲས་བུ་འཕྱང་བ་


CMR021_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་གྱེན་དུ་བསྒྲེང་བ། སྣ་རྩེ་ནས་ཕྱུང་ལ་ལྟེ་བའི་ཧཱུཾ་ཡིག་སྙིང་ཁར་འདུས་ནས། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་འཆད་པར་གྱུར་པའི་ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་ཀྱི་། རྣམ་པར་གྱུར་པ་སྣ་བུག་ནས་ཐོན་ཏེ་སྡིག་པའི་གཟུགས་ཀྱི་མདུན་དུ་བྱོན་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿནྣ་ཀྲྀཧྥ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་མྲྀཏྟཱ་པ་ཡ་གྲིདྡྷཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨཱཿ་ན་ཡ་ཧོ་བྷ་ག་ཝན་བིཅུ་རཱ་ཛ་སློབ་མ་རྣམས་ཀྱི་སརྦ་པ་པཾ་ན་ཤ་ཡ་ཧཱུྃ་ཧཱུྃ་ཕཊ་སྭ་ཧཱ། ཕྱག་ན་གནས་པའི་རྡོ་རྗེས་མདུན་གྱི་སྡིག་པ་རྡུལ་ཕྲན་ཙམ་དུ་བཅོམ་ནས་སྟོང་པར་བསམ་མོ། །ཡང་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་ན། སྟོད་བདུད་རྩི་འཁྱིལ་བའི་གཟུགས་ལ། སྨད་ཕུར་བུའི་རྣམ་པ་ཅན་གྱི་སློབ་མའི་སེམས་ལས་འབྱུང་བའི་བགེགས་ཀྱི་སྤྱི་བོ་ནས་ཏིང་ངེ་འཛིན་གྱི་ཕུར་བུས་སྟོབ་པར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨསྱ་སརྦ་བིགྷཱ་ནཾ་བྷནྡྷ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བརྗོད་པས་ཕུར་པའི་འོད་ཟེར་གྱིས། སྡང་བའི་བགེགས་རྣམས་བསྐྲད་པར་གྱུར། དེ་ནས་ཁྱེད་རང་རྣམས། པཾ་ལས་ཀུན་ཏུ་བཟང་པོའི་གཟུགས་སུ་སྒོམས་ཤིག །བསྲུང་བའི་དོན་དུ་སྙིང་གར་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་དབྱངས་ཐ་མ་


CMR021_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་སྣ་ཚོགས་རྡོ་རྗེས་མཚན་པ་དང་། མགོ་བོར་ཟླ་བ་ལ་གནས་པའི་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་བགྲེང་བའི་ལྟེ་བར་བཞུགས་པར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ནང་དུ་ཚུད་པའི་སྔགས་ཀྱི་ཕྲེང་བ་ལས་བྱུང་བའི་རྡོ་རྗེ་སེར་པོ་ཕྲ་མོའི་འོད་ཟེར་འཕྲོས་ཏེ་ལུས་ཐམས་ཅད་ཁྱབ་པས་གོ་ཆ་བགོས་ཤིང་སྔགས་འདིས་བསྲུང་བར་སྒོམས་ཤིག །ཨོཾ་ཨོཾ་ཧཱུྃ་ཀ་རོ་ཤཱནྟི་ཀ་རེ་གྷ་ཊ་གྷ་ཊ་གྷ་ཊ་ནི་གྷ་ཏ་ཡ་གྷ་ཏ་ཡཱ་གྷི་ཌི་ནི་སློབ་མ་རྣམས་ཁ་དཀར་རཀྵ་སྭཱ་ཧཱ། ཧཱུྃ། སློབ་མ་རྣམས་ཀྱི་བར་ཆད་བསྲུང་བའི་དོན་དུ་ལས་སྔགས་ཀྱི་ལུང་སྦྱིན་པ་འདི་ཡི་རྗེས་ཟློས་མཛོད། ཨོཾ་ཨཱཿབིགྷཱན་ཀྲྀཏ་ཧཱུྃ་ཕཊ༔ དེ་ལྟར་བྱས་པས་འདི་ལ་བགེགས་རྣམས་མི་ཚུགས་ཤིང་མཁོ་བའི་ཡོ་བྱད་རྣམས་ཀྱང་བདེ་བར་རྙེད་པར་འགྱུར་རོ། །སློབ་མ་བསྡུ་བའི་རྗེས་སུ་བཟུང་བའི་ཆོ་གའོ། །ཆོ་ག་དངོས་ལ། རྡུལ་ཚོན་ཡིན་ན་འདིར་ས་ཆོག་དགོས་ཀྱང་འདིར་རས་བྲིས་ཡིན་པས་མི་དགོས། སློབ་མ་སྟ་གོན་ལ། སློབ་མ་ལྷ་གནས་སྡོམ་ཚིག་ནི། །ཁྲུས་བྱ་ངེས་འབྱུང་བསམ་པ་བསྐྱེད། །ནང་དབང་བསྐུར་དང་གསོལ་བ་གདབ། །སྤྲོ་བ་བསྐྱེད་ནས་སྡོམ་པ་སྦྱིན། །སྲུང་དང་སྐུ་གསུང་ཐུགས་བྱིན་


CMR021_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །དེ་ལ་མཆོད་དང་སོ་ཤིང་དོར། །ཁྱོར་ཆུ་སྦྱིན་དང་སྲུང་སྐུད་གདག །སྐུ་ཤ་སྦྱིན་ཞིང་ཆོས་བཤད་བྱ། །རྨི་ལམ་བརྟག་དང་སྲུང་བའོ། །ཞེས་པ་ལྟར་། སློབ་མ་སྟ་གོན་ལ། ཆོས་བཅུ་བཞི་ཡོད་པ་ལས། དང་པོ་ཁྲུས་ལ་སོགས་པ་བྱ་བ་ནི། ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་དང་བྲལ་བ། དགེ་བསྙེན་ལ་སོགས་བསླབ་པ་ལ་གནས་པ་རྒྱུད་ཡོངས་སུ་སྦྱོང་ཞིང་གུས་པ་དང་ལྡན་པས་རྡོ་རྗེ་སེམས་དཔའི་སྡོམ་པ་བཟུང་བར་ནུས་པ་རྡོ་རྗེ་ཐེག་པ་ལས། སྟོན་པ་གཞན་མི་ཚོལ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས་ནས། ཕྱག་དང་མཎྜལ་ཕུལ་ལ། པུས་མོ་ས་ལ་བཙུགས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་ཉོན། བླ་མས། ཁྱེད་རྣམས་དལ་འབྱོར་གྱི་མི་ལུས་ཐོབ་ཅིང་། །སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས། གསང་སྔགས་ཀྱི་སྒོར་ཞུགས་ཏེ། དབང་ཟབ་མོ་ཞུ་བར་འདོད་པ་དེ་ཤིན་ཏུ་ལེགས། དེ་ཡང་སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་དོན་དམ་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཡང་གནས་སྐབས་སུ་ཀུན་རྫོབ་གློ་བུར་གྱི་དྲི་མ་མ་རིག་པ་ལ་སོགས་པ་དོར་བར་དཀའ་


CMR021_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཆིང་བ་རྒྱུད་མོས་བཅིངས་ཏེ། ལྡོག་པར་དཀའ་བའི་ལས་ཀྱི་རླུང་ཤུགས་ཀྱིས་འཕངས་ནས། སྐྱབས་མེད་པའི་ངན་སོང་གསུམ་དང་། བདེ་འགྲོ་གཉིས་ཀྱི་འཁོར་བའི་རྒྱ་མཚོ་ཆེན་པོར། སྡུག་བསྔལ་དྲག་པོ་ཤིན་ཏུ་བརྒལ་དཀའ་བ་རྣམས་སུ་ཡང་ནས་ཡང་དུ་ལྟུང་ཞིང་ཐོབ་དཀའ་བས། དལ་བའི་སྐབས་ཅུང་ཟད་ཀྱང་མེད་ཅིང་། རང་དབང་མེད་པར་ལུས་ལེན་པ་ཤིན་ཏུ་སྙིང་རྗེ་བའི་གནས་ཡིན་པས། དེ་རྣམས་ཀྱི་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ། དམ་པའི་ཆོས་ཉམས་སུ་བླང་དགོས་ཤིང་ཆོས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོ་ཡིན་ལ། དེའི་མཐར་ཐུག་སྙིང་པོར་གྱུར་པ་གསང་སྔགས་ཡིན་པས། དེ་ཡི་ལམ་རིམ་པ་གཉིས་ཀྱི་དོན་དུ་རྣལ་འབྱོར་སྒྲུབ་པའི་སྔོན་དུ་དབང་བསྐུར་བ་འགྲོ་དགོས་པས། དེ་ཡི་ཕྱིར་ད་ལན་འདིར་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཨ་བྱཱ་ཀ་ར་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། སཾ་བྷུ་ཊི་ལ་སོགས་པ་རྒྱུད་མང་པོའི་འགྲེལ་པ་དང་། ཕྲེང་བ་སྐོར་གསུམ་ལ་སོགས་པའི་དཀྱིལ་འཁོར་མང་པོའི་ཆོ་ག་དང་། སྒྲུབ་


CMR021_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་རྒྱ་མཚོ་ལ་སོགས་པའི་རྒྱུད་སྡེ་མང་པོ་ནས་གསུངས་པའི་ཡི་དམ་གྱི་ལྷ་མང་པོའི་རྗེས་སུ་གནང་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ་གྱིས་ཤིག་ཅེས་བཀའ་གནང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་མཛད་པའི་གཞུང་ལུགས་མང་དུ་ཡོད་པ་ལས། འདིར་རྒྱུད་སྡེ་བཞི་ཀའི་ལྷ་མང་པོའི་སྒྲུབ་ཐབས་གསལ་བར་བྱེད་པ། རྣལ་འབྱོར་རྫོགས་ཕྲེང་དང་སློབ་དཔོན་ལ་ཉེ་བར་མཁོ་བའི་ཆོ་ག་དོན་ཚན་ལྔ་བཅུ་ཐམ་པས་བསྡུས་པ་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བའི་སྒོ་ནས་སྐལ་ལྡན་གྱི་གདུལ་བྱ་ལ་དབང་སྐུར་བར་བྱེད་པ་ལ། སློབ་མ་སྟ་གོན་གྱི་སྐབས་ཡིན་ཞིང་། དེ་ཡང་བཅོམ་ལྡན་འདས་ཀྱི་ཕྱེད་དང་བཞི་བརྒྱ་པ་ཡི་རྒྱུད་ལས། གཟུགས་ངན་ཡན་ལག་མ་ཚང་དང་། །དམན་པའང་ལྷག་པར་གནས་པར་བྱ། །རང་རང་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བླ་མེད་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡིན། །ཡང་དག་ཆོ་ག་རྗེས་སུ་གནང་། །ཞེས་གསུངས་པ་ལྟར། སློབ་དཔོན་གྱི་འབྲེལ་པ་བརྟགས་ནས། དབང་བསྐུར་བར་འོས་པའི་སློབ་མ་གསུམ་ལ་སོགས་པ་གྲངས་ཤིན་ཏུ་མང་བ་ལ་ཡང་རུང་སྟེ། ཡིད་མ་ཡེངས་


CMR021_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་བས་ཉོན། གཉིས་པ་ངེས་འབྱུང་གི་བསམ་པ་བསྐྱེད་པའི་ཕྱིར། སྔགས་ཀྱི་ཚུལ་སྐལ་པ་དང་ལྡན་པ་རྣམས་ནི། འཇིག་རྟེན་འདི་ཉིད་ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བའི་ཕྱིར་ཡང་མ་ཡིན། འཇིག་རྟེན་ཕ་རོལ་གྱི་མངོན་པར་མཐོ་བ་དོན་དུ་གཉེར་བའི་ཕྱིར་ཡང་མ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་འཐོབ་པར་བྱ་བའི་ཕྱིར། དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་འཇུག་པར་བྱའོ། །དེ་ལྟར་ན་མངོན་པར་མཐོ་བ་གཞན་གཉིས་ཀྱང་ཞོར་ལ་འགྲུབ་པར་འགྱུར་བ་ཉིད་དོ། །ཞེས་བརྗོད་ཅིང་དེའི་དོན་རྒྱས་པར་བཤད་པར་བྱའོ། །གསུམ་པ་ནང་དབང་བསྐུར་བ་ནི། ལྷ་ཐོར་བུར་བསྐུར་ནས་དཀྱིལ་འཁོར་གང་ཡིན་གྱི་གཙོ་བོར་བསྒོམ་རྒྱུ་ཡིན་ཀྱང་། རྡོ་རྗེ་ཕྲེང་བར་བཤད་པའི་བླ་མེད་རྒྱུད་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྤྱི་ཁྱབ་ཏུ་དམིགས་ནས། བྱེད་རྒྱུ་ཡིན་པས། སློབ་དཔོན་དཀྱིལ་འཁོར་ཐམས་ཅད་ཀྱི་རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོ། སློབ་མ་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་ཏེ་བྱང་ཤིང་དག་པར་བྱས་ནས། ལུས་འོད་ཀྱི་རང་བཞིན་དུ་གྱུར་


CMR021_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་སློབ་དཔོན་གྱི་ཞལ་དུ་རིམ་གྱིས་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཁར་བབ་པ་ལས། སློབ་མ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསྒོམ། །སླར་ཡང་སློབ་དཔོན་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བྱས་ཏེ། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་དེ་ཁྱེད་རང་རྣམས་རྡོ་རྗེ་འཆང་དུ་གསལ་བའི་སྤྱི་བོ་ནས་ཞུགས་ཏེ། ཡེ་ཤེས་པ་འདྲེས་པ་དང་དབང་སྐུར་བ་དུས་གཅིག་ལ་བྱས་པས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་དེ་ཉིད་སླར་ཡང་ཧཱུྃ་ཞེས་བརྗོད་པས་ཡུམ་གྱི་མཁའ་ནང་ནས་ཕྱིར་ཐོན་ཏེ་རང་རང་གི་གྲལ་ལ་འཁོད་པའི་མོས་པ་མཛོད། ཆོ་ག་འདི་ཡི་དགོས་པ་ནི། སྐྱེ་


CMR021_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བོ་འདོད་ཆགས་ཅན་རྣམས་གསང་སྔགས་ལ་ཞུགས་པའི་ཕྱིར་དང་། སློབ་མ་བུར་སྒྲུབ་པའི་ཕྱིར་དང་། དབང་སྐུར་གཏན་ནས་མ་ཐོབ་པ་ཞིག་ཡིན་ཀྱང་། སློབ་དཔོན་ལ་གསང་སྒྲོགས་སུ་མི་འགྱུར་ཞིང་། སློབ་མ་སྔགས་ཀྱི་སྣོད་ལྡན་དུ་བྱ་བའི་ཕྱིར་ཡིན་ནོ། །རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་རེ་རེ་གཉིས་རེ་ཙམ་གྱི་དབང་སྐུར་བྱེད་པ་ཡིན་ན། རང་རང་གི་གཙོ་བོ་ཡབ་ཡུམ་མམ། ཡུམ་རྐྱང་གི་དཀྱིལ་འཁོར་རྣམས་ལ། རིགས་བདག་ཡབ་ཡུམ་གྱི།་ང་རྒྱལ་གྱི་ནང་དབང་བསྐུར་བར་བྱའོ། །བཞི་པ་གསོལ་བ་བཏབ་པ་ནི། སྔར་མཎྜལ་མ་ཕུལ་ན་འདིར་ཕུལ། ཐལ་མོ་སྦྱར་ཏེ་རྗེས་ཟློས་མཛོད། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོར་བྱིངས་བ་ལ། །འདོན་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་ཕྱག་འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་


CMR021_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་དོན་དྲན་བཞིན་པས་གསུམ་བརྗོད་དུ་གཞུག་གོ །ལྔ་པ་སྔགས་ཀྱི་ལམ་ཟབ་མོ་ལ་འཇུག་པའི་སྐལ་པ་དང་ལྡན་པ་རེ་དགའ་སྙམ་པའི་བློས་ཉོན། སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་གསུངས་པས། དེའི་དོན་ནི་འདི་ཡིན་ཏེ། ནང་དབང་བསྐུར་ནས། སློབ་མ་བུར་སྒྲུབ་པ་ཡིན་པས། དེ་ཡི་ཕྱིར་བུ་ཚུར་ཤོག་ཅིག །ཁྱོད་ནི་ཚུལ་ཆེན་གསང་སྔགས་རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་པ་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདི་ནི། འདས་མ་འོངས་ད་


CMR021_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་ཡིན་ཞིང་། ད་ལྟར་གྱི་སྟོན་པ་ཤཱཀྱའི་རྒྱལ་པོ་འདི་ཡང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་སྲོད་ལ་བདུད་བཏུལ་ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རང་ཉིད་ཀྱིས་ཉམས་སུ་བླང་བའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདི་གདུལ་བྱ་རྣམས་ཀྱིས་ཀྱང་ཉམས་སུ་བླངས་ན་འབྲས་བུ་སངས་རྒྱས་མྱུར་དུ་ཐོབ་པར་སྔགས་ཀྱི་ལམ་ཟབ་མོ་ལ་འཇུག་ཏུ་རུང་བ་ལ། དགའ་སྤྲོ་ཁྱད་པར་ཅན་སྐྱེད་ཅིག །ཅེས་བརྗོད་དོ། །དྲུག་པ་ནི་མདུན་གྱི་ནམ་མཁར་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་སྙམ་པའི་བསམ་པས་འདི་ཡི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ། སློབ་མའི་དབང་ཙམ་ལས་མི་བསྐུར་ན་འདི་ཡི་ཆོག །རིགས་ལྔའི་སྡོམ་བཟུང་མི་དགོས་སོ། །རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་ཡིན་ན། མཎྜལ་ཕུལ། འཁོར་ལོ་ཕྱིར་མི་ལྡོག་པའི་


CMR021_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །དམ་པས་བདག་ལ་བསྩལ་ནས་ཀྱང་། །མགོན་པོས་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། །ཅེས་ལན་གསུམ་གྱིས་ཁྱད་པར་གྱི་དོན་དུ་གསོལ་བ་འདེབས་སུ་བཅུག་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྗེ་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། སོགས། །སེམས་ཅན་མྱ་ངན་འདས་ལ་འགོད། །ཀྱི་བར་དོན་དྲན་བཞིན་གྱིས་ལན་གསུམ་བརྗོད་དུ་བཅུག་གོ །བདུན་པ་སྟ་གོན་གྱི་དངོས་གཞི་ལྟ་བུ། སློབ་མའི་ལུས་ངག་ཡིད་གསུམ་ལ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ས་བོན་བཞག་པའི་ཕྱིར་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿབིགྷཱནྟ་ཀྲྀཏ་ཧཱུྃ། ཞེས་བརྗོད་དཀྱིལ་འཁོར་གང་ཡིན་གྱི་ལས་སྔགས་ལན་གསུམ་བཟླས་པས་སློབ་མའི་ལུས་ངག་ཡིད་གསུམ་གྱི་བར་ཆད་བསྲུང་ལ། ཁྱེད་རང་རྣམས་ཀྱི་སྙིང་གར་རྡོ་རྗེའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་ནག་པོ། མགྲིན་


CMR021_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པར་པདྨའི་སྟེང་དུ་ཉི་མ་ལ་ཨཱཿདམར་པོ། དཔྲལ་བར་འཁོར་ལོའི་སྟེང་དུ་ཟླ་བ་ལ་ཨོཾ་དཀར་པོ་རྣམས་བསྒོམ། སློབ་དཔོན་གྱི་རྡོ་རྗེ་དང་བཅས་པའི་དྲི་ཆུས་སྙིང་ཁ་དང་མགྲིན་པ་སྤྱི་བོར་རེག་པར་བསྒོམ། ཧཱུྃ་ཨཱཿཨོཾ། དེ་དག་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་གསུང་སྐུ་ཡི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཏེ། ཕྱག་མཚན་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས། དེ་རྣམས་འོད་དུ་ཞུ་ནས། སློབ་མའི་ལུས་ངག་ཡིད་གསུམ་ལྷག་པའི་ལྷ་ཡི་སྐུ་གསུང་ཐུགས་སུ་གྱུར་པར་བསྒོམ། །ཛཿཧཱུྃ་བཾ་ཧོཿ དེ་ལ་མཆོད་པའི་ཕྱིར། མགོ་བོར་མེ་ཏོག །ཤངས་ལ་བདུག་སྤོས། མར་མེ་སྤྱན་ལམ་དུ། དྲི་ཆབ་ཐུགས་ཀར་ཕུལ་བར་སྒོམས་ཤིག །ཨོཾ་བཛྲ་པུཥྤེ༴ དྷུ་པེ༴ དྷི་པཾ༴ གྷནྡྷེ་པྲ་ཏིཙྪ་ཡེ་སྭཱ་ཧཱ། མཆོད་པ་འདི་ནི་གྲུབ་ཆེན་ཀུ་ཀུ་རི་པས། མ་ཧཱ་མཱ་ཡཱའི་དཀྱིལ་ཆོག་ལས། སེམས་ནི་དང་པོ་བསྐྱེད་པ་ལ། །སངས་རྒྱས་རྣམས་ཀྱིས་མཆོད་པ་ལྟར། །གནས་གསུམ་བྱིན་རླབས་བྱས་སློབ་ལ། །སློབ་དཔོན་གྱིས་ཀྱང་མཆོད་པར་བྱ། །ཞེས་གསུངས་པ་དང་མཐུན་ནོ། །དགུ་པ་སོ་ཤིང་སྦྱིན་པ་ནི། གསང་


CMR021_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤྱི་རྒྱུད་ལས། སོ་ཤིང་ཨུ་དུམ་ཝ་ར་དང་། །ཨ་ཤུད་ཐ་ནི་རྨ་མེད་པ། །སོར་གྲངས་བཅུ་གཉིས་ཚད་དུ་བྱ། །མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོར་མེ་ཏོག་བཅས་པ་སྦྱིན། །དྲི་ཡི་ཆུས་ནི་བརླན་པར་བྱ། །རང་གི་ལྷ་འམ་ལྷ་གཞན་གྱི། །སྙིང་པོ་ལན་མང་བཟླས་ནས་ནི། །ཐལ་མོ་སྦྱར་བའི་བར་དུ་སྦྱིན། །ཤར་རམ་བྱང་དུ་ཁ་ཕྱོགས་ནས། །སོ་ཤིང་ལྟོས་པ་མེད་པར་དོར། །ཞེས་གསུངས་པའི་སོ་ཤིང་ཚད་དང་མཚན་ཉིད་དང་ལྡན་པ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་སློབ་མ་རང་རང་གི་དངོས་གྲུབ་ཇི་ལྟར་འགྲུབ་པའི་རྟེན་འབྲེལ་དང་མཐུན་པའི་སོ་ཤིང་དུ་བསྒོམ། གཙོ་བོའི་སྔགས་དང་། ༀ་ཛི་ཧོ་སམྦྷ་ར་དྷ་ནི་ཡེ་སྭཱ་ཧཱ། སོ་ཤིང་འདི་ཐལ་མོ་ཁ་ཕྱེ་བའི་བར་དུ་ཟུངས་ལ་སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན། སྡིག་སྒྲིབ་ཐམས་ཅད་ཕྱིར་སྐྱུག་པར་བསྒོམས་ལ། དྲི་ཡི་མཎྜལ་ཚོམ་བུ་དགུ་བཀོད་པའི་སྟེང་དུ་དོར་ཞིང་རྗེས་ཟློས་མཛོད། ཨོཾ་བཛྲ་ཧཱ་ས་ཧ། རྩེ་མོ་ཤར་བྱང་ནུབ་ལྷོ་སྟེང་འོག་རྣམས་སུ་བསྟན་ན། ཞི་རྒྱས་དབང་དྲག་དང་། རིག་འཛིན་དང་ས་འོག་གི་དངོས་གྲུབ་འགྲུབ་བོ།


CMR021_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྣམས་སུ་བསྟན་ན་དངོས་གྲུབ་སྣ་ཚོགས་པ་དང་། རང་དང་བླ་མ་ལ་བསྟན་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །བཅུ་པ་ཁྱོར་ཆུ་ནི་ལས་བུམ་ཆུ་དང་དུང་ཆོས་ཆུ་ལ་དྲི་བཟང་པོ་སྦྱར་ཏེ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་ཁྱོར་ཆུ་མཚན་ཉིད་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་ཨཱཿཁཾ་ཧཱུྃ། བྱིན་གྱིས་བརླབས་པའི་ཆུ་འདི་ཁྱེད་རང་རྣམས་ཀྱི་ཁྱོར་བ་གཡས་པར་ལན་གསུམ་བླུགས་པས་སྡིག་སྒྲིབ་དག་པར་སྒོམས། ཨོཾ་ཧྲཱིཿབི་ཤུདྡྷཾ། སརྦ་དྷར༔སརྦ་པཱ་པཾ་ནི་ཙེ་ཨསྱ་སཾ་ཤོ་དྷ་ཡཱ་སརྦ་བི་ཀལྤན་ཨ་པ་ནཱ་ཡ་ཧཱུྃ། ཞེས་བརྗོད་དོ། །བཅུ་གཅིག་པ་བར་ཆད་བསྲུང་བའི་ཕྱིར། སྲུང་སྐུད་གདག་པ་ནི། སྐུད་པ་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པ་སུམ་བསྒྲིལ་དུ་བྱས་པ་ལ་གཙོ་བོའི་སྔགས་དང་ལས་སྔགས་བཟླ་ཞིང་རྡོ་རྗེའི་མདུད་པ་གསུམ་བྱས་ལ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་སྐུད་ཚད་དང་མཚན་ཉིད་དང་ལྡན་པ། སློབ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། ཁྱེད་རང་སྐྱེས་པ་རྣམས་ཀྱི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་པར་ལན་གཉིས་དཀྲིས་ཏེ། སྐུད་པའི་སྣེ་མོ་འོག་ནས་བླང་


CMR021_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྟེང་དུ་གདག །རྡོ་རྗེའི་མདུད་པ་དང་ལྡན་པར་བྱས་པ་ལ། ལས་བུམ་གྱི་ཆུས་བྱུག་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་མོས་པ་མཛོད། ཨོཾ་བུདྡྷ་མེ་ཏྲ་རཀྵ་རཀ་སརྦན་སྭཱ་ཧཱ། བཅུ་གཉིས་པ་ལམ་བསྟན་ལྷ་གནས་ཀྱི་དོན་དུ་ཀུ་ཤ་སྦྱིན་པ་ནི། རྨི་ལམ་འཁྲུགས་ཤིང་བསལ་བར་བྱ་བའི་ཕྱིར། བསངས་སྦྱངས། ཧཱུྃ་ལས་བྱུང་བའི་སྐུ་ཤ་སྔོ་ལྗང་མ་འཁྲུགས་ཤིང་རྩེ་མོ་མ་ཉམས་པར། སློབ་མའི་རྨི་ལམ་ལ་སྔགས་དང་རྟགས་དང་། དངོས་གྲུབ་འགྲུབ་པའི་ནུས་པ་དང་ལྡན་པར་གྱུར། དྷིས་སྔགས་པའི་ཀུ་ཤ་ཆུང་བ་ལག་པ་གཡས་དང་། ཧས་སྔགས་པའི་སྐུ་ཤ་ཆེ་བ་ལག་པ་གཡོན་དུ་བྱིན་པའི་མོས་པ་གྱིས།་ཨོཾ་བཛྲ་ཏིཀཱ་པཾ། འདི་དག་རང་གིས་མ་ལྕོགས་ན་མཆོད་གཡོག་པ་ལ་འགྲིམ་བཅུག་པས་ཆོག །སོ་ཤིང་ཁྱོར་ཆུ་དཔུང་སྐུད་ཀུ་ཤ་འདི་རྣམས་ནི། བུམ་དབང་ལ་སོགས་པ་དབང་བཞིའི་སྔོན་འགྲོ་ཡང་ཡིན་པས། གོ་རིམ་འདི་བཞིན་བྱེད་དགོས་ཤིང་གནས་སྐབས་སུ་དངོས་གྲུབ་ཀྱི་མཚན་ལྟས་སུ་བརྟག་པ་དང་། ཁ་གཙང་ཞིང་དག་པར་བྱ་བ་དང་། བར་ཆད་བསྲུང་བ་དང་། རྨི་ལམ་གསལ་པོར་འབྱུང་བའི་ཕྱིར་ཡིན་ལ། མཐར་ཐུག་སངས་རྒྱས་པའི་ཚེ། བྱང་ཆུབ་ཀྱི་ཤིང་གདན་ཐོབ་པ་


CMR021_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐུབ་པའི་དབང་པོ་ལ། ཞིང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་ཕུལ་བ་ལྟར། རང་གིས་ཀྱང་འོ་ཐུག་གི་བཏུང་བ་ཐོབ་པ་དང་། འཚང་རྒྱ་ཁར་བྱམས་པའི་འོད་ཟེར་གྱིས། བདུད་དཔུང་འཁོར་དང་བཅས་པ། འཆིང་བ་ལྔས་བཅིང་བར་བྱེད་པ་དང་། །བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩྭ་ཀུ་ཤ་བཀྲམ་པའི་སྟེང་དུ། སྐྱིལ་ཀྲུང་བཅས་ཏེ་བཞུགས་པས་ནང་དུ་ཏིང་ངེ་འཛིན་མི་འཁྲུགས་པ་སྐྱེས་པ་ལ་བརྟེན་ནས། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་རྟེན་འབྲེལ་ཡོད་དོ། །རྒྱས་པར་ནི་བླ་མ་མཁས་པའི་ངག་དང་། གཞུང་ལུགས་རྣམ་དག་ལས་ཤེས་པར་བྱའོ། །བཅུ་གསུམ་པ་ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་དང་མི་འབྱུང་སྲིད་། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ཡང་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་


CMR021_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་བརྗོད་པའི། །ཚུལ་ལ་གནས་ནི་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །དེ་དག་ཀུན་གྱི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ལྟར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བ་ན། །རང་བྱུང་སྐལ་བ་ཆེན་པོ་པ། །དེ་བཞིན་གཤེགས་པ་ཉིད་དུ་གྱུར། །ཞེས་པའི་དོན། འཇིག་རྟེན་ན་གང་དཀོན་ན། ཨུ་དུམ་ཝ་རའི་མེ་ཏོག་དཀོན་པ་ལྟར། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ཤིན་ཏུ་དཀོན་ཞིང་། དེའང་སངས་རྒྱས་རྒྱལ་རིགས་ལས་འབྱུང་ན། ཨུ་


CMR021_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་ཝ་རའི་མེ་ཏོག་དཀར་པོ་འབྱུང་། བྲམ་ཟེའི་རིགས་ལས་འབྱུང་ན། ཨུ་དུམ་ཝ་རའི་མེ་ཏོག་དམར་སེར་འབྱུང་བར་བཤད་པས། རྒྱལ་བ་ཤཱཀྱ་ཐུབ་པ་རྒྱལ་རིགས་དང་བྱམས་པ་བྲམ་ཟེའི་རིགས་ལས་འབྱུང་བར་གསུངས་པས། ཨུ་དུམ་ཝ་རའི་མེ་ཏོག་ཀྱང་དཀར་པོ་དང་དམར་སེར་དུ་འབྱུང་བར་ཤེས་པར་བྱའོ། །སངས་རྒྱས་འབྱུང་བ་ལས་ཀྱང་། གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བ་ཤིན་ཏུ་དཀོན་ཏེ། དཔལ་གསང་བ་འདུས་པའི་རྒྱུད། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདི་ནི། ཐུབ་པ་ཆེན་པོ་མར་མེ་མཛད་ནས། འོད་སྲུང་གི་བར་གྱིས་ཀྱང་མ་གསུངས། བྱམས་པ་ནས་མོས་པ་ལ་ཐུག་གི་བར་གྱིས་ཀྱང་གསུང་བར་མི་འགྱུར་ཞིང་། ད་ལྟར་གྱི་སྟོན་པ་ཤཱཀྱ་ཐུབ་པ་འདིའི་སྨོན་ལམ་གྱི་སྟོབས་ཀྱིས་གསུངས་པས། ཤིན་ཏུ་དཀོན་པར་གསུངས་སོ། །འོ་ན་དཀོན་པས་ཅི་སྐྱོན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་དང་། ནམ་མཁའི་པདྨོ་ཡང་དཀོན་ནོ་སྙམ་ན། དེ་དཀོན་མོད། དེ་ལྟ་བུ་ནི་དཀོན་ཞིང་དོན་ཆུང་བ་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པ་འདི་ནི་དཀོན་ལ་ཕན་ཡོན་ཆེ་བ་སྟེ། དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་སྔོན་དུ་སོང་ནས། དཀྱིལ་འཁོར་


CMR021_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་རྩི་མཐོང་བ་ཙམ་གྱིས་ཀྱང་། བསྐལ་པ་བྱེ་བར་བསགས་པའི་སྡིག་སྒྲིབ་དག་པར་འགྱུར་བ་ཡིན་ན། དབང་སྐུར་ཐོབ་ནས། ལམ་རིམ་པ་གཉིས་སམ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་སྒོམ་པ་ལ་འབད་པར་བྱས་ན། དེ་བཞིན་གཤེགས་པ་ཉིད་ཐོབ་པར་འགྱུར་བར་ངེས་པ་ཡིན་ནོ། །གལ་ཏེ་དུས་ཡུན་རིང་པོར། སྐལ་པ་བྱེ་བར་བསགས་པའི་སྡིག་སྒྲིབ་རྣམས་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བ་ཙམ་གྱིས་ཟད་པར་མི་རིགས་སྙམ་ན། དེ་རིགས་པ་ཡིན་ཏེ། དཔེར་ན་བྲག་ཕུག་ཁ་བྱང་བསྟན་ལ།་སྣང་བའི་ངོ་བོ་གཏན་ནས་འོང་མ་མྱོང་བའི་མུན་ཁུང་དེར་སྒྲོན་མེ་ཆུང་དུ་བཏེག་ཙམ་གྱིས། མུན་པ་དེ་རྣམས་ན་རེ། ངེད་རྣམས་བུང་ཆེ་ཞིང་ཡུན་དུ་བསྡད་པ་ཡིན་པས་མི་འགྲོ་མི་ཟེར་བར། བྲག་ཕུག་གི་ནང་གསལ་བར་བྱེད་པ་བཞིན་ནོ། །འོ་ན་དབང་བསྐུར་བ་དང་ལམ་བསྒོམ་པ་སོགས་ལ་འབད་མི་དགོས་པར་འགྱུར་ཏེ། དཀྱིལ་འཁོར་ཚོན་རྩི་མཐོང་བ་ཙམ་གྱིས་སྡིག་སྒྲིབ་ཟད་པར་འགྱུར་བའི་ཕྱིར་སྙམ་ན། དེ་ནི་མ་ཡིན་ཏེ། སྒྲོན་མེ་ཆུང་ངུ་བཏེག་པས། མུན་པ་རགས་པ་དེང་བར་བྱས་པ་ཡིན་གྱི། རྩིག་གསེབ་ཀྱི་མུན་པ་ཕྲ་


CMR021_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དེང་བར་བྱས་པ་མིན་པ་ལྟར། དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བས་ཀྱང་སྒྲིབ་པ་རགས་པ་ཟད་པར་བྱས་པ་ཡིན་གྱི་སྒྲིབ་པའི་ས་བོན་དང་བག་ཆགས་སྦྱང་བ་ལ་ནི། དབང་བསྐུར་བ་དང་ལམ་བསྒོམ་པ་ངེས་པར་དགོས། ཞེས་བཤད་པར་བྱའོ།། ། །བཅུ་བཞི་པ་རྨི་ལམ་བརྟགས་ཤིང་ངན་ན་བསྲུང་བ་བྱ་བ་ནི། སློབ་མ་རྣམས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ༔ སློབ་མ་རྣམས་བཛྲ་རཀྵ་རཀྵ༔ བདུན། ད་ཁྱེད་རང་རྣམས་ཀྱི་ནངས་པར་གྱི་བར་ལ་སྔགས་འདི་ཐོན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ད་ལྟར་ཡང་དེ་འུར་འདོན་གྱིས། བུ་ཀྱི་སང་ནི་དཀྱིལ་འཁོར་དག །མཐོང་བ་འགྱུར་རོ་ཉོལ་ཅིག་དང་། །རྨི་ལམ་མཐོང་བ་གང་ཡིན་རྣམས། །དེ་ཀུན་དྲང་པོ་རང་ལ་སྨོས། །ཞེས་ཀུ་ཤའི་གདན་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྣམ་རྟོག་སྤངས་ཏེ་ལྷ་དང་བླ་མ་ཡིད་ལ་བྱེད་ཅིང་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ཅིག་ཅེས་བསྒོའོ། །གསང་བ་སྤྱི་རྒྱུད་ལས། ཐོས་ནས་བཟང་ངན་མི་བཟད་པ། །ཐེ་ཚོམ་མེད་པར་བཤད་པར་བྱ། །རྨི་ལམ་ཐམས་ཅད་བདེན་མིན་ཡང་། །དེ་ལ་མ་དད་རིགས་མ་ཡིན། །ཞེས་གསུངས་པ་ལྟར། རྨི་ལམ་བཟང་ངན་གཉིས་ཏེ། དང་པོ་ནི། གསང་བ་སྤྱི་རྒྱུད་


CMR021_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །ཞེས་གསུངས་པ་ལྟར། རྨི་ལམ་བཟང་འབྲིང་ཐ་མ་གསུམ་ལས། དངོས་གྲུབ་མཆོག་འབྲིང་ཐ་མ་གསུམ་ཐོབ་པར་འགྱུར་བས། ཞེན་པ་མེད་པའི་ཚུལ་གྱིས་དགའ་བ་སྒོམས་ཤིག །གཉིས་པ་ངན་པ་ནི། རྒྱུ་སྐེག་གི་རི་ལ་འཛེགས་པ། ཆུ་ཡིས་ཁྱེར་བའི་བར་རྨིས་ན་ངན་ནོ། །དོ་དགོང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བོ་སྟོན་ལ་ཉོལ་ཅིག །རྨི་ལམ་རྟོག་ཅིག །ཅེས་མཎྜལ་ཕུལ། གྲོལ་ལོ། །དེ་ནས་སློབ་དཔོན་རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས། སྲུང་བའི་དོན་དུ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པར་བྱའོ། །ནངས་པར་སློབ་མ་རྣམས་ལ་རྨི་ལམ་དྲིས་ལ། རྨི་ལམ་ངན་པ་རྣམས་བཟློག་པའི་ཕྱིར། གཞུང་གཞན་ནས་གསུངས་པ་ལྟར། སངས་རྒྱས་སྤྱན་མའི་ལུང་བསྟན་སྦྱིན་པའམ། འདིར་གསུངས་པའི། ཨོཾ་ཨཱཿ༔ བིགྷན་ཀྲྀཏ་ཧཱུྃ་དང་། དཀྱིལ་འཁོར་གང་ཡིན་གྱི་ལས་སྔགས་ཀྱི་ལུང་སྦྱིན་པར་བྱ། ཞེས་གསུངས་པས་ལས་སྔགས་འུར་འདོན་གཅིག་བྱས་ན་ལེགས། རྨི་ལམ་ཤིན་ཏུ་ངན་ན། ཁོ་རང་དེ་ལ་དབང་ཞུ་ཚེ་བདུད་རྩི་འཁྱིལ་བ་སོགས་ལས་སྔགས་བསྙེན་བཅུག །རྨི་ལམ་བཟང་ན་དངོས་གྲུབ་འབྱུང་བའི་ལྟས་སོ། །རིགས་པས་དཔྱད་ལ་ལུང་བསྟན་ཏོ། །དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་


CMR021_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབེབས། ཞེས་བྱ་བ་མཁས་པ་ཆེན་པོ། ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པ་ལས། རཱ་ག་ཨ་སྱས་ཁོལ་དུ་ཕྱུང་བ་ལ། ཉེས་འགལ་མཆིས་ན་བཤགས་ཤིང་། དགེ་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་གྱུར་ཅིག །ཡི་གེ་པ་ནི་བརྩོན་འགྲུས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདབང་རྡོ་རྗེ་ཕྲེང་བའི་སློབ་མ་རྗེས་འཛིན་དང་སློབ་མ་སྟ་གོན་ཁྱེར་བདེ།next