Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
ཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་སྒྲུབ་ཐབས།next

ཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་སྒྲུབ་ཐབས།


CMR022_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་སྒྲུབ་ཐབས་བཞུགས་སོ། །མངྒ་ལཾ།།


CMR022_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་ལྡན་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་དང་ལྡན། །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་


CMR022_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷོཉཧཾ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་རྣམས་སྤྱན་དྲངས། དབང་བསྐུར་ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་


CMR022_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་པར་གྱུར། ཨགྷོ་སོགས། དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །དཔའ་བོ་དགྱེས་མཛད་བདུད་དཔུང་འཇོམས། །སྒེག་པའི་ཉམས་ལྡན་ཅོད་པན་ཅན། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཨོཾ་ཨཱཿབཛྲ་དྷིཀྵ་ཧཱུྃ་ཧཱུྃ། ཅི་ནུས་བཟླ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསཱ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་ལས་བུམ་གྱི་ནང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་གནས་གསུམ་ཡི་གེ་གསུམ་ཐུགས་ཀའི་ཧཱུཾ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་ཡེ་ཚེཤེས་པ་སྤྱན་དྲངས། ཛ༔ཧཱུྃ་བཾ་ཧོ༔ དབང་ལྷ་སྤྱན་དྲངས་དབང་བསྐུར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཨགྷཾ་སོགས། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ བརྒྱ་ཙམ་བསྙེན། ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །དེ་ཡན་ད་ནངས་གཅིག་བྱས་ནས་དེ་རིང་དབང་དུ་བསྐུར་ཀྱང་བདག་བསྐྱེད་དང་ལས་བུམ་ཅིག་མི་དགོས། བསང་སྦྱངས་བྱས་ལ།


CMR022_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་སྟེང་དུ་ཧཱུཾ་ལས་མཚན་ཉིད་དང་ལྡན་པའི་བུམ་པའི་ནང་དུ་དཀྱིལ་འཁོར་གྱི་དབུས་སུ་དུས་གཅིག་ཏུ་བསྐྱེད་པ་དང་འདྲ་བའི་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐོག་ལ་ཞོན་ཏེ་སོང་བུམ་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཕོག །ཟག་མེད་ཀྱི་བདེ་བས་ཐུགས་དགྱེས་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་བསམ་ཞིང་སྔགས་བཟླས་པའི་མཐར་ལྷ་གཉིས་ཀར་མཆོད་བསྟོད་བྱ། བུམ་ལྷའི་ཡེ་ཤེས་པ་གཤེགས་དམ་ཚིག་པ་ཞུ་བ་བུམ་པའི་ཆུར་བསྟིམས་སོ། །འདི་ལྟར་མདུན་བུམ་གཉིས་བསྡུས་པ་རེ་བྱས་ནས་སྔགས་འུར་འདོན་བཅུག་སྟེ་མགྱོགས་དབང་བསྐུར་བའི་ཕྱག་ལེན་ནོ།། ༈ །།ཡི་དམ་རབ་འབྱམས་ཀྱི་དབང་ཆོག་སི་ཏུས་མཛད་པ་བཞུགས་སོ།། ༈ དེ་ནས་སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་ཕྱག་འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་


CMR022_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། མདུན་གྱི་ནམ་མཁར་ལྷ་རྗེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར་བདུན་རྣམ་དག་བྱེད་པ་ཡིན་སྙམ་པས་རྗེས་ཟློས་མཛོད། ཅེས་བརྡའ་སྦྱར་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སློབ་མའི་གནས་གསུམ་དུ། ཨོཾ་ཨཱཿཧཱུཾ། བརྗོད་ལ་དྲིའི་ཐིག་ལེ་བྱ་སྟེ། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་


CMR022_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་དག་གི་འོད་ཟེར་གྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བསལ་ནས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་བྱས་ལ། ཉེར་སྤྱོད་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུབྦེ་ཨཱཿཧཱུྃ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝིདྱ། ཤབྡ་ཨཱཿཧཱུཾ། དེ་ནས་སློབ་མ་ལྷ་སོ་སོའི་སྐུར་བསྐྱེད་ནས་གནས་གསུམ་བྱིན་གྱིས་བརླབས་ནས། བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྷ་དེ་དང་དེའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སློབ་མའི་ལུས་ལ་ཞུགས་པས་ལུས་ཀྱི་སྒྲིབ་པ་དག་ནས་ལྷ་དེ་དངོས་ཡིན་ཨང་སྙམ་པའི་མོས་པ་མཛོད། རིགས་ཀྱི་བུ་ལ་རྒེ་ཡིས། །སྐུ་ཡིས་བྱིན་གྱིས་བརླབས་གྱུར་ནས། །ལུས་ཀྱི་སྒྲིབ་པ་ཀུན་དག་ནས། །མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར་རོལ་མོ་བྱའོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་ཞིག་འཕྲོས། ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཐུགས་ཀར་སྔགས་ཕྲེང་འཁོར་བ་ཞིག་ཏུ་གྱུར་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྔགས་ལན་གསུམ་བཟླས་ཤིང་བླ་མས་མེ་ཏོག་བཅིངས་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་


CMR022_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སློབ་མས། བཅོམ་ལྡན་འདས་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བརྗོད་དུ་བཅུག །རིགས་ཀྱི་བུ་ལ་སྒེ་ཡིས། །གསུང་གི་བྱིན་གྱིས་བརླབས་གྱུར་ནས། །ངག་གི་སྒྲིབ་པ་ཀུན་དག་སྟེ། །ཡན་ལག་དྲུག་ཅུའི་དབྱངས་ཐོབ་ཤོག །མཚན་མ་མེད་པའི་རྣལ་འབྱོར་གྱི་དོན་བསྒོམ་བཅུག་ནས། རིགས་ཀྱི་བུ་ལ་རྒེ་ཡིས། །ཐུགས་ཀྱི་བྱིན་གྱིས་བརླབས་གྱུར་ནས། །ཡིད་ཀྱི་སྒྲིབ་པ་ཀུན་དག་སྟེ། །སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ཤོག །ཅེས་བརྗོད། དེ་ནས་བརྟན་པའི་ཆེད་དུ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ། གདན་གསུམ་ཚང་བའི་ལྷ་ཚོགས་མདུན་གྱི་ནམ་མཁར་པཉྩ་ཀུ་ལ་ས་པཱ་རི་ཝ་རཱ་བཛྲ་ས་མ་ཡ་ཛ་ཛཿ དེ་ལ་ཨགྷཾ་སོགས་ཀྱིས་མཆོད་ཅིང་། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་


CMR022_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་ལེན། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། བླ་མས་བསྒྲུབས་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུས་པས་དབང་བསྐུར་བ་ནི། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་དག །ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་། ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ལ་ཨརྒྱུ་སོགས་ཀྱིས་མཆོད། དབང་ལྷ་སྤྱན་དྲངས་པ་རྣམས་སློབ་མ་ལ་ཐིམ་པར་བསམ། དེ་ལྟར་ལྷག་པའི་ལྷས་བྱིན་གྱིས་བརླབས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ལྷ་དེ་དག་གི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་སྒྲུབ་པའི་བག་ཆགས་སེམས་རྒྱུད་ལ་བཞག །ཕྲིན་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་པ་ལ་དབང་བ་ཡིན་ནོ། །དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་


CMR022_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདག་གིས་བགྱི། །ཞེས་དང་། ཁྱད་པར་རང་གི་ལུས་ངག་ཡིད་གསུམ་ཆ་གསུམ་དུ་བགོས་ཏེ་ཆ་གཅིག་བླ་མ་ལ་ཕུལ། ཆ་གཅིག་དཀྱིལ་འཁོར་གྱི་ལྷ་ལ་ཕུལ། ཆ་གཅིག་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བྱིན་པར་མོས་ཤིག །ཅེས་བརྡའ་སྦྱར་ནས་སློབ་མས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ཉིད་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཅེས་བརྗོད་ལ་གཏང་རག་གི་མཎྜལ་ཕུལ་ནས་སྤྱོད་ལམ་ཅི་བདེར་བྱའོ། །འདི་སི་ཏུ་ཆོས་ཀྱི་གོ་ཆས་མཛད་དོ།། ༈ །།དབང་ཆོག་བསྡུས་པ་བཞུགས་སོ།། ༈ སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ་མེ་ཏོག་བཟུང་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཆེ། །སྲིད་པའི་འཁོར་ལོ་རྣམས་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར་།གཙོ་བོའི་བདག་ལ་བཀའ་དྲིན་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་


CMR022_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱབས་འགྲོ་སེམས་བསྐྱེད་བཟུང་། སློབ་མ་མངོན་རྟོགས་ལྟར་བསྐྱེད། ཡེ་ཤེས་པ་ལ་བསྟིམ།་གུ་གུལ་གྱིས་བདུག་རོལ་མོ་བྱ། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་སློབ་མ་ལ་ཐིམ། སྔགས་ལན་གསུམ་བརྗོད་ཅིང་རོལ་མོ་བྱ། སངས་རྒྱས་ཀུན་གྱི་ཐུགས་ཀ་ནས། །ཕྱག་མཚན་རྡོ་རྗེ་ཆར་ལྟར་བབ། །སློབ་མའི་ལུས་ལ་ཐིམ་པར་གྱུར། །སྔགས་བརྗོད་ཅིང་རོལ་མོ་བྱའོ། །རྗེ་དཀོན་མཆོག་ཡན་ལག་གིས་མཛད་པའོ།། ༈ །།དབང་ཆོག་བཞུགས་སོ། །བླ་མ་དང་གསང་བའི་བདག་པོ་ཡི་དམ་གང་ཡིན་དེ་ཐ་མི་དད་པའི་དྲུང་དུ་རྗེས་གནང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡའ་སྦྱར་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་འདི་ཞེས་བགྱི་བ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་དུ་བཅུག །


CMR022_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་སློབ་མ་རྣམས་ཀྱི་རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་དང་ཡི་དམ་དབྱེར་མེད་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། །ཅེས་བརྡའ་སྦྱར་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ཡང་ལན་གསུམ་བརྗོད་དུ་གཞུག །ལས་ཐམས་ཅད་པས་སློབ་མ་བསངས་སྦྱངས་ནས། ཁྱེད་རང་རྣམས་སོགས། ཧཱུཾ་སྔོན་པོས་མཚན་པར་བསྒོམས། ཐུགས་ཀའི་ཧཱུཾ་དང་བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་འཕྲོས་འདི་ཞེས་བྱ་བའི་ལྷ་ཚོགས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་ནས་སློབ་མ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་སྙམ་པའི་མཐར། །


CMR022_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཝེ་ཤ་ཡ་སོགས། ཏིཥྛ་སོགས་གོང་བཞིན། སྐུ་ཡི་རྗེས་གནང་ནི། སླར། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་ལྷ་སྤྱན་དྲངས་ཤིང་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་པ་བཞག་ཆུ་བླུད། དེ་ལྟར་དབང་བསྐུར་བས་ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་བདག་འདིས་རྒྱས་བཏབ་པར་གྱུར། དེ་ནི་སྐུ་ཡི་རྗེས་གནང་སྟེ། དེས་ལུས་ཀྱི་སྒྲིབ་པ་དག་ལུས་ལ་གནོད་པའི་ཚོགས་ཞི་ལྷ་ཡི་སྐུར་བསྒོམ་པར་དབང་བ་སྐུ་ཡི་རྗེས་གནང་ངོ་། །གསུང་གི་རྗེས་གནང་ནི། སློབ་དཔོན་འདི་ཞེས་བྱ་བར། གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཁྱེད་རང་རྣམས་འདི་ཞེས་བྱ་བར། གསལ་བའི་ཞལ་དུ་ཞུགས་ཐུགས་ཀར་འཁོར་བར་དམིགས་ལ་སྔགས་བཟླས་སོ། །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སློབ་མས། བཅོམ་ལྡན་འདས་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་


CMR022_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། །མེ་ཏོག་འཐོར། དེ་ནི་གསུང་གི་རྗེས་གནང་སྟེ། དེས་ངག་གི་སྒྲིབ་པ་དག་ངག་ལ་གནོད་པའི་ཚོགས་ཞི་ངག་སྔགས་བཟླ་བ་དང་འཆད་རྩོད་རྩོམ་གསུམ་ལ་དབང་བ་གསུང་གི་རྗེས་གནང་ངོ་། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། བླ་མ་དང་ཡི་དམ་གྱི་ཐུགས་ཀ་ནས་ཕྱག་མཚན་དཔག་ཏུ་མེད་པ་འཕྲོས་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསྒོམས་། སྙིང་པོ་དང་། བཛྲ་ས་མ་ཡ་སྟེ། ནས་གཏོར། དེ་ནི་ཐུགས་ཀྱི་རྗེས་གནང་སྟེ། དེས་ཡིད་ཀྱི་སྒྲིབ་པ་དག་ཡིད་ལ་གནོད་པའི་ཚོགས་ཞི་ཡིད་ཏིང་ངེ་འཛིན་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་བ་ཐུགས་ཀྱི་རྗེས་གནང་ངོ་། །ད་གཏོར་དབང་བྱ་བ་ནི། ཁྱེད་རང་རྣམས་ཕྱག་རྡོར་སྐབས་དང་སྦྱར། གསལ་ཐོབ། རྒྱས་པར་ནི་ལྷ་རང་རང་གི་མངོན་རྟོགས་བརྗོད་ལ་གནས་གསུམ་བྱིན་རླབས་ཡན་གསལ་འདེབས་པས། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་བསྒོམས། ཞེས་བརྗོད། གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལས་ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ་ངོ་བོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐབས་དང་བསྟུན། རྒྱས་པ་གཞལ་ཡས་ཁང་གནས་གསུམ་བྱིན་རླབས་བར་གོང་བཞིན་སྤྱད་པ་དང་ཚིག་སྨོས། དེ་ཡང་གཏོར་དབང་ཁོ་ན་ལས་མི་བྱེད་ན་ཡོངས་རྫོགས་སྨོས། སྐུ་


CMR022_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་རྗེས་གནང་དང་འབྲེལ་ན་བསྡུས་པ་ཆོག །དངོས་ཡིན་སྙམ་དུ་གསལ་ཐོབ་ལ་སློབ་དཔོན་གྱིས་གཟུངས་སྔགས་བརྗོད་ཅིང་བླ་མ་བརྒྱུད་པའི་མཚན་ནས་སྨོས་ཏེ་གསོལ་བ་བཏབ་པས་ཇི་ལྟར་གསོལ་བ་བཏབ་བཞིན་བྱིན་གྱིས་བརླབས་ནས་དངོས་གྲུབ་གནང་ཞིང་ཐོབ་བྱུང་སྙམ་ཞིང་བསྒོམ་ལ་མ་ཡེངས་པར་རྩེ་གཅིག་ཏུ་འདུན་པ་དྲག་པོ་གཏོད་ནས་སྨོན་ལམ་ཐོབ་ཅིག །ཡི་དམ་ཕྱག་རྡོར་ལྟ་བུ་གང་ཡིན་དེས་གཟུངས་བརྗོད་ཅིང་བླ་མ་བརྒྱུད་པའི་མཚན་སྨོས། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཁྱད་པར་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཞེས་སམ། འབྱུང་པོ་འདུལ་བྱེད་ཅེས་པ་ལྟ་བུ་ཡི་དམ་གང་ཡིན་སྦྱར། ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྩལ་བར་མཛད་དུ་གསོལ། འདི་ཡིས་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས་བདུད་དང་གནོད་བྱེད་མ་རུངས་པའི་ཚོགས་ཐམས་ཅད་ཚར་


CMR022_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོག་པ་མེད་པར་འགྲུབ་པར་མཛད་དུ་གསོལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ ཞེས་གཏོར་མ་མི་མང་ནའང་མགོར་བཞག་ཙམ། གལ་ཆེན་དང་ཉུང་ན་བརྒྱུད་རིམ་ནས་བཟུང་ཛཿཧཱུྃ་བཾ་ཧོཿའི་བར་བརྗོད་ལ་བཞག །རྡོ་རྗེ་སྤྱི་བོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེའི་བྱིན་བརླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། གཏོར་མ་ཕྱག་རྡོར་དུ་གསལ་བ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་སྙམ་དུ་སྒོམས་ཤིག །གཏོར་མ་དུམ་གཅིག་དངོས་གྲུབ་ཏུའང་སྦྱིན། དེས་ཡི་དམ་ཆོས་སྐྱོང་གང་ལ་ཡང་རྒྱས་གདབ་བོ། །མཐར་དམ་ཚིག་ཁས་བླངས་ཏེ། འདི་ཡི་དམ་དུ་འཛིན་སྙམ་པས་རྗེས་ཟློས་མཛོད། ཅེས་བརྡ་སྦྱར། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་བརྗོད། རྗེ་དབང་ཕྱུག་རྡོ་རྗེས་མཛད་པའོ།། ༈ །།གཞུང་གི་


CMR022_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆོག་ནི། ༈ སློབ་མ་རྗེས་སུ་བཟུང་བའི་ཆོ་ག་བཤད་དེ། དང་པོ་གནས་ཁང་རྒྱན་བཀོད་པ་སྤྱི་དང་མཐུན། གཞལ་ཡས་ཁང་ཡོད་པ་རྣམས་ལ་གྲུ་བཞི་སྒོ་བཞི་པ། གཞན་རྣམས་ལ་པདྨ་འདབ་བརྒྱད། ཆོས་སྐྱོང་ལ་ཆོས་འབྱུང་མཐིང་ཀ་མེ་རི་དང་བཅས་པའི་པདྨ་འདབ་བརྒྱད་རྣམས་ཚོན་གྱིས་བྲིས་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། མཆོད་པ་ཅི་འབྱོར་བས་སྐོར། གཏོར་མ་གཞན་རྣམས་ལ་མེད་ཀྱང་ཆོག་ཆོས་སྐྱོང་ལ་ངེས་པར་བཤམ། བུམ་པ་ལ་སོགས་སྟ་གོན་བྱས་ལ་མཆོད་རྫས་རྣམས་ལ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུཾ། གིས་བསངས། སྭ་བྷ་ཝས་སྦྱངས་ནས། རྒྱུད་སྡེ་འོག་མའི་ཆོ་ག་བཞིན། གྷནྡྷེ་ར་ཎིས་བྱིན་གྱིས་བརླབས། བདག་བསྐྱེད་བཟླས་པའི་གོང་དུ་བཤད་པ་བཞིན་བྱིན་གྱིས་བརླབས་པར་བསྒོམ། དེ་ནས་མདུན་གྱི་དཀྱིལ་འཁོར་དང་བུམ་པ་བསང་སྦྱང་། པད་ཟླའི་སྟེང་དུ་ཧཱུཾ་ལས་མཚན་ཉིད་དང་ལྡན་པའི་བུམ་པའི་ནང་དང་དཀྱིལ་འཁོར་གྱི་དབུས་སུ་དུས་གཅིག་བདག་བསྐྱེད་འདྲ་བའི་ཡན་ལག་བཞི་རྫོགས་སུ་བསྐྱེད། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ནས་སོང་བུམ་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀར་ཕོག །ཟག་མེད་ཀྱི་བདེ་བས་ཐུགས་དགྱེས་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་བསམ་ཞིང་སྔགས་བཟླས་པའི་མཐར་ལྷ་གཉིས་ཀ་ལ་མཆོད་བསྟོད་བྱ། བུམ་པའི་ལྷ་ཡེ་


CMR022_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་བུམ་པའི་ཆུར་བསྟིམ། དེ་ནས་སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ་ནས། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་ལ་བཅོམ་ལྡན་འདས་སྒེའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རྒྱུན་བཤགས་སྔོན་དུ་འགྲོ་བས་སེམས་བསྐྱེད་རྗེས་སུ་གནང་བ་དངོས་ལ། སློབ་མ་རྣམས་སྟོང་པའི་ངང་ལས་ལྷར་བསྐྱེད་དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་བར་བདག་བསྐྱེད་དང་འདྲ་བར་བྱས་ལ་དེ་ནས། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མདུན་བསྐྱེད་ལྷ་ཡི་ཐུགས་རྒྱུད་བསྐུལ། དེ་གཉིས་ཀའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག །དེ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པ་བཅོམ་ལྡན་འདས་སྒེའི་རྣམ་པ་ཅན་ནམ་མཁའ་དང་ས་གཞི་བར་སྣང་གི་ཁམས་ཐམས་ཅད་ཁྱབ་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་ཚན་ལ་ཁ་བ་བབ་པའམ་མཚོ་ལ་ཆར་ཆེན་པོ་བབ་པ་ལྟར་སིབ་སིབ་ཐིམ་པར་བསྒོམ། ཞེས་བརྗོད་པས་ཡེ་ཤེས་པ་གཞུག་པའི་སྔགས་དམིགས་གསལ་ཡོད་


CMR022_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་དེ་ཉིད་མེད་པ་རྣམས་ལ་རང་རང་གི་སྔགས་བརྗོད་ལ་རོལ་མོ་བྱ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་རིགས་ལྔ་ཡུམ་བཞི་སེམས་དཔའ་རིག་མ་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་དཀར་པོས་དབང་བསྐུར་བར་བསམ། ཇི་ལྟར་བལྟམས་པ་སོགས་དང་བཅས་ཏེ་དངོས་སུ་བུམ་ཆུས་དབང་བསྐུར་ཏེ་རིགས་བདག་གིས་དབུར་བརྒྱན་པ་ནི། སྐུ་ཡི་རྗེས་སུ་གནང་བའོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀར་ས་བོན་སྔགས་ཕྲེང་དང་བཅས་པ་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རླུང་ཞིག་ཕྱིར་འཕྲོས་པ་དང་བསྟུན་ནས་ལམ་སྣ་བུག་གཡས་ནས་ཐོན་སློབ་མའི་རླུང་ནང་དུ་འཇུག་པ་དང་བསྟུན་ནས་ལམ་སྣ་བུག་གཡོན་ནས་ཞུགས་ཐུགས་ཀའི་ས་བོན་གྱི་མཐའ་མར་བཀོད། དེ་ཡང་དང་པོས་འཁོར་གཉིས་པས་གསལ་གདབ། གསུམ་པས་བརྟན་པར་བྱ་བའམ་ཡང་ན་དང་པོ་དམ་ཚིག་པ་བསྐྱེད། གཉིས་པ་ལ་ཡེ་ཤེས་པ་གཞུག་གསུམ་པ་ལ་དབང་བསྐུར་བའི་ཚུལ་གྱིས་ཐིམ་པར་མོས་པ་དང་སྔགས་ལན་གསུམ་རྗེས་ཟློས་བྱ། སློབ་མས། བཅོམ་ལྡན་བདག་གི་བཟུང་ལགས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཉེ་བར་མཛད་དུ་གསོལ། འགོ་


CMR022_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས་ཞེས་སོགས་དང་། བདག་གི་རྡོ་རྗེའི་སློབ་མ་རྗེ་ཞེས་བྱ་བ་ལ། བཅོམ་ལྡན་སྒྲོའི་གསང་། སྔགས་དང་རིག་སྔགས་གཟུངས་སྔགས་དང་། བྱིན་རླབས་ནུས་མཐུ་ཐམས་ཅད་འཇུག་ཅིང་བརྟན་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་སྤྱི་བོར་བཞག་ནས་ནི། གསུང་གི་རྗེས་སུ་གནང་བའོ། །སློབ་མའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ལ་ཕོག་འོད་དུ་ཞུ། གཞལ་ཡས་ཁང་སོགས་མེད་ན་རང་རང་ཡོད་ན་རིམ་གྱིས་བསྡུས་ཏེ་རང་ཉིད་ལ་ཐིམ། དེ་ཡང་འོད་དུ་ཞུ་བ་དེ་སེམས་དཔའ་སུམ་བརྩེགས་སོགས་ཡོད་ན་རིམ་གྱིས་བསྡུས་ཤིང་མེད་ན། ཐུགས་ཀའི་ས་བོན་ལ་ཐིམ་དེ་ཡང་མར་རིམ་གྱིས་བསྡུས་ནས་མཐར་ནམ་མཁའ་སྟོང་པ་ལ་འཇའ་ཡལ་བའམ་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཧ་ཡལ་སྟོང་སྟེ་མི་དམིགས་པའི་ངང་ལ་མཉམ་པར་འཇོག་ཏུ་བཞུགས་པ་ནི། ཐུགས་ཀྱི་རྗེས་སུ་གནང་བའོ། །མཐར་མཎྜལ་ཕུལ་དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བསྟོད་དེ་དངོས་གྲུབ་བླངས་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་མཐུན། བདག་ཉིད་རྒྱུད་སྡེ་གོང་མའི་རྣལ་འབྱོར་པ་མ་ཡིན་ན་བདག་གི་ཡེ་ཤེས་པའང་གཤེགས་གསོལ་


CMR022_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཡིན་ན་མི་དགོས། གང་ཡིན་ཀྱང་། བདག་གི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཿ ས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་བསམས་ནས། ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་མཾ་གྱིས་བདག་ཉིད་བསྲུངས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། དེ་ལྟར་རྗེས་སུ་གནང་བ་རེ་རེ་བཞིན་བྱས་ལ་བྲི་བའི་དཀྱིལ་འཁོར་ཉིན་རེ་བཞིན་ཇི་ཙམ་བྱེད་པ་དུས་གཅིག་ཏུ་བྲིས། རྒྱུན་བཤགས་སྔོན་དུ་འགྲོ་བས་སེམས་བསྐྱེད་རྗེས་ཀྱི་ཆོ་ག་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་མཛད་པ་ཕྱག་ལེན་ནོ། །དེས་སྒྲུབ་ཐབས་རྒྱ་མཚོ་དང་སྒྲུབ་ཐབས་བརྒྱ་རྩ་གཉིས་ཀའི་དབང་ཆོག་རྫོགས་པར་བསྟན་ཟིན་ཏོ། །འདི་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ཡིས་བྱང་ངམ་རིང་གི་གཙུག་ལག་ཁང་ཆེན་པོར་མཛད་ཅེས་པའི་གཞུང་ལ་ལྷ་ཕྱོགས་མཐུན་སོ་སོར་ཕྱེ་བ་དང་མ་ཚང་བ་གཞན་ཁ་བཀང་བ་དང་དབང་སྒྲུབ་དང་དབང་བསྐུར་རྒྱས་བསྡུས་གང་འདོད་བྱ་ཆོག་པ་དང་ལོ་རྒྱུས་དང་དོགས་གཅོད་སྤྱིས་ཕྱིན་པར་བྱས། རྗེ་ཆོས་ཀྱི་དབང་ཕྱུག་གི་ཞབས་རྡུལ་སྤྱི་བོས་བཏེག་པ་ཤཱཀྱའི་དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས་བཅུ་གཉིས་ཀྱི་ལོ་འགོའི་ཆུ་ཕོ་བྱི་བའི་ལོར་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དུ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་དུས་ཆེན་གྱི་ཉིན་གྲུབ་པར་སྦྱར་བ་ལ་འགལ་འཁྲུལ་གྱི་ཉེས་པ་གང་མཆིས་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་དྲུང་དུ་བཤགས་ཤིང་། དགེ་བས་ཆོས་འདི་ཇི་སྲིད་བསྟན་


CMR022_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་ཀྱི་བར་དུ་མི་ནུབ་འཕེལ་ཞིང་རྒྱས་པ་དང་། འདི་ལ་འབྲེལ་པ་ཐོགས་ཚད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །དེ་ལྟ་བུའི་ཕྲིན་ལས་མགོན་པོ་གུར་དང་ཕྱག་བཞི་པ་གཉིས་ཀྱིས་མཛད་དུ་གསོལ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་སྒྲུབ་ཐབས།next