Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་སྤྱི་བཤད་མཐོང་བ་དོན་གསལ།
   
   


 
previousསྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་སྤྱི་བཤད་མཐོང་བ་དོན་གསལ།next

སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་སྤྱི་བཤད་མཐོང་བ་དོན་གསལ།


CMR021_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་སྤྱི་བཤད་མཐོང་བ་དོན་གསལ་ཞེས་བྱ་བ་བཞུགས་པའི་དབུའི་གཟིགས་ཕྱོགས་ལགས་སོ།།


CMR021_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ། དབང་བསྐུར་བའི་ཐོག་མར་ལོས་རྒྱུས་ཟུར་ཙམ་ཞིག་ཞུ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས། འདི་ཐེག་པ་ཆེན་པོ་ཡིན། དེ་ལས་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདི་འབྲས་བུའི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་བཞི་ཡོད་པ་ལས་འདི་རྣལ་འབྱོར་རྒྱུད་ཡིན། འདི་ཡི་ལུགས་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ།། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་སྐྱེ་བ་སྣ་ཚོགས་བཞེས་


CMR021_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ཏེ། ཚོགས་སྦྱོར་ནས་བཟུང་སྟེ་ས་བཅུ་རིམ་གྱིས་བསྒྲོད་ནས། ས་བཅུ་པའི་གནས་སྐབས་སུ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བ་ཐོབ་ནས་སྙོམས་འཇུག་དགུ་ལ་རིམ་པར་སྙོམས་པར་ཞུགས་པས། ཚོགས་ཡོངས་སུ་རྫོགས་ནས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་འགྲུབ་པ་ཞེས་བྱ་བར་འགྱུར། དེ་ནས་སངས་རྒྱས་ཚུལ་ལ་ལུགས་གཉིས་ཏེ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་ལུགས་ལ། དགའ་ལྡན་དུ་དམ་པ་ཏོག་དཀར་དུ་སྐྱེ་བ་བཞེས་དེ་ནས་ཟས་གཙང་གི་སྲས་སུ་


CMR021_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་ནས། དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས། དེ་ནས་རབ་ཏུ་བྱུང་སྟེ་རྣམ་སྨིན་གྱི་ལུས་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་བཞག །ཡེ་ཤེས་ཀྱི་སྐུ་འོག་མིན་དུ་བྱོན་ནས། ཆོས་ཉིད་འོད་གསལ་དང་གདན་པདྨ་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་རྫོགས་ཏེ་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་གྱིས་ཆོས་སྐུ་མངོན་དུ་མཛད་ན། ལོངས་སྐུའི་གཟུགས་ཀྱིས་རི་རབ་ཀྱི་རྩེར་རྣལ་འབྱོར་གྱི་རྒྱུད་གསུངས་ནས། སླར་ཡེ་ཤེས་ཀྱི་སྐུ་རྣམ་སྨིན་ལུས་ལ་ཞུགས་ཏེ། སངས་རྒྱས་ཀྱི་མཛད་པ་ཚོརྣམས་བསྟན་པར་བཞེད། སློབ་དཔོན་ཀུན་དགའ་སྙིང་པོའི་ལུགས་ལ། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དེ་འོག་མིན་དུ་སྐྱེ་བ་བཞེས་ནས་སངས་རྒྱས་ལས་དར་དཔྱང་གི་དབང་ཐོབ་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཨོཾ་བཛྲ་ཨུད་ཏིཥྛ་གསུངས་ནས་བསླང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་གཟིགས་པས། གདམས་ངག་བསྟན་ཏེ། ཉིད་ཀྱི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་


CMR021_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་རྩེ་ལྔ་པ་མཐོང་བ་ནས་བཟུང་སྟེ། རྡོ་རྗེ་དབྱིངས་ཞེས་མིང་གི་དབང་དང་། དབང་རྣམས་རིམ་གྱིས་བསྐུར་ནས་འོག་མིན་དུ་སངས་རྒྱས་ཏེ། རི་རབ་ཀྱི་རྩེར་བྱོན་ཏེ་རྩ་རྒྱུད་གསུངས། སླར་དམ་པ་ཏོག་དཀར་དུ་སྐྱེ་བ་བཞེས། དེ་ནས་ཟས་གཙང་སྲས་སུ་འཁྲུངས་ནས་ཛམ་བུའི་གླིང་དུ་སངས་རྒྱས་ཚུལ་བསྟན་པར་བཞེད་དོ། །རྩ་བའི་རྒྱུད་ནི་དེ་ཉིད་བསྡུས་པ་ཡིན་ལ། དེ་ཉིད་བསྡུས་པ་དང་། དེའི་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་དང་། ཐམས་ཅད་གསང་བ་གཉིས། ཆ་མཐུན་གྱི་རྒྱུད། དཔལ་མཆོག་དང་པོ་དང་། འཕྲོས་པའི་རྒྱུད་ལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། གསང་བ་ནོར་བུ་ཐིག་ལེའི་རྒྱུད། ངན་སོང་སྦྱོང་བ་བརྟག་པ་ཕྱོགས་གཅིག་པ་གཙུག་དགུའི་རྒྱུད། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་བརྟག་པ་རྣམས་སུ་ཡོད་པ་ལས། འདི་ནི་རྩ་རྒྱུད་ཀྱི་དུམ་བུ་ཁམས་གསུམ་རྣམ་རྒྱལ་གྱི་ངན་འགྲོ་འགུགས་པའི་སྐབས་ནས་འཕྲོས་པའི་རྒྱུད་ཡིན། ཐབས་ཅིག་ཏུ་པདྨའི་གདན་ལ་སྦྱོང་རྒྱུད་


CMR021_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སྟོན་པ་རྣམ་སྣང་ཆེན་པོ་སུམ་ཅུ་རྩ་གསུམ་ལྷའི་གནས་དགའ་བའི་ཚལ་གྱི་གཞལ་ཡས་ཁང་ཆེན་པོ་ན་བཞུགས། བྱང་ཆུབ་སེམས་དཔའ་ལྷའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་ཚེ། ངན་སོང་སྦྱོང་བའི་ཏིང་ངེ་འཛིན་ལ་བཞུགས་ནས་མཛོད་སྤུ་ནས་འོད་ཟེར་སྤྲོ་བས་སེམས་ཅན་ཉོན་མོངས་པའི་འཆིང་བ་ལས་སྒྲོལ་ནས་བདེ་བ་སོ་སོར་ཐོབ་ཅིང་དགའ་བའི་ཚལ་ཐམས་ཅད་སྣང་བར་བྱས། དེར་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་ཅིང་ཕྱག་འཚལ་ནས་ཆེད་དུ་བརྗོད། དེར་བརྒྱ་བྱིན་གྱིས་ལྷའི་བུ་ནོར་བུ་དྲི་མ་མེད་གར་སྐྱེས་ཞུས་པས། མནར་མེད་དུ་སྐྱེས་པ་སོགས་ངན་སོང་གི་སྡུག་བསྔལ་མྱོང་ཚུལ་གསུངས། དེ་ལ་སྐྲག་ནས་སྐྱབས་པར་ཞུས་པས། ངན་སོང་སྦྱོང་བའི་དལ་ལས་ཚོགས་ཕན་ཡོན་དང་བཅས་པ་གསུངས་པས། ལྷའི་བུ་ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐར་ཏེ་དགའ་ལྡན་ལྷའི་གནས་སུ་སྐྱེས། དེ་ལ་ངོ་མཚར་སྐྱེས་ནས་ལྷ་རྣམས་ཀྱིས་བསྟན་པ་བསྲུང་བར་ཁས་བླངས། དེ་ནི་ཀུན་རིག་རྩ་བའི་དལ་ཡིན་ལ། བརྟག་པ་དང་པོ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བརྟག་པ་ཕྱི་མ་བཤད་དེ། ཤཱཀྱ་


CMR021_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་སྐུའི་དཀྱིལ་འཁོར་དང་། ལྷའི་བུ་ནོར་བུ་དྲི་མ་མེད་ཀྱི་སྐྱེས་རབས་གསུངས་པས་ལྷ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་མིང་བཅུའི་སྒོ་ནས་བསྟོད་པ་བྱས་ནས། །སེམས་ཅན་ཚེ་ཐུང་རྣམས་ལ་ཕན་པའི་ཐབས་ཞུས་པས། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ཐུགས་ཀྱི་དལ་གསུངས། དེ་ནས་རྒྱལ་པོ་བཞིས་སྙིང་པོ་ཕུལ་ནས་ཞུས་པས་ཕྱག་རྡོར་ལ་རྒྱལ་ཆེན་བཞིས་བསྐོར་བའི་དཀྱིལ་འཁོར་དང་། དེ་ནས་གཟའ་བརྒྱད་རྒྱུ་སྐར་དང་བཅས་པས་སྙིང་པོ་ཕུལ་ནས་ཞུས་པས་ཕྱག་རྡོར་གཟའ་བརྒྱད་ཀྱིས་བསྐོར་བའི་དལ་དང་། །དེ་ནས་ཀླུ་བརྒྱད་ཀྱིས་སྙིང་པོ་ཕུལ་ནས་ཞུས་པའི་ཕྱག་རྡོར་ཀླུ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དང་། དེ་ནས་འཇིགས་བྱེད་ཆེན་པོ་དགུ་ཆུང་མ་དང་བཅས་པས་སྙིང་པོ་ཕུལ་ནས་ཞུས་པས་ཕྱག་རྡོར་འཇིགས་བྱེད་དགུས་བསྐོར་བའི་དལ་དང་། དེ་ནས་ཚངས་པ་ལ་སོགས་ལྷ་བརྒྱད་ཀྱིས་སྙིང་པོ་ཕུལ་ནས་ཞུས་པས་ཕྱག་རྡོར་ལྷ་བརྒྱད་ཀྱིས་བསྐོར་བའི་དལ་གསུངས། དེ་ནས་ཕྱག་ན་རྡོ་རྗེས་འཁོར་གྱི་དལ་ལ་གཟིགས་ནས་འཛུམ་པ་མཛད་པས། ཐམས་ཅད་གཡོ་བ་དང་། འགུལ་བ་དང་། འབར་བ་སོགས་ཡ་མཚན་དུ་མ་བསྟན་


CMR021_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཚེ་དཔག་མེད་གསུང་གི་དལ་གསུངས། དེ་ནས་འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དལ་གསུངས་ནས་ཕྱག་ན་རྡོ་རྗེ་རྡོ་རྗེ་སེམས་དཔའི་སྐུར་བཞུགས་ཏེ་མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་གསུངས། དེ་ལྟར་ཕྱག་རྡོར་གཙོ་བོར་གྱུར་བའི་དཀྱིལ་འཁོར་བདུན་ཏེ། འཇིག་རྟེན་ལས་འདས་པའི་དལ་དྲུག །འཇིག་རྟེན་པའི་དལ་དྲུག་དང་བཅུ་གཉིས་ཡིན། དེ་ལ་ཐུགས་ཀྱི་དལ་ལ་གཙོ་བོ་འཕོ་བའི་རིག་པས། མི་འཁྲུགས་པའི་དཀྱིལ་འཁོར་ཡང་མཛད་འདུག་པ་དང་། ཡོན་ཏན་གྱི་དལ་ལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་གསུམ་གང་རུང་གཙོ་བོ་བྱེད་པར་གསུངས་པས། དཀྱིལ་འཁོར་ཉི་ཤུ་རྩ་གཉིས་སུ་ཡང་འགྱུར་བར་སྣང་། སེམས་དཔའ་བཅུ་དྲུག་གཙོ་རྐྱང་རེ་རེ་ནས་ལས་ཚོགས་བསྒྲུབ་པར་གསུངས་པས་ཞིབ་པར་ཕྱེས་ན་མཐའ་ཡས་སོ། །དེ་ལ་ཡོ་ག་རྣལ་འབྱོར་གྱི་རྒྱུད་འདི་རྣམས་བཅོམ་ལྡན་འདས་ཀྱིས་གཟུགས་ཁམས་འོག་མིན་དུ་གསུངས། དེ་ནས་སུམ་ཅུ་རྩ་གསུམ་དང་བྱང་ཕྱོགས་ལྕང་ལོ་ཅན་དུ་བཞུགས་པའི་ཕྱིར་ལྷ་གནས་གསུམ་དུ་གྲགས་པའི་རྒྱུད་ཅེས་བྱ། དེ་ནས་མི་ཡུལ་དུ་དར་བའི་ཚུལ་ནི། སངས་རྒྱས་མྱ་ངན་


CMR021_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ནས་རྒྱལ་པོ་ཛའི་ཁང་སྟེང་གླེགས་བམ་གྱིས་ཆར་བབ་པ་ནས་བྱུང་། རྒྱལ་པོའི་དེ་ཡི་དོན་མ་ཤེས་ནས་སློབ་དཔོན་ཀུ་ཀུ་ར་ཙ་ལ་དྲིས་པས་མ་གཏོགས། རྒྱལ་པོས་གླེགས་བམ་སྤྱི་བོར་བཟུང་ནས་ཞག་བདུན་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་གོ་ནས་བསྒྲུབས་པས། ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ཏེ་དབང་བསྐུར་རྒྱུད་ཀྱི་བསྟན་པ་རྣམས་གཏད།། བསྒྲུབ་པས་འཁོར་འབུམ་ཕྲག་དང་བཅས་མཁའ་སྤྱོད་དུ་གཤེགས་པ་ཡིན་ཏེ། དཔལ་གདམས་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེས་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ནས། །ཕྱག་ན་རྡོ་རྗེས་གཏད་པར་བྱ། །ལ་ལ་སྐལ་#ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་འགྲུབ་གྱུར་བས། །དེ་ལ་རྟག་ཏུ་གུས་པར་བྱོས། །ཞེས་གསུངས་པའི་ཕྱིར། དེ་ནས་རྣལ་འབྱོར་པ་ཀུ་ཀུ་ར་ཙ་ཞེས་པ་ལ་གནང་། དེ་


CMR021_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཨིནྡྲ་བྷུ་ཏི་ལ་སོགས་པ་ནས་ཡོ་ག་མཁས་པ་མི་གསུམ་གྱིས་བར་དུ་དར་བ་ཡིན་ཏེ། དེ་སྐད་དུ་ཡང་། བཀྲ་ཤིས་པའི་ཁང་པ་རུ། ཀུ་ཀུ་ར་ཙ། ཨིནྡྲ་བྷུ་ཏི་དང་། སིདྷ་ཨུ་པ་ར་ཙ་དང་སྲས་མོ་འདུམ་པ་སོགས་སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། ཆོས་ཀྱི་འཁོར་ལོ་མངོན་བསྒྲུབ་སྟེ། རྡོ་རྗེ་འཆང་དབང་བར་མངོན་དུ་གཤེགས། ཞེས་གསུངས་སོ། །དེ་ལྟར་རྒྱ་གར་དུ་རྒྱ་ཆེར་དར་ནས་བོད་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། རྒྱ་གར་གྱི་མཁན་པོ་ཤནྟི་གཛྷ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཨ་ཙརྱ་དང་རཀྵི་ཏས་བསྒྱུར། པཎྜི་ཏ་དྷརྨ་ཀཱིརྟི་སྤྱན་དྲངས་ཏེ་དབང་ལུང་རྣམས་ཞུས། རྒྱལ་པོ་ཡབ་སྲས་ཀྱང་རྣལ་འབྱོར་རྒྱུད་ལ་ཤིན་ཏུ་དད་པར་གྱུར་ནས། བསམ་ཡས་དབུ་རྩེའི་བར་ཁང་ན་ཡང་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞེངས། སྲས་སད་ན་ལེགས་ཀྱིས་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞེངས། མངའ་བདག་ཁྲི་རལ་གྱི་སྐབས་སུ་ཨ་ཙརྱ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དེ་ཕྱིས་ནས་རྒྱུད་དར་བ་མ་བྱུང་བས་སྦྱོང་རྒྱུད་འདི་ནི་རྙིང་པ་ཡིན་ལ་འདི་ལ་ཐེ་ཚོམ་མི་དགོས་ཏེ། འདི་སྔོན་འགྲོ་དང་ལྕེ་ལག་བྱིན་རླབས། སྲུང་འཁོར་


CMR021_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་དང་། ཚོགས་རྟེན་སྤྲུལ་པ་དང་། གཟུགས་བརྙན་གྱི་སྦྱོར་བ་དང་། དངོས་པོའི་སྦྱོར་བ་དང་དེ་དག་འདིར་མི་དགོས་པ་ནི། རྡོ་རྗེ་ཕྲེང་བ་དང་། མི་ཏྲ་བརྒྱ་རྩའི་རྣལ་འབྱོར་རྒྱུད་ཀྱི་སྐབས་ལྟར་ཡིན། དེ་ཡང་ཨ་ཧྥུ་ཀ་རའི་རྡོར་ཕྲེང་གི་གཞུང་ལྟར་ན། བདག་མདུན་བུམ་ལྷ་དྲན་རྫོགས་སུ་གསལ་བཏབ་ནས་སྔགས་བཟླས་ཏེ་དབང་བསྐུར་བར་ཆོག་པར་གསུངས་ཀྱང་། དེང་སང་བསྐྱེད་རིམ་ལ་བརྟན་པ་ཐོབ་པར་ཡང་དཀོན་པས་དེ་མི་སྤོབས། རྙིང་མའི་ལུགས་ལ་བདག་མདུན་བུམ་གསུམ་ཆོ་ག་ཚར་གཅིག་ས་དུས་གཅིག་བསྐྱེད་པར་གསུངས་ཀྱང་། དེ་རྙིང་མའི་ལུགས་ཡིན་པས་འདིར་མི་སྦྱར། གསར་མའི་དལ་ཆེན་པོ་རྣམས་ལ་བདག་བསྐྱེད་དཀྱིལ་འཁོར་བྷཻ་ནས་བསྙེན་པ་བྱ་བ་དང་། ས་ཐིག་སོགས་བྱ་བར་བཤད་དོ། །འདིར་རས་བྲིས་ལ་བརྟེན་པ་ཡིན་པས་ཐིག་མི་དགོས། གསར་མའི་དཀྱིལ་ཆོག་ཆེན་པོ་རྣམས་ལ་མདུན་བསྐྱེད་བསྒོམ་རན་ཛ་བསྡུས་ཚར་ནས་མེད། བདག་དཀྱིལ་འཁོར་དང་དབྱེར་མེད་དུ་མདུན་བསྐྱེད་བསྒོམས་ནས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་གཙོ་རྐྱང་གཅིག་སྤྲོས་ཏེ། ཤར་སྒོའི་སྒོ་ཁང་དུ་གནས་ནས་


CMR021_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང་བཀུལ་བ་སོགས་བྱེད་པ་ཡིན་པས་འདི་དང་དོན་གཅིག་ཏུ་བབས། དེ་ལ་མཁས་པ་ཆེན་པོ་ཡེ་ཤེས་དབང་ཕྱུག་གིས་མཛད་པའི་རྡོར་ཕྲེང་རྒྱས་པ་ལས། ཁ་ཅིག་རྡུལ་ཚོན་བསྐྱེད་ཟིན་ནས་བདག་བསྐྱེད་ཀྱང་དེ་ལས་སྤྲོ་བར་བྱེད། ཅེས་དང་། རྗེ་མི་བསྐྱོད་ཞབས་ཀྱིས་ཁྱད་པར་རྡོར་ཕྲེང་བའི་ཕྱག་ལེན་ཁ་ཅིག་ཏུ། བདག་མདུན་བུམ་གསུམ་དུས་གཅིག་བསྐྱེད་པའི་ལུགས་སྣང་། ཞེས་གསུངས་པ་ལྟར་པདྨ་དཀར་པོས་ཀྱང་དེ་ལྟར་མཛད། ཁྱད་པར་མཁས་པ་ཆེན་པོ་སྟག་ལུང་ངག་དབང་གྲགས་པས་སྦྱོང་རྒྱུད་ཕྱག་རྡོར་འཆི་བདག་འཇོམས་པའི་དཀྱིལ་འཁོར་ཡང་དེ་ལྟར་མཛད། རྡོར་ཕྲེང་དང་མི་ཏྲ་བརྒྱ་རྩ་སོགས་ནས་རྡོར་དབྱིངས་གཙུག་དགུ། སྦྱོང་རྒྱུད་དཀྱིལ་འཁོར་རྣམས་ལ་ཡང་དེ་ལྟར་མཛད་པ་ལྟར་འདིར་བདག་ཐ་མི་དད་པ་ཡིན་ལ། བུམ་ལྷ་དྲན་རྫོགས་སུ་གསལ་འདེབས་ཆོག་པ་ནི་ཨ་ཧྥུ་ཀ་རའི་རྡོར་ཕྲེང་གི་གཞུང་ནས་འབྱུང་བ་ལྟར་ཡིན་པས། དབང་སྒྲུབ་ལུགས་འདི་ནི་བྱ་སླ་ལ་ཚེགས་ཆུང་ཉུང་ཡང་མ་ཚང་བ་མེད་ཅིང་ཆད་པའི་སྐྱོན་དུ་མི་འགྱུར། ཁོ་བོ་དབང་བསྐུར་དང་ཆོ་གའི་གཞུང་ལ་རྒྱ་ཆེར་སྦྱོང་བའི་མཁས་ཁྱད་ངོ་མཚར་ཅན་ཞིག་ཡིན་ནོ། །


CMR021_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདག་རཱ་ག་ཨ་སྱས་རང་ལོ་ཉེར་གསུམ་གྱི་དུས། འོ་བྲན་དཔལ་གྱི་དབང་ཕྱུག་གི་གདུང་རྒྱུད་སྔགས་ཕྱོགས་ལ་ཤིན་ཏུ་མཁས་ཤིང་དབང་ལུང་རྒྱ་ཆེ་བ་དང་། མངོན་པར་ཤེས་པ་དང་ལྡན་ཞིང་གྲུབ་རྟགས་མང་དུ་བཞག་པའི་བླ་མ་ངག་དབང་འཇིགས་མེད་གྲགས་པ་ལ་ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དབང་ཞུས་པས། ཁོ་བོས་ས་ལུགས་ཀར་ལུགས་སྟག་ལུང་ལུགས་གསུམ་ཀ་ཐོབ་པ་གང་ཞུ་གསུངས། རྣལ་གྲོལ་སྒོ་ཆེན་འདོད་ཞུས་པས། དེ་བློ་ལ་མེད་པས་དཔེ་ཆོག་དགོས་གསུངས་ནས་དབང་སྒྲུབ་མཛད་ཚེ་དཔེ་ལ་གཟིགས་པས་ཕྱག་རྒྱ་སོགས་འགྲིགས་དཀའ་བས་ང་མ་མགུ་པ་དོགས་པ་འདྲ། དབང་སྒྲུབ་ཚེ་ཁྱོད་སྒོར་སོང་གསུངས། བདག་གིས་གབ་སྤྱད་པའི་ལུགས་དང་ཕྱག་ལེན་དེ་ཞོར་ལ་ལོབ་འདོད་པས་ལན་གསུམ་གསུངས་ཀྱང་མ་སོང་བར་བསྡད་པས་བླ་མས་སྐུ་ལུས་བསྲངས་ནས་ལྟ་སྟངས་ཤིག་མཛད་དེ་གྲེ་ཕུག་ནས་སུམྦྷ་ནི་གསུངས་པས། ང་རང་དབང་མེད་པར་སྒོ་རྒྱབ་ཏུ་འགྲོ་དགོས་པ་ཞིག་བྱུང་། བླ་མ་འདི་ལ་ནུས་པ་ཆེན་པོ་ཡོད་ཟེར་བ་བདེན་པར་འདུག་སྙམ་ནས་དད་པ་ཡང་སྐྱེས། རྒྱང་ཙམ་སོང་ནས་ནང་དུ་ཤོག་


CMR021_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་ཀུན་རིག་གི་དབང་བཤད་དང་བཅས་པ་རྒྱས་པར་གནང་། དེ་ནས་ཁམས་སུ་ཡོང་བསམ་སྐབས་ཆོ་ག་ཡང་ལྐོག་ཏུ་བསྐུངས། མགོན་བླ་བསམ་གཏན་པའི་དྲུང་ནས་འདོན་ལུགས་ཕྱག་ལེན་དང་རྒྱས་འདེབས་སོགས་ཕྱག་རྒྱ་རྣམས་བསླབས། དེ་ནས་ཁམས་སུ་ཕྱིན་ནས། དཔོན་ཞིག་གིས་གསོལ་དགོངས་བཟུང་དགོས་ཟེར་བར་ཞག་ཉི་ཤུ་ཙམ་ལ་ཆོ་ག་བཏོན་ཚེ། ཚིག་དང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་སྐད་ཅིག་ཀྱང་མ་ཡེངས་བར་ཁྲིག་ཁྲིག་འཕྲོད་པ་དང་པོ་དཀའ་ཞིང་དེ་ནས་འཕྲོད་ཐུབ་ཙམ་བྱུང་། རང་གི་ཡབ་རྒན་སློབ་དཔོན་ལ་དབང་བཅོ་ལྔ་ཉི་ཤུ་ཙམ་བསྐུར། དེ་ནས་མཚམས་བསྡམས་ཏེ་རྩ་རིག་ལ་བསྙེན་པ་ཞིག་བསྐྱལ། དེ་ནས་རང་གི་མཆེད་གྲོགས་སུ་གྱུར་པའི་བླ་མ་འགའ་ཞིག་ལ་ཆོ་གའི་ལུང་དང་། རོ་སྲེག་གི་ཕྱག་ལེན་རྒྱས་པ་མཐོང་བ་བརྒྱུད་པ་དང་། འདོན་འགྲིགས་དང་ཕྱག་རྒྱ་དང་། ཕྱིར་ལྡོག་དབང་བསྐུར་སོགས་ལ་འདྲ་བསྡུར་དག་བཤར་བྱས་སོ། །དེ་ནས་རང་གི་མཆེད་གྲོགས་རྡོ་རྗེའི་སྤྱན་དུ་གྱུར་པ་རབ་འབྱམས་སྡེ་སྣོད་འཛིན་པ་ཀརྨ་བི་ཤཱ་དྷ་ནི་རྙིང་མའི་དབང་ལུང་འགའ་ཞིག་གསན་པའི་ཕྱིར་དུ་ཕེབས་བྱུང་བས་ཁོང་


CMR021_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་སྔར་རི་བོ་ཆེའི་གཙུག་ལག་ཁང་དུ་རྗེ་ཆོས་ཀྱི་དབང་ཕྱུག་ལས་དཀྱིལ་འཁོར་བཅུ་གཉིས་ཐོབ་འདུག་པས། དབང་སྒྲུབ་རྣམས་བདག་རང་དང་མཉམ་དུ་བཅས་ཏེ་དག་ཆ་དང་བཅས་ཏེ་བྱས་ནས། སྔོན་མ་ཐོབ་པའི་དཀྱིལ་འཁོར་བཅུ་གཅིག་པོ་ཚང་བར་ཞུས། དུས་ཕྱིས་དྲུང་པ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ་ངེད་མ་བུ་གཉིས་ཀྱིས་མཉམ་དུ་ཀུན་རིག་དབང་ཞིག་ཞུས། ཡང་སྤྲུལ་སྐུ་བདེ་ལེགས་སྙིང་པོས་སྟག་ལུང་ཞབས་དྲུང་ལ་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གསན་འདུག་པས། ཀུན་རིག་གི་དབང་ཚེ་དཔག་མེད་གསུང་དཀྱིལ་གཉིས་ཞུས། ཡང་དྲུང་སྐྱིད་སྤྲུལ་སྐུས་དཀྱིལ་འཁོར་བཅུ་གཉིས་སྟག་ལུང་པ་ལས་གསན་པར་འདུག་པར་རྒྱ་ཆེན་བཞིས་བསྐོར་གྱི་དབང་བསྡུས་པ་ཞུས། ཡང་བླ་མ་སངས་རྒྱས་རྡོ་རྗེས་ཆོས་རྗེ་བཅོ་བརྒྱད་པ་བསྟན་འཛིན་ལྷུན་གྲུབ་ལ་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གསན་འདུག་པས་ཚེ་དཔག་གསུང་དཀྱིལ་གྱི་དབང་བསྡུས་པ་ཞུས། རྗེ་མི་བསྐྱོད་ཞབས་ནས་ཐར་འདོད་གྲོལ་སྡེ། བཅོམ་ལྡན་རིགས་པའི་རལ་གྲིས་མཛད་པའི་ཀུན་རིག་འགྲེལ་ཆེན། ཡང་སྔགས་རམ་པ་ཞིག་གིས་མཛད་པའི་ཀུན་རིག་འགྲེལ་པ།


CMR021_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་ཆེན་མོ་སོགས་ལ་ཐོས་བསམ་བྱས་པས་གོ་བ་ལེགས་པོ་བྱུང་བས། རྣམ་གྲོལ་སྒོ་ཆེན་ཀྱི་འགྲེལ་པ་སོགས་བརྩམས་པས། ཅུང་ཟད་འཕེལ་བས་དེ་དག་ལ་བརྟེན་ནས་བསྙེན་པ་ཐོན་མཁན་ཡང་མང་དུ་བྱུང་། དེ་དག་ཐོབ་པ་དང་ཤེས་པ་ཙམ་དུ་མ་བཞག་པར་རྒྱས་སྲས་ཐོགས་མེད་པའི་ལུགས་ལྟར་རྒྱུན་བསྙེན་དང། ཚེ་དཔག་གསུང་དཀྱིལ་གྱི་བསྙེན་པ་ཚན་ཆེན་བསྐྱལ། མི་འགྱུར་རྡོ་རྗེའི་དགོངས་གཏེར་ཀུན་རིག་དང་། ཀློང་གསལ་སྙིང་པོའི་གཏེར་གསར་གྱི་ཀུན་རིག་ཡང་ཐོབ། གཞན་ལྷོ་རིན་པོ་ཆེའི་དྲུང་ནས། རྡོར་དབྱིངས་གཙུག་དགུ་སོགས་རྣལ་འབྱོར་རྒྱུད་ཀྱི་དབང་གསུམ་ཡང་ཐོབ། དཀྱིལ་འཁོར་བཅུ་གཉིས་ཚང་བའི་དབང་ལན་གྲངས་གསུམ་བཞི་ཙམ་གཞན་ལ་བཙུགས་ཤིང་། དབང་ཐོར་བུར་བསྐུར་བ་དང་། ཕྱིར་ལྡོག་བྱང་བུ་རོ་སྲེག་སོགས་ཀྱང་མང་དུ་བྱས་པས་གོམས་འདྲིས་ཆེ། གང་ལ་གོམས་པ་དེ་ལ་མཁས། ཟེར་བའི་དཔེ་བདག་གིས་བསྒྲིགས་པའི་དབང་ཆོག་འདི་ཡིད་ཆེས་པའི་གནས་ཡིན་ནོ། །དེ་ཡང་འདིའི་བརྒྱུད་པ་ནི་རྣམ་གྲངས་མང་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ། རྒྱལ་པོ་རབ་གསལ་ཟླ་བ། བྲམ་ཟེ་ཛི་ན་མི་ཏྲ། སྲ་


CMR021_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཕ་ལ། སྒྲ་གཅན་འཛིན་བཟང་པོ། ཡེ་ཤེས་རྡོ་རྗེ། པྲ་ཧ་ན་ཏི། ཀུན་དགའ་སྙིང་པོ། ཤེས་རབ་སྐྱོང་། རབ་འབྱོར་སྐྱོང་། ཁ་ཆེ་པཎ་ཆེན་ཛྙཱ་ན་བི་ཆེན་།་གཉལ་པ་ཉི་མ་འབར། །སྣུར་ཉི་མ། གཤིན་རྡོ་རྗེ་སེང་གེ །རྒྱ་གསེར་སོགས་འགྲོ་འཛི་བ། སྙེ་མདོ་བ་བསོད་དཔལ། སྙེ་མདོ་ཀུན་དགའ་དོན་གྲུབ། རྗེ་རང་བྱུང་རྡོ་རྗེ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན་ནོ། །ཡང་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་སྐྱོང་། ཀུན་དཀའ་སྙིང་པོ། ཤེས་རབ་སྐྱོང་། གོ་མི་དགེ་བསྙེན་ཤཱཀྱ་ཡེ་ཤེས། ཇོ་བོ་རྗེ། གོ་མི་སྒོམ་ཆེན། སྤྱི་ནོར་ཛཱ་ན། གཉལ་པ་ཉི་མ་འབུམ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་པ་དཀོན་མཆོག་གྲགས། ཤཱཀྱ་འབུམ། འཇིམ་པ་རིན་ཤེ། ལོ་མཆོག་དཔལ་ལྡན་སེང་གེ །བུ་སྟོན་རིན་པོ་ཆེའོ། །ཡང་ན། རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་སྙིང་། པྲཛྙཱ་པཱ་མི་ཏ། མུ་སྟེགས་ཀོ་ཥ། དྷརྨ་པཱ་ལ། ཇོ་བོ་


CMR021_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། དོལ་པ་སྒོམ་ཆེན། སྐྱི་ནོར་ཛྷཱ་ན། གཉལ་པ་ཉི་མ་ཤེ། གནུར་ཉི་མ། གཤེན་རྡོར་སེང་། གླན་ཆོས་འབྱུང་བ། སུམ་སྟོན་ཤཱཀྱ་འབུམ། འཇིམ་པ་རིན་ཆེན་ཤེ །ཡང་རྩེ་བ་རིན་སེང་། ཀུན་མཁྱེན་བུའོ། །ཡང་ན། ཀུན་སྙིང་ནས་དེ་བཞིན་གཤེགས་པའི་རྡོ་རྗེ། ཤ་དྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ་། གྲགས་པ་འབྱོར་ཤེས། སུམ་སྟོན་འབྱོར་ཤེས། སུམ་སྟོན་ཡེ་ཤེས་འབར། གཉེན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར་གྲགས། རོང་པ་ཆོས་མགོན། རི་ལུང་ཕུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ །ཀུན་མཁྱེན་འཕགས་འོད། ཀུན་མཁྱེན་བུ་སྟོན་ནོ། །ཡང་ན། སྤྱན་རིས་གཟིགས། སློབ་དཔོན་དཔེ་མེད་མཚོ། རིན་འབྱུང་ཞི་བ། བྷ་སྐ་ར་དེ་ཝ། རྡོ་རྗེ་གདན་པ། བིཀཱ་ཏ་དེ་ཝ། ཁ་ཆེན་པཎ་ཆེན། བི་བྷུ་ཏི་ཙནྡ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་ལྡན། རོང་པ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན། དེ་ནས་ཐུགས་སྲས་ལོ་ཙཱ་བ། ཀརྨ་པ་མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་


CMR021_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །གྲགས་པ་དོན་འགྲུབ། ཆོས་ཀྱི་དབང་ཕྱུག །ཡང་ན་ཆོས་གྲགས་རྒྱ་མཚེའི་བར་དང་། སི་ཏུ་བཀྲ་ཤི་དཔལ་འབྱོར། ཀརྨ་ཕྲིན་ལས་པ། གཙུག་ལག་ཕྲེང་བ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཐམས་ཅད་མཁྱེན་པ་དྲུག་པ། ངག་དབང་འཇིགས་མེད་གྲགས་པ། དེས་བདག་རཱ་ག་ཨ་སྱ་ལའོ། །རྩ་བའི་དལ་མ་གཏོགས་པའི་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཅིག་གི་དབང་གི་བརྒྱུད་པ་ནི་གོང་དང་འདྲ་བ་ལས། རྒྱལ་བ་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག །པཎ་ཆེན་ལུང་རིགས་ཉི་མ། སྡོམ་བརྩོན་སྡེ་སྣོད་འཛིན་པ་ཀརྨ་བི་ཤོ་དྷ།་དེས་བདག་རཱ་ག་ཨ་སྱ་ལའོ། །ཡང་ཀུན་རིག་དང་རྒྱལ་ཆེན་བཞིས་བསྐོར་གྱི་བརྒྱུད་པ་ནི། ཆོས་ཀྱི་དབང་ཕྱུག །པཎ་ཆེན་ལུང་རིགས་ཉི་མ། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། རཱ་ག་ཨ་སྱ་ལའོ། །ཡང་ཀུན་རིག་དང་གསུང་དཀྱིལ་གྱི་བརྒྱུད་པ་ནི། དཀོན་མཆོག་ཡན་ལག །བ་ལེ་བ་རྣམ་རྒྱལ་དཔལ་བཟང་། ངག་དབང་རྣམ་རྒྱལ། ངག་དབང་བཀྲ་ཤིས་དཔལ་གྲུབ། བདེ་ལེགས་སྙིང་པོ། རཱ་ག་ཨ་སྱ་


CMR021_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ་། །ཡང་ཚེ་དཔག་གསུང་དཀྱིལ་གྱི་བརྒྱུད་པ་ནི། ཁ་ཆེན་པཎ་ཆེན་དྷརྨ་པ་ལ། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་མ་ཤེས་རབ། ཉི་མ་འོད་ཟེར། རྡོ་རྗེ་སེང་གེ །རྒྱ་གསར་བ། བྲམ་ཟེ་ཏི་པ། འབྲོག་འཛིན་པ་རིན་ཆེན། བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། བླ་ཆེན་སངས་རྒྱས་སྲས། བདག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། བླ་མ་དཔལ་ལྡན་པ། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་སེང་གེ །ཆོས་རྗེ་མགོན་པོ་དབང་ཕྱུག །གཉལ་ལོ་གྲགས་པ་ཆོས་འགྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། དབོན་བསྟན་འཛིན་ལྷུན་གྲུབ། དྲི་མེད་སངས་རྒྱས་རྡོ་རྗེ། རཱ་ག་ཨ་སྱེ་ལའོ། །ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་ཉིད་དང་། ཀུན་རིག་ཆེན་པོ་རྣམ་གྲོལ་སྒོ་ཆེན། རྡོར་ཕྲེང་རྣལ་འབྱོར་རྒྱུད་ཀྱི་དབང་། མི་ཏྲ་བརྒྱ་རྩའི་སྦྱོང་རྒྱུད་ཀྱི་དབང་། མཆིམས་ཆེན་ནམ་མཁའ་གྲགས་ཀྱིས་མཛད་པའི་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་ཡིག་རྙིང་། སྐྱེས་ཆེན་གཙུག་ལག་ཕྲེང་བས་མཛད་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་མགྱོགས་དབང་དེ་རྣམས་ཀྱི་དོན་བསྡུས་ཏེ། ཚིག་ཉུང་ཀྱང་དོན་ཟབ་རྒྱ་ཆེ་བ་ཡིན་ནོ། །ཆོས་རྗེ་མི་བསྐྱོད་ཞབས་ཀྱི་གསུང་ལས། དེང་


CMR021_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཁ་ཅིག་གིས་དབང་བསྐུར་དཔེ་ཆོག་ལ་བརྟེན་ནས་དབང་བསྐུར་བར་དབང་མི་འོས་སོ། །ཞེས་སྨྲ་བའང་མི་འགྲུབ་སྟེ། ཚིག་དང་དོན་གྱི་གཟུངས་ཐོབ་པ་དག་གིས་འཆད་རྩོད་རྩོམ་གསུམ་ཞེས་སོགས་འདོན་བྷཻ་ཅུང་བྱེད་ཀྱང་རྒྱུད་གླེགས་བམ་ལ་མ་ལྟོས་པར་འཆད་ནུས་ཀྱང་། གདུལ་བྱ་དབང་བརྟུལ་ཤེས་རབ་དམན་པ་རྗེས་སུ་བཟུང་བའི་སླད་ཀྱིས་བསྟན་པ་ཡུན་དུ་གནས་པར་བྱ་བའི་ཕྱིར། རྒྱུད་བསྐྱེད་རྫོགས་ཀྱི་སྒྲུབ་དཀྱིལ་ཐམས་ཅད་གླེགས་བམ་དུ་འགོད་པར་མཛད་ཅིང། གཞན་སྨིན་གྲོལ་དུ་འགོད་པ་ནས་ཀྱང་གླེགས་བམ་ནས་དེ་ལྟར་བྱུང་བ་ལྟར་གླེགས་བམ་དེ་ཉིད་ཀྱིས་སྟེང་ནས་རྒྱུད་འཆད་པ་སོགས་རུང་བ་ཉིད་ཀྱིས་ཕྱིར་ན་དེ་ཉིད་སྟེང་ནས་སྒྲུབ་དཀྱིལ་སོགས་ཀྱི་འདོན་བསྒོམ་བྱར་རུང་བའི་མཐུན་སྦྱར་བ་ལས། རྒྱུད་འགྲེལ་ཚད་ལྡན་གང་ནས་ཀྱང་གླེགས་བམ་གྱི་སྟེང་ནས་སྒྲུབ་དཀྱིལ་འདོན་བསྒོམ་བྱར་མི་རུང་ཞེས་དམིགས་གསལ་དུ་གསུངས་པའི་ཡི་གེ་ནི་གཅིག་ཀྱང་མེད་དོ། །གསང་སྔགས་ཀྱི་རྒྱུད་རབ་འབྱམས་ལ་སྒྲུབ་དཀྱིལ་མཐའ་ཡས་པ་དེ་ལས་དང་པོ་པས་གང་ཐོབ་བློ་ལ་འཛིན་མི་ནུས་པའི་ཕྱིར། གསང་སྔགས་གྱི་ཆོས་གང་ཐོབ་རྣམས་བློ་ལ་འཛིན་མི་ནུས་པའི་སྒྲུབ་དཀྱིལ་རྣམས་དཔེ་ལ་བརྟེན་ནས་འདོན་སྒོམ་བྱེད་པ་ནི་རྒྱ་བོད་ཀྱི་བརྒྱུད་པ་བར་མ་ཆད་པའི་སྲོལ་ཡིན་པས། ཕྱིས་སུ་གང་ཟག་ཁ་ཅིག་གིས་དབང་བློ་ཐོག་དང་ལུང་དཔེ་ཐོག་ནས་མ་བྱས་ན་དབང་རྣམ་དག་ཏུ་མི་འབྱུང་ངོ་། །ཞེས་ཟེར་བ་ནི་བརྗོད་པ་ཙམ་ལས་སྒྲུབ་བྱེད་ཅི་ཡང་མི་སྣང་ངོ་། །ཞེས་གསུངས་པ་ལྟར། འདི་ཡང་དཔེ་ཆོག་


CMR021_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་དུ་བྲིས་པ་ཡིན་ནོ། །ཞེས་དགེ་སློང་རཱ་ག་ཨ་སྱས་བསྒྲིགས་པ་ལ་འགལ་འཁྲུལ་གང་མཆིས་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བཤགས་ཤིང་། དགེ་བས་འདི་ལ་འབྲེལ་པ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །དཔལ་གཙང་མའི་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔས་ཀྱང་སྔོན་ཚེ་ཞལ་གྱིས་བཞེས་པ་བཞིན་དབང་འདི་འཕེལ་ཞིང་རྒྱས་པ་དང་། དབང་རྒྱུན་འདི་དང་འབྲེལ་པ་ཐོགས་ཚད་བསྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། འདི་ཉིད་བརྩམས་ཤིང་བྲིས་པའི་དགེ་བའི་རྩ་བ་དེས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །འགྲོ་བ་སེམས་ཅན་ཐམས་ཅད་ཁྱབ་བདག་རྣམ་སྣང་ཆེན་པོས་རྗེས་སུ་འཛིན་པར་གྱུར་ཅིག །མངྒ་ལཾ།། །།
༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousསྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་སྤྱི་བཤད་མཐོང་བ་དོན་གསལ།next