Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲུབ་ཐབས་བཅུ་གསུམ་གྱི་སྤྱི་ཆིངས་དབང་བསྐུར་བའི་རིམ་པ་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་ཐབས་བཅུ་གསུམ་གྱི་སྤྱི་ཆིངས་དབང་བསྐུར་བའི་རིམ་པ་ནོར་བུའི་ཕྲེང་བ།next

སྒྲུབ་ཐབས་བཅུ་གསུམ་གྱི་སྤྱི་ཆིངས་དབང་བསྐུར་བའི་རིམ་པ་ནོར་བུའི་ཕྲེང་བ།


CMR022_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་བཅུ་གསུམ་གྱི་སྤྱི་ཆིངས་དབང་བསྐུར་བའི་རིམ་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།


CMR022_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀ་ར་ཡེ། འདིར་དབང་སྒྲུབ་རྣམས་ལེགས་པར་གྲུབ་ནས། སློབ་མ་རྣམས་མདུན་དུ་འཚོགས་ལ། ཀུན་རིག་ལས་བྱུང་བའི་ཆ་གསུམ་བཏང་། སུམ་བྷ་ནིས་བགེགས་བསྐྲད། སྲུང་འཁོར་བསྒོམས། འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཡི་དམ་ལྷག་པའི་ལྷའི་རྗེས་གནང་ཟབ་མོ་སྐུར་བར་བྱེད་པ་ཡིན་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་ཞུ་སྟེ་ཚུལ་བཞིན་དུ་ཉམས་སུ་བླངས་བར་བྱས་ནས། ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། འདིར་དུས་གསུམ་


CMR022_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པ་ནམ་མཁའི་སྐར་ཚོགས་ཙམ་ལས་བསམ་གྱིས་མི་ཁྱབ་གྲངས་ཀྱིས་མི་ལོངས་པར་བཞུགས་པ་འདི་དག་དཔེར་ན་ནམ་མཁའ་བཞིན་དུ་དག་པའི་དབྱིངས་ལྟ་བུ་ཆོས་ཀྱི་སྐུར་རོ་གཅིག་ཏུ་བཞུགས་པ་ཡིན་ཅིང་། དེ་ནས་ཆོས་ཀྱི་སྐུ་དེ་ལས་གཡོ་བ་མེད་བཞིན་དུ། སླར་ཡང་སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་ཐུགས་རྗེས་བརྩེ་བར་དགོངས་ནས་དཔེར་ན་ནམ་མཁའི་ཀློང་ནས་འཇའ་ཚོན་ཤར་བ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། ཞི་བ་དང་། ཁྲོ་བོ་དང་། ཞི་མ་ཁྲོ་དང་། དཔའ་བོ་དང་། རྣལ་འབྱོར་


CMR022_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མ། ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག །དཀར་ཕྱོགས་སྐྱོང་བ་དང་བཅས་པ། ཐབས་མཁས་པའི་ཕྱིར་དུ། བྱ་ཁྱུང་དང་སྡིག་པ་ལ་སོགས་པའི་སྐུ་རུ་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་པས། གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་། །ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ། །ཐུགས་རྗེའི་སྤྲུལ་སྒྱུར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པ་ལྟར་ཡིན་ཅིང་། ༼ཀ༽ སེམས་ཅན་གྲིབ་དང་མི་གཙང་བའི་གནོད་པ་ཐམས་ཅད་ཞི་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་རྡོ་རྗེ་རྣམ་པར་འཇོམས་པ་ཡིན་ཀྱང་དོན་ལ་སངས་རྒྱས་དོན་ཡོད་གྲུབ་པ་ཡིན་ཅིང་། །འདིའི་དབང་ཐོབ་ན་སྤར་ཁ་ལི་ཡི་ཉེས་སྐྱོན་ཐམས་ཅད་ཞི་བས། ༼ཁ༽ སངས་རྒྱས་ཐམས་ཅད་ཀྱི་ཆོས་ཁམས་རྣམ་པར་དག་པ། འཕགས་པ་བཞི་པོ་བསྐྱེད་པའི་ཡུམ་དམ་པ་ཡིན་ཏེ། ཆོས་སྐུ་ཀུན་ཏུ་བཟང་མོའམ་ཡུམ་ཆེན་མོའི། མཚན་གྱི་རྣམ་གྲངས་དེ་རྣམས་སེམས་ཅན་ཚོགས་བསགས་པའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ། ཤེར་ཕྱིན་མ་སེར་


CMR022_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འདི་ཉིད་ཡིན་ཅིང་། འདིའི་བསྙེན་སྒྲུབ་བྱས་ན། སེམས་ཀྱི་གནས་ལུགས་མྱུར་དུ་རྟོགས་ཤིང་དབང་ཐོབ་ན་སྤར་ཁ་ཁོན་མ་རྒན་མོའི་ཉེས་སྐྱོན་ཐམས་ཅད་ཞི་བ་ཡིན་པས། ༼ག༽ འདིར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་སེམས་ཅན་གྱི་གཏི་མུག་གི་མུན་པ་བསལ་བའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ། རྗེ་བཙུན་འཇམ་པའི་དབྱངས་སུ་གྲགས་པ་ཡིན་ཞིང་། འདིའི་སྒྲུབ་པ་ལ་འབད་ན་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་ཞིང་། འདི་ཡི་དབང་ཐོབ་ན་སྤར་ཁ་དྭ་ཡི་ཉེས་སྐྱོན་ཐམས་ཅད་སེལ་བས། ༼ང༽ འདིར་དང་པོའི་སངས་རྒྱས་དཔལ་ལྡན་དུས་ཀྱི་འཁོར་ལོ་ཀུན་ཏུ་བཟང་པོ་དང་དོན་གཅིག་ཡིན་ཏེ། དེ་ཉིད་ཀྱི་ཀླུ་གདོན་ལ་སོགས་པ་གདུག་པ་ཅན་ཐམས་ཅད་འདུལ་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་ཡིན་ཅིང་། འདི་ཡི་བསྙེན་བསྒྲུབས་བྱས་ན། ཀླུ་དང་ས་བདག་གི་གནོད་པ། བད་ཀན་སྨུག་པོ་འབྲས་སྐྲན་ལ་སོགས་པ་ཞི་བ་ཡིན་ཅིང་། འདི་ཡི་དབང་ཐོབ་ན་སྤར་ཁ་ཁེན་པ་རྒན་པོའི་ཉེས་སྐྱོན་ཐམས་ཅད་སེལ་བས། ༼ཅ༽ འདིར་དུས་གསུམ་བདེ་བར་གཤེགས་


CMR022_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། སངས་རྒྱས་ཐམས་ཅད་ཀྱི་ས་ལམ་གྱི་བདུད་འདུལ་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན། གཟའ་ཀླུའི་གཙོར་བྱས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཞི་ཞིང་། འདི་ཡི་དབང་ཐོབ་ན་སྤར་ཁ་ཁཾ་གྱི་ཉེས་སྐྱོན་ཐམས་ཅད་སེལ་བས། ༼ཆ༽ འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་སེམས་ཅན་གྱི་དོན་ལ་ཐུགས་བསྐྱེད་དང་ལྡན་པ། སྤྱན་སྟོང་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྤྲུལ་པ་ལས། ད་ལྟའི་སྟོན་པ་བཀའ་དྲིན་མཉམ་པ་མེད་པ་ཤཱཀྱའི་རྒྱལ་པོ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན་སྒྲིབ་གཉིས་བྱང་། ཚུལ་ཁྲིམས་གཙང་། རྒྱལ་གདོན་གྱི་གནོད་པ་ཞི། འདི་ཡི་དབང་ཐོབ་ན་སྤར་ཁ་གིན་རི་སྒོམ་ཆེན་གྱི་གནོད་པ་ཞི་བས། ༼ཇ༽ འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་རིམས་ནད་དང་ཡམས་ནད་ཞི་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ་ཡིན་པས། འདི་ཡི་བསྙེན་སྒྲུབ་བྱས་ན་རིམས་ནད་ཀྱི་གནོད་པ་ཞི་ཞིང་སྲུང་བའི་མཆོག་ཏུ་གྱུར་པ་ཡིན་ནོ། །འདི་ཡི་དབང་ཐོབ་ན་སྤར་ཁ་ཟིན་གྱི་


CMR022_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྐྱོན་ཐམས་ཅད་ཞི་བས། ༼ཉ༽ འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་མེ་ཁམས་རྣམ་པར་དག་པའི་རང་གཟུགས་ཡུམ་ཆེན་མོ་ན་བཟའ་དཀར་མོ་དེ་ཉིད་གཟུགས་སྐུ་དྲག་ཏུ་ཁྲོས་པ་ཁྲོ་མོ་གདུགས་དཀར་མོ་ཅན་འདི་ཉིད་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན་བྱད་ཁ་རྦོད་གཏོང་བཟློག་ཅིང་། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། འདི་ཡི་དབང་ཐོབ་ན་སྤར་ཁ་ཟོན་གྱི་ཉེས་སྐྱོན་ཐམས་ཅད་ཞི་བས། ༼ཏ༽ འདིར་རྗེ་བཙུན་འཇམ་པའི་དབྱངས་གཤིན་རྗེའི་གཤེད་ལ་སོགས་པ་གདུག་པ་ཅན་འདུལ་བའི་ཕྱིར་གཟུགས་དྲག་ཏུ་ཁྲོས་པ་གཤིན་རྗེའི་གཤེད་དམར་པོར་གྲགས་ཤིང་། འདི་ཡི་བསྙེན་སྒྲུབ་བྱས་པ་དང་དབང་ཐོབ་ན་སྤར་ཁ་བརྒྱད་པོ་སྤྱི་ཡི་ཉེས་སྐྱོན་ཐམས་ཅད་བསལ་ཞིང་། །ཟ་འདྲེ་ཤི་གཤེད་ཀྱི་གནོད་པ་ཞི་ཞིང་། མདོར་ན་དགྲ་ཐོག་བདུན་ཟུར་ལ་སོགས་པའི་ཉེས་སྐྱོན་ཞི་བས། ༼ཐ༽ འདིར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་འདོད་ཆགས་རྣམ་པར་དག་པ་སོ་སོར་རྟོགས་པའི་རང་གཟུགས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཅེས་བྱ་བ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བདག་པོ་ཡིན་ཅིང་། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་


CMR022_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། དུས་མ་ཡིན་པར་འཆི་བ་བཅོ་བརྒྱད་ཞི་ནས་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། ༼ད༽ ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་ས་ཁམས་རྣམ་པར་དག་པའི་ཆ་ལས་སངས་རྒྱས་སྤྱན་མ། སེམས་ཅན་དབུལ་བའི་སྡུག་བསྔལ་ལས་བསལ་བའི་ཕྱིར་དུ། བྱང་ཕྱོགས་ལྕང་ལོ་ཅན་ནས་མགོན་པོ་ཛཾ་བྷ་ལའི་ཡུམ་གྱི་ཚུལ་དུ་སྐུར་བཞེངས་ནས་ལྷ་མོ་ནོར་རྒྱུན་མ་འདི་ཉིད་ཡིན་ཅིང་འདི་ཡི་དབང་ཐོབ་ཅིང་། བསྙེན་སྒྲུབ་བྱས་ན་དབུལ་ཕོངས་སྡུག་བསྔལ་ཞི་ནས། རང་གི་བསོད་ནམས་དང་མཐུན་པའི་ནོར་ཕྱུགས་རིགས་རྒྱུད་འཕེལ་བ་དང་། །ཞིང་ལོ་ལེགས་པ་ལ་སོགས་འབྱུང་བར་ཐེ་ཚོམ་མེད། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། ༼པ༽ འདིར་འཕགས་བཞི་བསྐྱེད་མཛད་ཡུམ་ཆེན་ཀུན་ཏུ་བཟང་མོ་དེ་ཉིད། ཆུ་ཁམས་རྣམ་པར་དག་པ། ཡུམ་ཆེན་མཱ་མ་ཀཱི་དེ་ཉིད། འགྲོ་བ་ཉམ་ཐག་ཆུང་སྲིའི་གནོད་པ་ཞི་ཞིང་སྲིའུ་གསོ་བ་དང་། རིགས་རྒྱུད་འཕེལ་བའི་ཕྱིར་དུ་སྐུར་བཞེངས་པ་ལྷ་མོ་སོ་སོར་འབྲང་མ་དེ་ཉིད་ཡིན་ཅིང་། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་བྱས་ན་གོང་གི་ཡོན་ཏན་རྣམས་འབྱུང་ཞིང་། ཁྱད་པར་སྲིའུ་གསོ་བའི་སྔགས་པ་བླ་མ་རྣམས་ཀྱིས་འདི་ཡི་


CMR022_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བྱེ་བ་གཉིས་བསྙེན་ཚད་ཡིན་པས་། དེ་འགྲུབ་ན་སྲིའུ་གསོ་སླ་བ་ཡིན་པས། ༼ཨ༽ འདིར་དང་པོའི་སངས་རྒྱས་རྒྱལ་བ་ཀུན་ཏུ་བཟང་པོའི་གསུང་གི་སྤྲུལ་པ་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ཡིན་པས་འཕགས་པ་སྤྱན་རས་གཟིགས་འདི་ཉིད་ཡིན་ཅིང་། ཐུགས་ཀྱི་ངོ་བོ་གཅིག་ཏུ་གྱུར་ན་ཡང་ཞལ་ཕྱག་གི་རྣམ་པ་མང་ན་ཡང་། ད་ལམ་འདི་ཉིད་ནི་ལྷ་འགྲོ་འདུལ་ཕྱག་བཞི་པ་དང་སྔགས་ཡི་གེ་དྲུག་པ་བོད་ཁ་བ་ཅན་གྱི་ལྷ་སྐལ་དམ་པར་གྱུར་པ་ཡིན་པས། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་ལ་བརྩོན་པ་ཆེན་པོས་ཡི་གེ་དྲུག་པ་དུང་ཕྱུར་བཏོན་ན་སེམས་ངོ་ལ་བལྟ་མ་ཤེས་ཀྱང་སངས་རྒྱས་ཐོབ་པ་ཡིན་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་པས་། དེ་ལྟར་སྨིན་བྱེད་ཀྱི་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། བླ་མ་ལྔ་བཅུ་པ་ལས། པུས་བཙུགས་ཐལ་མོ་སྦྱར་ནས་ཉན་སོགས་འདོད་པའི་གསོལ་གསུམ་གདབ། །ཅེས་གསུངས་པ་ལྟར། བླ་མ་དང་ཡི་དམ་༼ཀ༽ རྡོ་རྗེ་རྣམ་པར་འཇོམས་པ། ༼ཁ༽ ཤེར་ཕྱིན་མ་སེར་མོ། ༼ག༽ རྗེ་


CMR022_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་འཇམ་དཔལ་དབྱངས། ༼ང༽ཡེ་ཤེས་ཁྱུང་ཁྲ་བོ། ༼ཅ༽ འབྱུང་པོ་འདུལ་བྱེད། ༼ཆ༽ བཅོམ་ལྡན་འདས་རྡོ་རྗེའི་བདག་པོ། ༼ཇ༽ རི་ཁྲོད་ལོ་མ་གྱོན་མ༼ཉ༽ གདུགས་དཀར་མོ་ཅན། ༼ཏ༽ གཤིན་རྗེའི་གཤེད་དམར་པོ། ༼ཐ༽ མགོན་པོ་ཚེ་དཔག་ཏུ་མེད་པ། ༼ད༽ འཕགས་མ་ནོར་རྒྱུན་མ། ༼པ༽ སོ་སོར་འབྲང་མ། །༼ཨ༽འཕགས་པ་འཇིག་རྟེན་དབང་ཕྱུག །ཐ་མི་དད་པའི་དྲུང་དུ་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་འདི་ཞེས་བྱ་བ་ཡི། །དབང་དང་རྗེས་གནང་བསྩལ་དུ་གསོལ། །ད་ཁྱེད་རང་སློབ་མ་རྣམས་རྒྱུད་དག་པར་བྱ་བའི་ཆེད་དུ་བླ་མ་དང་ཡི་དམ་དབྱེར་མེད་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་


CMR022_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ལས་བུམ་ཀུ་ཤས་སློབ་མ་བྲན། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། །ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་རྡོ་རྗེ་ར་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་གྱི་དབུས་སུ་པཾ་ལས་པདྨ་དང་ཉི་མའི་སྟེང་དུ་ས་བོན་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། མངོན་རྟོགས་འདོན་། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། དེས་ཁྱེད་རང་དབང་ལེན་པ་པོ་རྣམས་ལྷག་པའི་ལྷར་གསལ་བཏབ་ལ། མདུན་དུ་བཤམས་པའི་གཏོར་མ་འདི་ཡང་སྐད་ཅིག་གིས་ཡི་དམ་འདི་ཞེས་བྱ་བ་གསལ་བར་བསྐྱེད་ལ་གནས་གསུམ་དུ་བསྐྱེད་པར་གསལ་ཐོབ། སློབ་དཔོན་ཡང་དེར་


CMR022_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་མོས་འདུན་བྱས་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་ཡི་དམ་ལྷ་ཚོགས་བསྒོམས་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་། འདིར་སྨོས་མ་ཐག་པའི་ཡི་དམ་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་མི་ཕྱེད་པར་གྱུར་ཅིག ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་རང་བབས་སུ་ཞོག་ཅིག །སོ་སོའི་སྔགས་བརྗོད་ལ། རོལ་མོ་དང་བཅས་པ་སྙིང་པོའི་མཐར། བཛྲ་ཨཱཿ་བེ་ཤ་ཡ་ཨ་ཨཱཿ༔ ཞེས་ལན་གསུམ་མམ་བདུན་བརྗོད། རྡོ་རྗེ་མེ་ཏོག་དང་བཅས་པས་སྤྱི་བོར་བཞག །ཏིཥྛ་བཛྲ། ཞེས་བརྟན་པར་བྱས། ད་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་རྗེས་གནང་ལྔ་ལས། དང་པོ་སྐུ་ཡི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི །སྐུ་ཡི་རྗེས་གནང་བསྩལ་དུ་གསོལ། །གསུམ་མམ་གཅིག དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་རང་དང་བཅས་པའི་ཐུགས་ཀ་ནས་འཕྲོས། དབང་གི་ལྷ་རྣམས་སྤྱ་


CMR022_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ན་དྲངས་ནས་དབང་བསྐུར་བར་གྱུར། བུམ་པ་ལག་ཏུ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །བུམ་པ་མགོར་བཞག་ལ། ལྷ་གང་ཡིན་གྱི་སྙིང་པོ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་ཆུ་བླུད། ཀུ་ཤས་སྤྱི་བོར་གཏོར་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་༼ཀ༽ དོན་ཡོད་གྲུབ་པ། ༼ཁ༽ མི་བསྐྱོད་པ། ༼ག༽ མི་བསྐྱོད་པ། ༼ང༽ དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔལ་༼ཙ༽ མི་བསྐྱོད་པ། ༼ཆ༽མི་བསྐྱོད་པ། ༼ཇ༽ མི་བསྐྱོད་པ། ༼ཉ༽ རྣམ་པར་སྣང་མཛད། ༼ཏ༽ རྡོ་རྗེ་སེམས་དཔའ། །༼ཐ༽ འོད་དཔག་ཏུ་མེད་པས། ༼ད༽ རིན་ཆེན་འབྱུང་ལྡན། ༼པ༽ རིན་ཆེན་འབྱུང་ལྡན། ༼ཨ༽ འོད་དཔག་ཏུ་མེད་པས། དབུ་བརྒྱན་པར་གྱུར། བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོས་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །འདི་ནི་


CMR022_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ལུས་ལ་གནོད་པའི་གདོན་ཐམས་ཅད་ཞི། ལུས་ལྷའི་སྐུར་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་དེ་སྐུའི་རྗེས་གནང་ཡིན། ད་གཉིས་པ་གསུང་གི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི །གསུང་གི་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀར་འཁོར་བར་བསྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད། སོ་སོའི་སྔགས་རྗེས་ཟློས་བྱེད་བཅུག །ད་ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་བསམ་ལ་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །གཅིག་གམ་གསུམ། སྔགས་ཀྱི་ཕྲེང་བ་འདི་ཉིད་མེ་ཏོག་གི་ཕྲེང་བ་རེར་བྱས་ནས་


CMR022_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བཅིངས་པའི་མོས་པ་མཛད་དུ་གསོལ། དྲིལ་བུ་བསིལ་ཞིང་ཕྲེང་བ་དང་རྡོ་རྗེ་མེ་ཏོག་མགོར་བཞག །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །བཀྲ་ཤིས་བརྗོད། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་།པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། ངག་སྔགས་བཟླ་བ་ལ་དབང་། འབྲས་བུ་གསུང་དབྱངས་དྲུག་ཅུ་དང་ལྡན་པ་ལ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་དེ་གསུང་གི་རྗེས་གནང་ཡིན། གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་


CMR022_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི །ཐུགས་ཀྱི་རྗེས་གནང་བསྩལ་དུ་གསོལ། །གཅིག་གམ་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་ཕྱག་མཚན་དུ་མ་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱུང་སྙམ་པ་གྱིས་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་ཞོག །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །སོ་སོའི་སྔགས་བརྗོད་ལ་རྡོ་རྗེ། སྙིང་ཁར་བཞག །སྙིང་པོའི་མཐར། བཛྲ་ས་མ་ཡ་སྟེ། བཀྲ་ཤིས་བརྗོད། །དགེ་འདུན་དམ་པ་ཆོས་དང་ལྡན་པའི་བཀྲ་ཤིས་ཤིང་། །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་ཞིང་མཆོག་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི།


CMR022_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཏིང་ངེ་འཛིན་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་དེ་ཐུགས་ཀྱི་རྗེས་གནང་ཡིན། ད་བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི་ཡོན་ཏན་དབང་བསྐུར་སྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་ཁྱེད་རང་རྣམས་ལྷག་པའི་ལྷར་གསལ་ལ་སློབ་དཔོན་ཡང་དེར་གསལ་བ་ལྷག་པའི་ལྷའི་ཕྱག་མཚན་གཏད་པས་ལྷག་པའི་ལྷ་འདི་དང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དངོས་གྲུབ་ཐོབ་བྱུང་སྙམ་པ་གྱིས། ༼ཀ༽ འདི་ནི་རྡོ་རྗེ་རྣམ་འཇོམས་ཀྱི། །ཕྱག་མཚན་སྣ་ཚོགས་རྡོ་རྗེ་སྟེ། ༼ཁ༽ འདི་ནི་ཡུམ་ཆེན་ཤེར་ཕྱིན་གྱི། །ཕྱག་མཚན་དམ་ཆོས་གླེགས་བམ་སྟེ། ༼ག༽ །འདི་ནི་འཕགས་པ་འཇམ་དཔལ་གྱི། །ཕྱག་མཚན་རལ་གྲི་པུ་སྟི་སྟེ།། ༼ང༽ འདི་ནི་ཡེ་ཤེས་ཁྱུང་ཁྲ་ཡི། །ཕྱག་མཚན་སྤྲུལ་རིགས་ལྔ་པོ་སྟེ།། ༼ཅ༽ འདི་ནི་ཕྱག་ན་རྡོ་རྗེ་ཡི། །ཕྱག་མཚན་རྡོ་རྗེ་རྩེ་དགུ་སྟེ།། ༼ཆ༽ འདི་ནི་བསྟན་


CMR022_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་པོ་ཡི། །ཕྱག་མཚན་ལྷུང་བཟེད་བདུད་རྩིས་བཀང་།། ༼ཇ༽ འདི་ནི་ལོ་མ་གྱོན་མ་ཡི། །ཕྱག་མཚན་གསེར་གྱི་རྡོ་རྗེ་འདི།། ༼ཉ༽ འདི་ནི་གཙུག་ཏོར་གདུགས་དཀར་གྱི། །ཕྱག་མཚན་འཁོར་ལོ་རྩིབས་སྟོང་པ།། ༼ཏ༽ འདི་ནི་གཤིན་རྗེའི་གཤེད་དམར་གྱི། །ཕྱག་མཚན་ཐོད་དབྱུག་ཐོད་ཁྲུག་སྟེ།། ༼ཐ༽ འདི་ནི་ཚེ་དཔག་མེད་མགོན་གྱི། །ཕྱག་མཚན་ཚེ་བུམ་བདུད་རྩིས་བཀང་།། ༼ད༽ འདི་ནི་ལྷ་མོ་ནོར་རྒྱུན་མའི། །ཕྱག་མཚན་འབྲས་ཀྱི་སྙེ་མ་སྟེ།། ༼པ༽ འདི་ནི་སོ་སོར་འབྲང་མ་ཡི། །ཕྱག་མཚན་རལ་གྲི་དགྲ་སྟ་སྟེ། ༼ཨ༽ འདི་ནི་སྤྱན་རས་གཟིགས་དབང་གི། །ཕྱག་མཚན་ཕྲེང་བ་པདྨ་སྟེ།། ༈ ཁྱོད་ཀྱིས་རྟག་ཏུ་བཅངས་པས་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་གྱི་སྣོད་གྱུར་ཏེ། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སོ་སོའི་སྔགས་དང་། གུ་ཎ་ཨ་བྷི་ཥིཉྩ་ཧཱི། ཅེས་ལག་ཏུ་བཞག་པའོ། །བཀྲ་ཤིས་བྱ། བཀྲ་ཤིས་རབ་རྒྱས་རྩ་གསུམ་ལྷ་ཚོགས་རྣམས། །བཀྲ་ཤིས་བར་ཆད་མི་མཐུན་གཡུལ་ལས་རྒྱལ། །བཀྲ་ཤིས་ཡིད་བཞིན་བསམ་པ་ཀུན་


CMR022_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ། །བཀྲ་ཤིས་མཆོག་གི་ཀུན་ཁྱབ་བཀྲ་ཤིས་ཤོག །དེས་ཁྱེད་རང་གི་བསགས་པ་སྙོམས་འཇུག་གི་སྒྲིབ་པ་དག །སྒོ་གསུམ་ཆ་སྙོམས་ལ་གནོད་ཅིང་འཚེ་བ་ཐམས་ཅད་ཞི། གནས་སྐབས་ས་ལམ་གྱི་ཡོན་ཏན་ཐམས་ཅད་བསྒྲུབ་པ་ལ་དབང་། མཐར་ཐུག་འབྲས་བུ་བྲལ་བ་དང་། རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་བའི་སྐལ་པ་ཅན་དུ་བྱས་པ་དེ་ཡོན་ཏན་གྱི་རྗེས་གནང་ངོ་། །ད་ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི །ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ནས་ཞི་བའི་འོད་ཟེར་དཀར་པོ། མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་མཐིང་ཀ །ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ། གསང་བ་ནས་ལས་སྣ་ཚོགས་ཀྱི་འོད་ཟེར་ལྗང་གུ་རྣམས་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་


CMR022_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་ཐམས་ཅད་རྒྱས། སྣང་སྲིད་ཐམས་ཅད་དབང་དུ་བསྡུས། དགྲ་བགེགས་ཐམས་ཅད་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་དབང་ཐོབ་པར་སྒོམས་ཤིག །སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །ཕྲིན་ལས་དབང་འདི་ཁྱོད་ཀྱིས་ལོངས། །ལས་བཞིའི་ཙཀ་ལི་གཏད། མེད་ན་གཏོར་མ་མགོར་བཞག །སོ་སོའི་སྔགས་ཀྱི་མཐར། ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ བཀྲ་ཤིས་བརྗོད། དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །དེས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག །སྒོ་གསུམ་ལ་གནོད་པའི་འགལ་རྐྱེན་ཞི། ལས་རབ་འབྱམས་བསྒྲུབ་པར་དབང་། འབྲས་བུ་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་པ་དང་། རྟག་པའི་བདག་ཉིད་ལ་དབང་འབྱོར་བའི་སྐལ་པ་ཅན་དུ་བྱས་པ་དེ་ཕྲིན་ལས་ཀྱི་རྗེས་གནང་ཡིན། བྱ་སྤྱོད་རྒྱུད་ལ་གཏོར་དབང་མ་གསུངས་ཀྱང་། བླ་མ་རྣམས་ཀྱི་ཕྱག་ལེན་ལ་ཡོད་པས། ད་གཏོར་མ་འདི་


CMR022_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། རྒྱས་པར་མངོན་རྟོགས་འདོན། བསྡུ་ན། སྔར་སྨོས་པའི་ལྷག་པའི་ལྷར་གསལ་ཐོབ་ལ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དངོས་གྲུབ་ཐམས་ཅད་གནང་ཞིང་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །ཅེས་གཏོར་མ་ལག་ཏུ་ཐོགས་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། རྒྱས་པར་ཟུང་འཇུག་བརྒྱུད་པ་ཡོངས་རྫོགས་ནི། མཁས་གྲུབ་ཨོ་རྒྱན་པ། སེམས་དཔའ་རིང་བྱུང་རྡོ་རྗེ། རྒྱལ་བ་


CMR022_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་སྟོན་ཆེན་པོ། འཛམ་གླིང་ཆོས་ཀྱི་གྲགས་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རིཏྟཾ་བྷ་དྲ། སྤྲུལ་སྐུ་མཐོང་བ་དོན་ལྡན། ཀུན་མཁྱེན་འཇམ་དཔལ་བཟང་པོ། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། མཚུངས་མེད་ཀརྨ་ཆགས་མེད། ཁྱད་པར་དུ་བདག་གི་རྩ་བའི་བླ་མ་དམ་པ་ལ་སོགས་ཆོས་འདི་གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་དང་། ལྷ་གང་ཡིན་བརྗོད། ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་ངོ་བོའི་སྒོ་ནས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། སྟེང་གདོན་གཟའ་དང་རྒྱུ་སྐར།


CMR022_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གདོན་ཀླུ་གཉན་ས་བདག །བར་གདོན་བཙན་བདུད་ཐེའུ་རང་གི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལྷག་པའི་ལྷར་མཛོད་ཅིག །ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། །འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། སོ་སོའི་རྩ་སྔགས་གསུམ་མམ་བདུན་བརྗོད། ཀཱ་ཡ་ཝཱཀྐ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩནྟཾ། ཡང་ཚེ་དབང་བསྐུར་དུས། །བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས། །ཐུགས་བསྐྱེད་སྨོན་ལམ་དག་པའི་མཐུས། །འཆི་མེད་རིག་འཛིན་སྒྲུབ་པའི་རྫས། །ཡེ་ཤེས་ཚེ་རིལ་ཚེ་ཆང་འདི། །བྱིན་པས་རྡོ་རྗེའི་ཚེ་ཐོབ་ཤོག །ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ། །ཞེས་ཚེ་རིལ་ཚེ་ཆང་སྦྱིན། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ལྷག་པའི་ལྷ་མཆོག་རྣམས་ཀྱི་བདེན་ཚིག་གིས།


CMR022_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། ལྷག་པའི་ལྷ་མཆོག་གི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་འདྲེས་པར་གྱུར་སྙམ་དུ་སྒོམས། བཀྲ་ཤིས་བརྗོད། བདག་དང་སྦྱིན་བདག་འབྲེལ་ཐོགས་མཁའ་མཉམ་འགྲོ། །འདིས་གཙོས་བདག་གིས་དུས་གསུམ་བསགས་ཡོད་ཀྱི། །དགེ་རྩས་བསོད་ནམས་ཕུང་པོའི་བདེ་ལྡན་དུ། །པདྨོ་ལས་སྐྱེས་དགེ་སློང་ཚུལ་འཛིན་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །འོ་དེས་ལྷག་པའི་ལྷ་མཆོག་གི་དབང་ལེགས་པར་ཐོབ་པ་ཡིན་པས། དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་གྱི་ལྷར་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལུས་ལོངས་སྤྱོད་འབུལ་བའི་བློས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་གྱུར་པ་ཡི། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །


CMR022_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་བཅུག །དེ་ལྟར་དབང་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ཅེས་བརྗོད་བཅུག །སློབ་མ་རྣམས་གྱེས་སོ། །དེ་་ལྟར་དབང་བསྐུར་ཐོབ་པའི་དགེ་བའི་རྩ་བ་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་སོགས། རྗེ་དབང་ཕྱུག་རྡོ་རྗེས་སྩལ་བའི་དབང་གཅིག་ཤེས་ཀུན་གྲོལ་འབྲིང་པོ་ལ་ཅུང་ཞིག་ཕྱག་ལེན་གྱིས་བརྒྱན་པར་བྱས་ཤིང་ཁྱེར་བདེ་བར་ཨ་རཱ་གས་ཁོལ་དུ་ཕྱུང་བ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་འགྲོ་དྲུག་སྨིན་གྲོལ་དུ་གྱུར་ཅིག །ཁྱད་པར་འདི་ལ་འབྲེལ་བ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྒྲུབ་ཐབས་བཅུ་གསུམ་གྱི་སྤྱི་ཆིངས་དབང་བསྐུར་བའི་རིམ་པ་ནོར་བུའི་ཕྲེང་བ།next