Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
ཁྲོ་བོ་མི་གཡོ་བའི་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་བོ་མི་གཡོ་བའི་ལོ་རྒྱུས།next

ཁྲོ་བོ་མི་གཡོ་བའི་ལོ་རྒྱུས།


CMR022_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་མི་གཡོ་བའི་ལོ་རྒྱུས་ནི། འོ་ན་ད་ལམ་ཁྱེད་རྣམས་ལ་ཁྲོ་བོ་མི་གཡོ་བའི་སྒོ་ནས་ཀླུའི་གདོན་ཁྲོལ་ཟབ་མོ་རྗེས་གནང་དང་བཅས་པ་ཞིག་བྱེད་པ་ཡིན། དེ་ལ་འཕགས་པ་མི་གཡོ་བ་འདིའི་ངོ་བོ་ངེས་ཚིག་དགོས་ཆེད་ལོ་རྒྱུས་ཕན་ཡོན་བྱབ་ཆོག་དབང་བསྐུར་བདུན་ལས། ངོ་བོ་ནི་ཤཱཀྱ་ཐུབ་པ་ཉིད་ཀྱི་སྤྲུལ་པ་ཡིན་ཏེ། རྟོགས་པ་ལས། སེམས་ཅན་ཞི་བས་གདུལ་དཀའ་བ། །བགེགས་ཆེན་དང་ནི་ལོག་པར་འདྲེན། །དེ་རྣམས་འདུལ་བར་བྱ་བའི་ཕྱིར། །རྫོགས་སངས་རྒྱས་ཀྱིས་རྟག་ཏུ་སྤྲུལ། །མཚན་ནི་མི་གཡོ་བ་ཞེས་གྲགས། །ཁྲོ་བོ་འཕགས་པ་སྟོབས་པོ་ཆེ། །ཞེས་གསུངས་སོ། །ངེས་ཚིག་ནི། ས་བརྒྱད་པ་མི་གཡོ་པའི་ས་ལ་གནས་ཤིང་བདུད་དཔུང་བྱེ་བ་ཁྲག་ཁྲིག་གིས་མི་གཡོ་བ་སྟེ། མི་གཡོ་བ་རྟུལ་ཕོད་པའི་རྟོགས་པ་ཆེན་པོ་མི་གཡོ་བ་ཞེས་བྱ་བའི་ས་ཐོབ་པས། མི་གཡོ་བ་འདི་ཡང་དེའི་མཚན། བདུད་རྣམས་ཀུན་གྱི་མི་གཡོ་བས། །བསྟན་པའི་ཡེ་ཤེས་དྲི་མེད་བཟང་། །ཞེས་གསུངས་སོ། །དགོས་ཆེད་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཤིང་བྱང་ཆུབ་ལ་གཞོལ་བ་དང་། ཚེ་རིང་བ་དང་། ནད་ཞི་བ་དང་། དངོས་


CMR022_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མྱུར་བ་དང་། བདེ་སྐྱིད་འབྱུང་བ་དང་། བགེགས་བདུད་ཐམས་ཅད་འཇོམས་པའི་ཆེད་དུ་ཁྲོ་བོ་མི་གཡོ་བ་འདི་གསུངས་པ་ཡིན་ཏེ། རྟོགས་པ་དེ་ཉིད་ལས། སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །ཆོས་ཀྱི་དབྱིངས་སུ་རབ་གཞོལ་བས། །རྟག་ཏུ་ཚེ་རིང་ནད་མེད་མཆོག །དངོས་གྲུབ་མྱུར་དུ་སྩོལ་མཛད་པ། །རྟག་ཏུ་བགེགས་རྣམས་གསོད་བྱེད་ཅིང་། །དེ་བཞིན་བདུད་རྣམས་རབ་ཏུ་འཇོམས། །སེམས་ཅན་ཐམས་ཅད་བདེ་བའི་ཕྱིར། །རྟོགས་པ་འདི་ནི་རབ་ཏུ་བཤད། །ཅེས་གསུངས་སོ། །དེ་ཡང་ཇི་ལྟར་སྤྲུལ་པའི་ལོ་རྒྱུས་ནི། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ཁང་བུ་བརྩེགས་པ་ན་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་འཛམ་བུ་གླིང་གི་ཀླུ་གནོད་སྦྱིན་ཤ་ཟ་མང་པོ་རྣམས་ཀྱིས། མི་ནད་དང་ཕྱུགས་ནད་དང་ཡམས་ནད་དང་དུས་མ་ཡིན་པར་འཆི་བར་བྱེད་་ན། དེ་དག་ཞི་བར་མཛད་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་ཁུང་ནས་མེ་ལྕེ་རབ་ཏུ་འབར་བར་བྱུང་ནས་སྲིད་པ་གསུམ་པོ་རབ་ཏུ་འབར་ཞིང་།


CMR022_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱི་པུས་མོ་ས་ལ་བརྡབས་པས་ཁྲོ་བོ་མི་གཡོ་བ་སྤྲུལ་པའི་ཁྲོ་བོ་དཔག་ཏུ་མེད་པ་དང་བཅས་པ་བྱུང་སྟེ་ནམ་མཁའ་ལ་བཞུགས་ནས། ལྷ་ཀླུ་གནོད་སྦྱིན་དང་ཚབཅས་པ་ཐམས་ཅད་རབ་ཏུ་སྐྲག་པར་བྱེད་ཅིང་འཇིག་རྟེན་སྐྱོང་བ་ཐམས་ཅད་དབང་དུ་བསྡུས་ནས། ཤ་ཟ་དང་སྲིན་པོ་ལ་སོགས་པ་མ་རུངས་བ་ཐམས་ཅད་འཇོམས་པར་གྱུར་ཏོ། །ཟླདེའི་ཚེ་བཅོམ་ལྡན་འདས་ཀྱིས་མི་གཡོ་བའི་གཟུངས་ལས་ཚོགས་དང་བཅས་པ་གསུངས་སོ། །དེ་ནས་ཡང་དེའི་ཚེ་ཐུབ་པ་ཆེན་པོས་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་བཞུགས་པས་དཔལ་མགོན་བདུན་ཅུ་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྐད་ཅིག་ཉིད་ལ་དེར་འདུས་སོ། །དེའི་ཚེ་བདུད་ཐམས་ཅད་ཀྱང་དེར་ལྷགས་ནས་བར་གཅོད་བྱེད་པར་བརྩམས་ནས་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་བདུད་རྣམས་ཞི་བར་མཛད་དུ་གསོལ། ཞུས་པས། བཅོམ་ལྡན་འདས་བདུད་ལ་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་ཧཱུྃ་ཧཱུྃ་ཧཱུྃ་གསུང་མ་ཐག་ཏུ། ཁྲོ་བོ་མི་གཡོ་བ་སྐུ་མདོག་མཐིང་ནག །ཞལ་ཕྱག་སྟོང་ཕྲག་དང་ལྡན་པ་མཚོན་ཆ་སྣ་ཚོགས་ཐོགས་པ་གཅིག་མདུན་དུ་བྱུང་ནས། བཅོམ་ལྡན་


CMR022_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཞལ་ནས། ཁྲོ་བོ་མི་གཡོ་བ་ཁྱོད་ཀྱིས། བདུད་ཐམས་ཅད་སོད་ཅིག་ཟོ་ཞིག་འཐུང་ཞིག་ཧཱུྃ་ཧཱུྃ་ཕཊ༔ ཅེས་སོགས་བཀའ་བསྒོས་པས། ཁྲོ་བོའི་རྒྱལ་པོ་དེ་ཁྲོས་ནས། ཧཱུྃ་ཞེས་ཞལ་གསུམ་ཕྱག་དྲུག་པར་བྱས་ནས་ཀླུ་ཐམས་ཅད་ཟོས་དེ་ཕཊ་ཅེས་ཞལ་བཞི་ཕྱག་བརྒྱད་པར་བྱས་ནས་ལྷ་མ་ཡིན་ཐམས་ཅད་མེད་པར་བྱས་སོ། །ཞལ་གཅིག་ཕྱག་གཉིས་པར་བྱས་ནས་ལྷའི་གདོན་ཐམས་ཅད་བཅོམ་ནས་ཚོགས་བདག་གདན་དུ་བྱས་སོ། །གཞོན་ནུའི་ཆ་ལུགས་སུ་བྱས་ནས་པུས་མོ་གཡས་པ་ས་ལ་བཙུགས་ནས་ལྷའི་བུའི་བདུད་མེད་པར་བྱས་སོ། །གཡོན་པ་ས་ལ་བཙུགས་ནས་བི་ན་ཡ་ཀ་མེད་པར་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་མི་གཡོ་བའི་རྟོགས་པའི་རྒྱུད་གསུངས་སོ། །གཞན་ཡང་མི་གཡོ་བའི་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པའི་རྟོགས་པ་དང་། རྒྱུད་གསང་བ་ཆེན་པོ་ལ་སོགས་པ་མང་དུ་གསུངས་སོ། །བཞི་པ་ཕན་ཡོན་ནི། གཟུངས་ལས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ གཟུངས་སྔགས་འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། ལན་གཅིག་བརྗོད་པས་ཀྱང་འཛམ་བུ་གླིང་གི་ལྷ་ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཀུན་ཞི་བར་འགྱུར་


CMR022_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །རིམས་ཉིན་གཅིག་པ་དང་ཟླ་གཅིག་པ་དང་། སྡང་དུབ་པ་དང་། རྟག་པའི་རིམས་དང་ཡུད་ཙམ་པ་ལས་ཐར་རོ། །འབྲུམ་བུ་དང་སླ་གོར་དང་ཤུ་བ་། དང་། མེ་དབལ་དང་གཡེམ་པ་དག་ཞི་བར་འགྱུར་རོ། །ལན་གཅིག་བརྗོད་པས་ཀྱང་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཀུན་ཞི་བར་འགྱུར། ཞེས་གསུངས་པ་དང་། པཎྜི་ཏ་འོད་ཟེར་འབྱུང་གནས་གྲགས་པའི་རྒྱ་གཞུང་ལས། སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་ངེས་པར་སྲེག་ཅིང་ཐམས་ཅད་དུ་སྲུང་བ་དང་སྦེད་པར་བྱེད་དོ། །ཞེས་དང་། མི་གཡོ་བ་རྟུལ་ཕོད་པའི་རྟོགས་པ་ལས། རིམས་དང་སོ་མིག་གཟེར་ཟུག་དང་། །རྐང་པ་རྩིབ་ལོགས་ལུས་ལས་བྱུང་། །རྣམ་པ་སྣ་ཚོགས་ཀུན་འབྱུང་བའི། །ས་སྟེང་ལུས་ཅན་ནད་རྣམས་ཚེ། །གསང་སྔགས་དྲན་པ་ཙམ་ཉིད་ཀྱི། །དེ་དག་ཐམས་ཅད་ཟད་པར་འགྱུར། །ཞེས་དང་། སྲིན་པོ་ཡང་ནི་བཅས་པ་དང་། མཁའ་འགྲོ་མ་དང་རྫུ་འཕྲུལ་ཆེ། །ཤ་ཟ་མ་དང་གྲུལ་བུམ་དང་། །མ་མོ་རྫུ་འཕྲུལ་ཆེ་གསུང་པ། །གཞན་ཡང་གདུག་པ་བྱེད་པ་ཡི། །ས་སྟེང་སེམས་ཅན་འཚེ་བྱེད་གང་། །


CMR022_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོ་རབ་ཏུ་སྦྱར། །ཞེས་གསུངས་པས་འདི་ནི་ནད་ཐམས་ཅད་ཞི་བ་དང་གདོན་ཐམས་ཅད་འདུལ་བའི་མཆོག་དམ་པ་ཡིན་ལ། རྒྱལ་བ་འབྲོམ་གྱིས་ཀྱང་མི་གཡོ་བ་འདི་ཡང་ཡང་ཞལ་གཟིགས་ནས། ཡི་དམ་ཆོས་སྐྱོང་དབྱེར་མེད་བཀའ་གདམས་ལྷ་བཞིའི་ནང་ནས་ཡ་གཅིག་ཡིན་ལགས། དགེ་བའི་བཤེས་གཉེན་སྣེའུ་ཟུར་པ་ཁྲོ་བོ་འདིའི་སྤྲུལ་པ་ཡིན་པར་གསུངས་ཤིང་། སྣེའུ་ཟུར་པ་དང་རྗེ་ཀརྨ་པ་ཡང་ཐུགས་རྒྱུད་གཅིག་པར་བཤད་པས། འདི་བླ་མ་ཡི་དམ་དབྱེར་མེད་བྱིན་རླབས་ཀྱི་བཀའ་བབས་ཡང་ཡིན་ཞིང་། མི་གཡོ་བ་འདིས་ནི་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཤིང་བསྲུང་སྐྱབས་མཛད་པའི་ཕྱིར། སྔོན་དུ་བསྙེན་སྒྲུབ་མ་བྱས་ཀྱང་། ལས་ཚོགས་འགྲུབ་ཅིང་བྱིན་རླབས་འབྱུང་བ་ཡིན་ཏེ། རྟོགས་པ་ལས། སེམས་ཅན་ཁམས་ནི་ཐམས་ཅད་ཀྱིས། །བསྟན་པ་གང་ཡིན་བསྲུང་བར་མཛད། །ཅེས་དང་། ཁྲོ་བོའི་རྒྱལ་པོ་བློ་དང་ལྡན། །སྔགས་པས་མ་བསྒྲུབས་པ་ཡང་འགྲུབ། །ཁྲོ་བོའི་རྒྱལ་པོའི་བྱིན་རླབས་ཀྱིས། །ལས་རྣམས་མ་ལུས་འགྲུབ་པར་འགྱུར། །ཞེས་


CMR022_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ལྟ་བུར་བྱིན་རླབས་ཆེ་ཞིང་ཐུགས་རྗེ་མྱུར་བ་འཕགས་པ་མི་གཡོ་བའི་སྒོ་ནས་བྱབ་ཆོག་ཞུ་བའི་ཕྱིར་མཎྜལ་ཕུལ། ཅེས་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཁྲོ་བོ་མི་གཡོ་བའི་ལོ་རྒྱུས།next