Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
གདུགས་དཀར་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདུགས་དཀར་ལོ་རྒྱུས།next

གདུགས་དཀར་ལོ་རྒྱུས།


CMR022_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་ལོ་རྒྱུས་ཡོད། ཆོས་འདི་རྒྱུད་སྡེ་བཞིའི་ནང་ནས་བྱ་རྒྱུད། དེ་ལ་རིགས་དྲུག་ཡོད་པ་ལས། འདི་དེ་བཞིན་གཤེགས་པའི་རིགས་དང་། དེ་ལ་ཡང་རིགས་བརྒྱད་ཡོད་པའི་ནང་ནས་འདི་ནི། རིགས་ཀྱི་གཙུག་ཏོར་ཏེ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་ལྷ་མོ་གདུགས་དཀར་མོ་ཅན། འདིའི་ལོ་རྒྱུས་ཕན་ཡོན་ཟུར་ཙམ་བརྗོད་པའི་དབང་དུ་བགྱིས་ན། སྔོན་འཛམ་བུ་གླིང་འདིར་འབྱུང་པོ་གདུག་པ་ཅན་ཞེས་བྱ་ཞིག་གིས། སངས་རྒྱས་སུ་རེ་བས་ལུས་ཐམས་ཅད་སྦྱིན་སྲེག་ཏུ་བཏང་ཡང་སངས་མ་རྒྱས་པས། སེམས་ཅན་དེས་བྱང་ཆུབ་སེམས་དཔའ་ཐར་བྱེད་ལ་རྒྱུ་མཚན་དེ་ཞུས་པ་ལས། ལུས་སྦྱིན་སྲེག་བྱས་པའི་དགེ་བས་གཤིན་རྗེ་གཅིག་སྐྱེ་བ་བླངས་ནས། ཏིང་འཛིན་བསྒོམས་པས་འཚང་རྒྱ་བར་བསྟན་ན། ཁོས་ཕ་མ་བརྗེད་ནས་ལུས་ལེན་མ་འདོད་པས། དུར་ཁྲོད་སོ་ས་གླིང་གི་དུར་སྲུང་པྲ་མ་ཎ་སུ་ཏྲི་བསད་ནས། དེའི་ལུས་སུ་ཞུགས་པ་སྡིག་ཅན་དུ་གྱུར་པ་དང་། བསྒོམས་པས་ཀྱང་བཟའ་བཏུང་འདོད་པར་བྱུང་བས། དུར་ཟས་ཟ་བ་ལ། ཡུལ་དེར་མུ་གེ་བྱུང་བས་དུར་ཟས་མ་བྱུང་བས་རོ་རྣམས་ཟོས་


CMR022_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པས། ལུས་གཅིག་ལ་མགོ་སྟོང་དང་བརྒྱད་ཅུ། ལག་པ་ཁྲི་མིག་འབུམ་ཡོད་པའི་དྲག་རྩལ་ཅན་ཞིག་ཏུ་གྱུར་ནས། མི་གསོན་པོ་རྣམས་ཀྱང་ཟོས་པས། མིང་དུར་ཁྲོད་ཀྱི་སྲིན་པོ་ལེགས་ལྡན་ནག་པོར་གྲགས། ཁོའི་ཁ་རླངས་ལས་ནད་ཡམས་དཔག་མེད་བྱུང་ནས་མི་རྣམས་སྡུག་བསྔལ་བའི་ཚེ། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དབུ་གཙུག་ཏོར་ནས་ལྷ་མོ་གདུགས་དཀར་མོ་ཅན། དབུ་སྟོང་ཕྱག་ཁྲི་སྤྱན་འབུམ་ཡོད་པ་ཅིག་བྱུང་བ་དེས་སི་ཏ་ཏ་པ་ཏྲེའི་སྔགས་ཀྱི་སྒྲས་དུར་སྲི་དེ་རྡུལ་དུ་བརླགས་པར་མཛད། མདོར་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་ནས་འབྱུང་ཞིང་། ཕན་ཡོན་འདི་ཉིད་སྒོམ་བཟླས་དང་རིག་སྔགས་ལུས་ལ་བཅངས་པ་དང་ཡིད་ལ་བྱས་པས་ཀྱང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། སྲུལ་པོ་དང་། ལུས་སྲུལ་པོར་མི་འགྱུར། དུས་མིན་དུ་མི་འཆི། དུག་མཚོན། རིམས་ནད། ཚད་པ། མེ། ཆུ། གཤེད་དང་།་བྱེད་ཀ་སོགས་ཀྱིས་མི་ཚུགས། མི་དང་ལྷ་འདྲེ་གདོན་བགེགས་ཀྱིས་ཡིད་དུ་འོང་། ཚེ་རབས་དྲན་པ་དང་། མཚམས་མེད་སོགས་ཀྱི་སྡིག་སྒྲིབ་བྱང་བ་དང་། མི་ནད་


CMR022_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ནད་ཐམས་ཅད་ཞི་བ་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་དང་ལྡན་པའི་དབང་ཟབ་མོ་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཅེས་རཱ་ག་ཨ་སྱས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགདུགས་དཀར་ལོ་རྒྱུས།next