Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མངོན་རྟོགས་བཅུ་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousམངོན་རྟོགས་བཅུ་གསུམ་པ།next

མངོན་རྟོགས་བཅུ་གསུམ་པ།


CMR022_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱི་མངོན་རྟོགས་ནི། ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པ། ཕྱག་བཞི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར། འོག་མ་གཉིས་བགྲང་ཕྲེང་དང་པདྨ་དཀར་པོ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རི་རྒྱུདྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རིགས་བདག །འོད་དཔག་མེད། བསྙེན་པ། ཨོཾ་མ་ཎི་པདྨེ་ཧཱུཾ། བསྟོད་པ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད།། ༈ །།གཤེད་དམར་མངོན་རྟོགས་ནི། ཧཱུྃ་ལས་མི་མགོ་རློན་zཔས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་དམར་པོས་མཚན་པ་ལས་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་པ་གཡས་དབྱུག་པ་དང་གཡོན་ཐོད་ཁྲག་འཛིན་པ། །ཀླུ་རང་འོད་ཀྱི་རིག་མ་གྲི་ཐོད་འཛིན་པས་འཁྱུད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཞིང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པ། སེམས་དཔའ་སུམ་བརྩེགས་ཅན། རིགས་


CMR022_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བདག །མི་བསྐྱོད་པ། བསྙེན་པ། ཨོཾ་ཧིཏྟི་ཝིཏྟི་ཏཱ་ན་ན་ཧཱུཾ་ཕཊ། བསྟོད་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ།། ༈ །།སེང་གེ་སྒྲ་ཡི་མངོན་རྟོགས་ནི། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཨ་དཀར་པོ་ལས་སེངྒེ་དཀར་པོ། དེའི་སྟེང་དུ་ཨ་ཡིག་ལས། པདྨ་དཀར་པོའི་ལྟེ་བ་ལ་ཧཱི༔དཀར་པོས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སེངྒེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་པ། ཟླ་བ་ཕྱེད་པས་དབུ་བརྒྱན་པ། རལ་པའི་ཅོད་པན་ཅན། ཕྱག་གཉིས་ཀྱི་ཕྱག་གཡས་མཆོག་སྦྱིན་དང་། གཡོན་པའི་ཕྱག་སྐུ་རྒྱབ་གདན་ལ་གཏད་པ། གཡས་ལོགས་ན་པདྨ་དཀར་པོའི་སྡོང་བུ་སྦྲུལ་དཀར་པོས་དཀྲིས་པའི་དབྱུག་གུ་རྩེ་གསུམ་དཀར་པོ་དང་། གཡོན་ལོགས་ན་པདྨ་དཀར་པོའི་སྟེང་ན་རལ་གྲི་དཀར་པོ། མདུན་དུ་ཐོད་པའི་སྣོད་མེ་ཏོག་གིས་བཀང་བ་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་གེའི་གདན་ལ་བཞུགས་པ། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་ཅིང་སྟག་ཤམ་དང་


CMR022_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དར་གྱི་ཅོད་པན་མཛེས་པས་སྤྲས་པ། སྐུ་ལས་རིགས་ལྔ་འཕྲོ་བ། རིགས་བདག །འོད་དཔག་མེད། སྔགས་ནི། ཨོཾ་ཨཱཿཧཱི༔སེདྷ་ནཱ་ད་ཧཱུྃ་ཕཊ། བསྟོད་པ་ནི། །སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པ། །རང་གི་གྲོགས་ཀྱིས་སྤངས་བས་གཅིག་པུ་ལུས། །ཀླུ་དང་གདོན་གྱི་ཚོགས་རྣམས་བཅིང་བར་མཛད། །འཇིག་རྟེན་ཕྱུག་སེང་གེ་སྒྲ་ལ་བསྟོད།། ༈ །།རྣམ་འཇོམས་མངོན་རྟོགས་ནི། ཧཱུྃ་ལྗང་སྔོན་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་འཛུམ་པ།། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་བཀར་ཐབས་སུ་འཛིན་པ། གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། རིགས་བདག །རྡོ་རྗེ་སེམས་དཔའ། བསྙེན་པ། ན་མཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཧཱུཾ་ཕཊ། བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོ་སྐུར་


CMR022_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།། ༈ །འབྱུང་པོ་འདུལ་བྱེད་ཀྱི་མངོན་རྟོགས་ནི། །པཾ་ལས་པདྨ་དང་ཨ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ཀ་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཕྱག་རྒྱ་བཅིངས་ཤིང་། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་འབྱུང་པོ་བསྐྱེལ་བའི་སྟེང་དུ་བཞུགས་པ། ཐོད་སྐམ་ལྔའི་དབུ་རྒྱན། སྟག་ཤམ་ཅན། སྦྲུལ་རིགས་བརྒྱད་ཀྱིས་སྐུ་ལ་བརྒྱན་པ་ན་བཟའ་སྔོན་པོ་མནབས་པ། དབུ་རྒྱན། མི་བསྐྱོད་པ། བསྟེན་པ། ཧཱུྃ་བཛྲ་ཕཊ༔ བསྟོད་པ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད།། ༈ །།ཁྲོ་བོ་རྨེ་བརྩེགས་མངོན་རྟོགས་ནི། ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་སྐུ་མདོག་རྣམ་པར་མནག་པ་ཞལ་གསུམ་ཕྱག་དྲུག་རྩ་ཞལ་མཐིང་


CMR022_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གཡས་དཀར་གཡོན་དམར་བ་ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་དབུ་སྐྲ་སྨྲ་ར་སྨིན་མ་དམར་སེར་མེ་ལྟར་འབར་བ། ཕྱག་གཡས་དང་པོས་རྡོ་རྗེ་རྒྱ་གྲམ་གཉིས་པས་རྡོ་རྗེ་རྩེ་ལྔ་པ་གསུམ་པ་ན་རྡོ་རྗེ་ལྕགས་ཀྱུ། གཡོན་གྱི་དང་པོ་རྡོ་རྗེའི་དབྱུག་པ་བར་པས་རྡོ་རྗེའི་ཞགས་པ་ཐ་མས་རྡོ་རྗེའི་སྡིགས་མཛུབ་མཛད་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་རློན་པ་ཁྲག་འཛག་པ་ལྔ་བཅུས་སེ་རལ་ཁ་བྱས་པ། སྟག་ལྤགས་ཀྱིས་སྨད་དཀྲིས་ཤིང་། ཞབས་བསྒྲད་པ་ཉི་མའི་གདན་ལ་བཞུགས་པ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ། གདུག་པ་ཅན་ཐམས་ཅད་ཕྱེ་མར་བརླག་པ། སྐུ་ཡིས་སྲིད་པ་གསུམ་ལ་ཁྱབ་པ། རིགས་བདག །མི་བསྐྱོད་པ། བསྙེན་པ་ནི། ཨོཾ་བྱུར་ཀུར་མ་ཧཱ་པྲ་མ་ཎ་ཡེ་བྷར་ཅི་བྱུར་ཀི་བི་མ་ལེ་ཨུ་ཙུཥཱ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་བྷུར་ཀུར་རི་ལི་ཤུ་ཐར་ཤ་ཧུར་ལྕེ་ཤི་བི་མ་ལེ་ཨུ་ཙུཥ་ཀྲོ་དྷ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་


CMR022_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད།། ༈ །།སྒྲོལ་ལྗང་བསྐྱེད་ཆོག་ལ། པད་ཟླ་ལ་ཧཱུྃ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་མོ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། གཡོན་སྡོང་བུ་དང་བཅས་པའི་ཨུཏྤལ་བསྣམས་ཤིང་རལ་པའི་ཅོད་པན། དར་དང་རིན་པོ་ཆེའི་བརྒྱན་དང་ལྡན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ། རིགས་བདག །དོན་ཡོད་གྲུབ་པ། སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བསྟོད་པ་ནི། ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །།སྒྲོལ་དཀར་མངོན་རྟོགས་ནི། །པད་ཟླའི་གདན་ལ་རང་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་དཀར་པོ་དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་འདབ་མ་བཅུ་དྲུག་པ་འཛིན་པ། གཞོན་ནུའི་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། ཞལ་འཛུམ་བག་དང་


CMR022_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ། རིགས་བདག །འོད་དཔག་ཏུ་མེད་པ། བསྙེན་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེའི་ན་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། ༈ །།འོད་ཟེར་ཅན་མ་ལ། མོ་ལས་མྱ་ངན་མེད་པའི་ཤིང་མཾ་གྱིས་མཚན་པ་ལས། ལྷ་མོ་འོད་ཟེར་ཅན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་པས་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕག་སེར་པོའི་རྒྱབ་སྟེང་ན་བཞུགས་པ། རིགས་བདག །རྣམ་སྣང་། བསྙེན་པ། ཨོཾ་མ་རི་ཙྩཾ་སྭཱ་ཧཱ། བསྟོད་པ་ནི། གང་ཁྱོད་མིང་ཙམ་འཛིན་དང་དྲན་པ་ཡིས། །མི་མཐུན་ཕྱོགས་རྣམས་མ་ལུས་སེལ་འགྱུར་ཞིང་། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་སྟེར་མ། །འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད། །ཨ་


CMR022_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་གས་སོ།། ༈ །།ཤེར་ཕྱིན་མ། པདྨ་དམར་པོ་དང་ཟླ་བའི་གདན་དུ་དྷིཡིག་སེར་པོ་ལས་ཤེར་ཕྱིན་མ་སེར་མོ་ཞལ་གཅིག་རལ་པའི་ཅོད་པན་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་པའི་ཨུཏྤལ་སྔོན་པོ་གཡོན་ཕྱོགས་སུ་བསྣམས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམ། རིགས་བདག །མི་བསྐྱོད་པ། བསྙེན་པ་ནི། ཨོཾ་དྷི་ཤུ་ཏི་སྤྱི་ཏི་བི་ཛ་ཡེ་སྭཱ་ཧཱ། བསྟོད་པ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉི། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །།འཇམ་དབྱངས། པདྨ་དང་ཟླ་བའི་སྟེང་དུ་དྷིལས་འཇམ་དབྱངས་སྐུ་མདོག་དམར་པོ་ཨུཏྤལ་དང་། མདུན་དུ་དྷིལས་དྲ་བ་ཅན་གྱི་འོད་ལྗང་ཁུ་གཡོན་ན་པདྨ་འཛིན་པ། གཡས་སུ་པཾ་ལས་སྒྲ་གཅན་འཛིན་དམར་མོ་གཡོན་པདྨ་དམར་པོ་འཛིན་པ། རྒྱབ་ཏུ་ཙ་ལས་ཟླ་འོད་མ་དཀར་མོ་གཡོན་པདྨ་དཀར་པོ་འཛིན་པ། གཡོན་དུ་པཾ་ལས་ཉེ་བའི་སྒྲ་གཅན་མ་དམར་པོ་གཡོན་ཨུཏྤལ་འཛིན་པ། གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་


CMR022_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཡས་མཆོག་སྦྱིན་གཡོན་པདྨའི་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མོས་ལ། །རིགས་བདག །མི་བསྐྱོད་པ། བསྙེན་པ། ཨོཾ་ཨ་ར་པ་ཙ་ན་དྷི༔ བསྟོད་པ། གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེའི་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད།། ༈ །ཁྱུང་ཁྲ། པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་བྱ་ཁྱུང་ཁྲ་བོ་རྐང་པ་ནས་སྤྱི་བོའི་བར་སྔོ་བ། ལྟོ་བ་སེར་བ། སྐུ་སྟོད་དམར་པོ། མགོ་བོ་ལྗང་ཁུ་སྟེ་ཆུ་ས་མེ་རླུང་གི་རང་བཞིན། སྒྲོ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་ཞབས་ཙོག་པུར་འདུག་སྟེ་མཇུག་མ་ཞབས་སུ་མནན་པ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་སྡིགས་མཛུབ་དང་བཅས་པའི་སྦྲུལ་རིགས་ལྔའི་མགོ་བོ་ཁར་བཅུག་སྟེ་མཇུག་མ་ཞབས་སུ་མནན་པ། ཕྱོགས་བཞིར་རིགས་བཞིའི་ཁྱུང་ཆེན་དཀར་སེར་ལྕེ་དམར་ལྗང་རང་འདྲ་བ། གཡས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་ཕྱར་ཞིང་གཡོན་རང་མདོག་གི་སྦྲུལ་རིགས་བཞི་བཟུང་ནས་སྤྲིན་གྱི་ཕུང་པོར་སྐུ་རྒྱབ་གཏད་པ། རིགས་བདག །རྡོ་རྗེ་


CMR022_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ། བསྙེན་པ། ཨོཾ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་གྷ་རུ་ཊ་ཧཱུྃ་ཕཊ༔ བསྟོད་པ་ནི། ཡེ་ཤེས་ཁྱུང་གི་མཆུ་སྡེར་འཇིགས་རུང་ཅན། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ལས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་འཇོམས་སྐུ་ལ་ཕྱག་འཚལ་བསྟོད།། ༈ །ཐུབ་པ། སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་ཧཱུྃ་ཡིག་སེར་པོ་ལ་ཨཱཿ་ལི་ཀཱ་ལི་དཀར་པོའི་བསྐོར་བ་ལས། བཅོམ་ལྡན་འདས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ན་བཟའ་དམར་པོ་མནབས་པ་དང་། ཞི་བའི་བདག་ཉིད་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཡས་སུ་བྱམས་པ་སེར་པོ་ཕྱག་གཡོན་རིན་པོ་ཆེའི་རྔ་ཡབ་དང་གཡས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་འཇིག་རྟེན་དབང་ཕྱུག་དཀར་པོ་རིན་པོ་ཆེའི་རྔ་ཡབ་དང་། གཡོན་པདྨ་དཀར་པོ་འཛིན་པ་གཉིས་ཀའང་རལ་པའི་ཅོད་པན་ཅན། རིགས་བདག །མི་བསྐྱོད་པ། བསྙེན་པ། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བསྟོད་པ་ནི། ཐབས་མཁས་ཐུགས་


CMR022_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད།། ༈ །།གདུགས་དཀར། རང་གི་སྙིང་གར་ཟླ་བ་ལ་ཨོཾ་ཡིག་དཀར་པོ་ལས་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་དཀར་སྔོ་དམར་བའི་ཞལ་གསུམ་སྤྱན་དགུ། ཕྱག་དྲུག་གི་གཡས་གསུམ་ན་འཁོར་ལོ་མདལ། ལྕགས་ཀྱུ། གཡོན་གསུམ་ན་རྡོ་རྗེ་དཀར་པོ་གཞུ་ཞགས་པ་དང་བཅས་པའི་སྡིགས་མཛུབ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཁྲོ་མོའི་ལྟ་བས་གདོན་ཐམས་ཅད་ཚར་གཅོད་པ། རིགས་བདག །རྣམ་པར་སྣང་མཛད། བསྙེན་པ། ཨོཾ་སི་ཏ་ཏ་པ་ཏྲེ་ཨ་པ་ར་ཛི་ཏེ་སརྦ་གྲ་ཧ་ན་ཨ་ནུ་ཏྲ་ས་ཡ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། ཨོཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། བསྟོད་པ་ནི། རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །སྟོན་མཆོག་ཤཱཀ་ཐུབ་གཙུག་ཏོར་ལས་སྤྲུལ་ཞིང་། །སངས་རྒྱས་བྱེ་བ་ཁྲག་ཁྲིག་ཅོད་པན་འཆང་། །འཆོལ་བའི་ལྷ་མཆོག་གདུགས་དཀར་ཕྱག་འཚལ་བསྟོད། །


CMR022_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ཚེ་དཔག་མེད། པདྨ་དང་ཟླ་བའི་གདན་ལ་ཤཱི་ལས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་འཆི་མེད་བདུད་རྩིས་བཀང་བའི་བུམ་པ་མཉམ་བཞག་གི་ཕྱག་རྒྱས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཟླ་བའི་རྒྱབ་ཡོལ་མངའ་བའོ། །རིགས་བདག །འོད་དཔག་ཏུ་མེད་པ། བསྙེན་པ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བསྟོད་པ་ནི། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། ། ༈ །ནོར་རྒྱུན་མ། པདྨ་དང་ཟླ་བ་ལ་བཻ་སེར་པོ་ལས་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་དང་། གཡོན་འབྲུའི་སྙེ་མ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་པའི་བུམ་པ་བསྣམས་པ། ལོ་བཅུ་དྲུག་གི་ན་ཚོད་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། རིགས་བདག །རིན་ཆེན་འབྱུང་ལྡན་གྱི། བསྙེན་པ། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། བསྟོད་པ་ནི། དཔལ་མོ་དབྱིག་གི་ལྷ་མོ་ནོར་རྒྱུན་མ། །སྙན་གྲགས་ཚེ་དང་


CMR022_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རྒྱས་མཛད་ཅིང་། །དངོས་གྲུབ་ཕུན་ཚོགས་མ་ལུས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད།། ༈ །།སོ་སོར་འབྲང་མ། །ཨ་ལས་ཟླ་བའི་སྟེང་དུ་པཾ་སེར་པོ་ལས། སོ་སོ་འབྲང་མ་སེར་མོ་གཡས་བསྐོར་གྱི་རྩ་ཞལ་སེར་དཀར་ནག་དམར་བའི་ཞལ་བཞི་དང་ལྡན་པ། སྤྱན་གསུམ་དང་ལྡན་པ་ཕྱག་བརྒྱད་ཀྱི་གཡས་བཞི་ན། རལ་གྲི་འཁོར་ལོ་རྩེ་གསུམ་མདའ། གཡོན་བཞི་ན་དགྲ་སྟ་གཞུ་ཞགས་པ་རྡོ་རྗེ་འཛིན་པ། པད་ཟླ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ཉི་མའི་རྒྱབ་ཡོལ་ཅན། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དུ་མ་བསམ། རིགས་བདག །རིན་ཆེན་འབྱུང་ལྡན། བསྙེན་པ། ཨོཾ་མ་ཎི་དྷཱ་རི་བཛྲ་ནི་མ་ཧཱ་པྲ་ཏི་སཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བསྟོད་པ་ནི། རྒྱལ་ཀུན་ཤེས་རབ་ཕར་ཕྱིན་རང་མདངས་ཉིད། །ཉམ་ཐག་འགྲོ་རྣམས་སྡུག་བསྔལ་ལས་སྒྲོལ་ཕྱིར། །གཟུགས་སྐུར་ཤར་བའི་བཅོམ་ལྡན་འདས་མ་མཆོག །སོ་སོར་འབྲང་མ་ཆེན་མོར་ཕྱག་འཚལ་བསྟོད།། ༈ །མི་གཡོ་བའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་གཏུམ་པོ་ཆེན་པོ་


CMR022_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཟར་མའི་མདོག་ལྟར་སྔོ་བ། རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ་མཆེ་བས་མ་མཆུ་མནན་པ། རབ་ཏུ་དམར་བའི་སྤྱན་གསུམ་ཟུར་གྱིས་གཟིགས་པ། དཔྲལ་བར་ཁྲོ་གཉེར་བསྡུས་པ། ཕྱག་གཡས་རལ་གྲི་ནམ་མཁའ་ལ་ཕྱར་བ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་འཛིན་པ། ཞབས་གཡོན་གྱི་པུས་མོ་དང་བཅས་པའི་མཐིལ་ཉི་མ་ལ་བཙུགས་པ། སེམས་དཔའ་སུམ་བརྩེགས་ཅན་དུ་བསམས་ནས། རིགས་བདག །མི་བསྐྱོད་པ། བསྙེན་པ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བསྟོད་པ་ནི། བཅོམ་ལྡན་འདས་མི་གཡོ་མགོན་པོ་སྔོན་པོ་ནི། །སྐུ་ལུས་ས་མཁྲེགས་གཏུམ་ཞིང་ཁྲོ་བོའི་སྤྱན། །བགེགས་འཇོམས་སྲིད་པའི་བགེགས་རྣམས་ཞི་བར་མཛོད། །ལྷག་པའི་ལྷ་མཆོག་མི་གཡོ་མགོན་ལ་བསྟོད།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམངོན་རྟོགས་བཅུ་གསུམ་པ།next