Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
སྦྱོང་རྒྱུད་ཀྱི་སྤྱི་དོན་བསྡུས་པ།
   
   
   
   


 
previousསྦྱོང་རྒྱུད་ཀྱི་སྤྱི་དོན་བསྡུས་པ།next

སྦྱོང་རྒྱུད་ཀྱི་སྤྱི་དོན་བསྡུས་པ།


CMR021_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒྱུད་ཀྱི་སྤྱི་དོན་བསྡུས་པ་བཞུགས་ལགས་སོ།།


CMR021_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བྷུདྡྷ་སརྦ་བིད་ན་མ་ཡེ། འདིར་སྦྱོང་རྒྱུད་ཀྱི་སྤྱི་དོན་ཅུང་ཟད་བཤད་ན། དེ་ཡང་རྒྱུད་སྡེ་རིན་པོ་ཆེ་རྣམས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་དགོས་པ་ལས། གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་ལྷའི་གནས། རྣམ་པར་རྒྱལ་བའི་ཁང་བཟང་གི་ཕྱོགས་བཞི་ན་ཚལ་ཆེན་པོ་བཞི་ཡོད་པ་ལས། བྱང་ཕྱོགས་སུ་ལྷ་རྣམས་རྩེ་ཞིང་དགའ་བར་བྱེད་པས་ན་དགའ་བའི་ཚལ་ཞེས་བྱ་བ་སྟེ། གནས་དེ་ན་རྒྱུད་འདི་གསུངས་སོ། །དུས་ཕུན་སུམ་ཚོགས་པ་ནི་ལྷའི་བུ་ནོར་བུ་དྲི་མ་མེད་པ་སུམ་ཅུ་རྩ་གསུམ་ནས་ཚེ་འཕོས་ནས་ཞག་བདུན་ལོན་པའི་དུས་


CMR021_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསུངས་སོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་རྒྱུད་འདིའི་བརྟག་པ་དང་པོ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས་སོ། །བརྟག་པ་གཉིས་པ་ལ་དཀྱིལ་འཁོར་བཅུ་གཅིག་ཡོད་པ་ལས། བཅུ་པ་ཕྱག་ན་རྡོ་རྗེ་ཞི་བའི་ཚུལ་གྱིས་གསུངས་སོ། །དཀྱིལ་འཁོར་བཅུ་གཅིག་པོ་ནི་ཕྱག་ན་རྡོ་རྗེ་ཞི་བ་དེ་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་བསྒྱུར་ནས་གསུངས་པས་སྟོན་པ་གསུམ་དུ་བཞེད་དོ། །འཁོར་ཕུན་སུམ་ཚོགས་པ་ནི། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རྣམས་དང་ལྷ་མ་སྲིན་སྡེ་བརྒྱད་རྣམས་སོ། །ཆོས་ཕུན་སུམ་ཚོགས་པ་ནི་ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་


CMR021_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་པོ་བརྟག་གཉིས་བམ་པོ་གསུམ་དང་ཤོ་ལོ་ཀ་སྟོང་ཡོད། ཞུ་བ་པོ་བརྒྱ་བྱིན་ཏེ་དགོས་ཆེད་དུས་དེར་ལྷའི་བུ་དྲི་མ་མེད་པ་ངན་སོང་ལས་ཐར་བ་དང་། ཕྱིས་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ངན་སོང་ལས་ཐར་བའི་ཕྱིར་གསུངས་སོ། །རྒྱུད་འདིའི་བརྗོད་བྱ་ནི། དངོས་བསྟན་རྡུལ་ཚོན་གྱི་དཀྱིལ་འཁོར་བཅུ་གཉིས་ཞོར་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཅུ་གཉིས་དང་། ཞི་རྒྱས་དབང་དྲག་གི་ཐབ་བཞི་རོ་སྲེག་གི་ཧཾ་ཁུང་དང་བཅུ་བདུན། སྡིག་པ་སྦྱོང་བའི་སྒོ་དགུའམ་བདུན། རང་དོན་གཞན་དོན་གཉིས་སོགས་ནི་བརྗོད་བྱའོ། །དེ་ལ་སྡིག་པ་སྦྱོང་བའི་སྒོ་བདུན་ནི། དབང་བསྐུར། ཕྱིར་བཟློག །སྦྱིན་སྲེག །རོ་སྲེག །སཱཙྪ། བཟླས་བརྗོད། རྟེན་མེད་ན་མིང་བྱང་ལ་བརྟེན་པ་དང་བདུན་ཏེ། གཙོ་བོ་དབང་བསྐུར་ཡིན་ཞིང་། རང་དོན་ལས་གཞན་དོན་གཙོ་ཆེ། ཚེ་ལྡན་ལས་ཚེ་འདས་གཙོ་ཆེ་བའོ། །རྒྱུད་འདི་དག་གི་རྣལ་འབྱོར་མི་གསལ་བས་སྤྱོད་རྒྱུད་ཡིན་ཟེར་བ་བྱུང་ན་ཡང་། ཐམས་ཅད་ཟོས་ཤིང་ཀུན་བྱས་ཀྱང་། །འགྲུབ་འགྱུར་ཞེས་སོགས་ཅི་བདེ་བར་འགྲུབ་པར་གསུངས་པས་རྣལ་འབྱོར་རྒྱུད་དུ་ངེས་སོ། །རྣལ་འབྱོར་


CMR021_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་ཡང་རྩ་རྒྱུད་བཤད་རྒྱུད་ཆ་མཐུན་རྒྱུད་རྣམས་སུ་ཡོད་པ་ལས། འདིར་ཁ་ཅིག་གིས་ཆ་མཐུན་རྒྱུད་དུ་འདོད་ཀྱང་། རྩ་རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་གསུམ་པ་ཁམས་གསུམ་རྣམ་རྒྱལ་གྱི་ངན་འགྲོ་འགུགས་པའི་སྐབས་ནས་འཕྲོས་པས། འཕྲོས་པའི་རྒྱུད་ཡིན་ནོ། །འདིའི་མཇུག་མེ་ལྟར་འབར་བའི་དྲག་པོའི་སྦྱིན་སྲེག་ཡོད་པ་ལ། སྔོན་གྱི་རྒྱལ་བློན་རྣམས་ཀྱིས་སྔགས་པས་མངོན་སྤྱོད་བྱེད་དགོས་ནས། མ་སྒྱུར་གསུངས་ནས་མ་བསྒྱུར་བ་ཡིན་ཏེ་ལི་ཡུལ་གྱི་རྒྱ་དཔེ་ལ་དྲག་པོའི་སྦྱིན་སྲེག་ཡོད་སྐད་དོ། །རྒྱུད་འདི་རྒྱ་གར་དུ་དར་ཚུལ་ནི་ཕྱག་ན་རྡོ་རྗེས་རྒྱལ་པོ་རབ་གསལ་ཟླ་བ་ལ་གནང་། དེས་སྒྲ་གཅན་འཛིན། སཱ་ཏི་ཕ་ལ། པྲཛཱ་སིདྡྷི། ཡེ་ཤེས་རྡོ་རྗེ་བཞི་ལ་གནང་། དེ་བཞི་ཀ་ལས་སློབ་དཔོན་ཀུན་དགའ་སྙིང་པོས་གསན་ནས། རྩ་རྒྱུད་དེ་ཉིད་འདུས་པར་འགྲེལ་པ་དེ་ཉིད་སྣང་བ་དང་། རྡོར་དབྱིངས་ཀྱི་དཀྱིལ་ཆོག་རྡོ་རྗེ་འབྱུང་བ་དང་། ཀུན་རིག་གི་སྒྲུབ་ཐབས་རྣམས་མཛད་པས། ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་ཞེས་གྲགས། ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན་གྱིས་རྩ་རྒྱུད་དེ་ཉིད་འདུས་པ་ལ་


CMR021_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ཀོ་ས་ལའི་རྒྱུད་མཛད་ཅིང་རྣམ་སྣང་མི་བཞི་རྒྱབ་སྤྲོད་ལྟ་བུར་བཞེད། དོན་ལ་མཁས་པ་སངས་རྒྱས་གསང་བ་སྟེ་དེ་ཉིད་དེའི་གསུང་ལ་ཟིན་བྲིས་བྱས་པ། སྦྱོང་རྒྱུད་ཀྱི་འགྲེལ་པ་འབྲུ་འགྲེལ་རྒན་པོ་ཞེས་བྱ་བ་ཞིག་ཡོད། དེ་གསུམ་ལ་ཡོ་གར་མཁས་པའི་མི་གསུམ་དུ་གྲགས་སོ། །དེ་དག་ལས་བརྒྱུད་པ་རྒྱ་གར་དུ་དར་རོ། །བོད་དུ་སྔར་རྒྱལ་པོ་ཁྲི་སྲོང་གི་ཡབ་མེས་ཨག་ཚོམ་གྱི་དུས་སངས་རྒྱས་གསང་བ་གངས་ཏི་སེར་ཕེབས་པ་གདན་འདྲེན་ཞུས་ཀྱང་མ་ཕེབས། སངས་རྒྱས་གསང་བའི་སློབ་མ་བི་མ་མི་ཏྲ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་དྲངས་ནས་ཡོ་ག་ཅུང་ཟད་ཞུས། ཁྱད་པར་དུ་ཤཱཀྱ་བཤེས་གཉེན་གྱི་སློབ་རྒྱུན་ཨ་ཙཱརྱ་དྷརྨ་ཀཱིརྟི་བོད་དུ་བྱོན་ནས། རྒྱལ་པོ་ལ་ཡོ་ག་གནང་བས་དད་པར་གྱུར་ནས། བུ་ཚབ་གསེར་ཁོང་རྡོར་དབྱིངས་དང་། བསམ་ཡས་དབུ་རྩེར་ཀུན་རིག་བློས་བསླང་གི་ཚུལ་དུ་བཞེངས་ནས་རྣམ་སྣང་མི་བཞི་རྒྱབ་སྤྱོད་ཀྱི་ཚུལ་དུ་མཛད། དེ་དུས་ཡོ་གའི་སྐོར་ཤཱཀྱ་བཤེས་གཉེན་གྱི་ལུགས་གཙོ་ཆེ་བས་རྣམ་སྣང་རྒྱབ་སྤྱད་དུ་མཛད་ཅིང་། སངས་རྒྱས་གསང་བའི་ལུགས་དབང་རྒྱུན་ཅུང་ཟད་བི་མ་ལ་ནས་ཡོད་སྲིད་ཙམ་ཡིན་གསུངས། ཁྲི་ལྡེ་སྲོང་


CMR021_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེའུ་བཙན་དུས་སུ་པཎྜི་ཏ་ཞི་བ་སྙིང་པོ་དང་། ལོ་ཙཱ་བ་ཀ་བ་དཔལ་བརྩེགས་སོགས་སད་མི་བདུན་གྱིས་བསྒྱུར་བ་ལས། ཁྲི་རལ་དུས་རྨ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའི་རྒྱུད་འབུམ་ཕལ་ཆེར་ན་བཞུགས་ལ། དུས་ཕྱིས་ལོ་ཙཱ་བའི་འགྱུར་དང་འཇམ་རལ་གྱི་འགྱུར་སོགས་མང་དུ་བྱུང་ངོ་། །སྦྱོང་རྒྱུད་ཀྱི་འགྲེལ་ཆེན་གཞུང་སྟོང་ཕྲག་བཅུ་གཉིས་པ་ཞིག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ནི་བོད་དུ་མ་འགྱུར་ལ། ཡེ་ཤེས་འོད་འཕྲོས་མཛད་པའི་ཀུན་རིག་དཀྱིལ་ཆོག་དང་། ཀུན་རིག་དཀྱིལ་ཆོག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ལས་ཇོ་བོ་སྨྲ་ཏིའི་མཛད་ཟེར་བ་ཞིག་དང་། ཆགས་མེད་རྒྱལ་པོས་མཛད་པའི་ཞི་བའི་སྦྱིན་སྲེག་དང་ཞི་བ་སྙིང་པོས་མཛད་པའི་མཆོག་ཆེན་གདབ་པའི་ཆོ་ག་དང་། ཀུན་སྙིང་གིས་མཛད་པའི་སྒྲུབ་ཐབས་སྤྱི་ཏིས་བསྒྱུར་བ་དང་། ཀུན་སྙིང་གིས་མཛད་པའི་རོ་སྲེག །གཞན་ཡང་དྷརྨ་ཀཱིརྟིས་མཛད་པ་དང་། སྐལ་བཟང་དགའ་བས་མཛད་པ་སོགས་རྒྱ་གཞུང་ཚད་ལྡན་མང་པོ་བོད་དུ་འགྱུར་རོ། །སྦྱོང་རྒྱུད་ཀྱི་འགྲེལ་པ་ནི་རྒྱ་འགྲེལ་ཡིན་པ་ལ་བོད་འགྲེལ་དུ་འདོད་པ་ལ་ལས་


CMR021_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་བཤད་པ་ཞེས་མཛད་བྱང་མེད་པ་ཞིག་དང་། མཛེས་པའི་རྒྱན་ཞེས་ཀུན་སྙིང་གིས་མཛད་པར་འཁྱམས་ལོ་ཙཱ་བས་མཛད་པ་ཡིན་ཡང་ཟེར་བ་དང་། དེ་ཉིད་སྣང་བའི་རྒྱན་ཞེས་ཀུན་སྙིང་གིས་མཛད་པ་ལ་ལས་སྲས་ལི་ཅུང་གིས་བྱས་པ་ཡིན་ཡང་ཟེར་བ་དང་། ཟང་དཀར་གྱིས་བྱས་པ་དང་འགྲེལ་ཆེན་བཞི་འདི་ས་ལུགས་ཀྱིས་ཅུང་ཟད་མ་དག་པར་འདོད་ཀྱང་རྗེ་ཆོས་གྲགས་རྒྱ་མཚོའི་ཚད་མར་མཛད་དོ། །ཀུན་སྙིང་གིས་མཛད་ཟེར་བའི་གསལ་སྒྲོན་དང་། རང་ཟོམ་ཆོས་བཟང་གིས་མཛད་པ་དང་། འབྲུ་འགྲེལ་ཞེས་བྱ་བ་རྣམས་འགྲེལ་པ་རྙིང་པ་ཡིན་ལ། ཕྱིས་མི་བསྐྱོད་ཞབས་སོགས་གྲུབ་མཐའ་སོ་སོའི་བླ་མ་མང་པོས་འགྲེལ་པ་སོ་སོར་མཛད་དོ། །དེ་ཡང་བསྟན་པ་སྔ་དར་དུས་སངས་རྒྱས་གསང་བའི་གསུང་ལ་ཟིན་བྲིས་བྱས་པ་འབྲུ་འགྲེལ་རྒན་པོ་ཞེས་པའི་རྗེས་སུ་འབྲང་བའི་བཤད་སྲོལ་ཡང་འབྱུང་། བསྟན་པ་ཕྱི་དར་དུས་མངའ་རིས་སྟོད་དུ་བོད་ཆོས་རྒྱལ་གྱི་རྒྱལ་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཀྱི་སྐུ་རིང་ལ། སྔགས་པ་རྣམས་སྔགས་ལུགས་ཡིན་ཟེར་ནས་སྤྱོད་པ་བག་མེད་བྱས་པ་ལ་རྒྱལ་པོ་སྔགས་ལ་ཡིད་མ་ཆེས་ནས། ཁྱེའུ་ཉི་


CMR021_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་གཅིག་ལོ་ཙཱ་བསླབ་ལ་གསེར་མང་པོ་བསྐུར་ནས་ཁ་ཆེར་བརྫངས་ནས། སྔགས་རྩད་གཅོད་ལ་བཏང་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་མ་གཏོགས་ཐམས་ཅད་ཚད་པས་ཤི། ལོ་ཆེན་གྱིས་པཎྜི་ཏ་པདྨ་ཀ་ར་ཝརྨ་དང་སངས་རྒྱས་ཞི་བ་སོགས་ལས་གསན་ནས། ཡོ་གའི་སྐོར་མང་དུ་བསྒྱུར། པཎྜི་ཏ་ཤདྷ་ཀ་ར་ཝརྨ་བོད་དུ་སྤྱན་དྲངས་ནས་ཡོ་གའི་སྐོར་ཤིན་ཏུ་དར་བར་མཛད། འོན་ཀྱང་དེ་དུས་ཀུན་སྙིང་གིས་མཛད་པའི་འགྲེལ་པ་དེ་ཉིད་སྣང་བའི་རྒྱ་དཔེ་མ་རྙེད་ནས། འགྲེལ་པ་ཤཱཀྱ་བཤེས་གཉེན་གྱི་ཀོ་ས་ལའི་རྒྱན་དང་བསྟུན། ཕྱག་ལེན་དཀྱིལ་ཆོག་ནི་རྡོ་རྗེ་འབྱུང་བ་ལ་བྱེད་ཅིང་བརྒྱུད་པ་ནི་ཀུན་དགའ་སྙིང་པོ་ནས་འདེད། རྣམ་སྣང་མི་བཞི་རྒྱབ་སྤྲོད་དུ་བྱེད་ཅིང་ཆུ་དབང་གི་དག་པ་རྣམས་སུ་འཆད་པ་སོགས་ཤཱཀྱ་བཤེས་གཉེན་དང་ཀུན་སྙིང་གི་ལུགས་གཉིས་འདྲེས་པས། ལོ་ཆེན་གྱི་སྐུ་ཚེའི་སྟོད་ཡིན་ཀྱང་ལུགས་ཅུང་ཟད་མི་ལེགས་པ་དང་། དབུས་གཙང་སྨད་ངོས་སུ་དར་བའི་ཡོ་ག་སྨད་ལུགས་ཟེར། དེ་ནས་རེ་ཞིག་ན་བལ་པོའི་ཚང་ཕ་ལས་འགྲེལ་པ་དེ་ཉིད་སྣང་བའི་རྒྱ་དཔེ་བྱུང་སྟེ། རྒྱ་གར་ཤར་ཕྱོགས་པཎྜི་


CMR021_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་དྷརྨ་པ་ལ་ཚད་པས་བསྙུང་བ་ལ། གངས་རི་ཡོད་སར་བྱོན་ན་ཕན་པར་སྨན་པས་ལུང་བསྟན་པས། གངས་ཏི་སེར་བྱོན་ཞོར་མངའ་རིས་སུ་ཕེབས་ཏེ། ལོ་ཆེན་རིན་ཆེན་བཟང་པོས་ཀུན་སྙིང་ལུགས་ཀྱི་གདམས་པ་ཕྱག་ལེན་རྫོགས་པར་ཞུས། འགྲེལ་པ་ཡང་དེ་ཉིད་སྣང་བ་ལ་མཛད་དེ། རྣམ་སྣང་ཞལ་བཞི་པར་བཞེད། འདི་ལོ་ཆེན་གྱི་སྐུ་ཚེའི་སྨད་ཡིན་ཀྱང་ཀུན་སྙིང་ལུགས་སོར་བཞག་པ་ཡིན་པས་ལེགས་པ་དང་སྟོད་མངའ་རིས་སྐོར་གསུམ་དུ་དར་བས་ཡོ་ག་སྟོད་ལུགས་ཟེར། འགའ་ཞིག་གིས་སྨད་ལུགས་ལེགས་པས་སྟོད་ལུགས་མི་ལེགས་པས་སྨད་ལུགས་ཡིན་ཡང་ཟེར་རོ། །ཇོ་བོ་རྗེའི་བཤད་སྲོལ་གནུབས་ལུགས་སུ་གྲགས་པ་དང་། རིན་ཆེན་བཟང་པོའི་བཤད་སྲོལ་དང། མནའ་མཆེན་གྱི་བཤད་པ་དང་གསུམ་བྱུང་སྟེ། རྩིང་ཞིབ་ཅུང་ཟད་ཆོ་ག་གོང་འོག་མ་གཏོགས་དོན་ལ་འདྲའོ། །དེ་ཡང་བོད་འདིར་སྦྱོང་རྒྱུད་ཀྱི་ཆོ་ག་རྒྱུད་འགྲེལ་སྒྲུབ་ཐབས་སྨྲི་ཏིས་བསྒྱུར་བའི་གཙོ་བོར་གཞུང་གཙོ་བོ་བྱ། སྦྱོང་རྒྱུད་ཀྱི་འགྲེལ་པ་སྣང་རྒྱན་དང་མཛེས་རྒྱན་གཉིས། ཀུན་སྙིང་གིས་མཛད་པར་གྲགས་པའི་གསལ་སྒྲོན། གཞན་ཡང་རྒྱ་འགྲེལ་འགའ་ཞིག་དང་།


CMR021_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ཆོག་རྣམས་ལ་ཆོ་ག་ཞིབ་མོས་འགྲེལ་པ་དང་། རྡོར་དབྱིངས་ནས་ཀྱང་ཁ་བཀང་། གཤིན་དོན་གྱི་ཆོ་ག་རྣམས་ཀུན་སྙིང་གི་རོ་སྲེག་ཆོ་ག་དང་། དྷརྨ་ཀིརྨིས་མཛད་པ་དང་། སྐལ་བཟང་དགའ་བས་མཛད་པ་གསུམ་གཙོ་བོར་བྱས། ཀཱ་མ་དྷེ་ནུ་དང་། རབ་འབྱོར་སྐྱོང་གི་ཆོ་ག་རྣམས་ལའང་གཏུགས་ནས་ཀུན་རིག་ཆེན་མོ་མཛད་པ་ལ་རྒྱས་བསྡུས་མཚལ་སེར་ཕྱེ་རྒྱུ་ཡོད་པ་ལས།་མི་བསྐྱོད་ཞབས་ཀྱིས་བསྡུས་པའི་དེ་ཟུར་དུ་བཀོད་ནས་དགེ་བའི་བཤེས་གཉེན་བྱམས་པ་གླིང་པས་མཛད་པའི་མན་ངག་གིས་ཁ་རྒྱན་པར་མཛད་ནས། ཕྱིས་སྐུ་གཤེགས་ཁ་རྗེ་མི་བསྐྱོད་རྡོ་རྗེའི་ཞལ་ནས། རྗེ་ཆོས་གྲགས་རྒྱ་མཚོས་མཛད་པའི་ཀུན་རིག་གི་ཆོ་ག་འདི་ལ་རྒྱས་འབྲིང་བསྡུས་གསུམ་བྱེད་རྒྱུ་འདུག་པའི་བསྡུས་པ་དེ་ཟུར་དུ་བཀོལ་བའི་ཆོ་ག་བསྒྲིགས་པ་ངེད་རང་གིས་བརྩམས་པ་སྔ་མ་འདིའི་མཛད་བྱང་སྤོས་པ་ཞིག་མཛད་གསུངས་པའི་བཀའ་ཡོད་པ་བཞིན་དུ། ཀུན་རིག་ཆོ་ག་རྣམ་གྲོལ་སྒོ་ཆེན་མི་བསྐྱོད་ཞབས་ཀྱིས་བརྩམས་པའི་ཆོག་བསྒྲིགས་དེ་དཀོན་མཆོག་ཡན་ལག་གིས་མཛད་ནས་པར་དུ་བསྒྲུབས། དེས་ན་རྣམ་གྲོལ་སྒོ་ཆེན་འདི་ཡབ་སྲས་གཉིས་ཀའི་


CMR021_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་གཅིག་ཏུ་གཏད་ནས་བརྩམས་པ་ཡིན་པས་བྱིན་རླབས་ཆེའོ། །འདི་ཡོ་ག་སྟོད་ལུགས་སྨད་ལུགས་གཉིས་ཀ་དང་མི་འགལ་ཞིང་། དངོས་བསྟན་ནི་ཡོ་ག་སྟོད་ལུགས་གཙོ་ཆེ་སྟེ་རྣམ་སྣང་སྐུ་གཅིག་ཞལ་བཞི་ཡིན་པའི་ཕྱིར་རོ། །ཀུན་སྙིང་གིས་མཛད་པའི་སྒྲུབ་ཐབས་སྤྱི་ཏིས་བསྒྱུར་བའི་རྒྱ་གཞུང་ཚད་ལྡན་ཡིན་མིན་ཐེ་ཚོམ་ཟེར་མཁན་འགའ་རེ་བྱུང་ཡང་། ཀུན་སྙིང་གི་རོ་སྲེག་ཆོ་ག་དང་རྒྱས་འདེབས་སོགས་ཕལ་ཆེར་ཚིགས་བཅད་གཅིག་པར་སྣང་ཞིང་། ཀུན་སྙིང་དང་སངས་རྒྱས་གསང་བ་དང་ཨ་ནན་ས་ར་ཧ་སོགས་ཀྱིས་མཛད་པའི་གཙུག་དགུའི་ཆོ་ག་ལ་སོགས་དང་ཡང་ཚིགས་བཅད་མཐུན་པའི་ཕྱིར་རྒྱ་གཞུང་རྣམས་གསུངས་སོ། །བརྒྱུད་པ་ནི་ཨ་ཏི་ཤ་ནས་བརྒྱུད་པ་དང་། ལོ་ཆེན་རིན་ཆེན་བཟང་པོ་ནས་བརྒྱུད་པ་དང་། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་དང་། ཆགས་ལོ་ཙཱ་བ་ཆོས་རྗེ་དཔལ་ནས་བརྒྱུད་པ་རྣམས་ལས། དང་པོ་ནི་རྫོགས་སངས་རྒྱས་རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་སྐྱོང་། ཀུན་དགའ་སྙིང་པོ། ཤེས་རབ་སྙིང་པོ། གོ་མའི་དགེ་བསྙེན། ཤཱཀྱ་ཡེ་ཤེས། ཇོ་བོ་རྗེ། གོ་མི་བྷོ་


CMR021_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན། སྐྱི་ནོར་ཛྷཱ་ན། གཉལ་པ་ཉི་མ་འབུམ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་པ་སྟོན་གྲགས། ཤཱཀྱ་འབུམ། འཇམ་པ་རིན་ཤེ། ལོ་མཆོག་དཔལ་ལྡན་སེང་གེ །བུ་སྟོན་ལག་ན་སྣང་མཛད། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་སྙིང་། པྲཛྙཱ་པ་མི་ཏི། མུ་སྟེགས་ཀོ་ཥ། དྷརྨ་པ་ལ། ཇོ་བོ་རྗེ། དེ་པ་བྷཻ་ཆེན། སྐྱི་ནོར་ཛྷཱ་ན། གཉལ་པ་ཉི་ཤེ། སྣུར་ཉི་མ། གཤིན་རྡོར་སེང་གེ །གླན་ཆོས་འབྱུང་པ། སུམ་སྟོན་ཤཱཀྱ་འབུམ། འཇམ་པ་རིན་ཤེ། ཡང་རྩེ་བ་རིན་སེང་། ཀུན་མཁྱེན་བུའོ། །དེ་གཉིས་ཇོ་བོ་ནས་བརྒྱུད་པ་ཡིན་ལ། ལོ་ཆེན་རིན་ཆེན་བཟང་པོ་ནས་བརྒྱུད་པ་ནི། ཀུན་སྙིང་ཡན་གོང་ལྟར་ལས། དེ་བཞིན་གཤེགས་པའི་རྡོ་རྗེ། ཤདྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། གྲགས་པ་འབྱོར་ཤེས། བུམ་སྟོན་མེ་འབར། གཉེན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། རི་ལུང་ཁུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ །ཀུན་ཆེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི། བྱང་ཆུབ་སེམས་


CMR021_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སྤྱན་རས་གཟིགས། སློབ་དཔོན་དཔའ་མཛད་མཚོ། རིན་འབྱུང་ཁིད་བ། བྷ་ཀ་ར་ཚད་ཚད། རྡོ་རྗེ་གདན་པ། ཝིཀཱ་ར་དྷེ་ཝ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བི་བྷུ་དྷེ་ཙཎྜ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་ལྡན། རོང་པ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན། ཆགས་ལོ་ཙཱ་ནས་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། སློབ་དཔོན་ཛི་ཏ་རི། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་སྐྱོང་། ནཱ་ཡཱ་ཀཾ། མེ་ཏྲི་པ། རྡོ་རྗེ་གདན་པ། ནི་པ་ལོ། ཀ་ལམ་ག་དེ་ན། རེ་ཝཎྜ། ཚགས་ཆོས་རྗེ་དཔལ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་སྟོན། དཔལ་ལྡན་སེང་གེ །བུ་སྟོན་རིན་ཆེན་གྲུབ། དེ་ལྟར་བུ་སྟོན་རིན་པོ་ཆེ་ལ་བརྒྱུད་པ་ལྔ་འདུས་པ་ལས། དེ་ནས་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ཞ་ལུ་ལོ་ཙཱ་བ་སྟེ་སློབ་དཔོན་ཙཎཱ་པ་ཞེས་ཀྱང་བྱའོ། །དེས་ཀརྨ་པ་མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ་རས་ཆེན། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་གྲུབ། སི་ཏུ་ཆོས་ཀྱི་རྒྱལ་མཚན། ངག་


CMR021_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འཇིགས་མེད་གྲགས་པ། དེས་ཨ་རཱ་ག་ལའོ། །ཡང་ཆོས་གྲགས་རྒྱ་མཚོ་ནས། སི་ཏུ་བཀྲ་ཤིས་དཔལ་འབྱོར། རྗེ་ཀརྨ་ཕྲིན་ལས་པ། མི་བསྐྱོད་རྡོ་རྗེ༔ དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །བླ་མ་ཝོལ་ཝ་པ། དེས་བདག་ཨ་རཱ་ག་ལའོ། །ཡང་ཀརྨ་ཕྲིན་ལས། གཙུག་ལག་ཕྲེང་བ། དཀོན་མཆོག་འབངས། རྗེ་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །བླ་མ་ཝ་རྒན། དེས་བདག་ཨ་རཱ་ག་ལའོ། །ཡང་སི་ཏུ་ཆོས་ཀྱི་རྒྱལ་མཚན། རྩ་བའི་བླ་མ་ལའོ། །ཆོ་གའི་ལུང་རྒྱུན་ནི་གོང་ལྟར་ལས། དབང་ཕྱུག་རྡོ་རྗེ། ཟུར་རི་དྲུང་པ་བདེ་མཆོག །རྩ་བའི་བླ་མའོ། །ཨེ་མ་གཟི་བརྗིད་རྒྱལ་པོ་བརྟག་པའི་དོན། །རྒྱ་གཞུང་བོད་གཞུང་མང་པོ་ཀུན་གྱི་བཅུད། །མཁས་གྲུབ་བླ་མ་རྣམས་ཀྱི་ཕྱག་ལེན་རྒྱུན། །གཅིག་ཏུ་བསྡེབས་པ་རྣམ་གྲོལ་སྒོ་ཆེན་ལ། །ཉེ་བར་མཁོ་བའི་སྤྱི་དོན་བསྡུས་པ་འདི། མཁས་མཆོག་རྣམས་ལ་དགྱེས་པ་བསྐྱེད་མ་ནུས། །འོན་ཀྱང་ཁུང་བུ་ཆུང་ངུར་འཇུག་པའི་ཚེ། །བྱ་རྒྱལ་ཁྱུང་ལས་བྱེ་མ་ལེབ་ཉིད་མཆོག །དེ་བཞིན་བདག་འདྲ་རྨོངས་པའི་གང་


CMR021_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ལ། །འགྲེལ་ཆེན་མཐོང་བ་གླེགས་བམ་མཐོང་ནས་སྐྱག །གོ་བ་མི་ཐོབ་ཚར་གཅིག་ཀློག་མི་ནུས། །འོན་ཀྱང་རྒྱུད་དོན་ལོ་རྒྱུས་ཤེས་ནི་འདོད། །དེ་ཕྱིར་སྦྱོང་རྒྱུད་གསུང་ཚུལ་ངོས་འཛིན་པ། །རྒྱ་དང་བོད་དུ་ཇི་ལྟར་བརྒྱུད་པའི་ཚུལ། །རྒྱ་གཞུང་བོད་གཞུང་ཆོ་གའི་བརྩམ་ལུགས་དང་། །ཡོ་ག་སྟོད་ལུགས་སྨད་ལུགས་ངོས་འཛིན་དང་། །དབང་ལུང་བརྒྱུད་རིམ་རབ་ཏུ་གསལ་བ་འདི། །བདག་འདྲའི་རྨོངས་པ་གཞན་ལའང་ཕན་སྲིད་སྙམ། །ཚིག་ཉུང་དོན་འདུས་གོ་བདེའི་ཚིག་གིས་བྲིས། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །མ་གྱུར་འགྲོ་བའི་སྡིག་དང་ལྷན་ཅིག་བཤགས། །དགེ་འབྲས་མཆིས་ན་མ་གྱུར་སེམས་ཅན་རྣམས། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་ཕྱིར་བསྔོ། །དེ་སྐད་སྨྲ་བ་རྭ་གའི་མིང་ཅན་ནོ། །བཀྲ་ཤིས་པར་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྦྱོང་རྒྱུད་ཀྱི་སྤྱི་དོན་བསྡུས་པ།next