Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
དབང་སྤྱིའི་མཚམས་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབང་སྤྱིའི་མཚམས་སྦྱོར།next

དབང་སྤྱིའི་མཚམས་སྦྱོར།


CMR022_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྤྱིའི་མཚམས་སྦྱོར་བཞུགས་སོ། །འོ་ན་ད་ལམ་དབང་ཞུ་བའི་ཐོག་མར་རྒྱུད་སྣོད་དུ་རུང་བའི་ཕྱིར་དུ་སྔོན་འགྲོའི་ཆོས་བཤད་ཀྱི་རིམ་པ་ཅུང་ཟད་ཞུ་ན། དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་རྙེད་དཀའ་སྟེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀྱེ་མ་མིར་སྐྱེ་བ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ཡང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པ་ཡང་རྙེད་པར་དཀའ། ཞེས་གསུངས་སོ། །རྙེད་པར་དཀའ་བའི་མི་ལུས་འདི་ཡང་། ཡུན་རིང་མི་གནས་ནམ་འཆི་ཆ་མེད་དེ། རྒྱལ་སྲས་ཞི་བ་ལྷའི་ཞལ་ནས། བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་སོ། །དེ་ཡང་ནམ་འཆི་ཆ་མེད་དེ། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་རྟོལ་མེད་པས། །སང་གི་ཆིས་ལ་མི་འབད་པར། །ཕྱི་མའི་ཚིས་ལ་འབད་པར་རིགས། །ཅེས་གསུངས། དེ་ཡང་མི་རྟག་འཆི་བའི་ནངས་པར་ནི། གཉེན་འདུན་དང་ནོར་རྫས་ཤུལ་དུ་ལུས། ཕུང་པོ་རོ་རུ་སོང་། རྣམ་ཤེས་ལས་དགེ་སྡིག་དང་


CMR022_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་ནས་འགྲོ་དགོས་ཏེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་རྫས་རྩ་ལག་ཚོགས་རྣམས་ཀྱང་། །།འཆི་བའི་རྗེས་སུ་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་གསུངས། དེ་ཡང་རྣམ་ཤེས་བར་དོར་འཁྱམས་ནས་རང་གར་འགྲོ་རང་དབང་མི་ཆེ་བར། ལས་དགེ་སྡིག་གི་དབང་གིས་བལ་འདབ་རླུང་གིས་ཁྱེར་བ་ལྟར་འགྲོ་སྟེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་སོ། །དེ་ཡང་མི་དགེ་བ་ཆེན་པོ་བྱས་པས་དམྱལ་བ། འབྲིང་ཙམ་གྱིས་ཡི་དྭགས། ཆུང་ངུ་བྱས་པས་དུད་འགྲོར་སྐྱེ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། མི་དགེ་བ་ལས་སྡུག་བསྔལ་ཏེ། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་སོ། །ཟག་བཅས་ཀྱི་དགེ་བ་ཆེན་པོ་བྱས་པས་ལྷ། འབྲིང་བྱས་པས་མི། ཆུང་ངུ་བྱས་པས་ལྷ་མ་ཡིན་དུ་སྐྱེ་སྟེ། དགེ་བ་ཡིས་ནི་བདེ་བ་འཐོབ། །ཅེས་གསུངས་སོ། །དེ་ལྟར་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་སྐྱེ་རྒ་ན་འཆི་ཁོ་ནའི་ཡོ་ལང་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་


CMR022_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་དེ་ལས་ཐར་བའི་ཐབས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ནི། སྟོང་ཉིད་འདི་ལ་གཞོལ་ཞིང་འབབ། ཅེས་གསུངས་སོ། །དེ་ཐམས་ཅད་ཀྱང་མདོར་བསྡུས་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་ཏེ། ཐུབ་པའི་ཐེག་པ་རྣམ་གཉིས་ཏེ། །ཆེན་པོ་དང་ནི་ཆུང་ངུ་འོ། །ཞེས་གསུངས་སོ། །དེ་ཡང་རང་ཁོ་ན་འཁོར་བའི་རྒྱ་མཚོ་ལས་ཐར་བར་འདོད་པ་ནི། ཉན་རང་གི་ཐེག་པ་སྟེ། ཤེས་རབ་དང་སྙིང་རྗེ་ཆུང་བས་ཐེག་པ་ཐེག་དམན་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ནི། ཐེག་པ་ཆེན་པོ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །དེ་ཡང་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། སྒྲིབ་པ་སྦྱངས་ནས་སངས་རྒྱས་ཐོབ་པར་བྱེད་པ་མཚན་ཉིད་ཀྱི་ཐེག་པ་ཞེས་བྱ་སྟེ། དཀའ་


CMR022_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་ཆེ་ཞིང་ལམ་ཐག་རིང་བ་ཡིན། གསང་སྔགས་སུ་སངས་རྒྱས་པར་བྱེད་པ་སྟེ། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ཡང་ལུས་ངག་གི་བྱ་བ་གཙང་སྦྲ་དང་སྨྱུང་གནས་སོགས་གཙོ་བོར་སྟོན་པ་བྱ་རྒྱུད། ནང་གི་ཏིང་ངེ་འཛིན་དང་ཕྱིའི་གཙང་སྦྲ་གཉིས་ཀ་སྤྱོད་པས་སྤྱོད་རྒྱུད། ནང་གི་ཏིང་ངེ་འཛིན་གྱི་རྣལ་འབྱོར་གཙོ་བོར་སྟོན་པས་རྣལ་འབྱོར་རྒྱུད་དང་གསུམ་ནི། ལྷ་ཡེ་ཤེས་པ་ཕྱི་རོལ་ནས་སྤྱན་འདྲེན་པ་གསང་སྔགས་ཕྱི་པའི་རྒྱུད་གསུམ་ཞེས་བྱ། དེ་ལྟར་བྱ་སྤྱོད་ཉམས་སུ་བླངས་པས་སྐྱེ་བ་དྲུག་ཅུས་སངས་རྒྱས། རྣལ་འབྱོར་རྒྱུད་ཉམས་སུ་བླངས་བས་སྐྱེ་བ་བཅུ་དྲུག་གིས་སངས་རྒྱས། ནང་དོན་ལས། ཕ་རོལ་ཕྱིན་པའི་ལམ་དེ་ལ། །བྱ་སྤྱོད་ཚུལ་གྱིས་ཐབས་མཁས་ཙམ། །ལྡན་ཡང་མི་ཚེ་དྲུག་ཅུ་སྟེ། །རྣལ་འབྱོར་མི་ཚེ་བཅུ་དྲུག་ཡིན། །ཅེས་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཉམས་སུ་བླངས་ན་བརྩོན་འགྲུས་ཅན་ནི་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས། འབྲིང་བར་དོར་སངས་རྒྱས། ཐ་མ་སྐྱེ་བ་ཕྱི་མའི་སྐྱེ་བ་གསུམ་ནས་


CMR022_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། དབང་ཐོབ་ནས་དམ་ཚིག་མ་ཉམས་ན། ཉམས་ལེན་མ་བྱས་ཀྱང་སྐྱེ་བ་བདུན་ནས་སངས་མི་རྒྱ་མི་སྲིད་པར་གསུངས་པས། ལམ་ཐག་ཤིན་ཏུ་ཉེ་བ་ཡིན་ཏེ། རང་བྱུང་ལས། བླ་ན་མེད་པའི་ཚེ་གཅིག་གིས་བརྩོན་ལྡན་ངེས་པར་འགྲུབ་པར་གསུངས། ཞེས་གསུངས་སོ། །དེ་ཡང་གསར་མའི་ལུགས་ལ་ཐབས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད། ཐབས་ཤེས་རབ་གཉིས་ཆ་མཉམ་དུ་སྟོན་པ་གཉིས་མེད་རྒྱུད་དེ། དེ་གསུམ་ཁ་ཡང་ཐབས་ཤེས་རབ་ཆ་ཚང་བར་སྟོན་པ་གཉིས་མེད་རྒྱུད་ཀྱང་དོན་གྱིས་ཡིན་ཏེ། ནང་དོན་ལས། ཐབས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད་ཡིན། ཀུན་ཀྱང་གཉིས་མེད་རང་བཞིན་ནོ། །ཞེས་གསུངས་སོ། །གསང་སྔགས་རྙིང་མའི་ལུགས་ལྟར་ན། ཕྱི་བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ་ཡོ་ག་དང་། ནང་རྩ་རླུང་གཙོ་བོར་སྟོན་པ་ཨ་ནུ་ཡོ་ག་དང་། གསང་བའི་འསེམས་གཙོ་བོར་སྟོན་པ་ཨ་ཏི་ཡོ་ག །དེ་གསུམ་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ངོ་སྤྲད་ནས། རང་ཉིད་ལྷ་དང་དབྱེར་མེད་དུ་སྒྲུབ་པ་གསང་སྔགས་ནང་


CMR022_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ཅེས་བྱ། དེ་ཡང་གསར་མའི་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་གསུམ་དང་། རྙིང་མའི་མ་ཧཱ་ཨ་ནུ་ཨ་ཏི་གསུམ་དོན་གཅིག་སྟེ། བསྟན་པ་རྒྱ་མཚོ་ལས། མ་ཧཱ་ཨ་ནུ་ཨ་ཏི་གསུམ། །ཕ་རྒྱུད་མ་རྒྱུད་གཉིས་མེད་ཡིན། །ཅེས་གསུངས་སོ། །དེ་ལྟར་ཐེག་པ་ཆེ་ཆུང་མདོ་སྔགས་ཐམས་ཅད་ཀྱི་དོན་དབང་ལ་མ་འདུས་པ་གཅིག་ཀྱང་མེད་དེ། ཐོག་དམན་ཉན་རང་གི་ཉམས་ལེན་ཐམས་ཅད་སྐྱབས་འགྲོ་ལ་ཚང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་རྩ་ལག་ཐམས་ཅད་སེམས་བསྐྱེད་ལ་ཚང་། སྐྱབས་འགྲོ་སེམས་བསྐྱེད་ནི་དབང་གི་སྔོན་འགྲོ་ཡིན། ཐོག་མར་ཁྲུས་དང་མཎྜལ་བྱ་རྒྱུད་ཀྱི་དོན། དབང་ལྷ་གསལ་བཏབ་ཅིང་གསོལ་བ་འདེབས་པ་སྤྱོད་རྒྱུད། སློབ་མ་ལྷར་བསྐྱེད་ཅིང་ཡེ་ཤེས་པ་དབབ་བསྟིམས་བྱས་པ་རྣལ་འབྱོར་རྒྱུད་ཀྱི་དོན་འཐུས། བུམ་དབང་བསྐུར་བས་མ་ཧཱ་ཡོ་གའི་དོན་ཚང་། གསང་དབང་གིས་ཨ་ནུ་ཡོ་ག །ཤེས་རབ་ཡེ་ཤེས་དབང་གིས་ཨ་ཏི་ཡོ་ག །ཚིག་དབང་གིས་ཕྱག་རྫོགས་དབུ་མ་ལ་སོགས་ཟབ་མོ་གསང་སྔགས་རྡོ་རྗེ་སྙིང་པོ་ཐེག་པ་དགུའི་ཡང་རྩེ་ཚང་། དེས་ན་དབང་ལ་མ་ཚང་བའི་ཆོས་གཅིག་ཀྱང་མེད་དེ། ས་


CMR022_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་པཎྜི་ཏས། མདོར་ན་ཕ་རོལ་ཕྱིན་པ་ལ། །སེམས་བསྐྱེད་ལས་གཞན་ཆོས་མེད་དེ། །གསང་སྔགས་རྡོ་རྗེ་ཐེག་པ་ལ། །དབང་བསྐུར་ལས་གཞན་གཞན་ཆོས་མེད། །ཅེས་གསུངས་སོ། །དབང་མ་ཐོབ་ན་གསང་སྔགས་ཉམས་སུ་བླང་ཡང་ཕན་ཡོན་མི་འབྱུང་སྟེ། ཕྱག་ཆེན་ཐིག་ལེའི་རྒྱུད་ལས། དབང་མ་ཐོབ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཅེས་གསུངས་སོ། །དེ་ལྟར་དབང་བསྐུར་བའི་སློབ་དཔོན་ཡང་མཚན་ཉིད་དང་ལྡན་པ་རྙེད་ན་རབ་ཡིན་གྱི། མ་འཛོམ་ན་སློབ་དཔོན་སྐྱོན་ཡོན་གཉིས་དང་ལྡན་པས། ཡོན་ཏན་ཆེ་ཙམ་ལ་ཞུ་རུང་བར་གསུངས་ཏེ། དུས་འཁོར་ལས། སྙིགས་མའི་དུས་སུ་རྡོ་རྗེ་སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་ཡོན་ཏན་ལྡན་པ་ཡོད་མ་ཡིན། །ཞེས་སོགས་གསལ་བར་གསུངས་པ་དང་། སློབ་མ་ཡང་མཚན་ཉིད་དང་ལྡན་པ་དེས་ཉམས་སུ་ལེན་པས་ཚེ་གཅིག་གིས་འབྲས་བུ་ཐོབ་ལ། ཉམས་སུ་མ་བླངས་ཀྱང་དམ་ཚིག་ཆིག་པར་མི་བྱེད་པས་སྐྱེ་བ་བདུན་ནས་སངས་རྒྱས་འགྲུབ་པས་མཆོག་ཡིན་ལ། སྣོད་མིན་ལ་དབང་བསྐུར་ན་དེས་དམ་ཚིག་བསྲུང་བར་


CMR022_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པས། དེ་ཉིད་རྡོ་རྗེ་དམྱལ་བར་ལྟུང་ཡང་ལས་ངན་ཟད་རྗེས་དབང་ཐོབ་པའི་ལས་འཕྲོ་བསྙགས་ཏེ་རིམ་གྱིས་བྱང་ཆུབ་ཐོབ་པའི་ཕན་ཡོན་ཡོད་ཅིང་། དབང་སོགས་གཏན་ནས་མ་ཐོབ་ན་ནམ་ཡང་འཁོར་བ་ནས་ཐར་དུས་མེད་པའི་ཕྱིར། སློབ་དཔོན་སྙིང་རྗེ་ཅན་གྱིས་རང་གིས་སྣོད་མིན་ལ་དབང་བསྐུར་བའི་ལྟུང་བ་ལ་བཟོད་པར་བསྒོམས་ནས། ཐམས་ཅད་དམ་པའི་ཆོས་དང་དབང་གིས་འབྲེལ་པ་འཇོག་པར་བྱེད། རྣལ་འབྱོར་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལའང་དབང་བསྐུར་བྱའོ། །སྣོད་དང་ལྡན་པ་དང་མི་ལྡན་པ་ཡོངས་སུ་བརྟག་པར་མི་བྱའོ། །ཞེས་དང་། དགོངས་གཅིག་ལས། ཉམས་ལས་མ་ཐོབ་ཉེས་པ་ཆེ། །དམ་པའི་ཆོས་ལ་འབྲེལ་པ་ཐོབ། །ཅེས་དང་། ཨོ་རྒྱན་རིན་པོ་ཆེས། མདོར་ན་གསང་སྔགས་རྡོ་རྗེ་ཐེག་པ་ལ། །གང་འབྲེལ་ཐམས་ཅད་ཐར་བ་ཐོབ་པའི་ཕྱིར། །འདི་གྲོལ་འདི་མ་གྲོལ་ཞེས་རྣམ་དབྱེ་བྲལ། །འབྲེལ་ཚད་ཅེས་ནི་དེ་ལྟར་དོན་ལྡན་བྱ། །ཞེས་གསུངས་སོ། །དེ་ལྟར་ཕན་ཡོན་ཆེ་ཞིང་ཟབ་ལ་རྒྱ་ཆེ་བའི་དབང་ཟབ་མོ་ཞུ་བའི་ཕྱིར། ༈ དེ་ནས་ཚིག་དབང་སྐབས་སུ། འོ་དེ་ལྟར་དབང་གི་རྩ་བ་དོན་


CMR022_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡེ་ཤེས་འདི་ཉིད་ཕྱག་རྒྱ་ཆེན་པོ་ཡིན་ཏེ། ས་སྐྱ་པཎྜི་ཏས། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ཡིན། །ཞེས་གསུངས་པ་དང་། རྗེ་མི་ལ་རས་པས། ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །ཞེས་དང་། ས་ར་ཧས། ཀྱེ་ཧོ་མ་ཡེངས་སེམས་ཀྱིས་རང་གིས་རང་ལ་ལྟོས། །རང་གིས་རང་ཉིད་རྟོགས་ན་གྲོལ་བར་འགྱུར། །ཞེས་དང་། ཏེ་ལོ་པས། ཏེ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་དེ་ཤེས་པར་བྱ། །ཞེས་དང་། ནཱ་རོ་པས། ཆོས་རྣམས་ཐམས་ཅད་རང་རིག་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་དུ་ངོ་བོ་སྟོང་། །སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པ་ནམ་མཁའ་འདྲ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་རང་སེམས་ངོ་བོ་སྐྱོང་བར་མཛོད། །ནི་དབང་དོན་གྱི་ཡེ་ཤེས་ཚིག་དབང་གི་དོན་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཞེས་ངོ་སྤྲད་པར་བྱའོ། །ཞེས་དབང་སྤྱིའི་མཚམས་སྦྱོར་ཡང་དག་གིས་བསྐུལ་བས། ཨ་རཱ་གས་བྲིས་པའོ།། །།


CMR022_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདབང་སྤྱིའི་མཚམས་སྦྱོར།next