Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
སྨེ་བརྩེགས་ཀྱི་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨེ་བརྩེགས་ཀྱི་ལོ་རྒྱུས།next

སྨེ་བརྩེགས་ཀྱི་ལོ་རྒྱུས།


CMR022_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བརྩེགས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བཞུགས་སོ། །འོ་ན་རང་རེ་རྣམས་བྱང་ཆུབ་བསྒྲུབ་པའི་རྟེན་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་འདི་ལ་གནོད་པའི་རྐྱེན་ནི་གྲིབ་དང་མི་གཙང་བ་ཡིན། དེ་ཡང་དམ་ཚིག་ཉམས་པའི་གྲིབ་ཀྱིས་ས་ལམ་གྱི་བར་ཆད་བྱེད། ལྷ་སྲིན་སྡེ་བརྒྱད་ཀྱི་གྲིབ་ཀྱིས་ཚེ་སྲོག་ལ་བར་ཆད་བྱེད། རྨེ་དང་སྡེ་འཁྲུག་གི་གྲིབ་ཀྱིས་བསྒྲུབས་པ་བྱས་ཀྱང་། འབྲས་བུ་མི་འབྱུང་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་པར་ཨོ་རྒྱན་རིན་པོ་ཆེ་དང་ཇོ་བོ་རྗེ་རྣམས་ཀྱིས་གསུངས་ཤིང་། བྱ་བ་ཡོངས་སུ་བསྟན་པའི་མདོ་ལས་ཀྱང་གསུངས་ཏེ། དེ་ལྟ་བུའི་གྲིབ་དང་མི་གཙང་བ་སེལ་བ་ལ་ཁྲོ་བོ་རྨེ་བརྩེགས་འདི་མཆོག་ཡིན་པར་བཀའ་གསར་རྙིང་ཐམས་ཅད་ཞལ་འཆམ་པ་ཡིན། དེ་ཡང་སྔོན་བདག་འཛིན་རུ་ཏྲ་སྡེ་གསུམ་བདུད་དམག་བྱེ་བ་མང་པོའི་སེམས་ཅན་ལ་སྡུག་བསྔལ་སྣ་ཚོགས་བྱས་པས་དེ་འདུལ་བའི་ཕྱིར། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་སྟོབས་དང་སྤྲུལ་པ་སྣ་ཚོགས་མཛད་ཀྱང་འདུལ་མ་ཐུབ། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་བུར་སྤྲུལ་ཏེ། ཁྲོ་བོ་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ་ཕྱག་ན་བེང་བསྣམས་པ་ཞིག་མཛད་ནས། བདུད་ཀྱི་


CMR022_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་མགོ་ལ་བེང་བརྒྱབས་ཏེ་བསྒྲལ། བདུད་དམག་ཐམས་ཅད་བཏུལ་ཏེ་འཁོར་དུ་བསྐོར་རོ། །དེ་རྗེས་ཐུབ་པའི་བསྟན་པ་བྱུང་གི་བར་དུ་བདུད་ཕོ་མ་ཏྲཾ་རུ་ཏྲ་འཁོར་སྡེ་བརྒྱད་དང་འདྲེ་སྲིན་ཐམས་ཅད་ཀྱིས་བསྐོར་ནས་མི་རྣམས་ཨ་ཅང་ཡང་ཆེ་སྟེ་ལྷ་མ་སྲིན་དང་སྲིན་པོའི་རྒྱལ་པོ་ཡང་བསད་ཅིང་ཟོས་སོ། །དེ་ནས་རྟ་མགྲིན་དང་ཕག་མོ་གཉིས་རྟེའུ་དང་པེ་གུར་སྤྲུལ་ཏེ་བདུད་ཕོ་མོའི་ཁོག་པར་ཞུགས་ནས་བསྒྲལ། སྤྱི་གཙུག་ནས་རྟ་ཞལ་དང་ཕག་ཞལ་བཏོན་ཀྱང་གྲིབ་ཀྱིས་གསུང་འགག་པའི་ཚེ། ཁྲོ་བོ་རྨེ་བརྩེགས་བྱོན་ནས་ཁྲུས་མཛད་པས། གྲིབ་སངས་ནས་རྟ་སྐད་ཐེང་གསུམ་ཕག་སྐད་ལན་ལྔ་ངུར་བས་དཔའ་བོ་མཁའ་འགྲོ་དབང་དུ་སྡུད་པ་ཡང་སྨེ་བརྩེགས་འདིའི་བཀའ་དྲིན་ཡིན་པར་བཤད། ལྷ་གཞན་ལ་གྲིབ་དང་མི་གཙང་བས་གོས་ན་མི་འགྲུབ་ལ། འགྲུབ་ཚར་བའི་བྱིན་རླབས་ཀྱང་ཉམས་པར་འགྱུར་ཏེ། སྨེ་བརྩེགས་འདི་ནི་གྲིབ་དང་མི་གཙང་བ་གང་གིས་ཀྱང་མི་གནོད་ལ་གྲོགས་སུ་འགྱུར་བའི་ཕྱིར། འདི་ལ་ཡི་དམ་བྱས་ན་གྲིབ་ཀྱིས་མི་འཇིགས་པ་དམ་ཚིག་ཏུ་གསུངས་པས། ལྷ་གཞན་བས་བྱིན་རླབས་ནུས་པ་ཆེ་བ་ཡིན། ལྷ་གཞན་ནི་བསྙེན་སྒྲུབ་མ་ཐེམ་


CMR022_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱིན་རླབས་མི་འཇུག །བསྙེན་སྒྲུབ་ཀྱང་དུས་སྙིགས་མ་ལ་བཞི་འགྱུར་འདོན་དགོས་ལ། དེ་མ་ཐོན་ན་ལས་ཚོགས་རྣམས་བྱས་ཀྱང་མི་འགྲུབ་པར་གསུངས་ལ། སྨེ་བརྩེགས་འདི་ནི་སྔོན་དུ་བསྙེན་སྒྲུབ་མ་བྱས་ཀྱང་འཕྲལ་དུ་ལས་ཚོགས་རྣམས་འགྲུབ་པར་གསུངས་པས། ལྷ་གཞན་ལས་ཐུགས་རྗེ་མྱུར་བ་ཡིན་ནོ། །འདི་ལ་ཡང་ས་སྐྱའི་གཏེར་ཆོས་ཀྱི་གྲ་ཚར་དུ་དུད་ཁ་ཞལ་གསུམ་ཕྱག་དྲུག་དང་། དུད་ཁ་ཕྱག་གཉིས་རྙིང་མ་ལུགས་དང་། རྒྱུད་འབུམ་ནས་གསུངས་པའི་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ་དང་བློ་གསུམ་ལས། འདི་ཇོ་བོ་རྗེའི་ལུགས་ལྗང་ནག་དེ་ཡིན། དེ་ལྟར་བྱིན་རླབས་ཆེ་བའི། བྱབ་ཁྲུས་སམ་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྨེ་བརྩེགས་ཀྱི་ལོ་རྒྱུས།next