Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་བཤད་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   


 
previousདབང་བཤད་མདོར་བསྡུས།next

དབང་བཤད་མདོར་བསྡུས།


CMR022_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཤད་མདོར་བསྡུས་ནི། འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཡི་དམ་ལྷག་པའི་ལྷའི་རྗེས་གནང་ཟབ་མོ་སྐུར་བར་བྱེད་པ་ཡིན་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་ཞུ་སྟེ་ཚུལ་བཞིན་དུ་ཉམས་སུ་བླངས་བར་བྱས་ནས། ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། འདིར་དུས་གསུམ་བདེ་བར་གཤེགས་པ་ནམ་མཁའི་སྐར་ཚོགས་ཙམ་ལས་བསམ་གྱིས་མི་ཁྱབ་གྲངས་ཀྱིས་མི་ལོངས་པར་བཞུགས་པ་འདི་དག་དཔེར་ན་ནམ་མཁའ་བཞིན་དུ་དག་པའི་དབྱིངས་ལྟ་བུ་ཆོས་ཀྱི་སྐུར་རོ་གཅིག་ཏུ་བཞུགས་པ་ཡིན་ཅིང་། དེ་ནས་ཆོས་ཀྱི་སྐུ་དེ་ལས་གཡོ་བ་མེད་བཞིན་དུ། སླར་ཡང་སེམས་ཅན་སྡུག་བསྔལ་གྱིས་གཟེར་བ་རྣམས་ལ་ཐུགས་རྗེས་བརྩེ་བར་དགོངས་ནས་དཔེར་ན་ནམ་མཁའི་ཀློང་ནས་འཇའ་ཚོན་ཤར་བ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། ཞི་བ་དང་། ཁྲོ་བོ་དང་། ཞི་མ་ཁྲོ་དང་། དཔའ་བོ་དང་། རྣལ་འབྱོར་མ། ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག །


CMR022_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་སྐྱོང་བ་དང་བཅས་པ། ཐབས་མཁས་པའི་ཕྱིར་དུ། བྱ་ཁྱུང་དང་སྡིག་པ་ལ་སོགས་པའི་སྐུ་རུ་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་པས། གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་། །ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ། །ཐུགས་རྗེའི་སྤྲུལ་སྒྱུར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པ་ལྟར་ཡིན་ཅིང་། ཞེས་སྤྱི་དང་། ཁྱད་པར་རྣམ་འཇོམས་སྐབས། སེམས་ཅན་གྲིབ་དང་མི་གཙང་བའི་གནོད་པ་ཐམས་ཅད་ཞི་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་རྡོ་རྗེ་རྣམ་པར་འཇོམས་པ་ཡིན་ཀྱང་དོན་ལ་སངས་རྒྱས་དོན་ཡོད་གྲུབ་པ་ཡིན་ཅིང་། འདིའི་དབང་ཐོབ་ན་དཔལ་ཁ་ལི་ཡི་ཉེས་སྐྱོན་ཐམས་ཅད་ཞི་བས། ཡུམ་ཆེན་མོ་སྐབས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཁམས་རྣམ་པར་དག་པ། འཕགས་པ་བཞི་པོ་བསྐྱེད་པའི་ཡུམ་དམ་པ་ཡིན་ཏེ། ཆོས་སྐུ་ཀུན་ཏུ་བཟང་མོའམ་ཡུམ་ཆེན་མོའི། མཚན་གྱི་རྣམ་གྲངས་དེ་རྣམས་སེམས་ཅན་ཚོགས་བསགས་པའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ། ཤེར་ཕྱིན་མ་སེར་མོ་འདི་ཉིད་ཡིན་ཅིང་། འདིའི་


CMR022_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་བྱས་ན། སེམས་ཀྱི་གནས་ལུགས་མྱུར་དུ་རྟོགས་ཤིང་དབང་ཐོབ་ན་སྤར་ཁ་ཁོན་མ་རྒན་མོའི་ཉེས་སྐྱོན་ཐམས་ཅད་ཞི་བ་ཡིན་པས། འཇམ་དབྱངས་སྐབས་འདིར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་སེམས་ཅན་གྱི་གཏི་མུག་གི་མུན་པ་བསལ་བའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ། རྗེ་བཙུན་འཇམ་པའི་དབྱངས་སུ་གྲགས་པ་ཡིན་ཞིང་། འདིའི་བསྙེན་སྒྲུབ་ལ་འབད་ན་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་ཞིང་། འདི་ཡི་དབང་ཐོབ་ན་སྤར་ཁ་དྭ་ཡི་ཉེས་སྐྱོན་ཐམས་ཅད་སེལ་བས། ཁྱུང་ཁྲའི་སྐབས། འདིར་དང་པོའི་སངས་རྒྱས་དཔལ་ལྡན་དུས་ཀྱི་འཁོར་ལོ་ཀུན་ཏུ་བཟང་པོ་དང་དོན་གཅིག་ཡིན་ཏེ། དེ་ཉིད་ཀྱི་ཀླུ་གདོན་ལ་སོགས་པ་གདུག་པ་ཅན་ཐམས་ཅད་འདུལ་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན། ཀླུ་དང་ས་བདག་གི་གནོད་པ། བད་ཀན་སྨུག་པོ་འབྲས་སྐན་ལ་སོགས་པ་ཞི་བ་ཡིན་ཅིང་། འདི་ཡི་དབང་ཐོབ་ན་སྤར་ཁ་ཁེན་པ་རྒན་པའི་ཉེས་སྐྱོན་ཐམས་ཅད་སེལ་བས། ཕྱག་རྡོར་སྐབས། འདིར་དུས་གསུམ་བདེ་བར་གཤེགས་


CMR022_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། སངས་རྒྱས་ཐམས་ཅད་ཀྱི་ས་ལམ་གྱི་བདུད་འདུལ་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན། གཟའ་ཀླུའི་གཙོར་བྱས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཞི་ཞིང་། འདི་ཡི་དབང་ཐོབ་ན་སྤར་ཁ་ཁཾ་གྱི་ཉེས་སྐྱོན་ཐམས་ཅད་སེལ་བས། །ཤཱཀ་ཐུབ་སྐབས། འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་སེམས་ཅན་གྱི་དོན་ལ་ཐུགས་བསྐྱེད་དང་ལྡན་པ། སྤྱན་སྟོང་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྤྲུལ་པ་ལས། ད་ལྟའི་སྟོན་པ་བཀའ་དྲིན་མཉམ་པ་མེད་པ་ཤཱཀྱའི་རྒྱལ་པོ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན་སྒྲིབ་གཉིས་བྱང་། ཚུལ་ཁྲིམས་གཙང་། རྒྱལ་གདོན་གྱི་གནོད་པ་ཞི། འདི་ཡི་དབང་ཐོབ་ན་སྤར་ཁ་གིན་རི་སྒོམ་ཆེན་གྱི་གནོད་པ་ཞི་བས། ལོ་གྱོན་མའི་སྐབས། འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་རིམས་ནད་དང་ཡམས་ནད་ཞི་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ་ཡིན་པས། འདི་ཡི་བསྙེན་སྒྲུབ་བྱས་ན་རིམས་ནད་ཀྱི་གནོད་པ་ཞི་ཞིང་སྲུང་བའི་མཆོག་ཏུ་གྱུར་པ་ཡིན་ནོ། །འདི་ཡི་དབང་ཐོབ་ན་སྤར་ཁ་ཟིན་གྱི་


CMR022_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྐྱོན་ཐམས་ཅད་ཞི་བས། གདུགས་དཀར་སྐབས། འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་མེ་ཁམས་རྣམ་པར་དག་པའི་རང་གཟུགས་ཡུམ་ཆེན་མོ་ན་བཟའ་དཀར་མོ་དེ་ཉིད་གཟུགས་སྐུ་དྲག་ཏུ་ཁྲོས་པ་ཁྲོ་མོ་གདུགས་དཀར་མོ་ཅན་འདི་ཉིད་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན་བྱད་ཁ་ཆོད་གཏོང་བཟློག་ཅིང་། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། འདི་ཡི་དབང་ཐོབ་ན་སྤར་ཁ་ཟོན་གྱི་ཉེས་སྐྱོན་ཐམས་ཅད་ཞི་བས། གཤེད་དམར་སྐབས། འདིར་རྗེ་བཙུན་འཇམ་པའི་དབྱངས་གཤིན་རྗེའི་གཤེད་ལ་སོགས་པ་གདུག་པ་ཅན་འདུལ་བའི་ཕྱིར་གཟུགས་དྲག་ཏུ་ཁྲོས་པ་གཤིན་རྗེའི་གཤེད་དམར་པོར་གྲག་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་པ་དང་དབང་ཐོབ་ན་སྤར་ཁ་བརྒྱད་པོ་སྤྱི་ཡི་ཉེས་སྐྱོན་ཐམས་ཅད་བསལ་ཞིང་། ཟ་འདྲེ་ཤི་གཤེད་ཀྱི་གནོད་པ་ཞི་ཞིང་། མདོར་ན་དགྲ་ཐོག་བདུན་ཟུར་ལ་སོགས་པའི་ཉེས་སྐྱོན་ཞི་བས། ཚེ་དཔག་མེད་ཀྱི་སྐབས། འདིར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་འདོད་ཆགས་རྣམ་པར་དག་པ་སོ་སོར་རྟོག་པའི་རང་གཟུགས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཅེས་བྱ་བ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བདག་པོ་ཡིན་


CMR022_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་བྱས་ན། དུས་མ་ཡིན་པར་འཆི་བ་བཅོ་བརྒྱད་ཞི་ནས་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། ནོར་རྒྱུན་མའི་སྐབས། འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་ས་ཁམས་རྣམ་པར་དག་པའི་ཆ་ལས་སངས་རྒྱས་སྤྱན་མ། །སེམས་ཅན་དབུལ་བའི་སྡུག་བསྔལ་ལས་བསལ་བའི་ཕྱིར་དུ། བྱང་ཕྱོགས་ལྕང་ལོ་ཅན་ནས་མགོན་པོ་ཛཾ་བྷ་ལའི་ཡུམ་གྱི་ཚུལ་དུ་སྐུར་བཞེངས་ནས་ལྷ་མོ་ནོར་རྒྱུན་མ་འདི་ཉིད་ཡིན་ཅིང་འདི་ཡི་དབང་ཐོབ་ཅིང་། བསྙེན་སྒྲུབ་བྱས་ན་དབུལ་ཕོངས་སྡུག་བསྔལ་ཞི་ནས། རང་གི་བསོད་ནམས་དང་མཐུན་པའི་ནོར་ཕྱུགས་རིགས་རྒྱུད་འཕེལ་བ་དང་། ཞིང་ལོ་ལེགས་པ་ལ་སོགས་འབྱུང་བར་ཐེ་ཚོམ་མེད། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། སོ་སོར་འབྲང་མའི་སྐབས། འདིར་འཕགས་བཞི་བསྐྱེད་མཛད་ཡུམ་ཆེན་ཀུན་ཏུ་བཟང་མོ་དེ་ཉིད། ཆུ་ཁམས་རྣམ་པར་དག་པ། ཡུམ་ཆེན་མཱ་མ་ཀཱི་དེ་ཉིད། འགྲོ་བ་ཉམ་ཐག་ཆུང་སྲིའི་གནོད་པ་ཞི་ཞིང་སྲིའུ་གསོ་བ་དང་། རིགས་རྒྱུད་འཕེལ་བའི་ཕྱིར་དུ་སྐུར་བཞེངས་པ་ལྷ་མོ་སོ་སོར་འབྲང་མ་དེ་ཉིད་ཡིན་ཅིང་། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་བྱས་ན་གོང་གི་


CMR022_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྣམས་འབྱུང་ཞིང་། ཁྱད་པར་སྲིའུ་གསོ་བའི་སྔགས་པ་བླ་མ་རྣམས་ཀྱིས་འདི་ཡི་བསྙེན་པ་བྱེ་བ་གཉིས་བསྙེན་ཚད་ཡིན་པས། དེ་འགྲུབ་ན་སྲིའུ་གསོ་སླ་བ་ཡིན་པས། སྤྱན་རས་གཟིགས་ཀྱི་སྐབས། འདིར་དང་པོའི་སངས་རྒྱས་རྒྱལ་བ་ཀུན་ཏུ་བཟང་པོའི་གསུང་གི་སྤྲུལ་པ་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ཡིན་པས་འཕགས་པ་སྤྱན་རས་གཟིགས་འདི་ཉིད་ཡིན་ཅིང་། ཐུགས་ཀྱི་ངོ་བོ་གཅིག་ཏུ་གྱུར་ན་ཡང་ཞལ་ཕྱག་གི་རྣམ་པ་མང་ན་ཡང་། ད་ལམ་འདི་ཉིད་ན་ལྷ་འགྲོ་འདུལ་ཕྱག་བཞི་པ་དང་སྔགས་ཡི་གེ་དྲུག་པ་བོད་ཁ་བ་ཅན་གྱི་ལྷ་སྐལ་དམ་པར་གྱུར་པ་ཡིན་པས། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་ལ་བརྩོན་པ་ཆེན་པོས་ཡི་གེ་དྲུག་པ་དུང་ཕྱུར་བཏོན་ན་སེམས་ངོ་ལ་བལྟ་མ་ཤེས་ཀྱང་སངས་རྒྱས་ཐོབ་པ་ཡིན་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་པས། སྒྲོལ་དཀར་སྐབས། འདིར་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་འཕགས་པ་སྤྱན་རས་གཟིགས་ཀྱི་སེམས་ཅན་གཅིག་ཀྱང་མ་ལུས་པ་སྒྲོལ་བའི་དམ་བཅའ་མཛད་ནས། བསྐལ་པ་དཔག་ཏུ་མེད་པར་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ནས། ད་ཅིར་


CMR022_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་དགོངས་ནས་གཟིགས་པས་སེམས་ཅན་མང་བའམ་ཉུང་བར་མ་མཐོང་ནས་ཐུགས་མུག་སྟེ། སྤྱན་ཆབ་བསིལ་བས་མེ་ཏོག་པདྨ་གཉིས་བྱུང་སྟེ། དེ་ཡི་ནང་ནས་སྒྲོན་དཀར་སྔོན་གཉིས་བྱོན་ནས་གསུང་བསྒྲུགས་ནས། སྲིད་ན་སུ་ཞིག་འཇིགས་པས་འཇིགས་གྱུར་ཡོད། །དེ་ཀུན་ངས་སྐྱོབ་མ་འཇིགས་མ་སྐྲག་ཅིག །ཅེས་གསུངས་སོ། དེ་ཡི་ཚེ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་མཛད་པ་མངོན་པར་འགྱུར་བའི་རྒྱུད་གསུངས། སྒྲོལ་མ་དཀར་སྔོན་གཉིས་དང་། སྒྲོལ་མ་ཉི་ཤུ་རྩ་གཅིག་དང་བརྒྱ་རྩ་བརྒྱད་སོགས་སྤྱན་རས་གཟིགས་ཀྱིས་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དེ། འགྲོ་དོན་སྤྲུལ་མཛད་སྒྲོལ་མ་ཁྱོད་ཀྱི་སྐུ། །ཚངས་པ་ཁྱབ་འཇུབ་དབང་ཕྱུག་ལ་སོགས་པ། །དྲག་པོ་ཞི་བ་ཨུ་མ་ལ་སོགས་པ། །བསྐུལ་བྱེད་ལུ་གུ་རྒྱུད་དང་ཁྲོ་གཉེར་ཅན། །མ་མཱ་ཀི་དངསྒྲོལ་མ་གོས་དཀར་མོ། །འགྲོ་བ་གང་གིས་གང་འདུལ་དེར་སྟོན་མ། །ཞེས་གསུངས་པ་ལྟར། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྐབས། འདིར་སྒྲོལ་མའི་རིགས་ཐམས་ཅད་ཐུགས་རྒྱུད་གཅིག་ཡིན་ཏེ། འཕགས་མ་ཡིད་བཞིན་འཁོར་ལོའམ་སེང་ལྡེང་ནགས་ཀྱི་སྒྲོལ་


CMR022_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་ཡི་དབང་ཐོབ་ན། མཚམས་མེད་ལྔ་དང་ཉེ་བ་ལྔ། །སྡང་བ་དང་ནི་རྨི་ལམ་ངན། །ནད་རྣམས་ཐམས་ཅད་ཞི་བར་འགྱུར། །ངན་སོང་གསུམ་གྱི་སྡུག་བསྔལ་ཞི། །མི་ཁོམ་བརྒྱད་དུ་མི་སྐྱེ་ནས། །ཚེ་རབས་དྲན་ཅིང་དབང་པོ་གསལ། །ཚེ་རིང་བདེ་སྐྱིད་དཔལ་དང་ལྡན། །སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་པས། །གཟའ་ཡུམ་སྐབས། འདི་ནི་བྱ་རྒྱུད་རིགས་དྲུག་ལས་དེ་བཞིན་གཤེགས་པའི་རིགས་དེ་ལ་རྣམ་གྲངས་བརྒྱད་ཡོད་པ་ལས། གནས་གཙང་གི་ལྷ་ལ་སོགས་པའི་རྒྱུད་ཀྱི་ཁོངས་སུ་གཏོགས་པ། སྟོན་པ་འགྲོགས་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་གཟའ་དང་རྒྱུ་སྐར་གྱི་ཚོགས་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། ཕྱག་ན་རྡོ་རྗེས་གཟའ་རྣམས་ཀྱི་སེམས་ཅན་ལ་གནོད་པ་བྱེད་པར་མཐོང་ནས། སྟོན་པ་ལ་ཞུས་པས། སྟོན་པས་སྙིང་རྗེ་རྣམ་པར་རོལ་པའི་འོད་ཟེར་ཕྱུང་སྟེ་གཟའ་རྣམས་ཀྱི་སྤྱི་བོར་ཞུགས། གཟའ་མཆོད་པའི་ཆོ་ག་ཞུས་པས། སྟོན་པས་གཟའ་མཆོད་པའི་ཆོ་ག་དང་། གཟུངས་རྣམས་བསྣམས་ཏེ། དེའི་ཚེ་གཟའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་གནོད་པ་མི་བགྱིད་པར་


CMR022_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་དམ་བཅས་སོ། །འདི་ཡི་སྔགས་བཟླས་བརྗོད་བྱས་པ་དང་དབང་ཐོབ་ན་ཕན་ཡོན་བསམ་ལས་འདས་པ་ཡིན་ཏེ། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་འདི་དངོས་གྲུབ་ཐམས་ཅད་ཀྱི་གཞི། འདི་ཉིད་འཆང་བས་ལོ་དགུ་བཅུ་རྩ་དགུའི་བར་འཆི་བའི་འཇིགས་པ་དང་། གཟའ་དང་ཟླ་བ་རྒྱུ་སྐར་གྱི་གནོད་པས་མི་འཇིག་ཅིང་ཚེ་རབས་དྲན་པར་འགྱུར་རོ། །གཟའ་རྣམས་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་དོ། །ཞེས་གསུངས་སོ། །ཚེ་རྟ་ཟུང་འབྲེལ་སྐབས། འདིར་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་ལྷ་ལྕམ་མཎྜ་ར་བ་དང་།གུ་རུ་པདྨ་འབྱུང་གནས་གཉིས་ཀྱིས་ཤར་ཕྱོགས་མཱ་ར་ཀི་ཏར་ཚེ་ཡི་སྒྲུབ་པ་མཛད་པས། མགོན་པོ་ཚེ་དཔག་མེད་དང་དངོས་སུ་མཇལ་ནས་འཆི་མེད་ཚེ་ཡི་རིག་འཛིན་ཐོབ་སྟེ་དམ་པའི་ཆོས་ཀྱི་གཏེར་ཁ་ཕྱེས་ནས། འགྲོ་མང་སྨིན་གྲོལ་ལ་བཀོད་པའི་ཡུམ་མནྡ་ར་བ་དེ་ཉིད་མ་གཅིག་གྲུབ་པའི་རྒྱལ་མོ་ཡིན་ཏེ། དེས་ཐུགས་རྗེ་ཆེན་པོ་གསང་བ་ཡང་གསང་བླ་མེད་ལུང་དང་མཐུན་པའི་རྟ་མགྲིན་དམར་སེར་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་ཞིག་སྐྱེས་བུ་རས་ཆུང་པ་ལ་གནང་བ། དེ་ལ་རྟ་མགྲིན་གྲུབ་རྒྱལ་མ་རུ་གྲགས་ཤིང་། ཚེ་དཔག་མེད་ལྷ་


CMR022_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བུམ་གཅིག་དང་མཉམ་དུ་འགའ་ཞིག་གིས་མཛད་པའི་ཕྱག་སྲོལ་འདུག་པ་ལ་ནི། ཚེ་རྟ་ཟུང་འབྲེལ་ཞེས་གྲགས་པ་འདི་ཡིན་ཅིང་། འདིའི་བསྙེན་སྒྲུབ་བྱས་པ་དང་དབང་ཐོབ་ན་ཀླུ་དང་ས་བདག་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཞི་ཞིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བས། ཞེས་དང་། གང་ལྟར་ཡང་། དེ་ལྟར་སྨིན་བྱེད་ཀྱི་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། བླ་མ་ལྔ་བཅུ་པ་ལས། པུས་བཙུགས་ཐལ་མོ་སྦྱར་ནས་ནི། །ཉན་སོགས་འདོད་པའི་གསོལ་གསུམ་གདབ། །ཅེས་གསུངས་པ་ལྟར། ད་ལམ་བླ་མ་དང་ཡི་དམ་གང་ཡིན། ༧ རྡོ་རྗེ་རྣམ་པར་འཇོམས་པ། ༧ ཤེར་ཕྱིན་མ་སེར་མོ། ༧ རྗེ་བཙུན་འཇམ་དཔལ་དབྱངས། ༧ ཡེ་ཤེས་ཁྱུང་ཁྲ་བོ། ༧ འབྱུང་པོ་འདུལ་བྱེད། ༧ བཅོམ་ལྡན་འདས་རྡོ་རྗེའི་བདག་པོ། ༧ རི་ཁྲོད་ལོ་མ་གྱོན་མ། ༧ གདུགས་དཀར་མོ་ཅན། ༧ གཤིན་རྗེའི་གཤེད་དམར་པོ། ༧ མགོན་པོ་ཚེ་དཔག་ཏུ་མེད་པ། ༧ འཕགས་མ་ནོར་རྒྱུན་མ། ༧ སོ་སོར་འབྲང་མ། ༧ འཕགས་པ་འཇིག་རྟེན་དབང་ཕྱུག ༧ འཕགས་


CMR022_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིད་བཞིན་འཁོར་ལོ། ༧ སེང་ལྡེང་ནགས་ཀྱི་སྒྲོལ་མ། ༧ རིག་པའི་རྒྱལ་མོ་འཕགས་མ་གཟའ་ཡུམ། ༧ དཔལ་ཆེན་ཁྲོ་བོ་རྟ་མགྲིན། དང་ཐ་མི་དད་པའི་དྲུང་དུ་སོགས། ཁྱེད་རང་རྣམས་རྡོ་རྗེ་རྭ་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་གྱི་དབུས་སུ། པཾ་ལས་པདྨ་དང་ཉི་མའི། ཟླ་བའི་སྟེང་དུ་ས་བོན་གང་ཡིན་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། གང་ཡིན་བསྐྱེད། །ཕྱག་མཚན་དུས། འདི་ནི་རྡོ་རྗེ་རྣམ་འཇོམས་ཀྱི། །ཕྱག་མཚན་སྣ་ཚོགས་རྡོ་རྗེ་སྟེ། ༧ འདི་ནི་ཡུམ་ཆེན་ཤེར་ཕྱིན་གྱི། །ཕྱག་མཚན་དམ་ཆོས་གླེགས་བམ་སྟེ། ༧ །འདི་ནི་འཕགས་པ་འཇམ་དཔལ་གྱི། །ཕྱག་མཚན་རལ་གྲི་པུ་སྟི་སྟེ། ༧ །འདི་ནི་ཡེ་ཤེས་ཁྱུང་ཁྲ་ཡི། །ཕྱག་མཚན་སྤྲུལ་རིགས་ལྔ་པོ་སྟེ། ༧ །འདི་ནི་ཕྱག་ན་རྡོ་རྗེ་ཡི། །ཕྱག་མཚན་རྡོ་རྗེ་རྩེ་དགུ་སྟེ། ༧ །འདི་ནི་བསྟན་པའི་བདག་པོ་ཡི། །ཕྱག་མཚན་ལྷུང་བཟེད་བདུད་རྩིས་བཀང་།། ༧ འདི་ནི་ལོ་མ་གྱོན་མ་ཡི། །ཕྱག་མཚན་གསེར་གྱི་རྡོ་རྗེ་འདི།། ༧ འདི་ནི་གཙུག་ཏོར་གདུགས་དཀར་གྱི། །ཕྱག་


CMR022_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འཁོར་ལོ་རྩིབས་སྟོང་པ། ༧ །འདི་ནི་གཤིན་རྗེའི་གཤེད་དམར་གྱི། །ཕྱག་མཚན་ཐོད་དབྱུག་ཐོད་ཁྲག་སྟེ། ༧ འདི་ནི་ཚེ་དཔག་མེད་མགོན་གྱི། །ཕྱག་མཚན་ཚེ་བུམ་བདུད་རྩིས་བཀང་། ༧ །འདི་ནི་ལྷ་མོ་ནོར་རྒྱུན་མའི། །ཕྱག་མཚན་འབྲས་ཀྱི་སྙེ་མ་སྟེ།། ༧ འདི་ནི་སོ་སོར་འབྲང་མ་ཡི། །ཕྱག་མཚན་རལ་གྲི་དགྲ་སྟ་སྟེ། ༧ །འདི་ནི་སྤྱན་རས་གཟིགས་དབང་གི །ཕྱག་མཚན་ཕྲེང་བ་པདྨ་སྟེ། ༧ །འདི་ནི་ཡིད་བཞིན་འཁོར་ལོ་ཡི། །ཕྱག་མཚན་ཨུཏྤལ་དཀར་པོ་དེ། ༧ །འདི་ནི་སེང་ལྡེང་ནགས་སྒྲོལ་གྱི། །ཕྱག་མཚན་མེ་ཏོག་ཨུཏྤལ་ཏེ། ༧ །འདི་ནི་འཕགས་མ་གཟའ་ཡུམ་གྱི། །ཕྱག་མཚན་རྡོ་རྗེ་པདྨ་སྟེ། ༧ འདི་ནི་ཁྲོ་བོ་རྟ་མགྲིན་གྱི། །ཕྱག་མཚན་པད་དབྱུག་ཞགས་པ་འདི། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདབང་བཤད་མདོར་བསྡུས།next