Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
རྡོར་ཕྲེང་ཞལ་བསྒོམས།
   
   
   
   
   
   


 
previousརྡོར་ཕྲེང་ཞལ་བསྒོམས།next

རྡོར་ཕྲེང་ཞལ་བསྒོམས།


CMR021_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོར་ཕྲེང་གི་དབང་རྫོགས་པ་དང་། རྒྱས་པར་སྤྲོ་ན། དབང་ཐོབ་པའི་ཕན་ཡོན་མ་ཐོབ་པའི་ཉེས་དམིགས་ལོགས་སུ་ཡོད་པ་དེ་བཤད། དམ་ཚིག་རྒྱ་མཚོའི་ལུང་ཡང་བྱ། དེ་ནས་ཞལ་བསྒོས་འདི་ལྟར་བརྗོད། དེ་ལྟར་གསར་རྙིང་རྒྱུད་སྡེ་རྣམས་ནས་དབང་ཐོབ་ནས་ཉམས་སུ་བླངས་ན། རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་ཕྱི་མ་ལ་སངས་རྒྱས་འགྲུབ་པར་གསུངས་པ་དེ། རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ་འདི་ཐོབ་ནས་ནི། ངེས་པར་བདེན་པ་ཁོ་ན་ཡིན་པས། འདིར་བཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་ལ་མངའ་བ་ལྟར། དམ་ཚིག་རྒྱ་མཚོ་ནས་བཤད་པ་ལྟར་གྱིས། དམ་ཚིག་ལ་ཡང་གཅེས་སྤྲས་མཛད་དགོས། གྲུབ་ཐོབ་ཨོ་རྒྱན་པའི་ཞལ་ནས། བོད་གངས་ཅན་གྱི་སྤྲང་པོ་ཨོ་རྒྱན་པ། །དགྲ་དམ་སེལ་མིན་པོས་ཐུབ་པ་མིན། །ཞེས་གསུངས་པ་ལྟར། དམ་སེལ་ཕྲ་མོས་ཀྱང་། སྐུ་ཚེ་དང་འགྲོ་དོན་གྱི་བར་ཆད་བྱེད་པས་ལེགས་པར་བསྲུང་བ་དང་། རྡོར་ཕྲེང་འདི་རྒྱུད་སྡེ་བཞིའི་སྲོག་ཤིང་ཡིན་པས། འདི་རང་གིས་ཉམས་སུ་བླངས་བ་དང་། གཞན་ལ་ཡང་དབང་ལུང་གི་རྒྱུན་ཅི་འཕེལ་མཛད་ན། སངས་རྒྱས་ཀྱི་བསྟན་


CMR021_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པ་ཡང་དེ་ཡིན། ཟང་ཟིང་དོན་གཉེར་མིན་པར། དད་པ་ཅན་རྣམས་ལ་འདི་ཡི་དབང་བཙུགས་ན། སྐྱེ་བ་བདུན་སངས་རྒྱས་པའི་ས་བོན་ཐེབས་པ་ཡིན་པས། འབྲེལ་ཚད་དོན་ལྡན་གྱི་འགྲོ་དོན་ཡང་དེ་ཡིན་ནོ། །འགྲོ་དོན་བྱེད་པའི་སྐབས་ལ་མ་བབ་པ་རང་དོན་བྱེད་པ་རྣམས་ཀྱིས་ཀྱང་། འདི་ཡི་དཀྱིལ་འཁོར་མཐོ་ཐོགས་ཙམ་གྱིས་བསྙེན་པ་བྱས་ན། སྒྲུབ་པའི་བསྟན་པ་འཛིན་པ་ཡང་དེ་ཡིན་ནོ། །འཆི་ཁ་འགྱོད་མེད་ཀྱི་བྱ་བ་ཆེན་པོ་འགྲུབ་པ་ཡིན། དམ་ཚིག་རྩ་བ་རྣམས་མ་ཉམས་ཀྱང་ཕྲ་ཞིབ་འདྲ་ལ་སྐྱོན་བྱུང་ན་ཡང་། འདི་ཡི་བདག་འཇུག་རེ་བླངས་ན་འཕྲལ་དུ་སོར་ཆུད་པ་ཡིན། འདི་ཡི་བདག་འཇུག་མང་དུ་བླངས་ན་སྒྲིབ་སྦྱོང་ལ་དེ་ལས་ལྷག་མེད་པས། དམ་ཚིག་ཆག་ཉམས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་འགྱུར། ཡང་མཚམས་སྒྲུབ་ལོང་མེད་པའི་རྣམ་གཡེང་ཅན་ཡིན་ན་ཡང་། དཀྱིལ་འཁོར་ཚང་མའམ་གཙོ་བོ་རྐྱང་པ་དྲན་རྫོགས་སུ་བསྒོམས་ནས། དཀྱིལ་འཁོར་མཐོ་རིམ་རེ་རེ་ལ་བྱེ་བ་རེ་ཙམ་བསྙེན་ན་བསྙེན་པ་ཡང་དོན་གྱིས་ཐེམ་པར་འགྱུར་ཞིང་ཕན་ཡོན་དཔག་ཏུ་མེད། ཆོ་ག་འདི་ཁ་གསལ་ཞིང་སྟབས་བདེ་བས། ཉིན་རེ་ཆོ་ག་རེའི་བསྙེན་པ་དང་། བདག་


CMR021_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྒྱས་པ་རེ་བླངས་ན། ཚེ་འདིའི་རྐྱེན་བཟློག་དང་ཕྱི་མའི་རྒྱགས་ཕྱེ་ལ་དེ་བས་ལྷག་བྱེད་ཐབས་མེད། དེས་ཁྱེད་སྐུ་ཡོན་ཡོད་པ་རྣམས་ཀྱིས་འདི་ཐོབ་ཆོག་ཏུ་མ་བཞག་པར། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ་ཞུ། ། དེ་འོག་ཁྱེད་ཤེས་རབ་དམན་པའི་སེར་མོ་བ་རྣམས་ཀྱིས་ཀྱང་འདི་ཡི་ནང་ནས་རང་ལ་གང་མོས། གཙོ་བོ་རྐྱང་པ་རེ་རེའི་སྐུ་མདོག་ཕྱག་མཚན་ཡིད་ལ་བཟུང་ནས། ཚེ་རིང་བར་འདོད་ན་རྣམ་རྒྱལ་མ། ལོངས་སྤྱོད་ཆེ་བར་འདོད་ན་ནོར་རྒྱུན་མ། གཟའ་ནད་ཡོད་ན་གཟའ་ཡུམ། དགྲ་ཁ་མཆུ་སོགས་ཀྱིས་སྐྱག་པ་ཆེ་ན་འོད་ཟེར་ཅན། ཤེས་རབ་ཆེ་བར་འདོད་ན་འཇམ་པའི་རྡོ་རྗེ། མཆོག་གི་དངོས་གྲུབ་འདོད་པ་ལ་བདེ་མཆོག་ཡིག་བདུན། རྐྱེན་བར་ཆད་མང་ན་བདུད་རྩི་འཁྱིལ་པ། བསླབ་མི་དགོས་ཀུན་གྱིས་ཤེས་ཤིང་། བར་ཆད་སེལ་བར་འབྱུང་འདུལ་དེ་འདྲ་ཞིག་ལ་བསྙེན་པ་བྱེ་བ་ཡ་ཟུང་གསོག །ཚེ་འདི་ཡི་རྐྱེན་སེལ་ཕྱི་མའི་ལམ་རྒྱགས་དེ་བས་ལྷག་པ་མེད་དེ། རྗེས་གནང་ཙམ་ཐོབ་ནས་འདོན་པ་དང་མི་འདྲ། ད་རེས་དཀྱིལ་འཁོར་གྱི་དབང་ཆེན་པོ་ཐོབ་པ་ཡིན་པས་འགྱུར་ཆེ། ད་རེས་དབང་གྲལ་དུ་ཁྱེད་ཐ་མལ་པ་ཅི་ཡང་མི་


CMR021_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འགའ་རེ་ཡོད་པས་དེ་ལ་གསང་སྔགས་དབང་གི་སྐབས་འདིར། བླ་མ་དང་ནི་ཡི་དམ་ལྷ། །ཐ་དད་དུ་ནི་མ་ལྟ་ཞིག །ཅེས་གསུངས་པས་བླ་མ་ཡི་དམ་གཉིས་དབྱེར་མེད་ཡིན་པར་བཀའ་བཙན་པས་དེས་ན་ཁྱེད་རྣམས་ཀྱིས་དམ་ཚིག་ཅི་ལྟ་བ་བསྲུང་། སྲུང་མི་ཐུབ་སྲུང་ཡང་མི་ཤེས་པས་ད་ལྟ་ཅི་ནུས་སུ་དགེ་བ་སྒྲུབ་སྡིག་པ་སྤང་། ཁར་སང་ཁས་ལེན་བྱས་པའི་དགེ་བ་དེ་ཚོ་འགྲུབ་ངེས་གལ་ཆེ། སྐྱེ་བ་འདིའམ་སྐྱེ་བ་གཞན་དག་ཏུ། གོ་བ་དང་ཤེས་རབ་ཉམས་རྟོགས་པ་ཇེ་འཕེལ་དུ་སོང་ནས་རིམ་གྱིས། དམ་ཚིག་དེ་དག་ཅི་ལྟ་བ་བཞིན་དུ་བསྲུང་བསམ་པ་མཛོད། དམ་ཚིག་དེ་ཚོ་ངས་སྲུང་མི་ཤེས་མི་ཐུབ་བསམ་པ་དང་། མི་བསྲུང་བསམ་མི་ཉེན། ཤེས་པའི་དུས་ཐུབ་པའི་དུས་བྱུང་ན་བསྲུང་བསམ་པ་གལ་ཆེ། ད་རེས་དཀྱིལ་འཁོར་དབང་བཞི་བཅུ་ཞེ་ལྔ་སོང་བ་དེ། རྗེས་གནང་གི་དབང་བརྒྱ་ཚར་བཅུ་ཉི་ཤུ་ཞུས་པ་བས་ལྷག་ངེས་པས། ད་རེས་མི་ལུས་ཐོབ་པའི་དོན་གོ །སྐྱེ་བ་གཏན་གྱི་སོ་ནམ་གྲུབ་པས་དགའ་བ་ཆེན་པོ་སྒོམས་པར་མཛོད། ། དེ་ནས་སྐབས་དེར་དགའ་སྟོན་གྱི་ཚོགས་འཁོར་བྱ། དབང་གཞི་བཏིང་མཁན་གྱིས་གཙོར་བྱས། དེར་འདུས་ཤིང་འཚོགས་པ་དང་


CMR021_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཐོགས་ཐམས་ཅད་ལ་བསྔོ་བ་རྒྱས་པར་བྱ། བཀྲ་ཤིས་རྒྱས་པར་བརྗོད་ནས་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད་ཅིང་ཕྱག་ནས་འཐོར། །ཞེས་པ་མཁས་པ་ཆེན་པོ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པའི་པར་མ་སོར་བཞག་ལས། གབ་འཁྲུགས་རྣམས་བསྡེབས། འགྲེས་རྣམས་བཤང་། དབང་སྒྲུབ་སྔ་ཕྱིར་བདག་མདུན་ཐ་མི་དད་ཀྱི་ལུགས་སུ་བྱས་ཏེ། བླ་མ་ཕྲིན་ལས་ཀྱིས་བསྐུལ་ཕྱིར། ༧ རཱ་ག་ཨ་སྱས་བསྒྲིགས་ཤིང་། ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས་བགྱིས་པ་ལ། ཉེས་པ་གང་མཆིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བཤགས་ཤིང་། དགེ་བས་འདི་ཡི་དབང་ལུང་རྒྱ་ཆེར་འཕེལ་ཞིང་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོར་ཕྲེང་ཞལ་བསྒོམས།next