Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་ཞར་བྱུང་དུ་གསར་རྙིང་གི་དཀྱིལ་འཁོར་ཁ་ཡར་རྣམས་ཀྱི་ཐིག་རྩ།
   
   
   
   
   


 
previousརྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་ཞར་བྱུང་དུ་གསར་རྙིང་གི་དཀྱིལ་འཁོར་ཁ་ཡར་རྣམས་ཀྱི་ཐིག་རྩ།next

རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་ཞར་བྱུང་དུ་གསར་རྙིང་གི་དཀྱིལ་འཁོར་ཁ་ཡར་རྣམས་ཀྱི་ཐིག་རྩ།


CMR021_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་ཞར་བྱུང་དུ་གསར་རྙིང་གི་དཀྱིལ་འཁོར་ཁ་ཡར་རྣམས་ཀྱི་ཐིག་རྩ་བཞུགས།།


CMR021_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་གུས་པར་ཕྱག་འཚལ་ལོ། །འདིར་སློབ་དཔོན་ཆེན་པོ་ཨ་བྱཱ་ཀ་ར་གུབུ་ཞེས་མཚན་ཡོངས་སུ་གྲགས་པའི་པཎྜི་ཏ་དེ་ཉིད་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བར་གསུངས་པའི་ཐིག་གི་རིམ་པ་རྣམས། རང་ཉིད་ཀྱིས་ཉམས་སུ་བླང་བདེ་བའི་ཕྱིར་གོ་དོན་རགས་པ་ཡི་གེར་བྲི་བར་བྱའོ། །དེ་ཡང་གྲོང་ཁྱེར་གྱི་དབུས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་ངམ་མདོར་ན་ཡིད་དང་མཐུན་པའི་ས་ཕྱོགས་སུ། ཡུལ་དང་གྲོང་དང་གནས་ཀྱི་བདག་པོ་ལ་གཏོར་མ་བྱིན་པ་ནས། ས་ལྷ་ལྷག་པར་གནས་པ་ན་རྒྱུད་སྡེ་སོ་སོའི་དགོངས་པ་


CMR021_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྲུབ་པའི་རྗེས་ཐོགས་སུ། ལྷ་ལྷག་པར་གནས་པ་བྱ་བ་ལ་ལྷའི་གནས་མི་འཆོལ་བའི་ཕྱིར་ཐོག་མར་སྐམ་ཐིག་གདབ་ཅིང་། དེ་དག་རློན་ཐིག་གིས་གནོད་པའམ། ཡང་ན་ཐོག་མ་ནས་བཤེར་ཐིག་བཏབ་ཀྱང་རུང་བས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་ཞིང་མཚན་མ་ཐོབ་པས། གཞོན་ནུ་མ་མ་ཉམས་པས་བཀལ་བའམ། དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ། སྦོམས་སུ་ནས་ཀྱི་ཉི་ཤུ་ཆ་ལྷག་པའི་སློབ་དཔོན་གྱིས་ནས་ཀྱི་ཚད་དུ་འགྱུར་བ་དེ་ལྟར་བྱའོ། །ཞེས་དང་། སློབ་དཔོན་ཀུན་དགའ་སྙིང་པོས། ཁྲུ་དྲུག་པའི་དཀྱིལ་འཁོར་དུ་ཐིག་སྐུད་


CMR021_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམས་སུ་མཐེའུ་ཆུང་གི་ཚད་དུ་བྱ་ཞིང་། གཞན་རྗེས་སུ་མཐུན་པར་བྱའོ། །ཞེས་པས་དཀྱིལ་འཁོར་ཕལ་ཆེ་བ་སྒོ་ཚད་གང་ལོ་ཆ་ཆུང་བཞི་དང་། ཆེ་ཆུང་གཅིག་གི་བཞི་ཆ་ལ་སློབ་དཔོན་གྱི་མཐེའུའི་ནས་ཀྱི་ཚད་དུ་དེང་སང་འདོད་པས་དེ་ལྟར་བྱ་ཞིང་། སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་ལས་རིང་བ་ཙན་དན་དཀར་པོ་དང་ས་ལུ་བཏགས་པའི་ཁུ་བས་སྤངས་ལ། ཚངས་པ་འཇིན་རྟེན་དུ་ཐོག་མར་བྱུང་བའི་བརྡས་དྲངས་ཏེ་དཀྱིལ་འཁོར་རྣམས་ཀྱི་ཐིག་ཐོག་མར་བྱུང་བ་ལའང་ཚངས་ཐིག་ཅེས་མིང་དུ་ཆགས་པ་བཞིན་ནོ། །དེ་ཡང་ལག་ཏུ་བླང་བ་ནི་འདི་ལྟར་ཐོག་མར་ཤར་ནུབ་ཚངས་ཐིག་བཏབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དཀྱིལ་འཁོར་ཆེ་ཆུང་གང་བྱེད་ཀྱི། །ཚད་དེས་ཚངས་ཐིག་ཤར་ནུབ་ཏུ། །མཚན་མ་བྱས་ལ་དེ་བར་གྱི། །ཚད་དེས་ཤར་ནུབ་མཚན་མ་ནས། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་བཏབ། །ལྷོ་བྱང་མཚན་མའི་སྟེང་བཟུང་ནས། །དབུས་བར་བཞལ་བའི་སྲད་བུ་དེས། །ཟུར་བཞིར་རྒྱ་གྲམ་རི་མོ་དགོད། །དེ་སྟེང་ཟུར་ཐིག་གཉིས་པོ་བཏབ། །ཟུར་རྣམས་སྒོ་ཚད་དྲུག་ཏུ་བགོ །དབུས་ནས་སྒོ་


CMR021_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བཞི་པའི་སྟེང་། །ཟུར་བཞིར་འབྲེལ་བའི་ལོགས་ཐིག་བཞི། །བཏབ་པ་དཀྱིལ་འཁོར་རྩ་ཐིག་ཡིན། །དེ་ཕན་ཐིག་ཆེན་བརྒྱད་དུ་གྲགས། །དབུས་ནས་ཆ་ཆེན་དྲུག་པའི་སྟེང་། །ཟུར་བཞིར་འབྲེལ་བའི་ཐིག་བཞི་བཏབ། །དེ་དག་དཀྱིལ་འཁོར་མདའ་ཐིག་གོ །རྩ་ཐིག་ཕྱི་རུ་སྒོ་ཚད་གང་། །དོར་བར་ཐིག་བཞི་གོང་ལྟར་བཏབ། །བར་གྱི་ཆ་ཆེན་གཉིས་པོ་ཡི། །ནང་མའི་མཐའ་གཉིས་ཆ་རན་རེ། །དོར་བར་ཐིག་གཉིས་ངོས་སུ་བཏབ། །དེ་ལ་དབུས་དོར་མཐའ་གཉིས་ཟེར། །རྩིག་པ་འདོད་སྣམ་ཕ་གུ་ཡིན། །ཆ་ཆེན་ཕྱི་མ་ཕྱེད་དུ་བགོ །དྲྭ་བ་དྲྭ་ཕྱེད་ས་ཡིན་ཞིང་། །དེ་ཡི་ཕྱི་མའང་ཕྱེད་དུ་བཏབ། །ཤར་བུ་དང་ནི་མདའ་ཡབ་བོ། །དེ་ནས་སྒོ་སོགས་རྟ་བབས་རྣམས། །ཐིག་རྣམས་ཁྱབ་གཅིག་བཏབ་བྱས་ནས། །དབྱེ་བར་མཛད་པ་མང་ཡོད་ཀྱང་། །འདིར་ནི་ལག་ལེན་བདེ་བ་དང་། །ཐིག་རོ་ཉུང་བ་གཞིར་བྱས་ཏེ། །ཐོག་མར་སྒོ་སོགས་དབྱེ་ཚུལ་ནི། །རྩ་ཐིག་ཚངས་ཐིག་འཛོམས་པ་ནས། །གཡས་གཡོན་ཆ་ཆུང་གཉིས་རེའི་སར། །མཚན་མ་བྱས་ལ་དེ་སྟེང་ནས། །ཕ་གུའི་ཕྱི་མཐའི་བར་བསྲིང་པའི། །སྒོ་ཁྱུད་ཐོག་རེ་གྱེན་དུ་བཏབ། །


CMR021_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་དབུས་སུ་ཆ་ཆུང་བཞི། །གྲུ་བཞིར་བྱུང་བའི་ས་དེ་ཉིད། །འཁོར་ལོའི་བརྒྱད་ཆའི་སྒོ་ཡིན་ནོ། །སྒོ་ཁྱུད་ཐིག་གི་ཕྱི་འགྲམ་དུ། །ཆ་ཆུང་རེ་ཕྱིན་སྣེ་མོ་གཉིས། །རྩིག་པའི་ཕྱི་དང་ཕ་གུའི་ནང་། །འབྲེལ་བའི་གྱེན་ཐིག་རྩིག་རྒྱུན་ནོ། །ཚངས་ཐིག་དང་ནི་ཕ་གུ་ཡི། །ནང་ཐིག་འཛོམས་པའི་གཡས་གཡོན་དུ། །སྒོ་ཚད་གཉིས་རེ་ཕྱིན་པའི་སར། །མཚན་མ་བྱས་ཏེ་དེ་སྟེང་ནས། །གྱེན་དུ་མདའ་ཐིག་བར་བསྲིང་པའི། །ཐིག་དེ་ཀ་རྒྱན་ཡོད་ན་དང་། །མེད་ན་ཀ་བའི་ཕྱི་མཐའ་ཡིན། །དེ་ཡི་ནང་དུ་རིམ་པ་བཞིན། །ཆ་ཆུང་རེ་རེ་དོར་བའི་སར། །ཀ་རྒྱན་ཀ་བ་མུན་པ་དང་། །སྒོ་ལོགས་རྣམས་ཀྱི་ནང་ཐིག་གདབ། །ཀ་བ་ཀ་རྒྱན་གཉིས་པོ་ཡི། །ཡར་སྣེ་མདའ་ཐིག་ལ་རེག་ཅིང་། །མར་སྣེ་ཕ་གུའི་ནང་ཐོག་གོ །མུན་པའི་མར་སྣེའང་དེ་ཉིད་དང་། །ཡར་སྣེ་ཤར་བུའི་ཕྱི་ཐིག་ལའོ། །སྒོ་ལོགས་ནང་ཐིག་སྣེ་མོ་གཉིས། །ཕ་གུའི་ཕྱི་དང་ཤར་བུའི་ནང་། །འབྲེལ་བས་རྩིག་རྒྱུན་འཁོར་མའོ། །མུན་པ་མེད་ན་དེ་ཤུལ་དུ། །རྩིག་པ་འགྲོ་ཞིང་ཀ་རྒྱན་ཡང་། །མེད་ན་དེ་ཤུལ་ཀ་བ་བྱ། །མུན་པ་ཀ་རྒྱན་ཡོད་པའི་ཚེ། །འགྲེ་ལོགས་སྒོ་དག་མི་མཉམ་ལ། །མུན་པ་ཀ་


CMR021_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གཉིས་པོ་མེད། །སྒོ་ཁྱུད་འགྲམ་དང་ལོགས་གསུམ་པོ། །མཉམ་གསུམ་ཡིན་ཞིང་ཁ་ཅིག་གིས། །འདི་ལ་ཧར་སྒོ་དག་ཀྱང་ཟེར། །ད་ནི་རྟ་བབས་ཐིག་གདབ་པ། །རྟ་བབས་སྣམ་བུ་བཞི་པའི་ཚེ། །ཚངས་དང་མདའ་ཐིག་འཛོམས་པ་ནས། །ཕྱི་རུ་ཆ་ཆེན་གཉིས་དོར་བར། །ཐིག་གདབ་ནང་མ་བཞིན་དུ་བགོ །དེ་རྣམས་སྣམ་བུའི་ཆ་ཡིན་ཞིང་། །ཕྱི་མ་སྣ་ཚོགས་རྡོ་རྗེ་ཡི། །དབུས་རྭ་ཡིན་ལ་དེའི་རྩ་བར། །གཡས་གཡོན་ཆ་ཆུང་གཉིས་རེ་དང་། །རྩེ་མོའི་ཞིང་ལ་ཆ་ཆུང་རེ། །དེ་ཡི་རྩ་རྩེར་ཆ་ཆུང་རེ། །དོར་བར་ཐིག་རེ་བཏབ་པ་ལས། །པདྨ་ཆོས་འཁོར་གདུགས་པ་ཡིན། །སྣམ་བུ་བཞི་པོའི་སྲིད་དུ་ནི། །ཚངས་པའི་གཡས་གཡོན་ཆ་ཆེན་དག །གཉིས་རེ་དོར་བར་ཐིག་བཏབ་ལ། །དེའི་ནང་ཆ་ཆུང་བརྒྱད་རེ་བགོ །སྣམ་བུ་བཞི་པའི་ཕྱི་མཐའ་ནས། །རིམ་བཞིན་གསུམ་གཉིས་གཅིག་གིས་དམན། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམས་པ་ནས་བཟུང་སྟེ། །ཆ་ཆུང་ཕྱེད་དང་གཉིས་བསྐོར་ཞིང་། །ཚངས་ལས་དང་པོའི་ཕྱི་ཐིག་སྟེང་། །ཆེ་ཆུང་གཉིས་རེ་དོར་བ་ནས། །ཆ་ཆུང་གཅིག་གིས་གླང་གཤོག་སྐོར། །དེ་ནང་


CMR021_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཆས་སླར་བསྐོར་བ། །ཀྱོག་པོ་གསུམ་ལྡན་གླང་རྒྱབ་བོ། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམས་པའི་གཡས་གཡོན་དུ། །ཆ་ཆུང་གསུམ་རེ་ཕྱིན་པ་ནས། །ཀ་རྒྱན་རྩེ་ནས་ནང་རྭ་དང་། །གཉིས་པའི་ཕྱི་ལས་ཕྱེད་ལྔ་ནས། །ཚད་དེས་བསྐོར་བ་རྡོ་རྗེའི་རྭའོ། །ཕྲེང་བ་མཁན་རྣམས་རྟ་བབས་ལ། སྣམ་བུ་བཅུ་གཅིག་ལུགས་གསུམ་དང་། །དུས་འཁོར་རྟ་བབས་སོགས་བཤད་ཀྱང་། །ཐོག་མར་སྣམ་བུ་བཅུ་གཅིག་ལ། །གཉིས་མཉམ་དགུ་མཉམ་རྟ་བབས་ནི། །ཚངས་པའི་རྒྱུད་དུ་མཐའ་ཐིག་ལས། །ཕྱི་རུ་ཆ་ཆེན་གསུམ་བྱས་ལ། །ནང་མ་ཆ་ཆུང་བཞི་རུ་བགོས། །གསེར་དང་ཤར་བུ་རིན་ཆེན་མིག །བར་མའི་དབུས་སུ་ཆ་གཅིག་དོར། །མུན་པ་ཝ་རན་མུན་པ་ཡིན། །ཆ་ཆེན་ཕྱི་མ་བཞི་རུ་བསྒོ། །ཤར་བུ་རིན་ཆེན་མིག་མདའ་ཡབ། །མདའ་ཡབ་ཕྱི་ནང་གཉིས་པོའི་སྟེང་། །ཚངས་ལས་གཡས་གཡོན་འཕྲེད་དག་ཏུ། །ཆ་ཆེན་གཉིས་རེ་དོར་བའི་ནང་། །གྱེན་ཐིག་ཆ་ཆུང་བརྒྱད་རེ་བཏབ། །སྣམ་བུ་རྣམས་ཀྱི་ཕྱི་རིམ་ནི། །གསེར་རྣམས་ཀ་རྒྱུན་རྩེ་དང་མཉམ། །ཤར་བུ་རིན་ཆེན་མིག་པ་གསུམ། །གསེར་བས་ཆ་ཆུང་གཅིག་གིས་རིང་། །མུན་པ་


CMR021_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་གཉིས་ཀྱིས་ཐུང་། །ཝ་རན་དེ་བས་གཅིག་གིས་རིང་། །དེ་བས་མུན་པ་གཉིས་ཀྱིས་ཐུང་། །ཤར་བུ་རིན་ཆེན་མིག་པ་གསུམ། །དེ་བས་ཆ་ཆུང་གཅིག་གིས་རིང་། །མདའ་ཡབ་དེ་བས་གཉིས་ཀྱིས་ཐུང་། །གུ་ཎ་ཧ་རིའི་བྱེད་ཚུལ་ནི། །སྣམ་བུ་དང་པོ་ཕྱེད་དང་དྲུག །གཉིས་པ་གསུམ་པ་དྲུག་དྲུག་གོ །སྣམ་བུ་བཞི་པ་བཞི་ཡིན་ཏེ། །སྣམ་བུ་ལྔ་པ་ཕྱེད་དང་བཞི། །དྲུག་པ་གསུམ་ནས་བཅད་བྱ་ཞིང་། །བདུན་པ་གཉིས་ནས་མུན་པ་རེག །དེ་རྣམས་ནང་དུ་སུམ་ཚའོ། །ཡང་ན་མིག་གསུམ་སྐོར་འདོད་པས། །སྣམ་བུ་ལྔ་པའི་ཕྱེད་ཐིག་དང་། །ཚངས་ཐིག་འཛོམས་པ་ནས་བཟུང་སྟེ། །ཆ་ཆེན་གཅིག་གིས་དབུས་མ་སྐོར། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་ཐོག་ནས་གཡས་གཡོན་དུ། །ཆ་ཆུང་གཉིས་རེ་ཕྱིན་པ་ནས། །སྔ་མའི་ཚད་དེས་གསེར་སྣམ་གྱི། །ཆ་ཆུང་ཕྱེད་དྲུག་བར་དུ་སྐོར། །དེ་ནང་སླར་ཡང་སུམ་ཆ་སྐོར། །དབུས་རྭའི་དཔངས་སུ་མདའ་ཡབ་ཀྱི། །ཕྱི་རུ་ཆ་ཆེན་གཅིག་དོར་ཞིང་། །རྩ་བའི་སྦོམས་སུ་ཚངས་པ་ལས། །གཡས་གཡོན་ཆ་ཆུང་གཉིས་གཉིས་དང་། །རྩེ་མོར་ཆ་ཆུང་རེ་རེ་འོ། །དབུས་རྭའི་རྩ་རྩེར་


CMR021_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཆུང་རེ། །དོར་བར་པདྨ་ཆོས་འཁོར་དང་། །གདུགས་ཀྱི་ས་ནི་རྣམ་པར་མཛེས། །དབུས་རྭའི་རྩ་བ་གཡས་གཡོན་ནས། །འཕྲེད་དུ་ཆ་ཆུང་གཉིས་རེ་ནི། །རི་དྭགས་ཕོ་མོའི་ས་ཡིན་ཞིང་། །དེ་ནས་འཕྲེད་དུ་ཆ་རེ་ལ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །གཡས་གཡོན་རྭ་ཡི་སྐོར་ཚུལ་ནི། །སྣམ་བུ་ལྔ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམས་པའི་གཡས་གཡོན་དུ། །ཆ་ཆུང་གཉིས་རེའི་སྟེང་བཟུང་ནས། །ཀ་རྒྱུན་རྩེ་ནས་བསྐོར་བར་བྱ། །དེ་ནས་འཕྲེད་གསུམ་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་སྐོར། །རྩེ་ལྔ་བྱེད་ཊྛིན་སྐོར་ཚུལ་སློབ། །གཞན་ཡང་ཕྲེང་བར་གསུངས་པ་ཡི། །ཐིག་གི་རིམ་པ་ཇི་སྙེད་པ། །དགོངས་བཞེད་བཤད་མ་ཐག་པ་ལས། །འགལ་བ་ཅུང་ཟད་མ་མཆིས་མོད། །འོན་ཀྱང་བརྗོད་བྱའི་ཁྱད་པར་རྣམས། །རྣམ་གྲངས་ཉིད་དུ་གོ་བདེ་བའི། །ཚིགས་བཅད་དག་ཏུ་གུས་པས་བྲི། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །ཐིག་ནི་འདེབས་པར་བྱེད་པ་ན། །མཚན་མ་མིན་པས་འགྲུབ་མི་འགྱུར། །ཐིག་སྐུད་ཆད་ནི་བླ་མ་ཟད། །དམན་དང་ལྷག་པ་ལས་ནི་ནད། །ཕྱོགས་རྨོངས་ན་ནི་སློབ་མ་འཁྲུལ། །བཅོས་པའི་ཆོ་ག་དག་ཀྱང་བྱ། །ཞེས་པའི་


CMR021_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གོ་དོན་ཤེས་བྱས་ཏེ། །ས་གཞི་རྣམ་པར་དག་པ་ལ། །ཟླུམ་པོ་ལྔ་ལས་ཉ་ཐིག་གམ། །མིན་ན་སྔར་བཞིན་ཚངས་ཟུར་བཏབ། །དབུས་ནས་ཆ་ཆེན་བཞི་པའི་སྟེང་། །ངོས་བཞིར་རྩ་བའི་ཐིག་བཞི་ནི། །ཟུར་ཐིག་རྣམས་དང་འབྲེལ་པར་བཏབ། །དེ་ནས་རྩ་བའི་ཐིག་ལས་ཕྱིར། །རིམ་པ་བཞིན་དུ་ཆེ་ཆུང་ནི། །གཅིག་དང་གཉིས་དང་གཅིག་དང་ནི། །གཉིས་དང་གཅིག་དང་གཅིག་གི་བར། །རྩ་བའི་ཐིག་ལས་ཕྱིར་འཐོན་ཏེ། །ཐིག་དྲུག་ཟུར་ནས་ཟུར་དུ་འོ། །རྩ་བའི་ཐིག་ལས་དང་པོ་ནི། །རྩིག་པའི་ཚོན་པར་འདོད་པ་ཡིན། །གཉིས་པ་གར་གྱི་སྣམ་བུ་འམ། །གཟུངས་ཀྱི་སྣམ་བུ་སྟེགས་བུ་དང་། །ཡང་ན་འདོད་ཡོན་སྣམ་བུར་བརྗོད། །གསུམ་པ་རིན་ཆེན་ཕ་གུ་དང་། །བཞི་པ་དོ་ཤལ་ས་ཡིན་ལ། །ལྔ་པ་རིན་ཆེན་ཤར་བུ་དང་། །དྲུག་པ་མདའ་ཡབ་ས་ཡིན་ནོ། །ཚངས་དང་རྩ་ཐིག་ཕྲད་པ་ནས། །གཡས་གཡོན་ཆ་ཆུང་གཉིས་རེ་དོར། །དེ་ནས་ཆ་ཆུང་བཞི་པ་གྷཱཡི། །སྒོ་ཁྱུད་ཐིག་ནི་དྲང་པོར་གདབ། །སྒོ་ཁྱུད་རྩེ་ནས་ངོས་དག་ལ། །སྒོ་འགྲམ་ཆ་ཆུང་གཉིས་སོང་ནས། །སྟེང་དུ་སྒོ་ལོགས་ཆ་ཆུང་གཉིས། །འཐོན་པར་ཀྱོག་མཚམས་གཉིས་


CMR021_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི། །ཐིག་ནི་དེ་ལས་ཆ་ཆུང་དོར། །ཉིས་རིམ་དག་ཏུ་བཏབ་པར་བྱ། །དེ་ཡི་གློ་རུ་ཆ་ཆུང་རེ། །དོར་བའི་ཐིག་གསུམ་གྱེན་དུ་བཏབ། །སྲིད་དུ་ཆ་ཆུང་ལྔ་ཡིན་ལ། །ཕྱི་ལྷམ་དར་དཔྱངས་པ་ཞེས་སམ། །ཀ་རྒྱན་ཉིད་དུ་འདོད་པ་ཡིན། །དེ་ཡི་ནང་མ་རྟ་བབས་ཀྱི། །ཀ་བ་ཡིན་ལ་དེ་ནང་ནས། །སྟེང་དུ་འཁོར་བའི་སྣམ་བུ་དེ། །མུན་པའམ་ལོང་བ་སྟོང་པ་དང་། །བར་སྣང་སྐབས་ཀྱི་སྣམ་བུར་བརྗོད། །སྒོ་ལོགས་རྩེ་ནས་རྩེ་ཡི་བར། །ཆ་ཆུང་བརྒྱད་པའི་ཐིག་དེ་ཡིས། །ཡ་ཕུགས་གདུགས་ནི་མཚོན་པ་ཡིན། །དེ་ཡི་གློ་ཡི་རྩེ་མོ་ནས། །གཞན་དེའི་གློ་ཡི་རྩེར་སོན་པའི། །ཆ་ཆུང་བཅུ་པའི་ཐིག་གཅིག་དེ། །ཡ་ཕུགས་གདུགས་བཅས་བྲེ་ཕུལ་ལམ། །གདུགས་སྟེང་ཚོན་སྣ་ལྔ་ཡི་ས། །དེ་ཡི་ཕྱི་རུ་ཆ་ཆུང་གཅིག་།ཀ་བའི་ནང་ཐིག་རྩེར་འབྲེལ་བ། །རྟ་བབས་བར་གྱི་སྣམ་བུ་ཡང་། །ཟེར་མོད་གོང་དུ་བཤད་པ་ཡི། །མུན་པ་སོགས་ལས་གཞན་དུ་མིན། །པཎ་ཆེན་ཀླུ་ཡི་བློ་ཡི་ཞབས། །ཡ་ཕུགས་བྲེ་ཕུལ་སྣམ་བུ་ནི། །འདི་ཉིད་རྩ་ཕུགས་གདུང་ཡིན་པས། །བར་གྱི་སྣམ་བུར་མི་བཞེད་གསུངས། །ད་ནི་རྟ་བབས་བཤད་པར་བྱ། །ཀ་བའི་སྟེང་དུ་རྟ་


CMR021_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཏེ། །ཆ་ཆུང་བཅུ་གཉིས་དག་ཏུ་འདོད། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །རིམ་པས་ཐིག་ནི་བཅུ་གཅིག་གོ །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །དེ་ཡང་སྣམ་བུ་བཅུ་གཅིག་གི །བར་རྣམས་ནང་ནས་རིམ་པ་ལྟར། །གསེར་དང་ཤར་བུ་རིན་པོ་ཆེ། །རྨིག་པ་མུན་པ་ཝ་རོན། །མུན་པ་ཤར་བུ་རིན་པོ་ཆེ། །རྨིག་པ་མདའ་ཡབ་སྣམ་བུ་སྟེ། །རིམ་པ་བཅུ་གཅིག་བྱུང་བ་ལས། །མུན་སྣམ་གཉིས་ཀྱི་དཔངས་ལ་ཡང་། །སོ་སོར་ཆ་ཆུང་ཕྱེད་གཉིས་སོ། །སྣམ་བུ་ལྷག་མ་དགུ་པོ་ཡི། །སོ་སོའི་དཔངས་སུ་ཆ་ཆུང་རེའོ། །འདི་ལ་གཉིས་མཉམ་དགུ་མཉམ་ཟེར། །ཡང་ན་ཤར་བུ་རིན་ཆེན་རྨིག །གསེར་དང་ཆུ་སྲིན་གསེར་དང་རྨིག །རིན་པོ་ཆེ་དང་རྨིག་པ་དང་། །གསེར་དང་མདའ་ཡབ་སྣམ་བུ་སོགས། །རིམ་པ་བཅུ་གཅིག་ཡོད་པ་ལས། །འདི་རྣམས་སོ་སོའི་དཔངས་ལ་ནི། །དང་པོ་དང་ནི་གཉིས་པ་ལ། །ཆ་ཆུང་ཕྱེད་དང་གཉིས་གཉིས་སོ། །གསུམ་པ་ཆ་ཆུང་གཅིག་ཡིན་ལ། །བཞི་པ་ཆ་ཆུང་ཕྱེད་ཡིན་ནོ། །ལྔ་པ་ཆ་ཆུང་ཕྱེད་དང་གཉིས། །དྲུག་པ་ཆ་ཆུང་ཕྱེད་ཡིན་ལ། བདུན་པ་ཆ་ཆུང་གཅིག་ཏུ་འགྱུར། །བརྒྱད་པ་ཆ་ཆུང་ཕྱེད་དང་གཉིས། །དགུ་པ་ཆ་


CMR021_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་གཅིག་པ་སྟེ། །བཅུ་པ་ཆ་ཆུང་ཕྱེད་པ་ཡིན། །བཅུ་གཅིག་ཆ་ཆུང་ཕྱེད་གཉིས་སོ། །འདི་ལ་ལྔ་མཉམ་གསུམ་གསུམ་མཉམ། །ཟེར་ཞིང་འདི་ཡི་སྣམ་བུ་དང་། །གཉིས་མཉམ་དགུ་མཉམ་སྣམ་བུ་རྣམས། །སོ་སོའི་མཐའ་ཡི་རྒྱུ་ཚད་དང་། །གུ་ཎ་ཧི་ར་ལྷན་དུ་བརྗོད་། །དེ་ལ་ཚངས་ཐིག་གཡས་གཡོན་ནས། །སྣམ་བུ་དང་པོའི་འཕྲེང་དག་ལ། །ཆ་ཆུང་ཕྱེད་དང་དྲུག་ཕྱིན་ཏེ། །དེ་ནས་ཆ་ཆུང་ཕྱེད་གསུམ་པར། །བཅད་པ་ཀ་རྒྱན་རྩེ་དང་མཉམ། །དེ་ཡི་འོག་གི་ཆ་ལ་ཡང་། །མཐའ་ནས་ཐིག་ནི་ཕྱེད་བཞི་ཡོད། །སྣམ་བུ་གཉིས་པ་གསུམ་པ་ལ། །ཚངས་ནས་ཆ་ཆུང་དྲུག་དྲུག་བར། །བཅད་ལ་དེ་ནི་ཆ་ཆུང་ནི། །གསུམ་གསུམ་སླར་ཡང་མཐའ་རུ་ཕྱིན། །སྣམ་བུ་བཞི་པ་ཚངས་པ་ནས། །ཆ་ཆུང་བཞིར་བཅད་དེ་ནས་སླར། །ཆ་ཆུང་ལྔ་ཡིས་མཐར་ཕྱིན་ནོ། །སྣམ་བུ་ལྔ་པ་ཚངས་པ་ནས། །ཆ་ཆུང་ཕྱེད་དང་བཞི་དོར་ལ། །དེ་ནས་ཕྱེད་བཞིས་མཐའ་རུ་བཅད། །དྲུག་པ་ཚངས་ལས་ཆ་ཆུང་གསུམ། །དོར་ནས་སླར་ཡང་ཆ་ཆུང་ལྔ། །མཐའ་རུ་ཕྱིན་པར་བྱ་བ་ཡིན། །བདུན་པ་ཚངས་ལས་ཆ་ཆུང་གཉིས། །དོར་ནས་སླར་ཡང་ཆ་ཆུང་བཞིས། །སྣམ་བུའི་མཐའ་རུ་བཅད་


CMR021_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །བརྒྱད་པ་ལ་སོགས་སྣམ་བུ་གསུམ། །ཚངས་ལས་ཆ་ཆུང་བདུན་བདུན་ནོ། །བཅུ་གཅིག་པ་ནི་ཆ་ཆུང་ལྔའོ། །འདིར་ནི་སྣམ་བུ་ལྔ་པ་ཡི། །སྟེང་ལ་ཆ་ཆུང་ཕྱེད་བཞི་དང་། །བདུན་པའི་འོག་ལ་ཆ་ཆུང་བཞི། །སྟེང་ལ་ཆ་ཆུང་དྲུག་ཡིན་ནོ། །ཡང་ནི་ཕྲེང་བར་གསུངས་པ་ཡི། །ཐིག་གི་རིམ་པ་དུ་མ་ལས། །བསྡུ་བའི་ཚིགས་སུ་བཅད་པ་འདི། །གོང་དུ་སྨོས་པ་དེ་རྣམས་ལས། །ཡང་འདབས་ཉིད་དུ་མཆིས་ན་ཡང་། །དེ་རྣམས་ངེས་པ་གསལ་ཕྱིར་བྲི། །ཤར་སོགས་ཕྱོགས་ཀྱི་ཐིག་ལེའི་སྟེང་། །སྲད་བུ་བཟུང་ནས་མཎྜལ་བཞིས། །ཉ་ཡི་མགོ་དང་མཇུག་མའི་མཐར། །ཚངས་ཐིག་དང་ནི་ཟུར་ཐིག་གདབ། །ཟུར་དེ་སྒོ་ཚད་བདུན་དང་ཕྱོགས། །ཁྲུ་ལ་སོགས་པའི་རྩ་བའི་ཐིག །དབུས་སུ་བརྒྱད་ཆ་ཕྱིས་པ་སྒོ། །སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །རྩ་བའི་གྷརྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་པ་ངོས་སྟེང་དུ། །ཆ་ཆུང་གཉིས་གཉིས་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་འཁྱོག་པ། །དེ་ལས་ཕྱི་རུ་ཆ་ཆུང་བཞི། །དོར་བར་ཐིག་བཞི་


CMR021_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བཏབ། །ཕྱི་མ་གསུམ་གྱི་དཔངས་སུ་ནི། །ཆ་ཆུང་ལྔ་དེ་ནང་མར་བཞི། །དེ་རྣམས་རྩིག་རྒྱུན་མུན་པ་དང་། །ཀ་བ་ཀ་བའི་རྒྱན་ཡིན་ནོ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང་། །བདུན་པ་ཆ་ཆུང་ཕྱེད་དང་གཉིས། །ལྷག་མ་དགུ་པོ་ཆ་ཆུང་རེ། །ཡང་ན་གསུམ་པ་བདུན་པ་དང་། །དགུ་པ་ཆེ་ཆུང་རེ་རེ་འོ། །བཞི་པ་དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་གཉིས་སུ་རྒྱུར། །ཚངས་པའི་གཡས་དང་གཡོན་དུ་ནི་། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང་། །གསུམ་པ་ཆ་ཆུང་གསུམ་གསུམ་མོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །སྣམ་བུ་ཆ་ཆུང་ལྔ་པའོ། །ཆ་ཆུང་ཕྱེད་དང་བཞི་པ་ནས། །ལྔ་པ་ཆ་ཆུང་ཕྱེད་དང་བཞི། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །གཉིས་ནས་བདུན་པའི་མཐའ་རུ་བཞི། །གསུམ་ནི་ཆ་ཆུང་བདུན་དུ་མཉམ། །ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་


CMR021_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ལ་ཆ་ཆུང་བཞི། །སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམ་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་ཏུ། །ཀྱོག་པོ་གཅིག་གོ་འདི་ནང་དུའང་། །ཆ་ཆུང་ཕྱེད་ཀྱིས་དེ་བཞིན་ནོ། །འགྲམ་ལོགས་སྒོ་དང་མཉམ་པ་ནས། །མུན་པའི་སྣམ་བུ་མེད་པའོ། །རྟ་བབས་སྣམ་བུ་དྲག་པོའི་ལས། །དཔངས་སུ་ཚད་ནི་སྒོ་ཡི་ཆ། །ནོར་ལྷ་ནོར་ལྷ་ཉི་མ་དང་། །རྒྱལ་བ་ནོར་ལྷ་རྒྱལ་བ་དང་། །ཉི་མ་ནོར་ལྷ་ཉི་མ་དང་། །རྒྱལ་བ་ནོར་ལྷ་གོ་རིམ་བཞིན། །ནོར་ལྷ་ལྔ་པོ་ཆ་ཆུང་ནི། །།ཕྱེད་དང་གཉིས་པར་མཉམ་པ་ཡིན། །ཉི་མ་གསུམ་པོ་ཆ་ཆུང་ནི། །རེ་རེ་ཁོ་ནར་མཉམ་པ་ཡིན། །རྒྱལ་བ་གསུམ་པོ་ཆ་ཆུང་ནི། །།ཕྱེད་པར་མཉམ་པའི་དབང་བྱས་ཏེ། །ལྔ་མཉམ་གསུམ་གསུམ་མཉམ་ཞེས་སོ། །འདི་རྣམས་མཐའ་ཡི་རྒྱ་ཚད་ཀྱང་། །སྔ་མ་བརྗོད་པ་དེ་རྣམས་ལས། །ལོགས་སུ་གྱུར་པ་ཅུང་ཟད་མེད། །རྟ་བབས་སྒོ་ཚད་གཅིག་པ་ལ། །སྣམ་བུ་བཅུ་གཅིག་དུ་དབྱེ་བ། །འཁོར་ལོ་སྡོམ་པ་ལ་སོགས་པ། །དཀྱིལ་འཁོར་འགའ་ལ་མཁས་རྣམས་མཛད། །དེ་ཡི་རྒྱ་ཚད་ཆ་རྣམས་ཀྱང་། །སྔ་མའི་རིགས་པ་ཁོ་ན་ལས། །།ཁྱད་པར་ཡོད་པར་མ་


CMR021_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས། །བློ་ལྡན་རྣམས་ཀྱིས་མཁྱེན་པར་འཚལ། །ཁྱབ་བདག་དུས་ཀྱི་འཁོར་ལོ་ཡི། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལ། །ཆ་གྲངས་དག་གི་དབྱེ་བ་སོགས། གོང་དུ་བརྗོད་པ་དེ་རྣམས་ལས། །ཁྱད་པར་ཡོད་ཕྱིར་འདིར་བཤད་པ། །དཔལ་ལྡན་རྒྱུད་ཀྱི་དགོངས་པ་ལྟར། །བཅུ་དྲུག་ཐིག་གི་ལག་ལེན་ནི། །ཟླུམ་པོ་ལྔ་ལས་ཉ་ཐིག་གམ། །མིན་ན་ཚངས་ཟུར་སྔར་བཞིན་བཏབ། །སློབ་དཔོན་མཐེ་བོ་ཉེར་བཞི་ཆས། །ཁྲུ་གང་ཡིན་ཞིང་དཀྱིལ་འཁོར་གྱི། །ཤར་ནུབ་མཐའ་ནས་མཐའ་ཡི་བར། །ཁྲུ་བརྒྱད་པ་ཡི་དབང་བྱས་ཏེ། །ཐུགས་ཀྱི་སྒོ་ཚད་གང་ལ་ནི། །ཆ་ཆུང་དྲུག་རེར་ངེས་པ་ཡང་། །སློབ་དཔོན་མཐེ་བོའི་ཕྱེད་ཚད་དེ། །ནས་སུ་བྱས་ཏེ་དེ་དག་ལ། །ཆ་ཆུང་ཞེས་སུ་ཐ་སྙད་གདགས། །ཐུགས་ཀྱི་ཉིས་འགྱུར་གསུང་ཡིན་ཞིང་། །གསུང་གི་ཉིས་གྱུར་སྐུ་ཡིན་པས། །གསུང་དང་སྐུ་ཡི་སྒོ་རེ་ཡང་། །རང་རང་ཆ་ཆུང་དྲུག་རེའོ། །དབུས་ནས་དཀྱིལ་འཁོར་མདའ་ཐིག་ཚུན་། །ཟུར་རྣམས་སྐུ་དཀྱིལ་སྒོ་ཚད་ནི། །དྲུག་དྲུག་དག་ཏུ་བགོས་བྱས་ལ། །དབུས་ནས་སྒོ་ཚད་དང་པོའི་སྟེང་། །ཐུགས་ཀྱི་དཀྱིལ་འཁོར་རྩ་བའི་ཐིག །གཉིས་པར་གསུང་


CMR021_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་རྩ་བའི་ཐིག །བཞི་པར་སྐུ་དཀྱིལ་རྩ་བའི་ཐིག །ངོས་བཞིར་ཟུར་ནས་ཟུར་དུ་བཏབ། །སྐུ་ཡི་སྒོ་ཚད་གང་ལ་ནི། །ཐུགས་ཀྱི་སྒོ་ཚད་བཞི་ཡིན་ཞིང་། །སྐུ་ཡི་སྒོ་ཚད་གང་པོ་དེ། །གསུང་གི་སྒོ་ཚད་དེ་ཡང་ཡིན། །དེས་ན་ཐུགས་ཀྱི་ཆ་ཆེ་ཆུང་། །ཉིས་འགྱུར་གསུང་དང་བཞི་འགྱུར་སྐུའི། །ཆ་ཆེན་དག་དང་ཆ་ཆུང་དུ། །ཡང་དག་ངེས་པར་ཡིད་ལ་བཟུང་། །དབུས་ནས་ཐུགས་ཀྱི་སྒོ་ཚད་དྲུག །ཕྱིན་པར་ཐུགས་དཀྱིལ་མདའ་ཐིག་ནི། །ཟུར་ནས་ཟུར་དུ་ངོས་བཞིར་བཏབ། །ཐུགས་དཀྱིལ་རྩ་བའི་ཐིག་ལས་ཕྱིར། །ཐུགས་ཀྱི་ཆ་ཆུང་ཕྱེད་གཉིས་དང་། །གསུམ་དང་ཕྱེད་གཉིས་གསུམ་དང་ནི། །ཕྱེད་དང་གཉིས་དང་ཕྱེད་དང་གཉིས། །དོར་བར་ཐིག་དྲུག་སྤྱི་ལྟར་བཏབ། །ནང་ནས་རིམ་བཞིན་རྩིག་པ་དང་། །སྟེགས་བུ་རིན་ཆེན་སྣམ་བུ་དང་། །དོ་ཤལ་དང་ནི་ཤར་བུ་དང་། །ཀྲ་མ་ཤིརྵའི་ས་ཡིན་ནོ། །ཐུགས་དཀྱིལ་རྩ་བའི་ཐིག་དག་དང་། །ཚངས་ཐིག་ཕྲད་ཟླ་པའི་གཡས་གཡོན་དུ། །ཆ་ཆུང་གསུམ་རེ་ཕྱིན་པ་ནས། །གྱེན་དུ་ཆ་ཆུང་དྲུག་གི་བར། །སྒོ་ཁྱུད་ཐོག་རེ་དྲང་པོར་གདབ། །སྒོ་ཁྱུད་རྩེ་ནས་འཕྲེད་དག་ལ། །ཆ་ཆུང་དྲུག་ཕྱིན་དེ་


CMR021_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སླར། །གྱེན་དུ་ཆེ་ཆུང་དྲུག་ཕྱིན་པས། །སྒོ་ཡི་འགྲམ་དང་སྒོ་ལོགས་ཀྱི། །ཐིག་གཅིག་ཀྱོག་མཚམས་གཉིས་ཡོད་གདབ། །སྒོ་ཁྱུད་དག་གི་ཕྱི་འགྲམ་དུ། །ཆ་ཆུང་ཕྱེད་དང་གཉིས་རེའི་སར། །སྟེགས་བུའི་སྲིད་དང་མཉམ་པའི་ཐིག །རྩིག་རྒྱུན་ཡིན་ཕྱིར་ལེགས་པར་བཏབ། །རིན་ཆེན་སྣམ་བུའི་ནང་ཐིག་དང་། །ཚངས་ཐིག་འཛོམས་པའི་གཡས་གཡོན་དུ། །སྒོ་ཚད་དོ་རེ་ཕྱིན་པ་ནས། །གྱེན་དུ་ཆ་ཆུང་ཕྱེད་བརྒྱད་རེ། །མདའ་ཡབ་ཐིག་ལ་རེག་པར་བཏབ། །དེ་ནི་ཀ་བའི་ཕྱི་མཐའ་ཡིན། །དེ་ཡི་ནང་དུ་ཆེ་ཆུང་ནི། །ཕྱེད་དང་གཉིས་རེ་དོར་བའི་སར། །ཐིག་བཏབ་ཀ་བའི་སྦོམས་དང་ནི། །རྩིག་པའི་རྒྱུན་གྱི་ཚོན་པའོ། །ཐུགས་དཀྱིལ་མདའ་ཐིག་ཕྱི་ལས་ནི། །ཚངས་ཐིག་རྒྱུད་དུ་ཐུགས་དཀྱིལ་གྱི། །སྒོ་ཚད་གསུམ་དོར་དང་པོ་ནི། །ཆ་ཆུང་དྲུག་ཡིན་གཉིས་པ་ལ། །ཆ་ཆུང་ཕྱེད་དང་ལྔ་དང་ནི། །གསུམ་པ་ཆ་ཆུང་ཕྱེད་དང་བཞིའོ། །ཧརྨི་དང་ནི་བུམ་པའི་དཔངས། །སོ་སོར་ཆ་ཆུང་གཉིས་གཉིས་སོ། །དེ་ནས་རིམ་པ་དང་པོ་ལ། །ཀ་བའི་སྟེང་དུ་རྟ་བབས་གདུགས། །དཔངས་སུ་ཆ་ཆུང་གཅིག་དང་ནི། །སྲིད་དུ་ཆེ་ཆུང་ཉེར་བཞི་ཡིན། །དེ་སྟེང་མྱོས་སྲུང་སྣམ་


CMR021_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ། །དཔངས་སུ་ཆ་ཆུང་གཅིག་དང་ནི། །སྲིད་དུ་ཆ་ཆུང་བཅུ་དྲུག་གོ །དེ་སྟེང་དབུས་སུ་ཆ་ཆུང་རྣམས། །ལྷ་མོའི་གནས་ཏེ་གྲུ་བཞིར་བཅད། །དེ་མཐར་ཀ་བ་ཆ་ཆུང་རེ། །དེ་ཡི་གློར་ཡང་ཆ་ཆུང་དག །བཞི་རེའི་ལྷ་གནས་གྲུ་བཞིར་བྱ། །དེ་ཡི་མཐར་ཡང་ཆ་ཆུང་རེའི། །ཀ་བ་མྱོས་སྲུང་མཐའ་དང་མཐུན། །ལྷ་སྣམ་འདི་ཡི་སྲིད་དུ་ཡང་། །ཆ་ཆུང་བཅུ་དྲུག་ཁོ་ནའོ། །འདིའི་གཞོགས་རྟ་བབས་ཀ་བའི་སྟེང་། །གཉིས་འཐུང་མནན་པའི་ཕྲོག་འབྱེད་ནི། །གདོང་པ་གྱེན་དུ་ཕྱོགས་པའོ། །དེ་ནས་སེང་གེའི་གདོང་པ་དང། །ཀ་བ་བཞི་ཡིས་བཏེག་པའི་སྟེང་། །གདུང་གི་དཔངས་སུ་ཆ་ཆུང་ཕྱེད། །སྲིད་དུ་ཆ་ཆུང་བཅོ་བརྒྱད་ཡིན། །དེ་ཡི་སྟེང་དུ་མྱོས་སྲུང་ནི། །དཔངས་སུ་ཆ་ཆུང་གཅིག་དང་ནི། །སྲིད་དུ་ཆ་ཆུང་བཅུ་གཉིས་སོ། །དེ་སྟེང་ལྷ་མོའི་གནས་ལ་ཡང་། །དཔངས་སུ་ཆ་ཆུང་གསུམ་དང་ནི། །སྲིད་དུ་ཆ་ཆུང་བཅུ་གཉིས་ཀྱི། །དབུས་སུ་ཆ་ཆུང་གསུམ་པ་བྷཱརེའི། །ལྷ་སྣམ་གྲུ་བཞིར་བྱས་པ་ཡི། །བར་གྱི་ཀ་བ་བཞི་པོ་ནི། །རེ་རེའང་ཆ་ཆུང་བཞི་ཆ་རེས། །དམན་པའི་སྦོམས་སུ་བྱ་བ་ཡིན། །ཀ་བ་ཕྱི་མ་གཉིས་ཀྱི་གློར། །ཤཱ་ལི་བྷཉྫི་


CMR021_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཞེས་པ། །གདུང་འདེག་ལྷ་མོ་རེ་རེ་བྱ། །ལྷ་མོའི་མགོ་དང་ཀ་བའི་སྟེང་། །གདུང་མའི་དཔངས་སུ་ཆ་ཆུང་ཕྱེད། །སྲིད་དུ་ཆ་ཆུང་བཅོ་ལྔ་འོ། །དེ་སྟེང་མྱོས་པ་སྲུང་བ་ཡི། །སྣམ་བུའི་དཔངས་སུ་ཆ་ཆུང་གཅིག །སྲིད་དུ་ཆ་ཆུང་བརྒྱད་ཡིན་ལ། །དེ་ཡི་སྟེང་དུ་ལྷ་སྣམ་ནི། །དཔངས་སུ་ཆ་ཆུང་གཉིས་དང་ནི། །སྲིད་དུ་ཆ་ཆུང་བརྒྱད་ཀྱི་དབུས། །ཆ་ཆུང་གཉིས་རེའི་ལྷ་གནས་གསུམ། །རྒྱ་དཔངས་མཉམ་པའི་གྲུ་བཞིར་བྱ། །བར་གྱི་ཀ་བ་བཞི་པོ་ཡང་། །སོ་སོར་སྦོམས་སུ་ཆ་ཆུང་ནི། །ཕྱེད་ཕྱེད་དག་ཏུ་འདོད་པ་ལགས། །དེ་ཡི་ཕྱི་ཡི་ཀ་བའི་གློར། །སྔར་བཞིན་གདུང་འདེག་ལྷ་མོའོ། །དེ་ཡི་སྟེང་གི་གདུང་མ་ལ། །དཔངས་སུ་ཆ་ཆུང་ཕྱེད་དང་ནི། །སྲིད་དུ་ཆ་ཆུང་བཅུ་གཉིས་ཡིན། །དེ་ཡི་སྟེང་དུ་ཧརྨི་ཡི། །སྲིད་དུ་ཆ་ཆུང་བརྒྱད་ཡིན་ལ། །དེ་ཡི་སྟེང་དུ་བུམ་པ་དང་། །བུམ་པའི་གཡས་དང་གཡོན་དག་ཏུ། །ཆོས་ཀྱི་རྒྱལ་མཚན་བསྒྲེངས་བའི་ས། །སྣམ་བུ་དེ་ཀུན་རྩེ་མོ་ལས། །དྲིལ་བུ་མེ་ལོང་རྔ་ཡབ་དང་། །མཛེས་པའི་མེ་ཏོག་ཕྲེང་བ་དང་། །ལྷ་ཡི་བ་དན་ལ་སོགས་པ། །རབ་མཛེས་རྒྱན་རྣམས་འཕྱང་བར་བྱ། །ཐུགས་ཀྱི་དཀྱིལ་འཁོར་ཕྱི་རོལ་དུ། །གསུང་གི་


CMR021_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡོད་པ་ལས། །དེ་ཡང་ཐུགས་ཀྱི་རྩ་ཐིག་ནས། །ཕྱི་རུ་ཆ་ཆུང་བཅུ་གཉིས་སར། །ཐུགས་དཀྱིལ་རྩིག་པ་ལ་སོགས་པ། །མདའ་ཡབ་བར་གྱི་སྣམ་བུས་ཁྱབ། །ཐུགས་དཀྱིལ་མདའ་ཐིག་ཕྱི་རོལ་དུ། །ཐུགས་ཀྱི་ཆ་ཆུང་བདུན་དང་ནི། །བཞི་དང་གཅིག་ནི་དོར་བའི་སར། །གསུང་གི་རྩ་ཐིག་ཡོད་པ་ལས། །ཐིག་རྣམས་ངོས་སུ་བཏབ་པ་དེ། །ཟུར་ནས་ཟུར་དུ་འབྲེལ་པ་ཡིན། །དེ་དག་ནང་ནས་རིམ་པ་བཞིན། །གསུང་གི་ཚོན་པ་ལྷ་སྣམ་དང་། །དཔངས་ཆུང་དག་ཏུ་ཤེས་པར་མཛོད། །གསུང་གི་ལྷ་སྣམ་འདི་ཉིད་ལ། །ཕྱོགས་མཚམས་བརྒྱད་ཀྱི་པདྨ་རྣམས། །སོ་སོར་ཆ་ཆུང་བཞི་པར་མཉམ། །དེ་ཡང་ཕྱོགས་སུ་སོན་པ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་རྟ་བབས་ཀྱི། །བར་མའི་ལྷ་སྣམ་དབུས་མ་ཡི། །མྱོས་སྲུང་སྣམ་བུ་དབྱེ་བྱ་ཞིང་། །འགྲམ་ཀྱི་ཀ་བ་གཉིས་པོ་ཡང་། །ཕྱེད་ཕྱེད་ནང་དུ་བསྒྱུར་ནས་ནི། །ཀུན་ཀྱང་འདབ་མ་བརྒྱད་རེར་བྲི། །གསུང་གི་རྩ་ཐིག་ཕྱི་རོལ་ནས། །གསུང་གི་རྟ་བབས་སྣམ་བུའི་མཐར། །གསུང་གི་ཆ་རན་ཆེ་ཆུང་གིས། །ཐིག་དྲུག་ལ་སོགས་ཇི་སྙེད་པ། །ཐུགས་དཀྱིལ་ཇི་བཞིན་གསུང་ལ་ཡིན། །སྐུ་ཡི་རྩ་


CMR021_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ཕྱི་རོལ་ནས། །སྐུ་ཡི་རྟ་བབས་སྣམ་བུའི་མཐར། །སྐུ་ཡི་ཆ་རན་ཆེ་ཆུང་གི །ཐིག་དྲུག་ལ་སོགས་ཇི་སྙེད་པ། །གསུང་གི་དཀྱིལ་འཁོར་ཇི་བཞིན་ཐིག །སྐུ་ཡི་དཀྱིལ་འཁོར་ལ་བཏབ་བོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་ནང་། །བདེ་ཆེན་འཁོར་ལོའི་ཐིག་རྣམས་ནི། །རིམ་པ་བཞིན་དུ་འདི་ལྟར་ཏེ།། །ཚངས་ཐིག་དབུས་ནས་ཤར་ནུབ་ཏུ། །ཐུགས་ཀྱི་ཆ་ཆུང་གཉིས་རེའི་སར། །མཚན་མ་བྱས་ལ་ཟླུམ་པོར་སྐོར། །གཙོ་བོའི་གནས་ཡིན་དེ་ལས་ཕྱིར། །ཆ་ཆུང་བཞི་དོར་ཟླུམ་པོར་སྐོར། །འདབ་བརྒྱད་ས་ཡིན་དེ་ལས་ཕྱིར། །ཆ་ཆུང་གཅིག་དང་བཞི་དང་གཅིག །དོར་བར་ཐིག་བཞི་ངོས་ལ་ནི། །ཟུར་ནས་ཟུར་དུ་འབྲེལ་བར་བཏབ། །དེ་ཡང་ནང་ནས་རིམ་པ་ལྟར། །རྡོ་རྗེའི་གདུང་དང་ལྷ་གནས་དང་། །རྡོ་རྗེའི་གདུང་གི་ས་ཡིན་ནོ། །ཕྱོགས་མཚམས་ལྷ་གནས་བརྒྱད་པོ་རྣམས། །སོ་སོར་ཆ་ཆུང་བཞི་བཞི་རུ། །རྒྱུ་དང་དཔངས་སུ་མཉམ་པ་ཡིན། །དེ་རྣམས་སོ་སོའི་འགྲམ་རྣམས་སུ། །ཀ་བའི་སྦོམས་སུ་ཆ་ཆུང་རེ། །སྲིད་དུ་ཆ་ཆུང་བཞི་བཞི་འོ། །དེ་དག་བར་དུ་བུམ་གནས་བརྒྱད། །ཞེང་དུ་ཆ་ཆུང་གསུམ་རེ་འོ། །རྡོར་གདུང་ཕྱི་མའི་ཐིག་ལས་ཕྱིར། །ཆ་


CMR021_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བདུན་བཞི་གཅིག་དོར་བར། །ཐིག་རྣམས་ངོས་སུ་བཏབ་པ་ནི། །ཟུར་ནས་ཟུར་དུ་འབྲེལ་བའོ། །དེ་རྣམས་ནང་ནས་རིམ་པ་བཞིན། །ཐུགས་ཀྱི་ཚོན་པ་ལྷ་སྣམ་དང་། །དཔངས་ཆུང་རྣམས་སུ་མཁྱེན་པར་མཛོད། །གསུང་དཀྱིལ་མདའ་ཐིག་ཕྱི་རོལ་དུ། །ཐུགས་ཀྱི་ཆེ་ཆུང་བཅུ་གཅིག་དང་། །དེ་ནས་ཆ་ཆུང་བཅུ་གཉིས་པར། །ཐིག་རྣམས་ངོས་སུ་བཏབ་པ་ནི། །ཟུར་ནས་ཟུར་དུ་སྔ་མ་བཞིན། །དེ་ཡང་ནང་ནས་རིམ་པ་ལྟར། །སྐུ་ཡི་ཚོན་པ་ལྷ་སྣམ་དང་། །དཔངས་ཆུང་དག་ཏུ་མཁྱེན་པར་འཚལ། །ལྷ་སྣམ་འདི་ལ་ཚེས་ལྷའི་གནས། །པདྨ་བཅུ་གཉིས་ཡོད་པ་ཡང་། །སྒོ་ཡི་གཡས་དང་གཡོན་དག་དང་། །ཟུར་རྣམས་སུ་ནི་དགོད་པ་ཡིན། །དེ་ཡང་སོ་སོའི་རྒྱ་ཡི་ཚད། །ཆ་ཆུང་བཅུ་གཉིས་པ་རུ་མཉམ། །དེ་རྣམས་སོ་སོའི་ལྟེ་བ་ནས། །ཆ་ཆུང་གཉིས་རེ་ཟླུམ་པོར་སྐོར། །དེ་ཡི་མཐའ་རུ་ཆ་ཆུང་གི །སུམ་ཆ་ལྷག་པའི་ཆ་ཆུང་རེས། །ཟླུམ་ཐིག་རིམ་པ་གསུམ་སྐོར་བའི། །དབུས་ཀྱི་ཟླུམ་པོ་ཆ་བཞི་པར། །ལྷ་ཆེན་བཅུ་གཉིས་སོ་སོའི་སའོ། །དེ་ཡི་ཕྱི་རིམ་སྣམ་གསུམ་ལ། །ནང་ནས་པདྨའི་འདབ་མ་ནི། །བཞི་དང་བརྒྱད་དང་བཅུ་དྲུག་


CMR021_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ། །རིམ་པ་མ་འདྲེས་གསལ་པོར་བཀོད། །སྐུ་ཡི་དཀྱིལ་འཁོར་སྒོ་དབུས་སུ། །ཤིང་རྟ་རྣམས་ཀྱང་རེ་རེ་བཞིན། །ཆ་ཆུང་བཅུ་གཉིས་པ་རུ་མཉམ། །གསུང་དང་སྐུ་ཡི་དཀྱིལ་འཁོར་གྱི། །ཚོན་པ་ལྷ་སྣམ་དཔངས་ཆུང་དང་། །ལྷ་སྣམ་སྟེང་གི་པད་འདབ་དང་། །སྒོ་ཁང་དབུས་ཀྱི་ཤིང་རྟ་སོགས། །ཚད་དུ་གཞལ་བྱེད་ཆ་ཆུང་རྣམས། །དམིགས་བསལ་མེད་པ་དེ་དེ་ཡོང་། །ཐུགས་ཀྱི་ཆ་ཆུང་ཁོ་ནས་སོ། །ད་ནི་ས་སོགས་འཁོར་ཡུག་རྣམས། །སྔོན་དུ་བྱོན་པའི་མཁས་པ་འགས། །ས་ཡི་ནང་ཐིག་ཟླུམ་པོ་ནི། །སྐུ་ཡི་རྟ་བབས་བུམ་རྩེ་ནས། །སྐོར་བར་མཛད་པ་ཡིན་མོད་ཀྱང་། །དེ་རྣམས་ཁྱད་གསོད་ག་ལ་ནུས། །འདིར་ནི་རྒྱལ་བ་འོད་དམར་ཅན། །མཆོག་གི་སྤྲུལ་སྐུའི་རིང་ལུགས་བཞིན། །ས་ཡི་ཟླུམ་ཐིག་དང་པོ་དེ། །སྐུ་ཡི་དཀྱིལ་འཁོར་རྟ་བབས་ཀྱི། །མྱོས་སྲུང་གསུམ་པའི་རྩེ་ནས་སྐོར། །དེ་ནས་ཕྱི་རུ་རིམ་པ་བཞིན། །སྐུ་ཡི་ཆ་ཆུང་ཚད་རྣམས་ཀྱིས། །མེ་སྟེ་གསུམ་དང་རོ་སྟེ་དྲུག །དུས་ནི་དྲུག་ཡིན་སླར་ཡང་ནི། །རོ་སྟེ་དྲུག་དང་མེ་ནི་གསུམ། །ཡང་ནི་རོ་སྟེ་དྲུག་རྣམས་ཀྱིས། །མེ་རོ་དུས་རོ་མེ་རོ་ཞེས། །ས་ཆུ་མེ་རླུང་ནམ་མཁའ་དང་། །


CMR021_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཕྲེང་བར་དུ་ལེགས་པར་བསྐོར། །དེ་ནས་སྐུ་ཡི་དཀྱིལ་འཁོར་གྱི། །ཤར་སྒོའི་གཡས་ཀྱི་ཀ་བ་དང་། །ནུབ་སྒོའི་གཡས་ཀྱི་ཀ་བ་ཡི། །རྩ་བའི་ཕྱི་ཟུར་གཉིས་པོ་ལ། །ངེས་པར་རེག་པ་གཙོར་བྱས་ཏེ། །ཐིག་བཏབ་ཐིག་གི་སྣེ་མོ་གཉིས། །ས་ཡི་ཟླུམ་ཐིག་ནང་མར་རེག །དེ་བཞིན་ཤར་སྒོ་ནུབ་སྒོ་ཡི། །གཡོན་དང་ལྷོ་བྱང་དག་གི་ཡང་། །་སྒོ་ཡི་ཀ་བའི་གཡས་གཡོན་གྱི། །རྩ་བའི་ཕྱི་ཟུར་ལ་རེག་པའི། །ཐིག་རྣམས་སྔ་མ་བཞིན་བཏབ་པས། །དཀྱིལ་འཁོར་གསུམ་གྱི་ཕྱོགས་མདོག་དང་། །བདེ་ཆེན་འཁོར་ལོའི་འདབ་བརྒྱད་ཀྱི། །བཅུས་ཐིག་ལྷན་ཅིག་འགྲུབ་པ་ལགས། །དེས་ནི་དཔལ་ལྡན་དུས་འཁོར་གྱི། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་གྱི། །ཕྱི་ནང་ཡོངས་སུ་རྫོགས་པའི་ཐིག །མ་འདྲེས་གསལ་བར་གྲུབ་པ་ཡིན། ། །ད་ནི་ཕྲེང་བར་གསུངས་པ་ཡི། །རྩ་བའི་དཀྱིལ་འཁོར་ཉེར་བརྒྱད་དང་། །དེ་ལས་རྣམ་གྲངས་བཅུ་བཞི་ཡིས། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ། །མཁས་པ་ཀུན་གྱིས་ཕྱག་བཞེས་མཛད། །དེ་རྣམས་ནང་ནས་རྟོགས་དཀའ་བའི། །དཀྱིལ་འཁོར་ནང་ཐིག་ཁ་ཡར་ཙམ། །བརྗོད་པར་བྱེད་ན་འདི་ལྟ་སྟེ། །


CMR021_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འཇམ་པའི་རྡོ་རྗེ་ལ། །རྩ་ཐིག་ནང་དུ་སྒོ་ཚད་གང་། །དོར་ནས་ལྷ་ཡི་སྣམ་བུའི་ཐིག །ཟུར་ཐིག་གཉིས་ཀྱི་བར་དུ་བཏབ། །དེ་ཡི་ནང་དུ་སྒོ་ཚད་གང་། །གཟུགས་མའི་སྣམ་བུ་དོར་བ་ཕན། །དབུས་ནས་ཟླུམ་སྐོར་དང་པོར་བྱ། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་བའི་ཟླུམ་སྐོར་གཉིས་པ་དེ། །རྡོ་རྗེ་ཕྲེང་བའི་ས་ཡིན་ནོ། །ཚངས་ཐིག་དབུས་ནས་གཡས་གཡོན་དུ།། །ཆ་ཆུང་གཉིས་རེ་དོར་བའི་སྟེང་། །ཟླུམ་ཐིག་ནང་མ་ལ་རེག་པའི། །ངོས་ཐིག་རེ་རེ་ཕྱོགས་བཞིར་བཏབ། །དེ་ཡི་ཕྱི་རུ་ཆ་ཆུང་རེ། །དོར་བར་ངོས་ཐིག་སྔ་མ་བཞིན། །བཏབ་པའི་བར་དུ་གཙོ་འཁོར་གྱི། །ལྷ་གནས་རེའུ་མིག་དགུ་ལིང་འབྱུང་། །བསྡུས་པའི་རིམ་པར་གསུངས་པ་ཡི། །འདུས་པ་མི་བསྐྱོད་རྡོ་རྗེ་ལ། །སྔར་གྱི་ཟླུམ་པོ་དང་པོའི་ནང་། །ཆེ་ཆུང་སྤངས་པར་འོད་ཕྲེང་དང་། །དེ་ནང་ཆ་ཆུང་སྤངས་པ་ལ། །རྡོ་རྗེ་ཕྲེང་བ་བྱེད་པ་ལས། །གཞན་རྣམས་འདི་གཉིས་ཁྱད་པར་ནི། །ཅུང་ཟད་ཙམ་ཡང་མ་མཆིས་སོ། །དཔལ་ལྡན་ཀུན་ཏུ་ཁ་སྦྱོར་གྱི། །རྒྱུད་དུ་གསུངས་པ་ལས་བྱུང་བའི། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆུང་ནི། །གསུམ་དོར་དབུས་ནས་


CMR021_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོར་བསྐོར། །དེ་ཡི་ནང་ནས་ནང་དག་ཏུ། །ཆ་ཆུང་ཕྱེད་དང་གསུམ་དང་ནི། །ཕྱེད་དང་གསུམ་དང་ཕྱེད་ཕྱེད་དང་། །དོར་ཏེ་ཟླུམ་པོའི་ཐིག་བདུན་ནི། །རིམ་པ་བཞིན་དུ་བསྐོར་བ་ཡི། །ཆ་ཆུང་ཕྱེད་པའི་ཟླུམ་པོ་རྣམས། །ནང་ནས་རིམ་བཞིན་རྡོར་ཕྲེང་དང་། །འོད་ཕྲེང་པད་ཕྲེང་འཁོར་ལོ་ཡི། །ཕྲེང་བ་རྣམས་ཀྱི་ས་ཡིན་ལ། །དབུས་ནས་ཆ་ཆུང་ཕྱེད་གཉིས་སྟེང་། །ཟླུམ་པོ་ནང་མ་ལ་རེག་པའི། །ངོས་ཐིག་རེ་རེ་ཕྱོགས་བཞིར་གདབ། །དེ་ཡི་ཕྱི་རུ་ཆ་ཆུང་ཕྱེད། །དོར་ནས་ངོས་ཐིག་སྔ་མ་བཞིན། །བཏབ་པའི་རེའུ་མིག་དགུ་ལིང་འདི། །གཙོ་འཁོར་ལྷ་ཡི་གནས་ཡིན་ནོ། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆུང་བཞི། །དོར་བར་དབུས་ནས་ཟླུམ་པོར་བསྐོར་། །དེ་ཡི་ནང་དུ་ཆ་ཆུང་གཅིག །སྤངས་པར་འོད་ཕྲེང་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །སྤངས་པར་རྡོ་རྗེའི་ཕྲེང་བ་བསྐོར། །དེ་ཡི་ནང་དུ་ཆ་ཆུང་དྲུག ། དོར་ནས་ཟླུམ་པོ་ནང་མ་ལ། །རེག་པའི་ངོས་ཐིག་ཕྱོགས་བཞིར་བཏབ། །དེ་རྣམས་ནང་དུ་ཆ་ཆུང་རེ། །དོར་བར་ངོས་ཐིག་སྔ་མ་བཞིན། །བཏབ་པའི་རེའུ་མིག་དགུ་ལིང་འབྱུང་། །


CMR021_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བདུན་ལྷ་ཡི་བདག་ཉིད་ཅན། །བཅོམ་ལྡན་དགྱེས་རྡོར་རིགས་བཞི་ཡི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །ཚངས་ཐིག་དབུས་ནས་ཆ་ཆུང་གསུམ། །ཟླུམ་སྐོར་གཙོ་བོའི་གནས་ཡིན་ལ། །དེ་ཡི་ཕྱི་རུ་ཆ་ཆུང་ནི། །ལྔ་དང་གཅིག་དང་གཅིག་དག་གིས། །རིམ་པ་གསུམ་དུ་བསྐོར་བྱས་པ། །ནང་ནས་རིམ་བཞིན་པདྨ་དང་། །རྡོར་ཕྲེང་དང་ནི་འོད་ཕྲེང་ངོ་། །དེ་ལ་རེག་པའི་ངོས་ཐིག་གཅིག །ཟུར་ནས་ཟུར་དུ་འབྲེལ་བ་ཕན། །ལྷ་སྣམ་དག་ཏུ་མཁྱེན་པར་འཚལ། །བདག་མེད་ལྷ་མོ་བཅོ་ལྔ་དང་། །ལྷ་མོ་ཉི་ཤུ་རྩ་གསུམ་མ། །འཕགས་མ་ཀུ་རུ་ཀུལླེ་དང་། །རྡོ་རྗེ་བདུད་རྩི་ནང་ཚན་བཞི། །དེ་དག་དཀྱིལ་འཁོར་ནང་གི་ཐིག །འདི་དང་ཁྱད་པར་ཡོད་མ་ལགས། །དགུ་ཡི་བདག་ཉིད་དགྱེས་རྡོར་བཞིའི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །དབུས་ནས་ཆ་ཆུང་ལྔ་དོར་བར། །གེ་སར་ཐིག་ནི་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རུ་ཆ་ཆུང་བཅུ། །སྤངས་པར་འདབ་བརྒྱད་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རུ་ཆ་ཆུང་གཅིག །དོར་ནས་རྩ་ཐིག་ལ་རེག་པས། །ཟླུམ་བསྐོར་རྡོ་རྗེ་ཕྲེང་བའི་ས་འོ། །ལྔ་ཡི་བདག་ཉིད་བཅོམ་ལྡན་འདས། །རྒྱུ་མ་ཆེན་པོའི་དཀྱིལ་འཁོར་དང་། །དགུ་


CMR021_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བདག་ཉིད་བཅོམ་ལྡན་འདས། །སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལའང་། །འདི་ལས་ཁྱད་པར་གཞན་མེད་དོ། །རྗེ་བཙུན་ཆེན་པོ་ནག་པོ་པས། །དགྱེས་རྡོར་ལྷ་དགུ་འདི་ཉིད་ལ། །མན་ངག་ལུགས་ལས་ཁྱད་པར་དུ། །རྩ་ཐིག་ནང་དུ་ཆེ་ཆུང་བཞི། །དོར་བར་དབུས་ནས་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་བར་རྡོར་ཕྲེང་ཟླུམ་པོ་བསྐོར། །དེ་དག་ནང་དུ་ཆ་ཆུང་བདུན། །དོར་ནས་འདབ་བརྒྱད་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་གེ་སར་ནི། །ཆ་ཆུང་གཅིག་གིས་བསྐོར་བའི་དབུས། །གཙོ་བོའི་གནས་སུ་འདོད་པ་དང་། །རྩ་ཐིག་ནང་ནས་ཆ་ཆུང་བཞི། །དོར་ནས་ཟླུམ་པོའི་ཕྱི་ཐིག་ལ། །རེག་པའི་ལྷ་སྣམ་ངོས་ཐིག་གདབ། །དེ་ཡང་ཟུར་ནས་ཟུར་དུ་སྦྲེལ། །སྣམ་བུ་འདི་ལ་རིན་པོ་ཆེའི། །བུམ་པ་བརྒྱད་པོ་དགོད་པ་སོགས། །ཁྱད་པར་་་་འདི་དགྱེས་རྡོར་རྔོག་ལུགས་ལ་ཡོད་དོ།། ཅུང་ཟད་མཛད་སྣང་ངོ་། །རྡོ་རྗེ་ཧཱུྃ་མཛད་དཀྱིལ་འཁོར་ལ། །དབུས་ནས་ཆ་ཆུང་ཕྱེད་དང་གསུམ། །གེ་སར་དོན་དུ་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རུ་ཆ་ཆུང་ལྔས། །འདབ་བརྒྱུད་དོན་དུ་ཟླུམ་བསྐོར་བྱ། །དེ་ཡི་ཕྱི་རུ་ཆ་ཆུང་ཕྱེད། །སྤངས་པའི་ཕྱོགས་


CMR021_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བརྒྱད་རྣམས་སུ། །འདབ་བརྒྱད་པ་རེ་ཟླུམ་པོར་བསྐོར། །སོ་སོའི་མཐའ་ནས་མཐའ་ཡི་བར། །ཆ་ཆུང་ཕྱེད་དང་བརྒྱད་རེ་མཉམ། །དེ་རྣམས་སོ་སོའི་ལྟེ་བ་དང་། །འདབ་མ་མཉམ་གསུམ་ཁོ་ན་ཡིན། །སླར་ཡང་ཤར་ནུབ་འདབ་མའི་རྒྱབ། །ཤར་དང་ནུབ་ཀྱི་སྒོ་ཁྱུད་དབུས། །ཆ་ཆུང་གསུམ་པའི་འདབ་བརྒྱད་པ། །སྔ་མ་བཞིན་དུ་ཐིག་གདབ་བོ། །འཁོར་ལོ་སྡོམ་པ་རིགས་གསུམ་དང་། །རྡོ་རྗེ་ཕག་མོ་རིགས་གསུམ་གྱི། །དཀྱིལ་འཁོར་ནང་གི་ཐིག་ལ་ནི། །དབུས་ནས་རིམ་བཞིན་རྒྱལ་༡༦པོ་དང་། །ཉི་༡༢ཀླུ་༨ཆུ་༤ མིག ༢་ཆ་ཆུང་དག །དོར་བར་ཟླུམ་པོའི་ཐིག་ལྔ་ནི། །རྩ་ཐིག་ནང་ནས་ནང་དུ་བསྐོར། །ཟླུམ་པོ་ཕྱི་མ་གསུམ་པོའི་ནང་། །སླར་ཡང་ཆ་ཆུང་ཕྱེད་རེ་བསྐོར། །དེ་རྣམས་ནང་ནས་རིམ་པ་བཞིན། །རྡོར་ཕྲེང་པད་ཕྲེང་འཁོར་ལོའི་སའོ། །ནང་ནས་ཟླུམ་པོ་གཉིས་པ་དང་། །ཚངས་ཐིག་འཛོམས་པའི་གཡས་ཕྱོགས་སུ། །ཆ་ཆུང་གཉིས་ནི་དོར་བ་ནས། །ཚངས་དང་རྩ་ཐིག་ཕྲད་ནས་ཀྱང་། །གཡས་སུ་ཆ་ཆུང་གཉིས་ཀྱི་སར། །གྱེན་དུ་ཐིག་གཅིག་དྲང་པོར་གདབ། །དེ་སྟེང་ཟླུམ་བསྐོར་གསུམ་པོའི་བར། །རྩིབས་པའི་དབུས་རྩལ་མཚན་མ་


CMR021_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེ་དག་རིམ་པ་བདུན་བྱུང་ཚེ། །ནང་ནས་ཟླུམ་པོ་གཉིས་པ་ཡི། །ཚངས་ལས་འཕྲེད་དུ་ཆ་གཅིག་པར། །དང་པོའི་མཐའ་ཞེས་ཐ་སྙད་བྱ། །དེ་བཞིན་རྩ་ཐིག་ཚངས་གཡས་སུའང་། །བདུན་པའི་མཐའ་ཞེས་མིང་དུ་བཏགས། །དེ་བཞིན་བར་མ་དེ་རྣམས་ཀྱི། །ཆ་ཆུང་གཅིག་དང་གཉིས་པའི་སར། །མཐའ་དང་རྩེ་མོར་ངོས་བཟུང་ལ། །དང་པོའི་མཐའ་ནས་བདུན་པའི་མཐར། །གཉིས་གསུམ་བཞི་ལྔ་དྲུག་བདུན་ཞེས། །རིམ་པ་མ་འཁྲུགས་འདི་ལྟ་སྟེ། །དང་པོའི་མཐའ་ནས་གཉིས་རྩེར་སོང་། །དེ་ཡང་གསུམ་པའི་མཐར་ཞུགས་ཏེ། །བཞི་པའི་རྩེར་སོན་ལྔ་མཐར་ཞུགས། །དྲུག་པའི་རྩེར་སོན་བདུན་མཐར་ཞུགས། །དེ་ཡིས་ཐིག་ཅིག་ཀྱོག་མཚམས་ལྔར། །འབྱུང་ཞིང་དེ་ནང་ཆ་ཆུང་ཕྱེད། །དོར་བའི་ཀྱོག་ཐིག་ཉིས་རིམ་གདབ། །ཀྱོག་པོ་འདི་ཉིད་ཇི་ལྟ་བ། །ཚངས་ཐིག་གཡོན་དུའང་གདབ་བྱ་ཞིང་། །དེ་བཞིན་ཟུར་ཐིག་གཡོན་པ་དང་། །ཟུར་ལོགས་གཅིག་ཤོས་རྣམས་ལ་ཡང་། །སྔ་མ་བཞིན་དུ་གདབ་པར་བྱ། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །སངས་རྒྱས་ཐོད་པའི་དཀྱིལ་འཁོར་ཡང་། །འདི་ཉིད་ཁོ་ན་བྱ་བ་ཡིན། །རྣལ་འབྱོར་


CMR021_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆུང་ནི། །ཕྱེད་དང་བཅས་པའི་གསུམ་དོར་བ། །དབུས་ནས་ཟླུམ་པོར་བསྐོར་བར་བྱ། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་ནས་ཟླུམ་པོར་བསྐོར་བ་ནི། །རྡོ་རྗེ་ཕྲེང་བའི་ས་ཡིན་ནོ། །དེ་ཡི་ནང་དུ་ཆ་ཆུང་ནི། །སླར་ཡང་ཕྱེད་བཅས་གསུམ་བསྐོར་ལ། །ཚངས་པའི་དབུས་ནས་ཆ་ཆུང་གཉིས། །སྤངས་པར་ཟླུམ་པོ་ནང་མ་ལ། །རེག་པའི་ངོས་ཐིག་ཕྱོགས་བཞིར་གདབ། །དེ་ཡི་ཕྱི་རུ་ཆ་ཆུང་རེ། །དོར་ནས་ཟླུམ་པོ་ལ་རེག་པའི། །ཐིག་བརྒྱད་མིག་མང་རིས་བྱས་པ། །དཔལ་ལྡན་འདུས་པ་ཇི་བཞིན་ནོ། །བཅུ་གསུམ་ལྷ་ཡི་བདག་ཉིད་ཅན། །བཅོམ་ལྡན་གཤིན་རྗེ་དམར་ནག་གཉིས། །འདྲ་བས་དཀྱིལ་འཁོར་ནང་གི་ཐིག །ཕྱོགས་གཅིག་ཏུ་ནི་བརྗོད་པ་ལ། །དབུས་ནས་ཆ་ཆུང་བརྒྱད་དོར་བ། །ངོས་སུ་ཐིག་གཅིག་བཏབ་པ་དེ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ཡི། །ཕྱི་ཐིག་ཡིན་ལ་སྣེ་མོ་གཉིས། །ཟུར་ནས་ཟུར་དུ་འབྲེལ་བའོ། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་ནས་རྡོར་ཕྲེང་ཐིག་གཅིག་གོ །སླར་ཡང་དེ་ཡི་ནང་ནས་ནང་། །ཆ་ཆུང་བཞི་དང་གཅིག་པར་དོར། །།ཐིག་གཉིས་ཟུར་ལ་རེག་པར་བཏབ། །གཙོ་


CMR021_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྷ་ཡི་གནས་ཡིན་ལ། །ཚངས་དང་ལྟེ་བར་འཛོམས་པ་ནས། །སྣ་ཚོགས་རྡོ་རྗེའི་དབུས་རྭའི་དཔངས། །ཆ་ཆུང་བརྒྱད་ཡིན་དེ་ཉིད་ཀྱི། །རྩེ་མོའི་རྒྱ་ལ་གཡས་གཡོན་དུ། །ཆ་ཆུང་རེ་དང་རྩ་བར་ནི། །གཡས་གཡོན་ཆ་ཆུང་གཉིས་གཉིས་སོ། །ཚངས་དང་ལྟེ་བ་འཛོམས་པ་ནས། །དབུས་རྭའི་རྒྱུད་དུ་ཆ་ཆུང་གསུམ། །གྱེན་ལ་ཕྱིན་པའི་ས་དེ་ནས། །རྩེ་མོར་ཆ་ཆུང་གཅིག་དོར་ལ། །བར་གྱི་ཆ་ཆུང་བཞི་པོ་དེས། །གཡས་གཡོན་ནང་རྭ་གཉིས་པོ་བསྐོར། །དེ་ནས་ཆ་ཆུང་ཕྱེད་གཉིས་རེ། །དབུས་རྭའི་འགྲམ་ཐིག་གཡས་གཡོན་ནས། །སྔ་མའི་ཚད་དེས་ཕྱི་རྭ་བསྐོར། །རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ། །དབུས་ནས་ཆ་ཆུང་གསུམ་དོར་བར། །ལྟེ་བའི་དོན་དུ་ཟླུམ་བསྐོར་བྱ། །དེ་ཡི་ཕྱི་རུ་ཆ་ཆུང་དྲུག །དོར་བར་འདབ་བརྒྱད་ཟླུམ་པོར་བསྐོར། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །།འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ། །བཅོམ་ལྡན་འཇམ་རྡོར་ཇི་བཞིན་པའི། །ཐིག་རྣམས་བཏབ་པས་གྲུབ་པ་ཡིན། །བཅུ་གསུམ་བདག་ཉིད་སྲུང་བ་ལྔའི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །ཚངས་ཐིག་དབུས་ནས་ཆ་ཆུང་གི །སུམ་ཆ་དང་བཅས་ཆ་གཅིག་


CMR021_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །ཟླུམ་བསྐོར་པདྨའི་ལྟེ་བ་ཡིན། །དེ་ཡི་ཕྱི་རུ་ཆ་ཆུང་བཞིས། །ཟླུམ་པོ་བསྐོར་བ་འདབ་མ་འོ། །དེ་ཡི་ཕྱི་ཡི་ཕྱོགས་བཞི་རུ། །ཆ་ཆུང་རེ་རེ་དོར་བྱས་ནས། །དབུས་ཀྱི་པདྨ་ཇི་བཞིན་བྱ། །ལྔ་བཅུ་རྩ་གསུམ་བདག་ཉིད་ཅན། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆེ་ཆུང་བརྒྱད། །དོར་བར་ངོས་སུ་ཐིག་བཏབ་པ། །ཟུར་ནས་ཟུར་དུ་འབྲེལ་བ་དེ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ཡིན། །རྩ་ཐིག་དེ་ཡི་ཕྱི་དག་ཏུ། །རྟ་བབས་མེད་པའི་ཐིག་དྲུག་དང་། །སྒོ་སོགས་ཕྱི་འགྲོ་ལྟ་བུར་བཏབ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ལ། །རེག་པར་དབུས་ནས་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་བར་རྡོར་ཕྲེང་ཟླུམ་པོར་བསྐོར། །དབུས་ནས་ཆ་ཆུང་གཉིས་དོར་བར། །ཟླུམ་པོ་ནང་མ་ལ་རེག་པའི། །ངོས་སུ་ཐིག་རེ་ཕྱོགས་བཞིར་བཏབ། །དེ་ཡི་ཕྱི་རུ་ཆ་ཆུང་རེ། །དོར་ནས་ངོས་ཐིག་གོང་བཞིན་བཏབ། །དཀྱིལ་འཁོར་ཕྱི་མའི་རྩ་ཐིག་ནང་། །སྒོ་ཚད་གང་གི་ས་ཡོད་སར། །བསྐལ་བཟང་སངས་རྒྱས་སྟོང་བཞུགས་སོ། །ཁ་ཅིག་དཀྱིལ་འཁོར་འདི་ཡི་དབུས། །རེའུ་མིག་དགུ་ལིང་ཡོད་པ་ཡི། །ཕྱོགས་བཞི་དབུས་ལྔར་རང་རང་གི །


CMR021_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོན་མཚུངས་ཟླུམ་པོར་བསྐོར་བ་ཡིས། །ཟླ་བའི་དཀྱིལ་འཁོར་བྱེད་ཟེར་མོད། །སློབ་དཔོན་ཆེན་པོ་ཨ་བྷ་ཡས། །དེ་འདྲ་འཐད་པ་མ་ཡིན་ཞེས། །ཕྲེང་བར་དངོས་སུ་ཞལ་གསལ་མཛད། །བཞི་བཅུ་རྩ་གསུམ་བདག་ཉིད་ཅན། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ། །དབུས་ནས་ཟུར་ཐིག་བཞི་པོ་ནི། །ཆ་ཆེན་དྲུག་དྲུག་དག་ཏུ་བགོ །དབུས་ནས་ཆ་ཆེན་དང་པོའི་སྟེང་། །ཟུར་གཉིས་བར་དུ་ངོས་ཐིག་བཏབ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ཡིན། །གཉིས་པར་ངོས་སུ་ཐིག་བཏབ་པ། །དཀྱིལ་འཁོར་བར་མའི་རྩ་ཐིག་ཡིན། །བཞི་པར་ངོས་སུ་ཐིག་བཏབ་པ། །དཀྱིལ་འཁོར་ཕྱི་མའི་རྩ་ཐིག་གོ །དཀྱིལ་འཁོར་ནང་མའི་ཆ་ཆུང་བཞི། །བར་མའི་ཆ་ཆུང་གཉིས་ཡིན་ཞིང་། །བར་མའི་ཆ་ཆུང་གཉིས་པོ་དེ། །ཕྱི་མའི་ཆ་ཆུང་གཅིག་ཀྱང་ཡིན། །དེས་ན་ནང་ནས་རིམ་པ་ལྟར། །ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་བའི། །ཆ་ཆེན་ཆ་ཆུང་ངེས་བྱས་ནས། །རང་རང་རྩ་བའི་ཐིག་ལས་ཕྱིར། །མདའ་ཡབ་བར་གྱི་ཐིག་དྲུག་དང་། །སྒོ་སོགས་ཕྱི་འགྲོ་ལྟ་བུར་བཏབ། །དཀྱིལ་འཁོར་ནང་མ་གཉིས་པོ་ལ། །རྟ་བབས་མེད་ཅིང་ཕྱི་མ་ལ། །རྟ་བབས་སྤྱི་བཞིན་


CMR021_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཏབ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ལ། །རེག་པའི་དབུས་ནས་ཟླུམ་པོར་བསྐོར། །དེ་ནང་ཆ་ཆུང་གཅིག་དོར་བར། །སླར་ཡང་རྡོར་ཕྲེང་ཟླུམ་པོར་བསྐོར། །དབུས་ནས་ཆ་ཆུང་གཉིས་དོར་བར། །ཟླུམ་པོ་ནང་མ་ལ་རེག་པར། །རེའུ་མིག་དགུ་ལིང་བྱེད་པ་སོགས། །རྡོར་དབྱིངས་དང་ནི་ཁྱད་པར་མེད། །ཆོས་དབྱིངས་ངག་གི་དབང་ཕྱུག་ལ། །དཀྱིལ་འཁོར་བཞི་སྦྲག་ཡོད་པ་ལས། །ནང་མ་གསུམ་པོ་རེ་རེ་བཞིན། །སོ་སོར་གྲུ་བཞི་སྒོ་བཞི་པ། །རྟ་བབས་མེད་པའི་མདའ་ཡབ་བར། །ཕྱི་འགྲོ་ཁོ་ན་ཤེས་བྱས་ནས། །བཞི་པ་ཕྱི་ཡི་དཀྱིལ་འཁོར་ནི། །ཀུན་ནས་ཟླུམ་པོ་བཟང་པོ་སྟེ། །ཞེས་པས་ནང་ནས་དྲང་པ་ཡི། །དཀྱིལ་འཁོར་གསུམ་པའི་མདའ་ཡབ་ཀྱི། །ཟུར་ཐིག་རྩེ་ནས་བཞི་པ་དེའི། །རྩ་བའི་ཐིག་ནི་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རུ་ཟླུམ་པོ་ནི། ཐིག་དྲུག་སྐོར་བ་རྩིག་པ་དང་། །འདོད་སྣམ་ཕ་གུ་དྲྭ་ཕྱེད་དང་། །ཤར་བུ་མདའ་ཡབ་རྣམས་ཡིན་ལ། །དེ་ཡང་ནང་མ་ནང་མ་ལས། །ཕྱི་མ་ཕྱི་མའི་དཀྱིལ་འཁོར་རྣམས། །སྒོ་ཚད་ཆ་རིན་ཆེ་ཆུང་ཀུན། །ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་བ། །སྔར་བཞིན་ལེགས་པར་ཤེས་བྱས་ལ། །


CMR021_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནང་མའི་རྩ་ཐིག་ནང་། །གདུང་ཟླུམ་རེའུ་མིག་དགུ་ལིང་སོགས། །རྡོ་རྗེ་དབྱིངས་ཀྱི་ནང་ཐིག་ལས། །ཁྱད་པར་མེད་པར་མཁྱེན་པར་མཛོད། །ངན་ལྷོ་སོང་ཐམས་ཅད་ཡོངས་སྦྱོང་བ། །གཙུག་དགུའི་དཀྱིལ་འཁོར་ནང་ཐིག་ནི། །དབུས་ནས་ཆ་ཆུང་གཉིས་དང་ནི། །གཅིག་དང་བཞི་དང་གཅིག་དང་གཅིག །དོར་བར་ཟླུམ་ཐིག་ལྔ་བསྐོར་བའི། །དང་པོ་འཁོར་ལོའི་ལྟེ་བ་ཡིན། །གཉིས་པ་རྩིབས་རྟེན་གསུམ་པ་ལ། །ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་སེར། །བཞི་པ་རྡོ་རྗེའི་གདུང་ཟླུམ་དང་། །ལྔ་པ་ལ་ནི་འོད་ཕྲེང་ངོ་། །འོད་ཕྲེང་ཕྱི་རུ་ཆ་ཆུང་གསུམ། །དོར་ནས་ཕྱོགས་བཞིར་ངོས་ཐིག་རེ། །ཟུར་ནས་ཟུར་དུ་འབྲེལ་བར་བཏབ། །དེ་དག་ལྷ་ཡི་སྣམ་བུ་ཡིན། །བཅོམ་ལྡན་འབྱུང་པོ་འདུལ་བྱེད་ཀྱི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །རྩ་ཐིག་ནང་དུ་ཆེ་ཆུང་བཞི། །དོར་བར་ངོས་ཐིག་ཕྱོགས་བཞིར་གདབ། །དེ་ཡི་ནང་དུ་སླར་ཡང་ནི། །ཆ་ཆུང་བཞི་དོར་ངོས་སུ་ཐིག །ཕྱོགས་བཞིར་སྔ་མ་བཞིན་དུ་གདབ། །དེ་ཡི་ནང་དུ་ཆ་ཆུང་བཞི། །དོར་བར་ངོས་ཐིག་ནང་མ་ལ། །རེག་པའི་རེའུ་མིག་དགུ་ལིང་ནི། །འཇམ་པའི་རྡོ་རྗེ་ཇི་བཞིན་


CMR021_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་ལ། །ཕྱི་ཡི་དཀྱིལ་འཁོར་ཆེན་པོའི་ནང་། །ཕྱོགས་བཞི་དབུས་ལྔར་དཀྱིལ་འཁོར་རེ། །སོ་སོར་གྲུ་བཞི་སྒོ་བཞི་ལས། །དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །ཚངས་ཐིག་དབུས་ནས་ཕྱོགས་བཞི་རུ། །དཀྱིལ་འཁོར་ཆེན་པོའི་ཆ་ཆུང་ནི། །ཕྱེད་བཅས་བཞི་རེ་དོར་བའི་སྟེང་། །ཟུར་བཞིར་འབྲེལ་པའི་ངོས་ཐིག་བཏབ་། །དཀྱིལ་འཁོར་དབུས་མའི་མདའ་ཐིག་ཡིན། །དེ་ཡི་ནང་ནས་ལྟེ་བའི་བར། །ཆ་མཉམ་གསུམ་བྱས་ཕྱི་མ་ལ། །ཐིག་དྲུག་སྒོ་སོགས་དང་བཅས་པ། །རྡོར་དབྱིངས་དཀྱིལ་འཁོར་ནང་མ་བཞིན། །འདི་ཡི་མདའ་ཡབ་ཕྱི་རོལ་དུ། །ཆ་ཆུང་རེ་རེ་དོར་བའི་སར། །དཀྱིལ་འཁོར་དབུས་མ་དང་མཚུངས་པའི། །ཕྱོགས་བཞིར་དཀྱིལ་འཁོར་བཞི་ཡིན་ནོ། །ཕྱི་དཀྱིལ་ཆེན་པོའི་རྩ་ཐིག་དང་། །ཕྱོགས་བཞིའི་དཀྱིལ་འཁོར་བཞི་པོ་ཡི། །མདའ་ཡབ་བར་གྱི་ཚོན་པ་ལ། །ཆ་ཆུང་ཕྱེད་གཉིས་ཁོ་ན་རེའོ། །དཀྱིལ་འཁོར་ལྔ་པོའི་ནང་གི་ཐིག །ཐུན་མོང་ཐུན་མོང་མ་ཡིན་པས། །དང་པོ་ཐུན་མོང་བཤད་པ་ནི། །རང་རང་རྩ་བའི་ཐིག་གི་ནང་། །རང་རང་ཆ་ཆུང་རེ་དོར་བར། །ངོས་ཐིག་བཞི་ནི་ཟུར་བཞིར་


CMR021_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ། །སླར་ཡང་དེ་ནང་ཆ་ཆུང་རེ། །དོར་བར་སྔར་བཞིན་ངོས་ཐིག་བཏབ། །ངོས་ཐིག་གཉིས་པོའི་བར་རྣམས་སུ། །དབུས་མར་རྡོ་རྗེའི་ཕྲེང་བ་དང་། །ཤར་མར་འཁོར་ལོ་ལྷོ་མར་ནི། །རིན་པོ་ཆེ་དང་ནུབ་མ་ལ། །པདྨ་བྱང་མར་རལ་གྲི་ཡི། །ཕྲེང་བས་བསྐོར་བ་རིམ་བཞིན་བྲི། །ཐུན་མོང་མ་ཡིན་པ་ལས་ནི། །དཀྱིལ་འཁོར་དབུས་མའི་དབུས་སུ་ནི། །ཟླུམ་པོ་ཀུན་ནས་ཟླུམ་པོ་བྲི། །དཀྱིལ་འཁོར་ཤར་མའི་དབུས་སུ་ནི། །ཟླ་གམ་ཁ་ནི་ཤར་བལྟ་བྲི། །དཀྱིལ་འཁོར་ལྷོ་མའི་དབུས་སུ་ཡང་། །རིན་ཆེན་ཤཱི་ཆ་བརྒྱད་རྣམ་པ་བྲི། །ནུབ་མའི་དབུས་སུ་གྲུ་བཞི་པ། །ཟུར་བཞི་སྒོ་བཞིར་བསྟན་པ་བྲི། །བྱང་མར་གྲུ་གསུམ་ཟུར་གཅིག་ནི། །རང་གི་ཤར་ལ་བསྟན་པའོ། །འཁོར་ལོས་སྒྱུར་བ་དྲུག་གི་ནི། །དཀྱིལ་འཁོར་ནང་གི་ཐིག་བཤད་པ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཕྱི་ཡི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་ནས་ཆ་ཆུང་དྲུག་དང་ནི། །བརྒྱད་བླུདོར་དེ་སྟེང་ཟླུམ་སྐོར་གཉིས། །བྱས་ལ་ཤར་གྱི་ཚངས་ཐིག་ནས། །བརྩམས་ཏེ་ཟླུམ་པོར་ཕྱི་ནང་གཉིས། །ཆ་མཉམ་ལྔ་རུ་ལེགས་པར་བགོ །དེ་སྟེང་རང་རང་ཚངས་ཐིག་བཏབ། །


CMR021_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དཀྱིལ་འཁོར་ཆེན་པོ་ཡི། །ཆ་ཆུང་བརྒྱད་རེའི་ཚད་ལྡན་པའི། །དཀྱིལ་འཁོར་དབུས་མ་དང་བཅས་དྲུག །རྩ་བ་ནས་ནི་མདའ་ཡབ་བར། །གྲུ་བཞི་སྒོ་བཞིའི་ཐིག་རྣམས་ཀུན། །མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་བཞིན། །མཁས་པས་ལེགས་པར་ཐིག་གདབ་བོ། །ངན་སོང་སྦྱོང་མཛད་ཀུན་རིག་གི །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །རྩ་ཐིག་ནང་དུ་ཆ་ཆེན་གཅིག །དུམ་བུ་གཉིས་སུ་བྱས་པ་ལ། །ལྷ་སྣམ་རིམ་པ་གཉིས་ཡིན་ནོ། །དེ་ཡི་ནང་དུ་ཆ་ཆེན་གཅིག །སླར་ཡང་དུམ་བུ་གཉིས་བྱས་པའི། །ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་ཕྱི་མ་སོགས། །ཐིག་དྲུག་སྒོ་སོགས་རྟ་བབས་རྣམས། །ཕྱི་འགྲོ་གང་རིགས་ཤེས་བྱས་ནས། །འདི་ལ་སྣ་ཚོགས་རྡོ་རྗེ་ཡི། །ར་ནི་དགོས་པར་མ་གསུངས་སོ། །དབུས་ནས་དཀྱིལ་འཁོར་ནང་མ་ཡི། །རྩ་ཐིག་ལ་རེག་ཟླུམ་པོར་བསྐོར། །སླར་ཡང་དེ་ཡི་ནང་ཉིད་དུ། །དཀྱིལ་འཁོར་ནང་མའི་དབུས་ཉིད་ནས། །ནང་མ་རང་གི་ཆ་ཆུང་ནི། །བཅུ་འདས་ཟླུམ་པོར་བསྐོར་བ་ལ། །ཆོས་འཁོར་རྩིབས་ནི་བཅུ་དྲུག་བྱ། །དེ་ཡི་ནང་དུ་ཆ་ཆུང་གཅིག །ཟླུམ་པོར་བསྐོར་བ་རྩིབས་རྟེན་ཡིན། །དེ་ཡི་ནང་


CMR021_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལེའུ་ཚེ་དགུ། །གོང་དུ་བཤད་བཞིན་བྱ་བ་དང་། །ཕྱི་རོལ་དུ་ནི་པད་རྭ་བྱ། །དུར་ཁྲོད་མེད་དེ་དེ་ཚབ་ཏུ། །འཇིག་རྟེན་ཁོར་ཡུག་དག་དང་ནི། །འོད་ཀྱི་ཕྲེང་བས་མཛེས་བྱས་སོ། །རྣམ་སྣང་མངོན་པར་བྱང་ཆུབ་དང་། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་གཉིས། །དཀྱིལ་འཁོར་སྒོ་ནི་སུམ་སྦྲག་སྟེ། །དེ་ཡང་ནང་མ་ནང་མ་ལས། །ཕྱི་མ་ཕྱི་ཚིམ་ཉིས་འགྱུར་སོགས། །སྔ་མ་རྣམས་དང་ཁྱད་མེད་ཅིང་། །དཀྱིལ་འཁོར་ནང་མ་གཉིས་པོ་ལ། །རྟ་བབས་མེད་པས་མདའ་ཡབ་བར། །ཀུན་རིག་ཇི་བཞིན་བྱ་བ་དང་། །དཀྱིལ་འཁོར་ནང་མའི་རྩ་ཐིག་ནང་། །རྡོ་རྗེའི་གདུང་ཟླུམ་རེའུ་མིག །དགུ་ལིང་དག་གི་ཐིག་གདབ་ཚུལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། །གསུངས་པ་བཞིན་དུ་བྱ་བ་ཡིན། །འཇམ་དཔལ་རིགས་བསྡུས་ཐིག་ལ་ནི། །དཀྱིལ་འཁོར་གཉིས་ལས་ཕྱི་མ་ཡི། །རྩ་ཐིག་ནང་དུ་ཆུ་ཆེན་གཉིས། །སྤངས་པར་ཟུར་ཐིག་ལ་འབྲེལ་བའི། །ངོས་ཐིག་ཕྱོགས་བཞིར་བཏབ་པ་ནི། །དཀྱིལ་འཁོར་ནང་མའི་རྩ་ཐིག་ཡིན། །རྩ་ཐིག་འདི་ལ་རེག་པ་ཡིས། །དབུས་ནས་ཟླུམ་པོར་བསྐོར་བར་བྱ། །དེ་ཡི་ནང་ནས་ནང་ཉིད་དུ་། །རིམ་བཞིན་ཆ་ཆུང་


CMR021_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་གཅིག །བཞི་དང་གཅིག་དང་གཅིག་དང་བཞི། །གཅིག་དང་གཅིག་གོ་ཟླུམ་སྐོར་བརྒྱད། །ཆ་ཆུང་བཞི་པའི་ས་དེ་གཉིས། །འཁོར་ལོ་ཕྱི་ནང་གཉིས་ཀྱི་ས། ཆ་ཆུང་རེ་རེའི་བར་དེ་རྣམས། །ནང་ནས་རྩིབས་རྟེན་མུ་ཁྱུད་དང་། །རྡོ་རྗེ་ཕྲེང་བའི་ས་ཡིན་ནོ། །ཆོས་འཁོར་ནང་མ་རྩིབས་བརྒྱད་དང་། །ཕྱི་མར་ཆོས་འཁོར་རྩིབས་བཅུ་དྲུག །དཀྱིལ་འཁོར་ཕྱི་མའི་རྩ་ཐིག་ནང་། །སྒོ་ཚད་གང་དོར་ངོས་ཐིག་བཞི། །ཟུར་ནས་ཟུར་དུ་འབྲེལ་བའོ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ཕྱིར། །ཐིག་དྲུག་སྒོ་སོགས་ཕྱི་འགྲོ་ལས། །རྟ་བབས་མེད་པར་བྱ་བ་ཡིན། །བཅུ་གསུམ་ལྷ་ཡི་བདག་ཉིད་ཅན། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །དབུས་ནས་ཆ་ཆུང་བཅོ་ལྔ་ཡི། །ཟླུམ་པོའི་ཐིག་གཅིག་བསྐོར་བར་བྱ། །དེ་ཡི་ནང་དུ་ཆ་ཆུང་གཅིག །སླར་ཡང་ཟླུམ་པོར་བསྐོར་བ་དང་། །དེ་ནང་དབུས་ནས་ཆ་ཆུང་ནི། །གཅིག་གི་སུམ་ཆ་ལྷག་པ་ཡི། །སྒོ་ཚད་གང་ནི་དོར་བའི་སྟེང་། །ཟུར་བཞིར་འབྲེལ་བའི་ངོས་ཐིག་བཞི། །ཕྱོགས་བཞིར་བཏབ་ལ་དེ་རྣམས་ཕྱིར། །ཆ་ཆུང་རེ་དོར་དེ་འདྲ་བ། །སླར་ཡང་བཏབ་པས་རེའུ་མིག །དགུ་


CMR021_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་དུ་ནི་འཆར་བ་ཡིན། །ལྷ་དགུའི་བདག་ཉིད་ཚེ་དཔག་མེད། །བཅོམ་ལྡན་མགོན་པོ་མི་འཁྲུགས་པ། །བདེ་མཆོག་མེ་ཏྲི་བཅུ་གསུམ་དང་། །འཁོར་ལོ་སྡོམ་པ་ཀྱི་ལྷ་ལྔ་རྣམས། །སོ་སོའི་དཀྱིལ་འཁོར་ནང་གི་ཐིག །དགྱེས་རྡོར་ལྷ་དགུ་ཇི་བཞིན་བྱ། །དྲུག་ཅུ་རྩ་གཉིས་ལྷ་ཡི་ཚོགས། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ། །སློབ་དཔོན་དུ་ཝི་རི་ཀ་པ་ཡིས། །སྒོ་ཚད་རེ་ལ་ཆ་ཆུང་ལྔར། །ཕྱེ་ནས་ཐིག་རྣམས་འདི་ལྟ་སྟེ། །རྩ་ཐིག་ནང་དུ་ཆ་ཆུང་གཅིག །དོར་བོར་དབུས་ནས་ཟླུམ་པོར་བསྐོར། །དེ་ཡི་ནང་ནས་རང་ཉིད་དུ། །དབུས་ནས་ཆ་ཆུང་བཅོ་ལྔ་དང་། །བཅུ་གཅིག་དང་ནི་བདུན་དང་ནི། །གསུམ་རྣམས་ཀྱིས་ནི་ཟླུམ་པོར་བསྐོར། །དེ་ལྟར་ཟླུམ་སྐོར་ལྔ་པོ་ཡི། །སོ་སོའི་ནང་དུ་ཆ་ཆུང་རེ། །སླར་ཡང་སྐོར་བ་ལྟེ་བ་ཡི། །གེ་སར་རྡོར་ཕྲེང་ལ་སོགས་ཡིན། །འཁོར་ལོའི་རྩིབས་དང་འདབ་མ་ཡི། །རྒྱ་དཔངས་ཆ་ཆུང་བཞི་རེ་འདོད། །རྩ་ཐིག་ནང་གི་ཆ་ཆུང་དེ། །ཚོན་གྱིས་ས་རུ་བྱ་བར་སྣང་། །ཡང་ནི་སློབ་དཔོན་ནག་པོ་པས། །དབུས་ནས་ཆ་ཆུང་བཅུ་བཞི་དང་། །བཅུ་གཅིག་དང་ནི་བརྒྱད་དང་ནི། །ལྔ་དང་གཉིས་རྣམས་དོར་བའི་སར། །ཟླུམ་


CMR021_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལྔ་བྱ་ནང་མ་བཞིའི། །ནང་དུ་ཆ་ཆུང་ཕྱེད་རེས་བསྐོར། །རྩ་ཐིག་ནང་གི་ཆ་ཆུང་གཉིས། །ཚོན་པ་དག་ཏུ་བྱ་བ་ཡིན། །ཡང་ནི་ལྟེ་བ་ཆ་ཆུང་གཉིས། །དེ་ཡི་ཕྱི་ནས་ཕྱི་རིམ་དུ། །ཆ་ཆུང་གསུམ་ཕྱེད་གསུམ་ཕྱེད་དང་། །གསུམ་ཕྱེད་གསུམ་ཕྱེད་དོར་བའི་སར། །ཟླུམ་པོའི་ཐིག་གི་བརྒྱད་བསྐོར་བ། །པཎ་ཆེན་ལྭ་བ་པ་ཡི་ལུགས། །འཁོར་ལོ་ཆེན་པོ་ལྷ་དགུའི་ཐིག །ཛ་ཝ་རི་པས་འདི་ལྟར་མཛད། །ལྟེ་བར་ཆ་ཆུང་གཉིས་བསྐོར་ལ། །དེ་ཡི་ཕྱི་ནས་ཕྱི་རིམ་དུ། །ཆ་ཆུང་གསུམ་དང་གཅིག་དང་ནི། །བཞི་དང་གཅིག་དང་གཅིག་གཅིག་གིས། །ཟླུམ་སྐོར་དྲུག་བྱ་དེ་རྣམས་ནི། །ལྟེ་བར་འདབ་མ་རྩིབས་རྟེན་དང་། །འཁོར་ལོའི་རྩིབས་པ་མུ་ཁྱུད་དང་། །ཐོད་པའི་རྭ་བའི་ས་ཡིན་ནོ། །འཁོར་ལོའི་རྩིབས་བཞི་བདེ་མཆོག་གི །རིགས་པས་བློ་དང་ལྡན་པས་བྱ། ། །ཡང་ནི་གསང་སྔགས་རྙིང་མ་ཡི། །ལས་རིམ་ཀུན་གྱི་གཙོ་བོ་མཆོག །ཡ་མ་རཱ་ཛཱ་སྐུ་ཁྲོས་པའི། །རྩ་བའི་རྒྱུད་ལས་གང་གསུངས་པ། །གཞན་གྱི་ལས་དང་ཆོས་དང་ནི། །དམ་ཚིག་ཡེ་ཤེས་ཕྱག་རྒྱ་བཞི། །གང་དེས་ཟིལ་གྱིས་གནོན་པ་ལས། །ཕྱག་རྒྱ་ཟིལ་གནོན་ཞེས་བྱ་བ། །འཇམ་དཔལ་


CMR021_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཚེ་བདག་གི །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །རྩ་ཐིག་ནང་དུ་ཆ་ཆེན་གཅིག །དོར་བར་ངོས་ཐིག་ཕྱོགས་བཞིར་གདབ། །དེ་ཡི་ནང་ནས་ནང་ཉིད་དུ་།ཆ་ཆུང་གཉིས་དང་གཉིས་དང་གཉིས། །དོར་བར་ཟླུམ་སྐོར་སུམ་རིམ་བྱ། །དེ་ཡི་ནང་དུ་ཆ་ཆུང་གསུམ། །དོར་ནས་ཟླུམ་པོ་ནང་མ་ལ། །རེག་པའི་ངོས་ཐིག་ཕྱོགས་བཞིར་་༡ གདབ་། །དེ་རྣམས་ནང་དུ་ཆེ་ཆུང་རེ། །དོར་བར་ངོས་ཐིག་སྔ་མ་བཞིན། །བཏབ་པའི་རེའུ་མིག་དགུ་ལིང་གི །དབུས་མའི་ནང་དུ་དེ་ཉིད་དང་། །ཁྱོན་མཚུངས་ཟླུམ་པོར་བསྐོར་བ་ལ། །གྲུ་གསུམ་མཐིང་ནག་འབར་བ་ནི། །རྩེ་གཅིག་ཤར་སྒོར་བསྟན་པ་བྲི། །དེ་ནི་དཀྱིལ་འཁོར་གཙོ་བོའི་གནས། །ཆོས་འབྱུང་འགྲམ་གྱི་ཟླ་གམ་གསུམ། །སྲས་མཆོག་སྤྲུལ་པ་རྣམ་གསུམ་པ། །ཕྱོགས་ཀྱི་རེ་མིག་བཞི་པོ་ལ། །ཐོད་མཁར་འབར་བར་བདུད་པོ་བཞི། །གྲུ་བཞིར་བྱེ་བ་ས་ཏ་བཞི། །དེ་ཡི་ཕྱི་རོལ་ཟླུམ་སྐོར་གསུམ། །ནང་མར་ལྕགས་ཟླུམཁར་བརྒྱད་པོ་ལ། །སྲོག་བདག་གཤིན་རྗེ་བརྒྱད་པོ་དང་། །བར་མར་ལྕགས་མཁར་བཅུ་གཉིས་ལ། །འཆི་བདག་བདུད་པོ་བཅུ་གཉིས་གནས། །ཕྱི་མར་ལྕགས་མཁར་བཅུ་དྲུག་


CMR021_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ལས་ཀྱི་ཤན་པ་བཅུ་དྲུག་གོ །སྒོ་བཞིར་སེང་གདོང་ལ་སོགས་པ། །མོན་པ་སྒོ་བ་བཞི་པོ་འཁོད། །རྩ་ཐིག་ཕྱི་རུ་ཐོག་དྲུག་དང་། །སྒོ་སོགས་དབྱེ་ཚུལ་སྤྱི་འགྲོར་བྱ། །རྒྱུད་ཀྱི་དགོངས་པ་གཞིར་བྱས་ན། །འདི་ལ་རྟ་བབས་སྒོ་ཚད་གང་། །སྣམ་བུ་བཞི་རུ་བྱ་བ་དང་། །མདའ་ཡབ་ཟུར་ཐིག་རྩེ་མོ་ནས། །དམ་ཅན་ཁོར་ཡུག་སྒོ་ཚད་གང་། །ཁྱམས་ལ་ཁྲག་མཚོ་འཁྲུགས་པ་སོགས། །དགོས་པར་སྣང་ནའང་ད་རེས་འདིར། །ལག་ལེན་དཀྱུས་མ་ཡོངས་གྲགས་དང་། །བསྟུན་ཏེ་དེ་ཙམ་བྱས་པ་ཡིན། །འདི་ནི་སྒྲུབ་པ་ཕྱི་དཀྱིལ་ལས། །བསྙེན་པ་ནང་གི་དཀྱིལ་འཁོར་ནི། །རིན་ཆེན་ཕྱག་རྒྱ་གསལ་སྒྲོན་དུ། །ཇི་ལྟར་གསུངས་བཞིན་ཉམས་སུ་བླང་། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །དབུས་ནས་རྩ་ཐིག་ལ་རེག་པའི། །ཟླུམ་པོའི་ཐིག་ནི་ལེགས་པར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་བར་རྡོར་གདུང་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་ལྔ། །དོར་ནས་ཕྱི་མར་འཕྱིད་བྱེད་པའི། །ཟླུམ་པོའི་ཐིག་གིས་བསྐོར་བར་བྱ། །འདི་ལ་ཆ་ཆུང་ཕྱེད་བཅས་ལྔས། །ཤར་གྱི་ཚངས་ཐིག་ནས་བརྩམས་ཏེ། །ཆ་མཉམ་བཅུ་རུ་


CMR021_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བགོ །དེ་རྣམས་སྟེང་ནས་ཆ་ཆུང་ལྔའི། །སྲད་བུས་ལུགས་འབྱུང་ལུགས་ལྡོག་ཏུ། །ཟླུམ་པོ་བར་མ་ལ་རེག་པས། །བསྐོར་བ་ཁྲོ་བོའི་རྩིབས་བཅུ་ཡིན། །དེ་ཡི་ནང་དུ་ཆ་ཆུང་གཉིས། །དོར་བར་རྩིབས་རྟེན་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་ནས་མུ་ཁྱུད་ཟླུམ་པོར་བསྐོར། །དེ་ནས་ནུབ་ཀྱི་ཚངས་ཐིག་དང་། །ཟླུམ་པོ་ནང་མ་ཕྲད་པ་ནས། །དབུས་པར་གཞལ་བའི་སྲད་བུ་དེས། །གཡས་གཡོན་ཟླུམ་སྟེགས་རི་མོ་བྱ། །དེ་སྟེང་ངོས་སུ་ཐིག་བཏབ་ལ། །ཚད་དེས་ཤར་གྱི་ཚངས་ཐིག་སྟེང་། །བཟུང་ནས་སྔ་མའི་སྣེ་གཉིས་དང་། །ཕྲད་པར་ལོགས་ཐིག་ཕན་ཚུན་བཏབ། །ཨེ་ཡིག་རྣམ་པའི་ཆོས་འབྱུང་ནི། །དེང་སང་གྲུ་གསུམ་མཐིང་ནག་ཡིན། །དེ་ཡི་ནང་དུ་ཆ་ཆུང་དོར། །དེ་འདྲ་ཉིས་རིམ་མཁྱེན་པར་འཚལ། །ཁ་ཅིག་ཡོངས་འཛིན་མ་བསྟེན་ཞིང་། །རྒྱུད་སྡེའི་དགོངས་པ་མ་རྟོགས་པས། །རྟ་བབས་ཐིག་གི་སྤྲོས་པའི་ཚེ། །དཀྱིལ་འཁོར་གཅིག་གི་ལག་ལེན་དེ། །དེ་ནི་དེ་ཡི་ཁྱད་ཆོས་ལས། །དཀྱིལ་འཁོར་གཞན་ལ་མི་རུང་ཞེས། །ཉེ་ཚེའི་ལྟ་བ་ལ་ཞེན་པས། །ཤིན་ཏུ་རུང་ལ་མི་རུང་བར། །བྱེད་འདི་ཨེ་མ་


CMR021_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཆེ། །པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཞེས། །མཚན་གཞན་དབྱངས་ཅན་དགའ་བ་དེས། །རྟ་བབས་རྒྱས་བསྡུས་དབྱེ་བ་ནི། །རྣམ་གྲངས་བཅུ་གཉིས་ཙམ་དུ་མཛད། །དེ་ཡང་རུང་བ་མ་ཡིན་ནམ། །དེ་རྣམས་ཐིག་གི་དབྱེ་བ་དང་། །གཞན་ཡང་ཆོས་འབྱུང་བསྣོལ་མ་དང་། །བཅུ་དྲུག་ཐིག་གི་རིམ་པ་དང་། །དད་བྱེད་གོ་ཆའི་ཐིག་རིང་སོགས། །ཡི་གེས་ངལ་བས་འདིར་མ་བཀོད། །འདི་ལ་མ་རྟོགས་ལོག་རྟོག་གི །འགལ་འཁྲུལ་ཉེས་པ་གང་མཆིས་རྣམས། །བླ་མ་དཀྱིལ་འཁོར་ལྷ་ཚོགས་དང་། །ཆོས་བདག་མཁའ་འགྲོ་ཆོས་སྐྱོང་དང་། །གཞན་ཡང་ཉོན་མོངས་ལྔ་སྤངས་ཤིང་། །སྒྲིབ་པ་བཅུ་ཡིས་མ་གོས་པས། །རྒྱུད་གཞུང་ཚིག་དོན་ཐུགས་ཆུད་པའི། །མཁྱེན་ལྡན་རྣམས་ལ་བཟོད་པར་གསོལ། །དེ་ལྟར་བདག་གིས་ལྷག་བསམ་དག་པས་མན་ངག་ཐིག་གི་རིམ་པའི་ལེགས་བཤད་མཆོག་སྦྱིན་འདི་སྤེལ་བའི། །རྣམ་དཀར་དགེ་བ་དྲི་མེད་གང་དེས་སྐྱེ་བོའི་བློ་ཡི་མི་ཤེས་སྒྲིབ་པ་མ་ལུས་རབ་བསལ་ནས། །ཕྱི་རོལ་ཡུལ་གཟུགས་ཉིད་དུ་སྣང་བའི་འཕྲུལ་འཁོར་འདི་ཀུན་ཟབ་ལམ་བདེ་ཆེན་དཀྱིལ་འཁོར་དུ་ཤར་ཏེ། །བདག་དང་བདག་གིར་ལྟ་བའི་ཡུལ་ཅན་ཀུན་ཀྱང་དག་པ་


CMR021_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྡན་ལྷ་སྐུར་འཆར་བར་ཤོག་ཅིག་གུ། །ཤུ་བྷ་མསྡུ་སརྦ་ཛ་ག་ཏཾ།། །།གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་ཞར་བྱུང་དུ་གསར་རྙིང་གི་དཀྱིལ་འཁོར་ཁ་ཡར་རྣམས་ཀྱི་ཐིག་རྩ།next