Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
འཇམ་དབྱངས་སྤྱིའི་དབང་བཤད་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དབྱངས་སྤྱིའི་དབང་བཤད་ལོ་རྒྱུས།next

འཇམ་དབྱངས་སྤྱིའི་དབང་བཤད་ལོ་རྒྱུས།


CMR022_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་སྤྱིའི་དབང་བཤད་ལོ་རྒྱུས་ནི། འོ་ན་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་འཇམ་དཔལ་དབྱངས་སྒེའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་འཕགས་པ་འཇམ་དཔལ་དབྱངས་འདི་ཉིད་ཀྱི་ངོ་བོ་ནི། སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་གཅིག་སྐུ་ལས་སྤྲུལ་པའི་སེམས་དཔའ་ཡིན་པས་གདོད་མ་ནས་རྒྱལ་བ་ཐམས་ཅད་དང་ངོ་བོ་དབྱེར་མ་མཆིས་ཀྱང་། རྣམ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྣ་ཚོགས་མཛད་པ་སྟེ། དེ་ཡང་སྔོན་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་འདས་པ་ནས། འཇམ་དབྱངས་འདི་ཉིད་རྒྱལ་བུ་དབང་པོའི་ཚོགས་ཞེས་བྱ་བར་གྱུར་ནས། སངས་རྒྱས་རིན་ཆེན་སྙིང་པོ་ལ་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་མཛད་པས་ཉིད་ཁོ་ནས་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱང་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སོ་སོ་ན་ཆོས་སྟོན་པར་ཡང་གཟིགས་པར་གསུངས་ན། ཉིད་བསྐལ་པ་མང་པོའི་གོང་ནས་བྱང་ཆུབ་མངོན་དུ་མཛད་པ་སྨོས་ཅི་


CMR022_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། འོན་ཀྱང་སྨོན་ལམ་དང་ཐུགས་རྗེའི་དབང་གིས་བྱང་ཆུབ་སེམས་དཔའ་གཞོན་ནུ་ལོ་བརྒྱད་པའི་ཚུལ་བཟུང་ནས་སེམས་ཅན་གྱི་དོན་མཛད་ཅིང་སྐུའི་བཀོད་པས་སངས་རྒྱུས་ཀྱི་ཞིང་ཐམས་ཅད་ཁྱབ་ཅིང་། ཁྱད་པར་དུ་རྒྱ་ནག་གི་ཡུལ་རི་བོ་དེ་ཤན་གྱི་རྩེ་མོ་ལྔ་ན། འཇམ་དཔལ་རིགས་ལྔའི་ཚུལ་གྱིས་བཞུགས་པས་རྒྱ་ནག་གི་མི་རྣམས་ཤེས་རབ་ཆེ་ཞིང་བཟོའི་གནས་ལ་མཁས་པ་དང་། ཨ་ར་པ་ཙ་ན་དྷིབསླབ་མི་དགོས་པས་ཤེས་པ་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་པོ་ཡང་འཇམ་དཔལ་དབྱངས་ཁོ་ན་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཐུབ་དབང་ཡོངས་སུ་མྱ་ངན་འདས། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །དེ་ཚེ་རྟག་ཏུ་སྲུང་བ་ནི། །འཇམ་དཔལ་དབྱངས་སུ་འགྱུར་བ་ཡིན། །ཞེས་གསུངས་སོ། །འདིའི་རྒྱུད་བོད་དུ་འགྱུར་བ་འཇམ་དཔལ་རྩ་རྒྱུད། དཔའ་བོ་གཅིག་བསྒྲུབ། མཚན་ཡང་དག་པ་བརྗོད་པ་སོགས་དུ་མ་དང་། སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་སོགས་མ་འགྱུར་བ་ཡང་མང་དུ་བཞུགས་པ་ཡིན་པར་བཤད་ལ། རྒྱ་གར་དུ་པཎྜི་ཏ་གཅིག་གིས་འཇམ་དཔལ་ལ་ཡི་དམ་


CMR022_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ཞལ་གཟིགས་ནས་འཇམ་དཔལ་གྱི་ཆོས་སྐོར་ཐམས་ཅད་ལ་མཁས་པར་གྱུར་ཏེ། མཚན་ཡང་འཇམ་དཔལ་བཤེས་གཉེན་དུ་གྲགས་པ་དང་། པཎྜི་ཏ་ཛི་ཏ་རི་པ་དགྲ་ལས་རྣམ་རྒྱལ་དེས་འཇམ་དཔལ་དངོས་སུ་མཇལ་ནས། ཆོས་ཞུས་ཤིང་གྲུབ་པ་ཐོབ། དེས་མ་ཧེའི་རྫི་བོ་རྒས་ཤིང་ཁོག་པ་གཅིག་ལ་འཇམ་དཔལ་གྱི་དབང་བསྐུར་ཞིང་། དེས་འཇམ་དཔལ་ལ་གསོལ་བ་བཏབ་པས་ཞག་ལྔ་ནས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་ནས་པཎྜི་ཏ་སྒེག་པའི་རྡོ་རྗེ་ཞེས་བྱ་བར་གྱུར་པ་དང་། ཡང་རྒྱ་གར་ན་རྒན་པོ་ལོ་དགུ་བཅུ་གོ་དགུ་པ་གཅིག་ལ་པཎྜི་ཏ་སུ་མ་ཏི་ཀཱིརྟིས་འཇམ་དཔལ་གྱི་དབང་བསྐུར་ཞིང་རྒན་པོས་ཞག་གཅིག་གསོལ་བ་བཏབ་པས། ཕྱིར་ནངས་འཇམ་དཔལ་བྱོན་ནས་རྒན་པོ་དེ་བྱིན་གྱིས་བརླབས་པས་བྱིས་སྦ་ལོ་དགུ་པ་གཅིག་ཏུ་གྱུར་ནས་སྡེ་སྣོད་གསུམ་ཤེས་ཏེ་པཎྜི་ཏ་མཉྫ་ཤྲཱི་ཞེས་བྱ་བར་གྱུར་ཏོ། །པཎྜི་ཏ་དེ་གསུམ་གྱིས་འཇམ་དཔལ་གྱི་སྒྲུབ་ཐབས་མང་དུ་མཛད་པ་བོད་དུ་ཡང་ཕལ་ཆེར་འགྱུར་ཞིང་། བོད་དུ་བསྟན་པ་སྔ་དར་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཐོན་མི་སཾ་བྷོ་ཊ་དང་། ཕྱི་དར་ལ་པུ་ཏོ་བ་དང་ཤ་ར་བ་ས་སྐྱ་འཇམ་


CMR022_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བདུན་རྒྱུད་སོགས་འཇམ་དཔལ་གྱི་སྤྲུལ་པ་ཡང་མང་དུ་བྱོན། གྲུབ་ཆེན་པཀཱིའི་རྒྱ་ནག་ཏུ་འཇམ་དབྱངས་ཞལ་ཕྱག་མང་པོ་ཅན་སྔོན་ཆད་གཞན་ལ་མ་གྲགས་པ་གཅིག་ཞལ་གཟིགས་པས་དེའི་ལོག་རིས་ཀྱང་མཛད། དེ་ནས་བཟུང་ན་རིམས་ཐམས་ཅད་འཇམ་དབྱངས་དཀར་པོ་དང་སེར་པོ་སོགས་ཞལ་ཡང་ཡང་གཟིགས་ནས་བྱིན་གྱིས་བརླབས་པས། པཀྴིའི་བཀའ་འགྱུར་གསུམ་གྱིས་ལྟོས་གསུམ་གྱིས་བསྟན་བཅོས་བརྩམ་པ་དང་། རང་བྱུང་བའི་ཐུགས་ལ་བཀའ་འགྱུར་རོ་ཅོག་བཞུགས་ཏེ་དཔེ་ཆ་ལ་ཞུ་དག་མཛད་པས་ཕལ་ཆེར་དཔེ་ཆའི་ཆད་ལྷག་ཐུགས་ནས་གསོ་ཆོག་པར་བྱུང་སྟེ། པཀྵིའི་དུས་རབ་སྒང་དུ་ཚར་གཅིག་བལྟས་པས་མ་བརྗེད་པར་འདུག་གསུངས། རོལ་པའི་རྡོ་རྗེས་གླེགས་བམ་དབུ་སྔས་སུ་ཞལ་ཕྱེས་ནས་གཟིམས་པས་ཕྱིར་ནངས་ཐམས་ཅད་ཐུགས་ལ་འཇག་པ་སོགས་ལོ་རྒྱུས་མང་དུ་ཡོད་དོ། །ཞྭ་དམར་གྲགས་པ་སེང་གེས་འཇམ་དཔལ་སེང་གེ་ལ་ཆིབས་པ་ཞལ་གཟིགས་པ་ནས་བཟུང་ན་རིམ་ཐམས་ཅད་ཀྱིས་ཡང་ཡང་ཞལ་གཟིགས་ཤིང་འཆད་རྩོད་བརྩམ་གསུམ་ལ་ཐོགས་པ་མི་མངའ་བ་དང་། ཁྱད་པར་དུ་རྗེ་དྲུག་པས་ངམ་རིང་དུ་བཤད་པ་


CMR022_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུས་ཚེས་དྲུག་ནས་བཅོ་ལྔའི་བར་འཇམ་དཔལ་གྱི་སྤྲུལ་པ་སྣ་ཚོགས་ཞལ་དངོས་སུ་ཡང་ཡང་གཟིགས་ནས་བསྟོད་པ་མཛད་ཅིང་། རྗེ་ཉིད་ཀྱང་འཇམ་དཔལ་དང་ངོ་བོ་དབྱེར་མེད་པར་ཞལ་གྱིས་བཞེས་ཏེ། ཉིད་ཀྱི་མཚན་བཀྲ་གཞོན་ནུ་མཛེས་སྐུ་ཡང་མཛད་དོ། །འཇམ་པའི་དབྱངས་ཀྱི་མཚན་ནས་བརྗོད་ན་ཡང་ཕན་ཡོན་མཐའ་ཡས་པར་གསུང་ན་འདིའི་དབང་ཐོབ་ན་ལྟ་སྨོས་ཅི་དགོས་ཏེ། མཚན་བརྗོད་ཕན་ཡོན་ལས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་རྣམ་པར་སྦྱང་བའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་བཅད་པའོ། །མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུན་མི་སྐྱེ་བར་བྱེད་པའོ། །འཇིགས་པ་ཆེན་པོ་བརྒྱད་རྣམ་པར་ཞི་བར་བྱེད་པའོ། །རྨི་ལམ་ངན་པ་ཐམས་ཅད་ངེས་པར་འཇོམས་པར་བྱེད་པའོ། །ལྟས་ངན་པ་ཐམས་ཅད་ངེས་པར་སེལ་བར་བྱེད་པའོ། །བརྡ་ངེས་པ་དང་བགེགས་ཐམས་ཅད་རྣམ་པར་ཞི་བར་བྱེད་པའོ། །བདུད་ཀྱི་དགྲ་ཐམས་ཅད་རིང་དུ་སྤངས་པར་བྱེད་པའོ། །དགེ་བའི་རྩ་བ་དང་བསོད་ནམས་ཐམས་ཅད་འཕེལ་བ་དང་། སྟོབས་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ། །


CMR022_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང་། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཆོས་སྟོན་པ་དང་། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོག་པའི་ཆོས་ཀྱི་རྒྱལ་པོ་འགྱུར། རོ། །ཞེས་དང་། དཔའ་བོ་གཅིག་སྒྲུབ་རྒྱུད་ལས། རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཞེས་གསུངས་པས། འཇམ་དཔལ་འདི་རྒྱུན་དུ་ཡི་དམ་བྱས་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་བཤད་ལ། འབྲེལ་པ་ཐོབ་པ་ཙམ་གྱིས་ཀྱང་མ་འོངས་པ་ན་བསྐལ་པ་གྲངས་མེད་པ་འདས་པ་ན། །ལྷོ་ཕྱོགས་སུ་རྡུལ་བྲལ་ཡང་དག་འཕགས་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཡོན་ཏན་བརྗོད་ཀྱི་མི་ལངས་པའི་ཞིང་དེར་འཇམ་དཔལ་འདི་ཉིད་སངས་རྒྱས་ཀུན་ཏུ་གཟིགས་ཞེས་བྱ་བར་སངས་རྒྱས་པའི་ཚུལ་སྟོན་ཏེ། ད་ལྟ་འབྲེལ་པ་ཐོབ་ཚད་དེ་ཐམས་ཅད་ཞིང་དེར་སྐྱེས་ནས་ཞིང་གི་དཔལ་ལ་ལོངས་སྤྱོད་ཅིང་སྐྱེ་བ་གཅིག་གིས་ཐོག་པའི་སེམས་ཅན་ཤ་སྟགས་སུ་གྱུར་ནས་སངས་རྒྱས་པར་མདོ་སྡེ་འཇམ་དཔལ་ཞིང་གི་བཀོད་པ་དང་། སྙིང་རྗེ་པདྨ་དཀར་པོ་སོགས་ནས་བཤད་དོ། །དེས་ན་དེ་ལྟ་བུའི་ཕན་ཡོན་དང་དོན་ཆེན་


CMR022_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྡན་པའི་ཆེད་དུ་རྗེས་ཟློས་མཛོད་ལ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུག་སོགས། ཞེས་འཇམ་དཔལ་གྱི་རིགས་གང་ལའང་སྦྱར་དུ་རུང་བའོ། །ཞེས་པ་ཨ་རཱ་གས་སྦྱར་བའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཇམ་དབྱངས་སྤྱིའི་དབང་བཤད་ལོ་རྒྱུས།next