Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
གཤེད་དམར་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤེད་དམར་ལོ་རྒྱུས།next

གཤེད་དམར་ལོ་རྒྱུས།


CMR022_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དམར་ལོ་རྒྱུས་བཞུགས། འོ་ན་ད་ལམ་ཁྱེད་རྣམས་ལ། གཤིན་རྗེའི་གཤེད་དམར་པོའི་དབང་བསྐུར་བ་ཡིན་ཏེ། ལྷའི་ངོ་བོ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཡིན་ཏེ་འཇམ་དཔལ་རྣམ་པར་བཀོད་པའི་མདོ་ལས། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་འཛིན་པ་ལས། འཇམ་དཔལ་གྱི་མཚན་ལན་གཅིག་བརྗོད་པ་བསོད་ནམས་ཆེ་བར་གསུངས་པའི་ཕྱིར། འདིའི་དབང་ཐོབ་ན་ཕན་ཡོན་བསམ་གྱིས་ག་ལ་ཁྱབ། སྔོན་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་གྲུབ་བྱང་ཆུབ་ཀྱི་དྲུང་དུ། རྡོ་རྗེའི་སྐྱིལ་མོ་ཀྲུང་འཆའ་བ་ན། བདུད་ཀྱི་དམག་བྱེ་བ་ཁྲག་ཁྲིག་ལྷགས་ཏེ། མཚོན་ཆ་སྣ་ཚོགས་ཀྱིས་ཆར་ཕབ་པའི་ཚེ། ཐུགས་ཞི་བ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས། མཚོན་གྱི་ཆར་པ་རྣམས་འཇའི་ཀ་བ་དང་། མེ་ཏོག་གི་ཆར་དུ་གྱུར། དེར་བདུད་དམག་མི་ཁྲི་ཕྲག་གཅིག་ཐུལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་། དེས་ལྷག་མ་རྣམས་སྔར་ལས་གདུག་རྩུབ་ཆེར་སྐྱེས་ནས་འཐབས་པས། བཅོམ་ལྡན་འདས་ཀྱིས་གཤིན་རྗེའི་གཤེད་ཀྱི་སྔགས་འདི་གསུང་པ་ཙམ་གྱིས་བཅོམ་ལྡན་འདས་ཉིད་གཤིན་རྗེའི་གཤེད་ཀྱི་སྐུར་


CMR022_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡང་བཤད་སྐུའི་བ་སྤུའི་བུ་ག་ནས་ཁྲོ་བོ་མེའི་མདོག་ཅན་མང་པོ་བྱུང་སྟེ། ཕྱག་ན་རྡོ་རྗེ་ལ་ཁྱོད་ཀྱི་ཁྲོ་བོ་འདི་ལྟ་བུ་སྤྲུལ་ནས་ཐུལ་ཅིག་ཅེས་བཀའ་གནང་ནས་ཕྱག་ན་རྡོ་རྗེས་དེ་ལྟར་སྤྲུལ་ནས་བདུད་བཏུལ་བར་ཡང་བཤད། ཡང་སྔགས་གསུངས་པ་ཙམ་གྱིས་ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་ནས་སྐད་ཅིག་ལ་གཤིན་རྗེའི་གཤེད་ནམ་མཁའ་ལ་བྱོན་ཏེ། གནམ་ལྕགས་རྡོ་རྗེའི་ཆར་ཕབ་པས་བདུད་རྣམས་ཚར་བཅད་ཅིང་། ལྷ་སྦྱིན་ཁྲག་ཏུ་སྐྱུགས། བདུད་བཞི་བཅོམ་ནས་མངོན་པར་སངས་རྒྱས་པས། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་སྟེ་ལྷ་འདིའི་སྒོ་ནས་བདུད་བཅོམ་པ་ཡིན་པ་ངོ་མཚར་ཆེ། གཤིན་རྗེའི་གཤེད་འདི་མཐོང་བ་ཙམ་གྱིས་ཁྲོ་བོ་གཞན་ཐམས་ཅད་ནི་འདར་ཞིང་ལག་ཆ་ས་ལ་འཆོར་བར་རྒྱུད་ཐམས་ཅད་ནས་བཤད་པས། མཐུ་སྟོབས་དང་གཟི་བརྗིད་ཆེ། སེམས་ཅན་ཐམས་ཅད་ཀྱི་གཤེད་ནི་གཤིན་རྗེ་ཡིན་པས། སངས་རྒྱས་མན་ནས་འཇག་མའི་སྲིན་བུ་ཡན་ཆད་ཀྱི་སྲོག་དབུགས་གཤིན་རྗེའི་བདག་པོ་ཡིན་ལ། གཤིན་རྗེ་ཐམས་ཅད་ནི་ལྷ་འདི་ཡིས་འདུལ་ཞིང་འཇོམས་པའི་ཕྱིར་གཤིན་རྗེའི་གཤེད་ཅེས་བྱ། པཎྜི་ཏ་དྷ་ཤི་དང་། ས་པཎྜི་ཏ་ལ་


CMR022_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མཁས་གྲུབ་མང་པོའི་ཐུགས་དམ་གྱི་ལྷ་འདི་ཡིན། ངེད་རང་བོད་ལ་བཀའ་བབས་པས། འདིའི་སྤྲུལ་པ་ཤན་པའི་གཟུགས་ཅན་ཅིག་ལྷ་སར་བྱུང་ནས་མང་པོ་བསྒྲལ་འདྲེན་དངོས་སུ་མཛད། སླར་ཇོ་བོའི་མདུན་གྱི་ཀ་བ་ལ་ཐིམ་པས་གཤེད་དམར་ཀ་བར་གྲགས། འདིའི་རྒྱུད་ལེའུ་འབུམ་པ་ནི་རྒྱ་གར་ན་བཞུགས། བསྡུས་པ་ལྔ་བཅུ་རྩ་གཉིས་བོད་དུ་འགྱུར། འདི་ཡི་དབང་རྒྱས་པ་ལྷ་མང་དང་། ལྷ་ལྔ་དང་། བསྡུས་པ་གཙོ་རྐྱང་གསུམ་དུ་ཡོད་པ་ལས། འདི་པཎྜི་ཏ་རྡོ་རྗེ་གདན་པས་མཛད་པའི་གཙོ་རྐྱང་དེ་ཡིན། འདིའི་དབང་ཐོབ་ན་སྤར་ཁ་དགྲ་ཐོག་དང་། དུར་མིག་དང་། གཤེད་བཞི་དང་། གཤེད་ཁ་ཡོད་པ་དང་། དུས་མ་ཡིན་པའི་འཆི་བ་དང་། གཤིན་རྗེའི་ཕོ་ཉ་བཟློག་པར་འགྱུར་བ་ཡིན་ཏེ། འཆི་བདག་གཤིན་རྗེའི་ཉེས་པ་ན། །གཤིན་རྗེའི་གཤེད་ཀྱི་ཁ་འཛིན་མཛོད། །ཅེས་གསུངས་པ་ཡིན་པས། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ་ཕུལ། ཅེས་སྤར་ངེ་དབོན་པོ་བླ་མ་ཕྲིན་ལས་ཀྱིས་བསྐུལ་ནས། ༧ རཱ་ག་ཨ་སྱས་བྱུང་རྒྱལ་དུ་སྨྲས་པ། ཡི་གེ་པ་ནི་ཐབས་མཁས་སོ། །མངྒ་ལཾ། །


CMR022_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགཤེད་དམར་ལོ་རྒྱུས།next