Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྔོག་དཀྱིལ་དགྱེས་རྡོར་ལྷ་དགུ་བདག་མེད་མ་སོགས་ཀྱི་གཏོར་བསྔོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྔོག་དཀྱིལ་དགྱེས་རྡོར་ལྷ་དགུ་བདག་མེད་མ་སོགས་ཀྱི་གཏོར་བསྔོས།next

རྔོག་དཀྱིལ་དགྱེས་རྡོར་ལྷ་དགུ་བདག་མེད་མ་སོགས་ཀྱི་གཏོར་བསྔོས།


CMR022_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧེ་བཛྲ་ཡེ། རྔོག་དཀྱིལ་དགྱེས་རྡོར་ལྷ་དགུ་དང་། བདག་མེད་མ་དང་། གུར་རིགས་བསྡུས་གསུམ་ཀའི་མདུན་དུ་ཆོས་འབྱུང་གི་ནང་། སྟེང་དུ་པདྨ་དཀར་པོ། བར་དུ་ནག་པོ་འོག་ཏུ་དམར་པོ་རྣམས་འདབ་མ་བརྒྱད་པ་བརྩེགས་མ། རང་གི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་པས། གཟུགས་མེད་ནས་འདོད་ལྷ་རིགས་དྲུག་བསྡུས་ཏེ་པདྨ་དཀར་པོའི་དབུས་སུ་ཨོཾ་དཀར་པོ་། ཕྱོགས་སྐྱོང་བཅུ་དང་ཕ་མ་སོགས་བསྡུས་ཏེ་ནག་པོའི་དབུས་སུ་ཧཱུྃ་ནག་པོ། ས་སྟེང་མི་ནས་དམྱལ་བ་ཡན་ཆོད་བསྡུས་ཏེ་པདྨ་དམར་པོའི་དབུས་སུ་ཨཱཿཋདམར་པོ། དེ་དག་ལས་འོད་ཟེར་འཕྲོས། དོན་བྱས་ཚུར་འདུས་པ་ལ། ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ། །ཨཱལས་པདྨ་དམར་པོའི་དབུས་སུ་ཨཱུས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས་ཚུར་འདུས་པ་ལས། འཁོར་ལོ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། རྡོ་རྗེ་ལས་ཐུགས་རྡོ་རྗེ་སྐུ་མདོག་ནག་པོ་རང་འོད་ཀྱི་རིག་མ། པདྨ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་མོ་རང་འོག་ཀྱི་རིག་མ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་


CMR022_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པ། ཞབས་གཡས་བརྐྱངས་པས་བཞུགས་པ། རང་གི་གནས་གསུམ་གྱི་ལྷ་ལས་འོད་ཟེར་འཕྲོས་པས། རང་འདྲ་བའི་ཡེ་ཤེས་། སེམས་དཔའ་སྤྱན་དྲངས་གཽ་རི་ཛཿ ཙོ་རི་ཧཱུྃ། བེ་ཏ་ལི་པཾ། གྷསྨཱ་རི་ཧོ༔ ཡང་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱི་དབང་བསྐུར་བས། སྐུ་རྡོ་རྗེ་ལ་རྣམ་པར་སྣང་མཛད། ཐུགས་རྡོ་རྗེ་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ལ་སྣང་བ་མཐའ་ཡས་ཀྱིས་དབུ་རྒྱན་པར་གྱུར། རང་གི་གནས་གསུམ་གྱི་ལྷ་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད། ཨོཾ་ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པཋེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷུཔྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནེ་ཝི་དྱ་ཨཱཿཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱཿ་ལོ་ཀེ་ཨཱཿཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤཔྟ་ཨཱཿཿཧཱུྃ་སྭཱ་ཧཱ། ཡཾ་ལས་རླུང་རཾ་ལས་མེ། ཨཱཿལས་ཐོད་པོའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ལ་ཨོཾ། སྲོག་ལ་ཨ་ཨཱཿཿ དེའི་སྟེང་དུ་ཟླ་བྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གི་མེ་སྦར་ཐོད་


CMR022_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨ་ལས་འོད་ཟེར་འཕྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཙྪཱཧཱུྃ་གསུམ། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཏོར་མའི་མགྲོན་ཐམས་ཅད་ཀྱིས་ལྗགས་ཀྱི་རྩེ་མོ་ལ་རྡོ་རྗེ་ནས་འབྲས་ཙམ་པ། དེ་ལས་འོད་ཟེར་སྦུ་གུ་ཅན་བྱུང་བས་གཏོར་མ་ལ་རེག་སྟེ་འོད་ཟེར་གྱིས་དྲངས་ནས། གསོལ་བར་གྱུར། ཨོཾ་ཨིན། ཡ་མ༔ ཛ་ལ༔ ཡཀྟ༔ བྷུ་ཏ༴ བ་ནི་༴ བ་སུ༔ རཀྟ་ས༔ ཙན༴ སུརྱ༔ མ་ཏ༴ པ་སྱཟཏ་ལ༔ སཱ་ར་ལ༴ པ་པྱ༴ སྭཱ་ཧཱ༔ ཨི་དཾ་བྷ་ལི་༴ བུཉྫ༴ ཛི་ག༴ པུཊེ༔ རཱུ་པ༴ མཾ་ས༴ སཾ་ག ཨཏྨ༴ ཀརྫ་༴ སརྦ༴ ས་དྷ༴ ཁནྟེ༴ ཁུ་ནེ༴ ཕེ་ཏ༴ གྷ་ཏ༴ ཨོཾ་ཨ་ཀ་རོ་སོགས་གསུམ། ཁྱོད་ནི་མི་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཁྱོད་ཀྱིས་ཐུགས་རྗེ་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རུ་འཁོར་བ་ཀུན་བསྒྲུབ་པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །


CMR022_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་སྒྱུ་མས་བྱང་ཆུབ་སྒྲུབ་པའི་ཡིད། །དགྱེས་རྡོར་དཔལ་གྱི་ཧེ་རུ་ཀ་ལ་བསྟོད། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལན་གསུམ། གཏོར་མའི་མགྲོན་རྣམས་མཉེས་ནས། ཡེ་ཤེས་ཀྱི་གད་མོ་བཅུ་གཉིས་སྒྲོགས་ཤིང་། སྒྲུབ་པ་པོ་ཁྱོད་ཀྱི་ཡིད་ལ་ཅི་འདོད་པ་བདག་ཅག་རྣམས་ཀྱིས་བསྒྲུབ་པར་བྱའོ། །ཞེས་ཁས་ལེན་པར་གྱུར། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་


CMR022_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །དབང་དང་མངོན་སྤྱོད་དགྲའི་སྡེ་འཇོམས་པ་དང་། །བཀར་བ་དང་ནི་བསད་དང་རྒུད་པ་དང་། །ཞི་དང་རྒྱས་ལ་སོགས་པའི་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་རྫོགས་ཤོག །ཨོཾ་བཛྲ་སཏཱ་ས་མ་ཡ། སོགས། པདྨ་ལ་ནི་རྡོ་རྗེའི་གནས། །པདྨ་ཉིད་ནི་ཞིང་ཡིན་ནོ། །རྒྱུན་དང་ཅང་ཏེའུ་བརྡུངས་བྱས་ཏེ། །སྙིང་རྗེ་སྐུ་ཆེ་བསྒྲལ་མི་བྱ། །དེ་རུ་སྟོབས་ལྡན་འབད་པས་བཟའ། །ཆང་ཡང་མང་པོ་བཏུང་བར་བྱ། །གྲོགས་པོ་སྐལ་ལྡན་བཞུགས་པར་བྱ། །སྐལ་པ་མེད་པ་རྣམ་ལ་སྤངས། །བཞི་མཉམ་གླ་རྩི་སི་ལ་དང་། །ག་པུར་རྣམས་ཀྱིས་བྱུག་པར་བྱ། །དེར་ནི་ཚོགས་ལ་ཤ་


CMR022_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱིས། །བཀང་བ་དག་ཀྱང་བཟའ་བར་བྱ། །འགྲོ་དང་འོང་དང་འགོགས་མི་བྱེད། །དག་དང་མ་དག་བསམ་མི་བྱ། །རུས་པའི་རྒྱན་གྱིས་ལུས་ལ་བརྒྱན། །དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བར་བྱ། །དེར་ནི་རིག་མིན་སྤང་མི་བྱ། །དེ་ནས་སློབ་མ་ཉེ་བར་འཇུག་པའི་དོན་དུ་དམ་ཚིག་གིས་གླུས་བསྐུལ་བ་ནི། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དུར་ཁྲོད་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དུར་ཁྲོད་ཆེན་པོ་མཆོག་གིས་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བའི་རྒྱལ། །གྲུབ་པས་རྡོ་རྗེ་ཕྱིར་གསལ་བ། །རྡོ་རྗེ་


CMR022_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེམས་མར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱིས་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱིས་ཡབ་ཉིད་དོ། །འདོད་། ཆགས་སྙམ་པའི་དམ་ཚིག་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པའི། །མགོན་པོ་ཁྱོད་ཀྱིས་བདེན་པ་དེས། །བདག་གིས་འདོད་པ་བསྐང་གྱུར་ཅིག །ཅེས་པ་གཏོར་བསྔོས་རྔོག་རིན་ཆེན་བཟང་པོས་མཛད་པས་ལས། ༧ རཱ་ག་ཨ་སྱས་བསྡུས་པའི་ཡི་གེ་པ་ནི་བརྩོན་འགྲུས་སོ།། །།མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྔོག་དཀྱིལ་དགྱེས་རྡོར་ལྷ་དགུ་བདག་མེད་མ་སོགས་ཀྱི་གཏོར་བསྔོས།next