Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་གི་ལོ་རྒྱུས།
   


 
previousབཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་གི་ལོ་རྒྱུས།next

བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་གི་ལོ་རྒྱུས།


CMR021_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་གི་ལོ་རྒྱུས་བཞུགས་སོ།།


CMR021_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཉིད་ལྷའི་གནས་དགའ་བའི་ཚལ་ན་བཞུགས་པའི་ཚེ་ངན་སོང་སྦྱོང་བའི་རྒྱུད་བརྟག་པ་དང་པོ་གསུངས་ཚར་བ་དང་། གསང་སྔགས་དང་རིག་སྔགས་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་སྟན་ལས་བཞེངས་ཏེ་རྡོ་རྗེ་གསོར་ཞིང་། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་སངས་རྒྱས་ཀྱི་མཐུས། ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་འདི་གསུངས་སོ། །འདིའི་ཕན་ཡོན་ནི། རྒྱུད་ལས། དེ་བཙུན་བཞིན་དུ་བཅུག་སྟེ་དབང་བསྐུར་ན་ངན་སོང་ཐམས་ཅད་རྣམ་པར་གྲོལ་ཏེ། བདེ་འགྲོ་མཐོ་


CMR021_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ཀྱི་འཇིག་རྟེན་དང་། གང་ནས་གང་དུ་ཡང་སྐྱེ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །སངས་རྒྱས་སུ་ཡང་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །སྔ་མ་བཞིན་དུ་ལས་ཐམས་ཅད་བྱེད་ཅིང་། ལས་ཐམས་ཅད་ལ་ཐོག་པ་མེད་པར་འགྱུར་རོ། །བྱབས་པ་བྱས་པས་རིམས་ཐམས་ཅད་དང། གདོན་དང་དུག་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཕྱག་ན་རྡོ་རྗེ་ཧཱུྃ་ཞེས་བྱ་བས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །བརྟག་པ་གཞན་གྱི་ཆོ་ག་ཀྱང་ཐམས་ཅད་འགྲུབ་ནུས་པར་འགྱུར་རོ། །ལྷ་དང་ཀླུ་དང་གནོད་སྦྱིན་


CMR021_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲིན་པོ་ལ་སོགས་པ་ངན་སོང་གི་རྒྱུད་ཀྱི་དབང་དུ་གྱུར་པ་རྣམས་ཤི་བའི་རོའམ། གཟུགས་བརྙན་ནམ། མིང་ལ་སོགས་པ་བྲིས་ཏེ། བཟླས་པ་དང་སྦྱིན་སྲེག་དང་། དབང་རྣམས་སྔ་མ་བཞིན་དུ་བསྐུར་ན་ངན་སོང་ཐམས་ཅད་ལས་ཡོངས་སུ་གྲོལ་བ་བྱེད་དོ། །ཞེས་གསུངས་པ་འདིའི་དབང་ཐོབ་ན། བར་ཆད་སེལ་བ་དང་། སྡིག་སྒྲིབ་ཐམས་ཅད་བྱང་བ་དང་། ཕྱི་མ་ངན་སོང་ལ་མི་ལྷུང་བ་དང་། བདེ་འགྲོ་གོང་ནས་གོང་དུ་སྐྱེ་བ་ཇེ་མཐོར་སྐྱེ་ཞིང་། མཐར་ཐུག་སངས་རྒྱས་ཀྱི་འབྲས་བུ་ངེས་པར་ཐོབ་པའི་ཕན་ཡོན་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་ཏེ་རཱ་ག་ཨ་སྱས་སྦྱར་བའོ།། ། ཚེ་དཔག་མེད་ཀྱི་ལོ་རྒྱུས་ནི། བཅོམ་ལྡན་འདས་ཀྱིས་ལྷའི་གནས་དགའ་བའི་ཚལ་ན་སྦྱོང་རྒྱུད་བརྟག་པ་དང་པོ་གསུངས་ནས། སངས་རྒྱས་ཀྱི་མཐུས་ཕྱག་ན་རྡོ་རྗེས་བརྟག་པ་ཕྱི་མ་གསུངས་པའི་སྐབས་སུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་འཁོར་རྣམས་ལ་གཟིགས་ནས་ཞལ་འཛུམ་པར་མཛད་པས། འཁོར་ཐམས་ཅད་རབ་ཏུ་གཡོས་ཤིང་འགུལ། རབ་ཏུ་འབར་ཞིང་རྒོད་པ་དང་བརྩེ་བ་དང་ཡ་མཚན་པའི་ལྟས་སུ་གྱུར་ཏེ།


CMR021_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་དངོས་སུ་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱུ་མ་མཆིས་པར་འཛུམ་པར་མི་མཛད་ན། འཛུམ་པའི་རྒྱུ་གང་ལགས་ཞུས་པས། སྔོན་སངས་རྒྱས་རྣམས་ཀྱིས་བཤད་པའི་འཆི་བདག་ཞི་བར་བྱེད་པ་དང་། དུས་མ་ཡིན་པའི་འཆི་བདག་འཇིགས་པར་བྱེད་པའི་རིག་སྔགས་ཐོས་གསུངས་པས། ལྷ་རྣམས་དགའ་ཞིང་མགུ་ནས་བ་སྤུ་ལང་སྟེ་ཕྱག་འཚལ་ཞིང་བསྟོད་ནས། ཚེ་ཐུང་བར་སོན་ཚེ་རིང་བར་བགྱིས་པ་དང་། །དུས་མ་ཡིན་པར་འཆི་བ་རྣམ་པར་གྲོལ་བ་དང་། ངན་སོང་དུ་སྐྱེས་པ་ངན་སོང་ལས་ཐར་བ་དང་། འཁོར་བར་འཇིགས་པས་སྐག་པ་འཁོར་བ་ལས་ཐར་ནས། མྱུར་དུ་སངས་རྒྱས་པའི་ཕྱིར་དུ་རིག་སྔགས་དེ་གསུང་བར་ཞུས་པས། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་འདི་གསུང་པ་ཡིན་ལ། དེའི་ལྷ་རྣམས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང་། ངན་སོང་གི་རྒྱུད་དང་ལྡན་པ། སེམས་ཅན་དམྱལ་བ་དང་ཡི་དྭགས་དང་། བྱོལ་སོང་རྣམས་སུ་སྐྱེ་བ་དག །མཆིས་ན་དེ་ལ་ཕན་ཇི་ལྟར་


CMR021_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པའི་ཚུལ། དེ་དག་དཀྱིལ་འཁོར་དུ་ཆུག་ཅིག །ཆོས་ཀྱི་ཡི་གེ་ཡང་ཟློས་སུ་ཆུག་ཅིག །དེས་སེམས་ཅན་དེ་དག་ཚེ་རིང་བར་གྱུར་བསོད་ནམས་དང་བྲལ་བ་རྣམས་བསོད་ནམས་དང་ལྡན་པར་འགྱུར། ངན་སོང་ལས་རྣམ་པར་གྲོལ་བར་འགྱུར། ཞེས་གསུངས། དེ་ནས་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས། རྒྱལ་པོ་དང་རྒྱལ་པོའི་བུ་རྒྱལ་པོའི་བློན་པོ་དང་རྒྱལ་རིགས་དང་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་དང་། གཞན་ཡང་དམའི་མཁོ་རེ་ཆུང་བ་དང་། ཕྱགས་དར་བ་དང་། མཐའ་འཁོབ་པའི་རིགས་ཅན་གྱི་སྐྱེ་བོ་རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་ནས། དེ་དག་གིས་རྣམ་པར་སྨིན་པ་ཅི་ལྟ་བུ་འགྱུར་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས་དཀྱིལ་འཁོར་འདིར་དབང་བསྐུར་བ་དང་ཕྱག་འཚལ་བ་དང་མཆོད་པ་ལ་སོགས་པའི་ཕན་ཡོན་ནི། དེ་བཤད་པའི་སྤོབས་པ་ང་ལ་མེད་དེ། ང་ཡི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་བརྒྱ་སྟོང་དུ་མར་བསྒྱུར་ཀྱང་གྲངས་སུ་མི་ཆོག །བསྒང་བར་མི་ཕོད་དཔེར་ཡང་མི་བཟོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད། ཅེས་


CMR021_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གསུངས་པས་ལྷ་རྣམས་ཤིན་ཏུ་དད་ཅིང་གུས་ནས། དཀྱིལ་འཁོར་འདི་ལ་ཞུགས་ཤིང་དབང་ཐོབ་པ་རྣམས། བདག་ཅག་གི་སློབ་དཔོན་ལགས་པར་འཚལ་བར་བགྱིད། ཕྱག་ན་རྡོ་རྗེ་ལགས་པར་འཚལ་བར་བགྱིད། རྡོ་རྗེ་སེམས་དཔའ་ལགས་པར་འཚལ་བར་བགྱིད། བདེ་བ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ལགས་པར་འཚལ་བར་བགྱིད། དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱི། ཞེས་དང་། དཀྱིལ་འཁོར་འཆད་པའི་སློབ་དཔོན་དེ་རུ་གཡོག་དང་བྲན་དང་བཀའ་ཉན་བྱེད་ཅིང་། བསྒོ་བ་ཐམས་ཅད་ཉན་ཏེ། ཕན་པ་དང་བདེ་བ་ཐམས་ཅད་བསྒྲུབ་ཅིང་། དངོས་གྲུབ་ཐམས་ཅད་སྩོལ་ཞིང་ཕྱི་བཞིན་དུ་འབྲང་སྟེ་རྐང་པའི་རྡུལ་ཡང་མགོ་བོས་བླངས་ཏེ་བཅོམ་ལྡན་འདས་ཉིད་ལྟར་ཕྲིན་ལས་བསྒྲུབ་པར་ཁས་བླངས་དམ་བཅས་པ་ཡིན་པས། འདི་ཡི་དབང་ཐོབ་ན་ཚེའི་བར་ཆད་ཞི་བ་དང་བསོད་ནམས་དབང་ཐང་འཕེལ་ཞིང་ལྷ་ཐམས་ཅད་ཀྱིས་སྡོང་གྲོགས་བྱེད་པ་དང་། ཕྱི་མ་ངན་སོང་གི་སྐྱེ་སྒོ་ཆོད་ཅིང་མྱུར་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས་པས། དེ་ལྟར་དོན་ཆེན་དང་ལྡན་པའི་དབང་ཞུ་


CMR021_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རྗེས་ཟློས་མཛོད། ཅེས་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལོ་རྒྱུས་བཞུགས་སོ། །དེ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དུ་མ་དང་བཅས། སྟེང་ལྷའི་གནས་དགའ་བའི་ཚལ་དུ་བཞུགས་པའི་ཚེ་ངན་སོང་སྦྱོང་བའི་རྒྱུད་ཆེན་པོ་གསུངས་ནས། བརྟག་པ་ཕྱི་མ་སངས་རྒྱས་ཀྱི་མཐུས་ཕྱག་ན་རྡོ་རྗེས་གསུངས་པ་སྟེ། དེ་ཡང་ཕྱག་ན་རྡོ་རྗེས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་སྔོན་གྱི་སྐྱེས་རབ་གསུངས་པ་ན། ལྷ་རྣམས་ཀྱིས་མངོན་པར་བསྟོད་ནས། སླར་སེམས་ཅན་ཀུན་ལ་ཕན་པ་དང་། ཁྱད་པར་དུ་སེམས་ཅན་ཚེ་ཐུང་བ་རྣམས་དང་སྐལ་པ་ཆུང་བ་རྣམས་ཚེ་བསྲིང་བ་དང་བསོད་ནམས་བསྐྱེད་པའི་ཐབས་ཞུས་པས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚེ་དཔག་ཏུ་མེད་པས་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། དེའི་སྙིང་པོ་གསུངས་པས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་རབ་ཏུ་ཞི་ནས་ངན་སོང་ཐམས་ཅད་དུ་སྐྱེས་པ་ལས་གྲོལ། འོད་ཟེར་གྱིས་འཇིག་རྟེན་ཐམས་ཅད་གསལ་བར་བྱས་ཏེ། མཛད་པ་བཅུ་གཉིས་ཀྱི་ཚུལ་བྱས་ནས་འོད་ཟེར་ཐུགས་ཀར་ཞུགས་སོ། །དེ་ནས་ཚེ་དཔག་ཏུ་མེད་པའི་


CMR021_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་དེའི་སྙིང་པོ་གསུངས་པས་ངན་སོང་གི་སྡུག་བསྔལ་ཐམས་ཅད་དེ་བཞིན་དུ་ཞི་བའོ། །དེ་ནས་སྒྲིབ་པ་ཐམས་ཅད་འཇོམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས་སྙིང་པོ་གསུངས་པས་ངན་སོང་ཐམས་ཅད་ལྟུང་བར་འགྱུར་རོ། སྒྲིབ་པ་མ་ལུས་པ་འཇོམས་པའི་སྙིང་པོ་གསུངས་པས། བདུད་ཀྱི་གནས་ཐམས་ཅད་རབ་ཏུ་བཅོམ་པར་འགྱུར་རོ། །སྙིང་པོའི་གཟུངས་གསུངས་པས་འཇིག་རྟེན་གྱི་ཁམས་གཡོས་རབ་ཏུ་གཡོས། བསྐྱོད་རབ་ཏུ་སྐྱོད། བསྒུལ་རབ་ཏུ་བསྒུལ། རྨད་དུ་བྱུང་བས་འཇིག་རྟེན་དུ་སྣང་བར་གྱུར་ཏེ། འཇིག་རྟེན་འཆི་བདག་འཇོམས་པ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དཀྱིལ་འཁོར་འདི་གསུངས་པ་ཡིན་ལ། འདིའི་དཀྱིལ་འཁོར་དུ་ཞུགས་ཤིང་། དབང་ཐོབ་ན་དུས་མ་ཡིན་པར་འཆི་བ་ཐམས་ཅད་བཟློག་པ་ཡིན་ཏེ། རྒྱུད་ལས། འཆི་བདག་སྦྲུལ་གྱིས་འཇིག་རྟེན་རྣམས། །འཆི་བདག་གཞོམ་ཕྱིར་གཞུག་པར་བྱ། ཞེས་གསུངས་སོ། །ཚེ་ཐུང་བ་དང་བསྐལ་པ་ཆུང་བ་རྣམས་ལ་ཕན་པ་དང་བདེ་བ་དང་ཚེ་བསྲིང་བའི་སླད་དུ་དཀྱིལ་འཁོར་འདི་གསུངས་པ་ཡིན་ལ། གཞན་ཡང་འདིའི་


CMR021_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱས་པ་ཙམ་གྱིས་ཞི་བ་དང་རྒྱས་པ་དང་དབང་ལ་སོགས་པའི་ལས་རྣམས་བརྟག་མི་དགོས་པར་འགྲུབ་པར་ཐེ་ཚོམ་མེད་དོ། །ཞེས་གསུངས་སོ། །གཞན་ཡང་བ་དམར་སེར་གྱི་མར་རམ། མར་སར་རམ། ཆུར་བའམ་འོ་མའམ་ཆང་ངམ་ཤ་ལ་སོགས་པ་གང་ཡང་རུང་བའི་སྣོད་དུ་བཞག་ལ་རྡོ་རྗེའི་རྭ་གཡོན་པས་མནན་ལ་འདིའི་ལྷ་ཚོགས་ལ་སེམས་གཏད་དེ་སྔགས་བཟླས་པས་འོད་དུ་ཞུ་བ་དང་དྲི་ཞིམ་བྲོ་བ། ཟས་དེ་ཟོས་པས་ཉི་ཟླ་དང་མཉམ་པའི་ཚེ་རྡོ་རྗེ་ལྟ་བུར་ཐོབ་ལ། རྟགས་ཐ་མ་ཅུང་ཟད་ཙམ་གྱིས་ཀྱང་དངོས་གྲུབ་དེ་དང་མཚུངས་པར་ཐོབ་པ་དང་། རྟགས་མ་བྱུང་ན་ཡང་འཇིག་རྟེན་ན་ནད་མེད་པ་དང་། ལོབ་སྐྱེན་པ་དང་། སྐྲ་དཀར་གཉེར་མ་མེད་པར་འགྱུར་ལ། ལུས་རྟེན་དེ་ལ་ཚེ་ལོ་བརྒྱ་ཐུབ་པར་གསུངས་ན། ཚུལ་བཞིན་དུ་སྒྲུབ་པའི་དཀྱིལ་འཁོར་དབང་ཐོབ་ན་བར་ཆད་སེལ་བ་ལྟ་སྨོས་ཀྱང་ཅི་དགོས་པས། དེ་ལྟར་འཆི་བདག་འཇོམས་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་ཏེ། རཱ་ག་ཨ་སྱས་སྦྱར་བའོ།། ། འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་གྱི་ལོ་རྒྱུས་ནི། དེ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སུམ་རྩེན་དགའ་


CMR021_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚལ་དུ་བཞུགས་ནས་ངན་སོང་སྦྱོང་བའི་རྒྱུད་གསུངས་ཤིང་། དེ་ནས་ཕྱག་ན་རྡོ་རྗེས་བརྟག་པ་ཕྱི་མ་འདི་གསུངས་ཏེ། རྒྱུད་འདི་ལ་བརྟག་པ་བཅུ་གཉིས་ཡོད་པ་ལས། འདི་ནི་འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་ཡིན་ཏེ། གཙོ་བོ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་དང་བདེ་བ་ཆེན་པོ་གང་རུང་བྱ་བར་གསུངས་པ་ལས། །འདི་ཀུན་ཏུ་བཟང་པོ་གཙོ་བོར་བྱས་པ་ཡིན། འདི་ཉིད་ཀྱི་དཀྱིལ་འཁོར་སྒོམ་བཟླས་བྱས་པའི་ཕན་ཡོན་ཡང་། ཀུན་ཏུ་བཟང་པོ་བདེ་བ་ཆེར། །འདི་ཉིད་ཀྱི་ནི་བསྒོམས་ནས་ཀྱང་། །སྙིང་གར་ཧཱུྃ་ཞེས་བྱ་བསམས་ནས། །རྡོ་རྗེ་སེམས་དཔའ་མཉམ་པར་གྱུར། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང་། །ཀུན་ཏུ་བཟང་པོ་བདག་ཉིད་འགྱུར། །དེ་ལྟར་འགྱུར་བ་ཐེ་ཚོམ་མེད། །ཞེས་གསུངས་ཤིང་། དེ་བཞིན་དུ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་ཁྲོ་བོ་དང་རྡོ་རྗེ་བརྟན་པ་ཕྱག་ན་པདྨ་རྡོ་རྗེ་ལ་སོགས་པ་རིགས་བཞིའམ་ལྔ་བསྒོམ་པའི་རིགས་སོ་སོ་དང་མཉམ་པའི་དངོས་གྲུབ་ཐོབ་པ་དང་། དེ་བཞིན་ཏུ་སེམས་དཔའ་བཅུ་དྲུག་གིས་ལས་ཚོགས་བཅུ་དྲུག་བསྒྲུབ་ཚུལ་རྒྱ་ཆེར་གསུངས་སོ། །ཁྱད་པར་དུ་ཡང་དཀྱིལ་


CMR021_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདི་ལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཕལ་ཆེར་འདུས་པ་ཡིན་ལ། དེ་ཡང་རྒྱུད་ལས། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འདིར་བཞུགས་པ་གང་ལགས་པ་དེ་དག་བཅོམ་ལྡན་འདས་ཀྱིས་བདག་ཅག་ལྷ་རྣམས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་བསྟན་ནས་སྦྱང་ངོ་། །མཐོ་རིས་ཀྱི་ལམ་བསྟན་པར་བྱའོ། །བདེ་འགྲོས་ལམ་བསྟན་པར་བགྱིའོ། །ངན་སོང་མ་ལགས་པའི་ལམ་བསྟན་པར་བགྱིའོ། །སྒྲིབ་པ་མ་མཆིས་པའི་ལམ་བསྟན་པར་བགྱིའོ། །དབེན་པའི་ལམ་བསྟན་པར་བགྱིའོ། །རྣམ་པར་དབེན་པའི་ལམ་བསྟན་པར་བགྱིའོ། །འབྱུང་བས་ལམ་བསྟན་པར་བགྱིའོ། །མྱ་ངན་ལས་འདས་པའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །སྤངས་བའི་ལམ་བསྟན་པ་བགྱིའོ། །ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ། །སངས་རྒྱས་ཉིད་དུ་སྒྲུབ་པའི་ལམ་བསྟན་པར་བགྱིའོ། །


CMR021_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱིའོ། །བདག་ཉིད་ཀྱི་བུ་བཞིན་དུ་ཡོངས་སུ་སྐྱོང་བར་བགྱིའོ། །ཕ་རོལ་གྱི་དགྲ་རྐུན་ཡོངས་སུ་གཞོམ་པར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་ལྗོངས་དང་རྒྱལ་པོའི་ཕོ་བྲང་དང་རྒྱལ་སྲིད་རྣམས་བསྲུང་བར་བགྱིའོ། །ཡུལ་དང་ཕྱོགས་དང་གྲོང་དང་གྲོང་ཁྱེར་དང་གྲོང་འཁོར་རྣམས་བསྲུང་བར་བགྱིའོ། །རྒྱལ་སྲིད་ཐོབ་པ་རྣམས་ཀྱི་རྒྱལ་སྲིད་རྒྱས་པར་བགྱིའོ། །གླིང་གཅིག་དང་གླིང་གཉིས་དང་གསུམ་པ་དང་བཞི་པ་དང་། བདེ་འགྲོ་དང་ལྷའི་གནས་དང་། ས་འོག་འཁོར་ལོས་སྒྱུར་བ་རྣམས་བརྩལ་བར་བགྱིའོ། །མདོར་ན་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། རྟོག་འདོད་ཉིད་དང་། དབང་ཕྱུག་ཆེན་པོ་ཉིད་བརྩལ་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་འདི་ཉམས་སུ་བླངས་ན། རྡོ་རྗེ་སེམས་དཔའ་འམ་ཀུན་ཏུ་བཟང་པོའི་གོ་འཕང་


CMR021_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་ལ། ཉམས་སུ་མ་བླངས་ཀྱང་དབང་ཐོབ་པའི་ཕན་ཡོན་ཁོ་ནས་ཕྱི་མར་ལྷ་རྣམས་ཀྱིས་ལམ་སྣ་འདྲེན་ཏེ། །དག་པའི་ཞིང་ཁམས་སུ་བདེ་འགྲོ་མཐོ་རིས་ཀྱི་ལམ་དུ་འཁྲིད་ཅིང་ལམ་སྟོན་པ་དང་། ཚེ་འདིའི་བར་ཆད་ཐམས་ཅད་སེལ་བ་དང་། ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བར་གསུངས་པས། དེ་ལྟ་བུའི་ཕན་ཡོན་རྒྱ་ཆེན་པོ་ཅན་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་པ་ཨ་རཱ་གས་གསུངས་སོ། མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ལོ་རྒྱུས་ནི། དེ་ཡང་བཅོམ་ལྡན་འདས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་དང་པོ་ཀུན་རིག་རྩ་བའི་དཀྱིལ་འཁོར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། བརྟག་པ་ཕྱི་མའི་དཀྱིལ་འཁོར་བཅུ་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཟིན་པ་དང་། ལྷ་རྣམས་རབ་ཏུ་དགའ་ནས་ཕྱག་འཚལ་ཞིང་། ཁྲོ་བོའི་དཀྱིལ་འཁོར་གསུངས་པར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རང་ཉིད་ཀྱི་སྐུ་མི་སྣང་བར་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པའི་རྡོ་རྗེ་གཉིས་སུ་མེད་པར་མཉམ་པའི་ཏིང་ངེ་འཛིན་ལ་བཞུགས་ནས་རྡོ་རྗེ་སེམས་དཔའ་ཁྲོ་བོ་རྡོ་རྗེ་མེ་དང་


CMR021_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་གསུངས་སོ། །འདི་ཡི་དབང་ཐོབ་ནས་ཚུལ་བཞིན་དུ་བསྙེན་པ་ཐེམ་ན་འཇིག་རྟེན་གསུམ་གྱི་དངོས་གྲུབ་ཐམས་ཅད་ཐོབ་པར་གསུངས་ཏེ། དེ་ཉིད་དྲན་ལྡན་བསྙེན་པར་བྱ། །དེ་ནས་ངེས་པར་དངོས་གྲུབ་སྟེར། །ཡུད་ཙམ་འཇིག་རྟེན་གསུམ་དབང་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་ཕྲིན་ལས་སྒྲུབ་སྟེ། ཁྲོ་བོའི་རྒྱལ་པོས་ལས་དངོས་སུ་བྱེད་པར་ཡིན་པར་བཤད་མོད་ཀྱི། ཞི་དང་དབང་དང་རྒྱས་པ་རྣམས། །དེ་དག་བྱེད་འགྱུར་གདོན་མི་ཟ། །ཞེས་གསུངས་སོ། འདིའི་དབང་བསྐུར་བ་ལ་སོགས་པའི་ཐབས་ལ་བསྟེན་ནས་ནད་གདོན་བར་ཆད་ཐམས་ཅད་སེལ་བ་ཡིན་ཏེ། མདོར་ན་དུག་རིམས་གདོན་ལ་སོགས། །དེ་བཞིན་དེ་དག་ཐམས་ཅད་ནི། །ཐབས་ལ་སོགས་པས་འཇོམ་པར་བྱེད། །ཞེས་གསུངས་སོ། ཁྱད་པར་དུ་ཁྲོ་བོ་འཇིག་རྟེན་གསུམ་སྣང་སྐུར་བཞེངས། ཧཱུྃ་ལ་སོགས་པའི་སྔགས་དམིགས་སམ་བྱབ་པའི་ཆོ་ག་བྱས་པས་རིམས་དང་དུག་ནད་དང་གདོན་དང་བགེགས་དང་རྒས་པ་ལ་སོགས་པ་མི་མཐུན་པ་ཐམས་ཅད་སེལ་བར་གསུངས་ཏེ། རྒྱུད་


CMR021_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྲོ་བོ་འཇིག་རྟེན་གསུམ་སྣང་མཛད། །ཟླ་བ་འདྲ་བའི་དགེ་བསམ་དང་། །འོད་ཟེར་འབྱུང་བ་མང་པོ་ཡི། །ཆད་པར་འགྱུར་བ་རྣམས་བསམས་ལ། །རིམས་དང་དུག་དང་གདོན་ལ་སོགས། །འོད་ཟེར་གྱིས་ནི་ཕྱུང་ནས་སུ། །དེ་ཡི་ནད་ཀྱི་གནོད་པ་རྣམས། །ཞི་བའི་ཕྱིར་ནི་རིང་དུ་དོར། །དེ་ནས་ཧཱུྃ་གིས་ཚིག་བཞག་ལ། །རྡོ་རྗེ་ལྟ་བུར་ལུས་བསམས་ཤིང་། །ཧཾ་གིས་འཁོར་ལོས་གོ་ཆ་བགོ །འོད་ཟེར་ཆུ་ཡི་དབང་བསྐུར་རོ། །དེ་ནས་དེ་ཡི་མིང་སྨོས་ནས། །བཟླས་པ་ཚུལ་བཞིན་བསམ་པར་བྱ། །ཞེས་གསུངས་ཤིང་དེ་བཞིན་དུ་ཞི་རྒྱས་དབང་གི་སྦྱིན་སྲེག་རྒྱས་པར་གསུངས་ནས། བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་ཕྱག་འཚལ་མཆོད་པ་དཔག་ཏུ་མེད་པས་མཆོད་དེ། ཕྱག་ན་རྡོ་རྗེ་ལ་མཚན་བརྒྱད་ཀྱིས་བསྐོར་བར་བྱས་སོ། །དེ་ལ་འདིའི་དབང་ཐོབ་ན་ལྟ་སྨོས་ཅི་དགོས། དཀྱིལ་འཁོར་དམ་པ་འདི་ཡིད་ལ་དྲན་པ་རྣ་བས་ཐོས་པ་ཙམ་གྱིས་ཀྱང་། ཕན་ཡོན་མཐར་ཐུག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལྟ་བུ་ཐོབ་པར་གསུངས་པ་ཡིན་ཏེ། གོང་གི་འདི་བྲིས་བཀླག་གྱུར་ཏམ། །རྟག་ཏུ་འདི་འདོན་འཆང་བྱེད་


CMR021_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དྲན་ནམ་ཉན་པར་བྱེད་ཀྱང་རུང་། །ཕྱག་ན་རྡོ་རྗེ་འདྲ་བར་གྱུར། །ཞེས་གསུངས་སོ། །དེ་ལྟར་གནས་སྐབས་སུ་བར་ཆད་སེལ་བ་དང་མཐར་ཐུག་སངས་རྒྱས་འགྲུབ་པའི་དབང་ཟབ་མོ་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་རྒྱལ་ཆེན་བཞིས་བསྐོར་བའི་ལོ་རྒྱུས་ནི། དེ་ཡང་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས། རྒྱལ་པོ་ཆེན་པོ་སྡེ་བཞིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ། རང་རང་གི་སྙིང་པོ་ཕུལ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ནས། ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་བཞིས་བསྐོར་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་པ་ཡིན་ལ། འདིའི་དབང་ཐོབ་པའི་ཕན་ཡོན་ནི། རྒྱལ་པོ་མ་ཡིན་པར་རྒྱལ་པོར་འགྱུར་བ་དང་། རྒྱལ་པོ་དང་སྡེ་དཔོན་ཡིན་ན་སྟོབས་དང་མངའ་ཐང་སྐྱེ་བ་དང་། ཐ་མལ་པ་ཡིན་ནའང་། རང་རང་ལ་དཔགས་པའི་ཁ་རྗེ་དབང་ཐང་ཐམས་ཅད་པཎྜི་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བ་སོགས་ཐོབ་པའི་ཚུལ། རྒྱུད་ཉིད་ལས་གསུངས་པ་འདི་རྣམས་ལ་དཔྱད་པས་འཐུས་པར་འདུག །དཀྱིལ་འཁོར་ཉིད་དུ་དབང་བསྐུར་ན། །རྒྱལ་པོ་


CMR021_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ཡང་རྒྱལ་པོར་འགྱུར། །རྒྱལ་པོ་ཡིན་པ་ཆེན་པོར་འགྱུར། །འཛམ་བུ་གླིང་དབང་དཔལ་དང་ལྡན། །གླིང་བཞི་པ་ལ་དབང་བའི་མཆོག །ལས་བཞིར་དབང་ནི་བསྐུར་བར་བྱ། །ལན་བཞི་ཞུགས་པར་བྱས་ནས་ནི། །དེ་ལ་རྡོ་རྗེ་འཛིན་རྒྱལ་བདག །བུ་སྡུག་བཞིན་དུ་སྐྱོང་བར་བྱ། །ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་བསྩལ་པ་དང་། རྒྱལ་པོ་ཆེན་པོ་བཞིས་དམ་བཅས་པ་ནི། བདག་ཅག་རྒྱལ་པོ་ཆེན་པོ་བཞིས། །འབངས་དང་འཁོར་དང་བཅས་པ་དང་། །ཕོ་བྲང་འཁོར་དུ་བཅས་པ་ཡིས། །རྒྱལ་པོ་རྟག་ཏུ་སྐྱོང་བར་བགྱིད། །དེ་གདོན་གཞན་གྱི་ཕྲུ་མ་དང་། །དེ་ཡི་ནད་དང་འཆི་བ་ནི། །འཇིགས་དང་མུ་གེ་ལ་སོགས་པའི། །གནོད་པ་རྣམས་ནི་གཞོམ་པར་བགྱི། །ངལ་སོས་དང་ནི་རྒྱས་པར་བགྱི། །གནས་སྲུང་པོ་ནི་ཞི་བར་བགྱི། །ཕྱུག་དང་གཉེར་བཅས་དུས་མིན་པའི། །འཆི་བདག་ལུས་འཕགས་པོ་ཡིས་འཇོམས། །མིག་མི་བཟང་གིས་བཀྲ་ཤིས་ཤིང་། །མུ་གེ་ལ་སོགས་རྣམ་པར་འཇོམས། །མདོར་ན་བདག་གིས་དེ་ཡི་ནི། །རེ་དང་བསམ་པ་ཀུན་གྱི་སྟེ། །ཅི་སྟེ་ངེས་པ་མ་ལགས་ན། །ཕྱག་ན་རྡོ་རྗེ་


CMR021_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཁུས་པར་འགྱུར། །ཞེས་དམ་བཅའ་ཕུལ་ཏེ། རྒྱལ་པོ་ཆེན་པོ་སྡེ་བཞིས། འདིའི་དབང་ཐོབ་པ་རྣམས་རྟག་ཏུ་བསྲུང་ཞིང་སྐྱོང་བ་དང་། དེ་ལ་གནོད་པའི་གདོན་དང་། ནད་དང་དུས་མ་ཡིན་པར་འཆི་བ་དང་། མུ་གེ་ལ་སོགས་པའི་གནོད་པ་ཐམས་ཅད་ཟློག་པར་བྱེད་ཅིང་། ཁྱད་པར་དུའང་འདིའི་དབང་ཐོབ་པ་རྣམས་ལ། རྒྱལ་པོ་རྣམ་ཐོས་སྲས་ཀྱིས་ཚེ་དང་བསོད་ནམས་རྒྱས་པར་བྱེད་དོ། །ཡུལ་འཁོར་སྲུང་གིས་ནི་ནད་གདོན་བར་ཆད་ཞི་བར་བྱེད་དོ། །འཕགས་སྐྱེས་པོས་ནི་མི་ནོར་ཐམས་ཅད་དུས་མ་ཡིན་པར་འཆི་བ་བཟློག་གོ །སྤྱན་མི་བཟང་གིས་མུ་གེ་མེད་ཅིང་བཀྲ་ཤིས་པར་བྱེད་དོ། །མདོར་ན་ཡིད་ལ་ཇི་ལྟར་འདོད་པའི་རེ་བ་ཐམས་ཅད་སྐོང་ཞིང་བསམ་པ་འགྲུབ་པར་བྱེད་དོ། །གལ་ཏེ་དེ་ལྟར་མ་བྱས་ན་རྒྱལ་པོ་ཆེན་པོ་སྡེ་བཞིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་དང་དམ་ཚིག་ལ་མ་རྩིས་པ་ཡིན་པས། ཕྱག་ན་རྡོ་རྗེ་ལ་འཁུས་པ་སྟེ། ཕྱག་ན་ཚརྡོ་རྗེ་ལ་གནོད་པ་དང་འདྲ་བའི་ཉེས་སྒྲིབ་དང་བཀའ་ཡི་ཆད་པའི་གནས་སུ་གྱུར་ཅིག་ཅེས་པའི་དམོད་པ་བོར་བ་ལགས་པས། འདི་ཡི་དབང་ཐོབ་ནས་དམ་ཚིག་བསྲུངས་ན་རང་རང་


CMR021_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསོད་ནམས་ཇི་ཙམ་ཡོད་པ་དང་། རྗེས་སུ་དཔག་པའི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ཐམས་ཅད་ཡར་འཕེལ་དུ་འགྲོ་བ་ཐེ་ཚོམ་མེད་དོ། །དེ་ལྟར་ཚེ་བསོད་ནམས་རྒྱས་པར་བྱེད་པ་ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་བཞིས་བསྐོར་བའི་དཀྱིལ་འཁོར་གྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་པ་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་བཅུས་སྐོར་བའི་ལོ་རྒྱུས་ནི། དེ་ཡང་སྦྱོང་རྒྱུད་བརྟག་པ་ཕྱི་མའི་སྐབས་སུ། ཕྱོགས་སྐྱོང་བ་ཆེན་པོ་བཅུས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས།་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་རང་རང་གི་སྙིང་པོ་ཕུལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་བཅུས་བསྐོར་བའི་དཀྱིལ་འཁོར་འདི་གསུངས་ནས། ཕྱོགས་སྐྱོང་རང་གི་ཕྱོགས་གནས་རྣམས། བརྟག་མི་དགོས་པར་འགྲུབ་པར་འགྱུར་རོ། །ཞེས་འདི་འགྲུབ་ཀྱང་སླ་བར་གསུངས་པས། ཕྱོགས་སྐྱོང་བཅུ་པོ་དགའ་ཞིང་མགུ་ནས། ཕྱག་འཚལ་དམ་བཅའ་ཕུལ་བ་ནི། རྒྱལ་རིགས་རྒྱལ་པོ་ཆེན་པོ་དཀྱིལ་འཁོར་འདིར་ཞུགས་ཤིང་དབང་བསྐུར་འདི་ཐོབ་པའམ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་དེ་དག་


CMR021_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གིས་རྟག་ཏུ་དུས་ཐམས་ཅད་དུ་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱིའོ། །ཕ་རོལ་གྱི་ཕྲུ་མ་ཀུན་གཞོམ་པར་བགྱིའོ། །དུས་དུས་སུ་ཆར་འབེབས་པར་བགྱིའོ། །འབྲུ་དང་མེ་ཏོག་དང་འབྲས་བུ་རྣམས་སྐྱོང་བར་བགྱིའོ། །ཞེས་ཁས་བླངས་ཤིང་ཁྱད་པར་གཤིན་རྗེ་ཆོས་ཀྱི་རྒྱལ་པོས། དེའི་ཚེ་བསྲིང་བར་བགྱིའོ། །དུས་མ་ཡིན་པར་འཆི་བ་བརྒྱད་པོ་སོ་སོར་དགག་པར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །སྲིན་པོ་རྣམས་ཀྱི་བདག་པོ་ནི་རི་ཏའི་ན་དང་ཡི་དྭགས་དང་འདྲེས་མི་འཇིགས་། པར་བགྱིའོ། །སྲིན་པོ་ལ་སོགས་པས་འཇིགས་པར་མི་བགྱིའོ། །དུས་མ་ཡིན་པར་འཆི་བདག་འཇིགས་པར་མི་བགྱི་སྟེ། དུས་ཐམས་ཅད་དུ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །ཀླུའི་རྒྱལ་པོ་ཝ་རུ་ཎས། བདག་གིས་ཀྱང་དུས་ཐམས་ཅད་རྒྱལ་པོ་དང་ཡུལ་སོ་སོར་སྐྱོང་བར་བགྱིའོ། །ཀུན་ཏུ་བསྲུང་བར་བགྱིའོ། །འབྲུ་རྣམས་བསྐྱེད་པར་བགྱིའོ། །ཀླུའི་ཉེས་པ་རྣམས་མི་འབྱུང་བར་བགྱིའོ། །དུག་དང་སེར་བ་རྣམས་མི་བབ་པར་བགྱིའོ། །དུས་མ་ཡིན་པར་འཆི་བ་རྣམས་སོ་སོར་


CMR021_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་རླུང་གི་བདག་པོས། བདག་ཀྱང་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་རླུང་གི་འཇིགས་པ་ཐམས་ཅད་མི་འབྱུང་བར་བགྱིའོ། །དུས་མ་ལགས་པར་རླུང་མི་འབྱུང་བར་བགྱིའོ། །འབྲུ་དང་མེ་ཏོག་དང་འབྲུ་ཐམས་ཅད་བསྐྱེད་པར་བགྱིའོ། །འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་གནོད་སྦྱིན་གྱི་བདག་པོ་ཀུ་བེ་རས། བདག་གིས་གྱི་བདག་པོ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་ཏུ་མཆིས་ཏེ། སྟོབས་དང་ལྡན་པས་སེམས་ཅན་ཆེན་པོ་དེ་དག་ལ་དུས་ཐམས་ཅད་དུ་གནོད་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །ནོར་དང་འབྲུ་ཐམས་ཅད་ལེགས་པར་འབྱོར་བར་བགྱིའོ། རང་གི་སྐྱེ་བོ་དང་ཡ་ཀྱི་སྐྱེ་བོ་དང་ཡུལ་དང་གནས་དང་བྲན་དང་སྣག་གི་གཉེན་དང་རུས་ཀྱི་གཉེན་དང་གྲོགས་དང་བུ་མོ་དང་། ཆུང་མ་ལ་སོགས་པ་བསྲུང་བར་བགྱིའོ། །གླང་དང་བ་དང་བོང་བུ་དང་རྔ་མོང་དང་ལུག་དང་མ་ཧེ་དང་བ་གླང་དང་རྟ་དང་ར་ལ་སོགས་པ་བསྲུང་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་འབྱུང་


CMR021_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་ཀྱི་བདག་པོ་དབང་བྱེད་ཀྱིས། བདག་གིས་ཀྱང་དེ་ལ་འདི་དང་ཕ་རོལ་ཏུ་ཡོངས་སུ་བསྐྱབ་པ་དང་། ཕན་གདག་པ་དང་ཡོངས་སུ་སྐྱོང་བ་དང་ཞི་བ་དང་བཀྲ་ཤིས་པ་དང་ཆད་པ་སྤང་བ་དང་མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་དུག་བཅོམ་པ་དང་། མཚམས་བཅད་པ་དང་། ཕྱོགས་ཀྱི་མཚམས་བཅད་པ་དང་། རྡོ་རྗེའི་རྭ་བས་བསྐོར་བ་དང་། རྡོ་རྗེ་ཕུར་བུས་གདབ་པ་དང་། རྡོ་རྗེ་རྭ་བ་རྣམས་བྲེ་བར་བགྱིའོ། །དགོས་པ་ཐམས་ཅད་ཉེ་བར་གནས་པར་བགྱིའོ། །དགོས་པ་དང་དགོས་པ་ཏི་མ་ལགས་པ་རྣམས་ཀྱི་མཚན་མ་ཉེ་བར་གནས་པར་བགྱིའོ། །དངོས་གྲུབ་ཐམས་ཅད་སྩོལ་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་ནམ་མཁའི་བདག་པོ་ནམ་མཁའ་ལ་ལོངས་སྤྱོད་པ་རྣམས་ཀྱིས། བདག་གིས་ཀྱང་དུས་ཐམས་ཅད་འཇིགས་པ་ཐམས་ཅད་ལ་བདག་ཉིད་དང་འཁོར་ཐམས་ཅད་དང་བཅས་པ་མཆིས་ལ། བསྲུང་བ་དང་པཀྴི་བསྐྱབ་པ་དང་སྦ་བར་བགྱིའོ། །མཆོག་ཐམས་ཅད་དུ་རབ་ཏུ་སྟོན་པར་བགྱིའོ། །ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །དུས་ཐམས་ཅད་དུ་ཕྱི་བཞིན་དུ་འབྲང་བར་བགྱིའོ། །


CMR021_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་ས་འོག་གི་བདག་པོ་འཕག་པ་ཆེན་པོས་ཀྱང་། བདག་གིས་ཀྱང་རྒྱལ་རིགས་སོགས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱི་དུས་ཐམས་ཅད་དུ་དོན་ཐམས་ཅད་བསྒྲུབ་པར་བགྱིའོ། །འཇིགས་པ་ཐམས་ཅད་ལས་དུས་ཐམས་ཅད་ལུས་བསྲུང་བར་བགྱིའོ། །བདག་ཉིད་ཀྱང་ཡོངས་སུ་སྐྱོང་བ་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ལྟར་དབང་འདི་ཐོབ་ཅིང་དད་པ་མ་ལོག་པར་བྱས་ན། ཡེ་ཤེས་ལྷ་ཕྱག་ན་རྡོ་རྗེ་དང་། འཇིག་རྟེན་ཁམས་ན་དབང་ཆེ་བ་ཕྱོགས་སྐྱོང་ཆེན་པོ་བཅུ་འཁོར་དང་བཅས་པས་རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་བྱེད་ཅིང་། བར་ཆད་སེལ་བ་དང་དངོས་གྲུབ་སྩོལ་བ་ནི། ཁོང་རྣམས་ཀྱི་དམ་ཚིག་ཡིན་པར་འདུག་པས། དེ་ལྟ་བུའི་དབང་ཞུ་ཞིང་དད་པ་མ་ཉམས་པ་བྱ་སྙམ་པས་རྗེས་ཟློས་མཛོད། ཅེས་དགེ་སློང་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་གཟའ་བརྒྱད་ཀྱིས་བསྐོར་བའི་ལོ་རྒྱུས་ནི། དེ་ཡང་ངན་སོང་སྦྱོང་བའི་རྒྱུད་ཆེན་པོ་བརྟག་པ་ཕྱི་མ་ལས་གཟའ་ཆེན་པོ་བརྒྱད་རྒྱུ་སྐར་དང་བཅས་པས་རང་རང་གི་སྙིང་པོ་ཕུལ་བ་ལ་བསྟེན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ལེགས་སོ་གསུངས་ནས་བྱིན་


CMR021_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རླབས་ཏེ་ཕྱག་ན་རྡོ་རྗེ་ལ་གཟའ་དང་རྒྱུ་སྐོར་གྱིས་བསྐོར་བའི་དཀྱིལ་འཁོར་འདི་གསུངས། དེ་ནས་གཟའ་ཆེན་པོ་དེ་དག་གིས་དེ་ལ་དུས་ཐམས་ཅད་དུ་དེ་བཞིན་ཏུ་ཐམས་ཅད་བགྱིའོ། །དེས་རྒྱུ་སྐར་དང་སྐད་ཅིག་ཡུད་ཙམ་དང་ཐང་ཅིག་དང་དུས་དང་ཟླ་ཚེས་དང་སྦྱོར་བ་དང་ཁྱིམ་དང་དུས་དང་སྦྱོར་བ་དང་འཇུག་ཚོལ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་ཀྱང་། དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་དག་གི་བཀའ་མི་བཅག་སྟེ། དཔོན་པོ་བཞིན་དུ་སྐྱོང་བར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་ལྗོངས་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་རྒྱལ་པོའི་ཕོ་བྲང་གི་གནས་ཐམས་ཅད་སོ་སོར་བསྐྱེད་པར་བགྱིའོ། །འཇིགས་པ་ཆེན་པོ་འབྱུང་བའི་ཚེ་ཡང་དེ་བདག་ཅག་གིས་མཆོད་ན་གདོན་མི་འཚལ་བར་འཇིགས་པ་མི་འབྱུང་ངོ་། །ཞེས་ཁས་བླངས་དམ་བཅས་པ་སྟེ། འདིའི་དབང་ཐོབ་པའམ་དཀྱིལ་འཁོར་འདི་མཆོད་པའི་ཕན་ཡོན་དེ་བཞིན་དུ་ཐམས་ཅད་བགྱིའོ། །ཞེས་པའི་དོན་ཡིན་ཅིང་། སྔོན་དུ་ཕྱོགས་སྐྱོང་བཅུས་ཁས་བླངས་བའི་དོན་དེ་དག་ཐམས་ཅད་ཡིན་ཏེ། དུས་མ་ཡིན་པར་འཆི་བ་ཐམས་ཅད་བཟློག་ནས་ཚེ་


CMR021_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྲིང་བ་དང་། ཡི་དྭགས་དང་འདྲེ་དང་སྲིན་པོའི་གནོད་པ་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པ་དང་ཀླུའི་གནོད་པ་ཞི་ཞིང་འབྲུ་དང་ལོ་ལེགས་པར་བྱེད་པ་དང་། རླུང་གི་གནོད་པ་ཞི་ཞིང་འབྲས་དྲུག་སྐྱེས་པ་དང་། འཇིགས་པ་བཅུ་དྲུག་གི་གནོད་པ་བསྒགས་པ་དང་ནོར་ཕྱུགས་རྟ་སོགས་སྒོ་ནོར་རྣམས་སྲུང་ཞིང་འཕེལ་བ་དང་། ཡུལ་དང་གནས་དང་ཉེ་དུ་དང་བྲན་འཁོར་ཐམས་ཅད་སྲུང་ཞིང་སྐྱོང་བ་དང་། མཚོན་ཆ་ཆད་པ་དང་། དུག་གི་གནོད་པ་ཞི་བ་དང་། རྡོ་རྗེའི་རྭ་གུར་ཕུབ་ནས་སྲུང་སྟེ་བཀྲ་ཤིས་པ་དང་དགོས་པའི་དོན་ཐམས་ཅད་འགྲུབ་པ་དང་། བགེགས་མེད་ཅིང་དངོས་གྲུབ་ཐོབ་པ་དང་། ནད་ཐམས་ཅད་ཞི་བ་དང་། འཇིགས་པ་ཐམས་ཅད་ལས་དུས་ཐམས་ཅད་དུ་སྲུང་བར་བྱེད་པར་བཞེད་དོ། །ཁྱད་པར་དུ་ཡང་མི་གཡོ་བ་བརྟུལ་ཕོད་པའི་རྒྱུད་ལས། བདེར་གཤེགས་བདག་གིས་བསྒོམས་ནས་སུ། །གཟའ་རྣམས་སོ་སོར་མདུན་གནས་ནས། །སྔགས་ནི་བརྗོད་པར་བྱ་བ་ཡིན། །ཞེས་དང་། སྣ་ཚོགས་གཟུགས་ཅན་གཟའ་རྣམས་ནི། །དེ་ལྟར་ཐམས་ཅད་མཆོད་པར་བྱ།། །བསྐལ་བཟང་སྐྱེ་བར་འགྱུར་བ་དང་། །ལོངས་སྤྱོད་རྒྱལ་ཆེན་སྩོལ་


CMR021_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །རྒྱལ་པོ་མི་རྒོད་ཆོ་འཕྲུལ་སོགས། །སྲིན་པོ་ལྟོ་འཕྱེ་སྤྲུལ་རྣམས་དང་། །དེ་ཀུན་འབྱུང་བར་མི་འགྱུར་ཏེ། །དེ་ཡི་འཇིགས་པ་ནམ་ཡང་མིན། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །སྡུག་བསྔལ་ཐམས་ཅད་རྣམ་པར་སྤང་། །ཐམས་ཅད་དབང་ཕྱུག་གོ་འཕང་ཐོབ། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་བསྐུར་ཟབ་མོ་ཞུས་ཤིང་ཉམས་སུ་ལེན་སྙམ་པས་འདིའི་རྗེས་ཟློས་མཛོད། འདི་ཡང་རྒྱུད་ལས་བསྡུས་ཏེ་རཱ་ག་ཨ་སྱས་སྦྱར་བའོ།། ། ཕྱག་ན་རྡོ་རྗེ་ལ་ལྷ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ལོ་རྒྱུས་ནི། དེ་ཡང་བཅོམ་ལྡན་འདས་ཀྱིས་ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་ཆེན་པོ་གསུངས་པའི་ཚེ། ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་བརྒྱད་ཀྱིས། རང་རང་གི་སྙིང་པོ་དང་ཆོ་ག་ཞིབ་མོ་ཕུལ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་དེ་ལྟར་འགྲུབ་པར་བྱིན་གྱིས་རླབས་སོ། །དེའི་ལྷ་རྣམས་ཀྱིས་དམ་བཅས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འདིར་ཞུགས་པ་གང་ལྟར་ལགས་པ་དེ་དག །བདག་ཅག་ལྷ་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་ངོ་། །སྒྲིབ་པ་མ་མཆིས་


CMR021_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་བསྟན་པར་བགྱིའོ། །དབེན་པའི་ལམ་བསྟན་པར་བགྱིའོ། །རྣམ་པར་དབེན་པའི་ལམ་བསྟན་པར་བགྱིའོ། །འབྱུང་བའི་ལམ་བསྟན་པར་བགྱིའོ། །མྱ་ངོན་ལས་འདས་པའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །སྤང་བའི་ལམ་བསྟན་པར་བགྱིའོ། །ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ། །སངས་རྒྱས་ཉིད་དུ་བསྒྲུབ་པའི་ལམ་བསྟན་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཉིད་དུ་བསྒྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ཉིད་དུ་བསྒྲུབ་པའི་ལམ་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །བདག་ཉིད་ཀྱི་བུ་བཞིན་དུ་ཡོངས་སུ་སྐྱོང་བར་བགྱིའོ། །ཕ་རོལ་གྱི་དགྲ་རྐུན་ཡོངས་སུ་གཞོམ་པར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་ལྗོངས་དང་རྒྱལ་པོའི་ཕོ་བྲང་དང་རྒྱལ་སྲིད་རྣམས་བསྲུང་བར་བགྱིའོ། །ཡུལ་ཕྱོགས་དང་གྲོང་ཁྱེར་དང་གྲོང་བརྡལ་རྣམས་བསྲུང་བར་བགྱིའོ། །རྒྱལ་སྲིད་རྣམས་ཀྱང་བསྩལ་བར་བགྱིའོ། །རྒྱལ་སྲིད་ཐོབ་པ་རྣམས་ནི་རྒྱལ་སྲིད་རྒྱས་པར་


CMR021_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའོ། །གླིང་གཅིག་པ་དང་གླིང་གཉིས་པ་དང་གསུམ་པ་དང་བཞི་པ་དང་། བདེ་འགྲོ་དང་ལྷའི་གནས་དང་ས་འོག་འཁོར་ལོས་སྒྱུར་བ་རྣམས་བསྩལ་བར་བགྱིའོ། །མདོར་ན་བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་རྟོག་འདོད་ཉིད་དང་དབང་ཕྱུག་ཆེན་པོ་ཉིད་བསྩལ་བར་བགྱིའོ། །ཞེས་དམ་བཅས་ཏེ། དཀྱིལ་འཁོར་འདིའི་དབང་ཐོབ་ན་ལྷ་དང་མིའི་བདེ་སྐྱིད་ཡོན་ཏན་ཐམས་ཅད་ཡིད་ལ་གང་འདོད་པ་ལྷ་རྣམས་ཀྱིས་སྩོལ་བར་གསུངས་ཤིང་། འཆི་བའི་ཚེ་ཡང་ལྷ་རྣམས་ཀྱི་བདེ་འགྲོ་དང་མཐོ་རིས་ཀྱི་ལམ་སྟོན་པར་བཤད་པས་ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་པ་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ལོ་རྒྱུས་ནི།་དེ་ཡང་བཅོམ་ལྡན་འདས་ཀྱིས་ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་ཆེན་པོ་གསུངས་པའི་ཚེ། ཀླུ་ཆེན་པོ་བརྒྱད་ཀྱིས་རང་རང་གི་སྙིང་པོ་ཕུལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཀླུ་ཨ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་འདི་གསུངས་ནས། དེ་ནས་མིང་ཙམ་བརྗོད་པས་ཀྱང་། །ཀླུ་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེས་ཀླུ་རྣམས་


CMR021_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ནས་ཁས་བླངས་དམ་བཅའ་ཕུལ་བ་ནི། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་རྣམས་གལ་ཏེ་དཀྱིལ་འཁོར་འདིར་ཞུགས་པ་རྣམས་བསླུས་པར་གྱུར་ན། དེའི་བཅོམ་ལྡན་འདས་ཉིད་བསླུས་པར་གྱུར་ཅིག །དེའི་ཚེ་བདག་ཅག་གི་གནས་བྱེ་མས་བསྲེགས་པར་གྱུར་ཅིག །རྡོ་རྗེ་ཀུན་ཏུ་འབར་བས་བདག་གིས་མགོ་འགས་པར་གྱུར་ཅིག །རྟག་པར་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །བརྒྱ་བྱིན་ཆེན་པོ་དང་སྟོབས་དང་བརྩོན་འགྲུས་བསྐྱེད་པར་བགྱིའོ། །དེའི་དུག་རྣམས་དུག་མ་མཆིས་པར་བགྱིའོ། །འཇིགས་པ་ཐམས་ཅད་རྣམ་པར་གཞོམ་པར་བགྱིའོ། །རྒྱལ་བའི་བཀའ་དང་རྡོ་རྗེ་འཛིན་པའི་བཀའ་རབ་ཏུ་བསྒྲུབ་པར་བགྱིའོ། །ཞེས་དམ་བཅས་ཤིང་ཐ་ཚིག་ཕུལ་ལོ། །ཁྱད་པར་དུག་གི་ནད་དང་ཀླུའི་དུག་སྟེ། མཐོང་དུག་དང་རེག་དུག་ཁ་རླང་གི་དུག་དང་མཆེ་བའི་དུག་དང་བསམ་ངན་གྱི་དུག་ཕོག་པ་ལ་བརྟེན་ནས་མི་རྣམས་ལ་མཛེ་དང་དམུ་ཆུ་དང་བད་ཀན་དང་། དྲེག་དང་གྲུམ་བུ་དང་མེ་དབལ་དང་ལྷོག་པ་དང་འབྲས་དང་བས་བལྡགས་ལ་སོགས་པའི་ཀླུའི་ནད་བྱུང་བ་ལ་


CMR021_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དབང་ཐོབ་ན་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ་ཐམས་ཅད་ཕན་པ་ཡིན་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། དེ་ནས་ཀླུ་ཡི་རྒྱལ་པོ་དང་། །རྒྱལ་རིགས་ཐམས་ཅད་རབ་བཅུགས་ནས། །དུག་གི་ཉེས་སྐྱོན་བསལ་བའི་ཕྱིར། །ཕུ་ཞེས་བྱ་བས་དབང་བསྐུར་རོ། །ཞེས་གསུངས་ཏེ། དེའི་ཕྱིར་ན་འདིའི་སྒོ་ནས་ཀླུའི་གདོན་ཁྲོལ་ལ་སོགས་པ་བྱ་བར་རྒྱུད་ལས་གསུངས་ཤིང་ཕྱག་སྲོལ་ལ་ཡང་ཡོད་པ་ཡིན་ཅིང་། ཁམ་ས་ལ་ཀླུ་བརྒྱད་དཀྱིལ་འཁོར་བྱ། །ཞེས་པ་སོགས་འབྱུང་བ་ལྟར། འདིའི་སྒོ་ནས་ཆོ་ག་དང་མཆོད་པ་བྱས་ན་ཀླུ་བཅོས་དང་ཀླུ་མཆོད་ཀྱི་མཆོག་དམ་པ་ཡིན་པས། ཀླུ་མཆོད་དང་ཀླུའི་གཡང་སྐྱབས་དང་། ཆར་འབེབས་ལ་སོགས་ཀླུའི་བྱ་བ་རྣམས་བྱེད་པ་ལ་ཡང་། འདི་ཡི་དབང་ཐོབ་ན་འགྲུབ་སླ་ཞིང་ཡོན་ཏན་ཆེ་བ་སྟེ། ཀླུ་རིགས་མ་ལུས་པ་ཐམས་ཅད་ཀླུ་ཆེན་པོ་འདི་བརྒྱད་ཀྱི་རིགས་དང་འཁོར་དུ་མ་གྱུར་པ་མེད་ཅིང་། ཡེ་ཤེས་ཀྱི་ཀླུ་བརྒྱད་འདི་ནི་ངོ་བོ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཀླུའི་རྒྱལ་པོའི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པ་ཤ་སྟག་ཡིན་པར་བཤད་དོ། །དེ་ལྟར་ཡོན་ཏན་དུ་མ་དང་ལྡན་པའི་


CMR021_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་པ་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་འཇིགས་བྱེད་དགུས་བསྐོར་བའི་ལོས་རྒྱུས་ནི། དེ་ཡང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཆེན་པོ་གསུངས་པའི་ཚེ། ལྷ་ཆེན་པོ་འཇིགས་བྱེད་དགུས་རང་རང་གི་སྙིང་པོ་ཕུལ་ནས། ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་རྒྱལ་ལ་འཇིགས་བྱེད་དགུས་བསྐོར་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །འདིའི་དབང་ཐོབ་ན་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་ལ་སོགས་ཀྱི་གནོད་པས་སྐྲག་ཅིང་སྔངས་བ་ཐམས་ཅད་ཞི་ནས་འཇིགས་པ་མེད་པར་ཐོབ་པར་བཤད་དོ། །འཇིགས་བྱེད་ཉིད་ཀྱིས་ཞུས་པ། བདག་གིས་བཀུག་པ་དང་བུད་མེད་རྣམས་ཀྱང་སྐྲག་ནས། ལྷ་དང་ཀླུ་དང་ཐམས་ཅད་སྐྲག །རྣམ་པར་སྐྲག་སྟེ། རབ་ཏུ་སྐྲག་སྟེ་ཁ་སྦུབ་ནས་འགྱེལ་ནས། གོས་དང་བྲལ་ཏེ་སེམས་ཀྱང་གཏོར་ནས་ཀུན་ཏུ་མཁྱེན་པ་དེ་དག་ལ་ཕན་གདག་པ་དེའི་སླད་དུ། བདག་ཅག་གི་སྙིང་པོ་ཕུལ་བར་འཚལ་གྱི། བཅོམ་ལྡན་འདས་ཀྱིས་ལེགས་པ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་ཞུས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལྟར་བྱིན་གྱིས་རླབས་པར་མཛོད། འདི་བསྒྲུབ་ཅིང་འགྲུབ་པར་གྱུར་ན་


CMR021_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། འཇིག་རྟེན་གསུམ་གྱི་དངོས་གྲུབ་ཐམས་ཅད་དང་ཐུན་མོང་གི་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འབྱུང་བར་གསུངས་ཏེ། ཞུ་བ་དང་བྲོ་བའི་བཏུང་བ་དང་། །རྫས་དང་རལ་གྲི་འཁོར་ལོ་དང་། །རྩེ་གསུམ་པ་དང་མཐོང་རེག་དང་། །མིང་དང་ས་འོག་རྒྱལ་པོ་དང་། །གླིང་དང་གླིང་བཞི་བརྒྱ་བྱིན་དང་། །གནོད་སྦྱིན་དབང་ཕྱུག་སྲིན་པོ་དང་། །རིན་ཆེན་དང་ནི་རིག་འཛིན་ཉིད། །འཁོར་ལོས་སྒྱུར་དང་འཇིག་རྟེན་ཉིད། །གསུམ་གྱི་བདག་དང་བཀའ་ཉན་དང་། །རང་གི་འཁོར་དང་བུད་མེད་ཀྱིས། དངོས་གྲུབ་གང་ཡང་རུང་བ་ནི། །ཅི་དགའ་བར་ཡང་སྦྱིན་པར་བྱེད། །ཞེས་གསུངས་སོ། །ཞེས་པ་རཱ་ག་ཨ་སྱས་སོ།།
༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་གི་ལོ་རྒྱུས།next