Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མངོན་རྟོགས་མདོར་བསྡུས།
   
   
   
   
   
   
   
   
   
   
   
   


 
previousམངོན་རྟོགས་མདོར་བསྡུས།next

མངོན་རྟོགས་མདོར་བསྡུས།


CMR022_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༧ རྡོ་རྗེ་རྣམ་འཇོམས་ནི། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་ལྗང་སྔོན་ལས་འོད་ཟེར་འཕྲོས། རྡོ་རྗེ་རྣམ་པར་འཇོམས་པ་ལ། ཨ་ལས་ཟླ་བའི་གདན་དུ་ཧཱུཾ་ཡིག་ལྗང་སྔོན། རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་འཛུམ་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་བསྐོར་ཐབས་སུ་འཛིན་པ། གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། ཧཱུྃ་ཡིག་ལྗང་སྔོན། དོན་ཡོད་གྲུབ་པ། ཨོཾ་བཛྲ་བི་དཱ་ར་ཎ་ཧཱུྃ་ཕཊ། རྒྱས་པར་རྣམ་འཇོམས་ཀྱི་གཟུངས་དང་ཉེ་སྙིང་རྣམས་བརྗོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོ་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།། ༈ །།ཡུམ་ཆེན་ཤེར་ཕྱིན། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་དྷིཡིག་སེར་པོ་ལས། ཤེར་ཕྱིན་མ་སེར་མོ་ལ། ཨ་ལས་ཟླ་བའི་གདན་ལ་དྷིཡིག་སེར་པོ། རང་ཉིད་ཤེར་ཕྱིན་


CMR022_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མ་སེར་མོ་ཞལ་གཅིག་རལ་པའི་ཅོད་པན་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་པའི་ཨུཏྤལ་སྔོན་པོ་གཡོན་ཕྱོགས་སུ་བསྣམས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར། དྷཱི༔ཡིག་སེར་པོ། མི་བསྐྱོད་པ། ཨོཾ་དྷི་ཤུ་ཏི་སྤྱི་ཏི་བི་ཛ་ཡེ་སྭཱ་ཧཱ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉི། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །།འཇམ་དབྱངས། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་དྷིཡིག་དམར་སེར་ལས། འཕགས་པ་འཇམ་དཔལ། ཨ་ལས་ཟླ་བའི་གདན་དུ་དྷཱི༔ཡིག་དམར་སེར། རང་ཉིད་འཇམ་དབྱངས་སྐུ་མདོག་དམར་སེར་གཡས་ཨུཏྤལ་དང་། མདུན་དུ་ར་ལས་དྲྭ་བ་ཅན་གྱི་འོད་ལྗང་ཁུ་གཡོན་ན་པདྨ་འཛིན་པ། གཡས་སུ་པཾ་ལས་སྒྲ་གཅན་འཛིན་དམར་མོ་གཡོན་པདྨ་དམར་པོ་འཛིན་པ། རྒྱབ་ཏུ་ཙོ་ལས་ཟླ་འོད་མ་དཀར་མོ་གཡོན་པདྨ་དཀར་པོ་འཛིན་པ། གཡོན་དུ་པཾ་ལས་ཉེ་བའི་སྒྲ་གཅན་མ་དམར་པོ་གཡོན་ཨུཏྤལ་འཛིན་པ། གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་


CMR022_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཡས་མཆོག་སྦྱིན་གཡོན་པདྨའི་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དྷིཡིག་དམར་སེར་། མི་བསྐྱོད་པ། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་བཟླས། གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད།། ༈ །།ཁྱུང་ཁྲ། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་དུ་ཁྲོ་ཁྲ་བོ་ལས། ཡེ་ཤེས་བྱ་ཁྱུང་ཁྲ་བོ་ལ། ཨ་ལས་ཟླ་བའི་གདན་དུ་ཁྲོ་ཁྲ་བོ། རང་ཉིད་ཡེ་ཤེས་བྱ་ཁྱུང་ཁྲ་བོ་རྐང་པ་ནས་སྤྱི་བོའི་བར་སྔོ་བ། ལྟོ་བ་སེར་བ། སྐུ་སྟོད་དམར་པོ། མགོ་བོ་ལྗང་ཁུ་སྟེ་ས་ཆུ་མེ་རླུང་གི་རང་བཞིན། སྒྲོ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་ཞབས་ཙོག་པུར་འདུག་པ། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་སྡིགས་མཛུབ་དང་བཅས་པའི་སྦྲུལ་རིགས་ལྔའི་མགོ་བོ་ཁར་བཅུག་སྟེ་མཇུག་མ་ཞབས་སུ་མནན་པ། ཕྱོགས་བཞིར་རིགས་བཞིའི་ཁྱུང་ཆེན་དཀར་སེར་དམར་ལྗང་རང་འདྲ་བ། གཡས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་ཕྱར་ཞིང་གཡོན་རང་མདོག་གི་སྦྲུལ་རིགས་བཞི་བཟུང་།


CMR022_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྲིན་གྱི་ཕུང་པོར་སྐུ་རྒྱབ་གཏད་པ། ཁྲོ་ཁྲ་བོ། རྡོ་རྗེ་སེམས་དཔའ། ཨོཾ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་གྷ་རུ་ཊ་ཧཱུྃ་ཕཊ༔ ཅེས་བཟླས། ཡེ་ཤེས་ཁྱུང་གི་མཆུ་སྡེར་འཇིགས་རུང་ཅན། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ལས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་འཇོམས་སྐུ་ལ་ཕྱག་འཚལ་བསྟོད།། །།ཕྱག་རྡོར། རང་གི་སྙིང་གར་པདྨ་དང་ཉི་མའི་གདན་དུ་ཧཱུྃ་མཐིང་ག་ལས། དཔལ་ཕྱག་ན་རྡོ་རྗེ་ལ། མ་ལས་ཉི་མའི་གདན་དུ་ཧཱུྃ་ཡིག་མཐིང་ག །རང་ཉིད་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ཀ་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཕྱག་རྒྱ་བཅིངས་ཤིང་། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་འབྱུང་པོ་བསྐྱེལ་བའི་སྟེང་དུ་བཞུགས་པ། ཐོད་སྐམ་ལྔའི་དབུ་རྒྱན། སྟག་ཤམ་ཅན། སྦྲུལ་རིགས་བརྒྱུད་ཀྱིས་སྐུ་ལ་བརྒྱན་པ། ན་བཟའ་སྔོན་པོ་མནབས་པ། མི་བསྐྱོད་པ། ཧཱུཾ་བཛྲ་ཕཊ༔ ཅེས་བཟླས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་


CMR022_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད།། ༈ །། ཐུབ་པ། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་སེར་པོ་ལས། སྟོན་པ་ཤཱཀྱ་ཐུབ་པ་ལ། ཨ་ལས་ཟླ་བའི་གདན་ལ་ཧཱུྃ་ཡིག་སེར་པོ། རང་ཉིད་བཅོམ་ལྡན་འདས་རྡོ་རྗེའི་བདག་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ན་བཟའ་དམར་པོ་མནབས་ཅིང་། ཞི་བའི་བདག་ཉིད་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཡས་སུ་བྱམས་པ་སེར་པོ་ཕྱག་གཡོན་རིན་པོ་ཆེའི་རྔ་ཡབ་དང་གཡས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་འཇིག་རྟེན་དབང་ཕྱུག་དཀར་པོ་རིན་པོ་ཆེའི་རྔ་ཡབ་དང་། གཡོན་པདྨ་དཀར་པོ་འཛིན་པ། གཉིས་ཀའང་རལ་པའི་ཅོད་པན་ཅན། ཧཱུྃ་ཡིག་སེར་པོ། མི་བསྐྱོད་པ། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཟླས། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་


CMR022_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད།། ༈ །།ལོ་གྱོན་མ། རང་གི་སྙིང་ཁར་པདྨ་དང་ཟླ་བའི་གདན་དུ་ཧཱུྃ་ཡིག་སེར་པོ་ལས་རི་ཁྲོད་ལོ་མ་གྱོན་མ་ལ། ཨ་ལས་ཟླ་བའི་གདན་དུ་ཧཱུཾ་ཡིག་སེར་པོ། རང་ཉིད་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁའ་ལ་ཕྱར་བ་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། དར་དང་རིན་པོ་ཆེའི་རྒྱན་དང་རྨ་བྱའི་མདངས་དང་ཤིང་ལོ་སེར་པོའི་ཤམ་ཐབས་ཅན། བགེགས་རྣམས་མནན་པའི་པད་དཀར་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཧཱུྃ་ཡིག་སེར་པོ། མི་བསྐྱོད་པ། །ཨོཾ་པི་ཤ་ཙི་པཎ་ཤ་ཝ་རི་སརྦ་ཛཱ་ར་པྲ་ཤ་མ་ཎི་ཡེ་སྭཱ་ཧཱ། ཨོཾ་པི་ཤ་ཙི་སྭཱ་ཧཱ། ཞེས་བཟླས། ནད་རྣམས་མ་ལུས་འཇོམས་བྱེད་ཅིང་། །གདོན་ཀུན་ཙིཏྟ་སྲེག་མཛད་མ། །ནད་རིགས་ཀུན་འཇོམས་རྡོ་རྗེ་སྟེ། །ལོ་མ་གྱོན་མར་ཕྱག་འཚལ་བསྟོད།། ༈ །གདུགས་དཀར། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཨོཾ་ཡིག་དཀར་པོ་ལས། གཙུག་ཏོར་གདུགས་དཀར་མོ་ཅན་ལ། ཨ་ལས་ཟླ་བའི་


CMR022_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དུ་ཨོཾ་ཡིག་དཀར་པོ། རང་ཉིད་བཅོམ་ལྡན་འདས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོ་ཅན་དཀར་སྔོ་དམར་བའི་ཞལ་གསུམ་སྤྱན་དགུ། ཕྱག་དྲུག་གི་གཡས་གསུམ་ན་འཁོར་ལོ་མདའ། ལྕགས་ཀྱུ། གཡོན་གསུམ་ན་རྡོ་རྗེ་དཀར་པོ་གཞུ་ཞགས་པ་དང་བཅས་པའི་སྡིགས་མཛུབ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཁྲོ་མོའི་སྟང་སྟབས་བསྒྲད་པས་གདོན་བགེགས་ཐམས་ཅད་ཚར་བཅད་པ། ཨོཾ་ཡིག་དཀར་པོ། རྣམ་པར་སྣང་མཛད། ཨོཾ་སི་ཏ་ཏ་པ་ཏྲེ་ཨ་པ་ར་ཛི་ཏེ་སརྦ་གྲ་ཧ་ན་ཨ་མ་ནུ་ཏྲ་ས་ཡ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། །ཨོཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཞེས་བཟླས། རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །སྟོན་མཆོག་༴ ཤཱཀ་ཐུབ་གཙུག་ཏོར་ལས་སྤྲུལ་ཞིང་། །སངས་རྒྱས་བྱེ་བ་ཁྲག་ཁྲིག་ཅོད་པན་འཆང་། །འཆོལ་བའི་ལྷ་མཆོག་གདུགས་དཀར་ཕྱག་འཚལ་བསྟོད། གཤེད་དམར། རང་གི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོ་ལས། འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལ། མ་ལས་ཉི་མའི་གདན་དུ་ཧཱུྃ་དམར་པོ། རང་ཉིད་


CMR022_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་པ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱིས་མི་མགོའི་མཚན་པའི་དབྱུག་པ་དཀར་པོ་ཕྱར་བ། གཡོན་ཐོད་ཁྲག་འཛིན་པ་རང་འོད་ཀྱི་རིག་མ་གྲི་ཐོད་འཛིན་པས་འཁྱུད་པ། སྟག་ཤམ་དང་སྦྲུལ་གྱིས་བརྒྱན་པ། སྣ་ཚོགས་པདྨ་དང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པ། ཐུགས་ཀར་ས་བོན་གྱིས་མཚན་པ་སེམས་དཔའ་སུམ་བརྩེགས་ཅན། ཧཱུྃ་ཡིག་དམར་པོ། རྡོ་རྗེ་སེམས་དཔའ། ཨོཾ་ཧྲིཎྜི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས། འཇམ་དཔལ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོག་འདྲེན་གདུག་པ་འདུལ་ཕྱིར་ཁྲོ་སྐུར་སྟོན། །སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །གཤིན་རྗེ་གཤེད་དམར་དག་ལ་ཕྱག་འཚལ་བསྟོད།། ༈ །།ཚེ་དཔག་མེད། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཧྲིཡིག་དམར་པོ་ལས། མགོན་པོ་ཚེ་དཔག་ཏུ་མེད་པ། ཨ་ལས་ཟླ་བའི་གདན་དུ་ཧྲིདམར་པོ། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་འཆི་མེད་བདུད་རྩིས་བཀང་བའི་བུམ་པ་མཉམ་བཞག་གི་ཕྱག་


CMR022_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་མངའ་བ། ཧྲི༔ཡིག་དམར་པོ། འོད་དཔག་ཏུ་མེད་པ། ཨོཾ་ཨ་མཱ་ར་ཎི་ཛཱི་ཞིཝནྟི་ཡེ་སྭཱ་ཧཱ། ཞེས་བཟླས། དེ་ནས་ཚེ་དབང་བསྐུར་བའི་དུས་སུ་མདུན་བུམ་གྱི་བསྙེན་པ་ཐེམ་པའི་མཚམས་སུ། མདུན་བུམ་གྱི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན་བབས་ནས་ཚེ་རིལ་དང་ཚེ་ཆང་རྣམས་ལ་ཐིམ་པས་འཆི་བ་གསོ་ནུས་ཤིང་འཆི་མེད་རིག་འཛིན་ཐོབ་པའི་བདུད་རྩི་གྱུར། བསྙེན་པ་བཟླས། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པའི། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱུ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད།། ༈ །།ནོར་རྒྱུན་མ། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་བཻ་ཡིག་སེར་པོ་ལས། འཕགས་མ་ནོར་རྒྱུན་མ་ལ། ཨ་ལས་ཟླ་བའི་གདན་ལ་བཾ་སེར་པོ་ལས། རང་ཉིད་འཕགས་མ་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་དང་། གཡོན་འབྲུའི་སྙེ་མ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་པའི་བུམ་པ་བསྣམས་པ། ལོ་བཅུ་དྲུག་གི་ན་ཚོད་ཅན་རྒྱན་ཐམས་ཅད་ཀྱིས་


CMR022_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། བཾ་ཡིག་སེར་པོ། རིན་ཆེན་འབྱུང་ལྡན། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། ཞེས་བཟླས། དཔལ་མོ་དབྱིག་གི་ཆར་འབེབས་ནོར་རྒྱུན་མ། །སྙན་གྲགས་ཚེ་དང་བསོད་ནམས་རྒྱས་མཛད་ཅིང་། །དངོས་གྲུབ་ཕུན་ཚོགས་མ་ལུས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད།། ༈་།།སོར་འབྲང་མ། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་པྲ་ཡིག་སེར་པོ་ལས། འཕགས་མ་སོ་སོར་འབྲང་མ་ལ། ཨ་ལས་ཟླ་བའི་གདན་ལ་པྲ་ཡིག་སེར་པོ་ལས། རང་ཉིད་འཕགས་མ་སོ་སོ་འབྲང་མ་སེར་མོ་གཡས་བསྐོར་གྱི་རྩ་ཞལ་སེར་དཀར་ནག་དམར་བའི་ཞལ་བཞི་དང་ལྡན་པ། སྤྱན་གསུམ་དང་ལྡན་པ་ཕྱག་བརྒྱད་ཀྱི་གཡས་བཞི་ན། རལ་གྲི་འཁོར་ལོ་རྩེ་གསུམ་མདའ། གཡོན་བཞི་ན་དགྲ་སྟ་གཞུ་ཞགས་པ་རྡོ་རྗེ་འཛིན་པ། པད་ཟླ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ཉི་མའི་རྒྱབ་ཡོལ་ཅན། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ནུ་མའི་བར་པྲ། པྲ་ཡིག་སེར་པོ། རིན་ཆེན་འབྱུང་ལྡན། ཨོཾ་མ་ཎི་དྷཱ་རི་བཛྲ་ནི་མ་ཧཱ་པྲ་ཏི་སཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་


CMR022_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། རྒྱལ་ཀུན་ཤེས་རབ་ཕར་ཕྱིན་རང་མདངས་ཉིད། །ཉམ་ཐག་འགྲོ་རྣམས་སྡུག་བསྔལ་ལས་སྒྲོལ་ཕྱིར། །གཟུགས་སྐུར་ཤར་བའི་བཅོམ་ལྡན་འདས་མ་མཆོག །སོ་སོར་འབྲང་མ་ཆེན་མོར་ཕྱག་འཚལ་བསྟོད།། ༈ །སྤྱན་རས་གཟིགས། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་གྷིཡིག་དཀར་པོ་ལས། འཇིག་རྟེན་དབང་ཕྱུག་ལ། ཨ་ལས་ཟླ་བའི་གདན་ལ་ཏིཿཡིག་དཀར་པོ། རང་ཉིད་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། འོག་མས་བགྲང་ཕྲེང་དང་པདྨ་དཀར་པོ་བསྣམས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སུ་ཡི་གེ་དྲུག་མ་སེར་མོ་ཆ་ལུགས་གཙོ་བོ་དང་མཚུངས་པ། གཡོན་དུ་ནོར་བུ་འཛིན་པ་ཕྱག་གཉིས་གཡས་ཕྱག་འཚལ་བའི་ཚུལ་དང་གཡོན་རིན་པོ་ཆེའི་ཕྲེང་བ་འཛིན་པ། ཧྲིཡིག་དཀར་པོ། འོད་དཔག་ཏུ་མེད་པ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་


CMR022_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད།། ༈ །།སྒྲོལ་དཀར། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཏཱཾ་ཡིག་དཀར་པོ་ལས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ། ཨ་ལས་ཟླ་བའི་གདན་དུ་ཏཱཾ་ལ་ཨུཏྲ་ལ་ཧཱུྃ་ཡིག་དཀར་པོའི་མཚན་པ། རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་སྟོན་ཟླའི་མདོག་ལྟར་དཀར་བ། ཞལ་གཅིག་ཞལ་འཛུམ་བག་དང་ལྡན་པ། ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་དཀར་པོ་སྙན་གྱི་ཐད་དུ་ཁ་བྱེ་བ་བསྣམས་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་ཤིང་ཟླ་བའི་རྒྱབ་ཡོལ་ཅན་དུ་གྱུར། ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དང་ཧྭ་རྩིབས་རྣམས་ལ་བར་གྱི་ཡི་གེ་བརྒྱད་གསལ་བ། འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས། ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །།སེང་སྒྲོལ། རང་གི་སྙིང་ཁར་པདྨ་དང་ཟླ་བའི་གདན་དུ་ཏཱཾ་ཡིག་ལྗང་གུ་ལས། སེང་ལྡེང་ནགས་ཀྱི་སྒྲོལ་མ།


CMR022_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ལས་ཨུཏྤལ་ཏྭཾ་གྱིས་མཚན་པ། རང་ཉིད་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་པ། སྤྱན་དཀྱུས་རིང་ཞིང་འཛུམ་བག་དང་ལྡན་པ། ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་གཡོན་ཨུཏྤ་ལ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་དར་སྣ་ཚོགས་པའི་ན་བཟའ་མནབས་པ། དབུ་སྐྲའི་ཐོར་ཚུགས་མེ་ཏོག་གིས་མཛེས་པ་ནུ་མ་རྒྱས་པ། སྐྱིལ་ཀྲུང་ཕྱེད་པས་ཨུཏྤ་ལའི་གདན་དུ་སེང་ལྡེང་ནགས་ཀྱི་ཁྲོད་ན་བཞུགས་པ། ཏཱཾ་ཡིག་ལྗང་སྔོན། དོན་ཡོད་གྲུབ་པ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས། སེང་ལྡེང་ཕོ་བྲང་འཁྲིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག་།བུད་མེད་རིན་ཆེན་ཡིད་འོང་རྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད།། ༈ །།གཟའ་ཡུམ། རང་གི་སྙིང་ཁར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ལས། རིག་པའི་རྒྱལ་མོ་འཕགས་མ་གཟའ་ཡུམ་ལ། ཨ་ལས་ཟླ་བའི་གདན་ལ་ཧཱུྃ་ཡིག་དཀར་པོ། རང་ཉིད་འཕགས་མ་གཟའ་ཡུམ་སྐུ་མདོག་དཀར་མོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག །ཞལ་རེ་རེ་ལ་


CMR022_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་དང་པོ་གཉིས་ཆོས་འཆད། བར་པ་གཉིས་རྡོ་རྗེ་དང་པདྨ། ཐ་མ་གཉིས་མདའ་གཞུ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྷ་རྫས་ཀྱི་ན་བཟའ་དང་ལྡན་པ། ཧཱུྃ་ཡིག་དཀར་པོ། རྣམ་པར་སྣང་མཛད། ཨོཾ་སརྦ་བིད་ཧཱུྃ་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ་སྭཱ་ཧཱ། །ཞེས་རྩ་སྔགས་དང་ཉེ་སྙིང་བཟླས། གང་གིས་མཚན་ཙམ་བཟུང་བས་ཀྱང་། །གཟའ་དང་རྒྱུ་སྐར་གདོན་རྣམས་ཀྱིས། །ཉེར་འཚེ་མཐའ་དག་ཞི་མཛད་པ། །རིག་པའི་རྒྱལ་མོ་ཁྱོད་ལ་བསྟོད།། ༈ །།རྟ་མགྲིན། རང་གི་སྙིང་ཁར་པདྨ་དང་ཉི་མའི་གདན་ལ་ཏིཿཡིག་དམར་པོ་ལས། ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་ལ། མ་ལས་ཉི་མའི་གདན་དུ་ཧཱུྃཿཡིག་དམར་པོ། རང་ཉིད་དཔལ་ཁྲོ་བོ་རྟ་མགྲིན་དམར་པོ་ཞལ་གཅིག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་གཙུག་ན་རྟ་དབུ་འཚེར་བ། ཕྱག་གཡས་པདྨས་མཚན་པའི་དབྱུག་པ་་དང་། གཡོན་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཞིང་མེ་དཔུང་གི་ཀློང་ན་གཡོན་བརྐྱང་གིས་གནས་པ། ཧྲི༔ཡིག་དམར་པོ།


CMR022_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས། ཧྲི༔ ལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེགས། །བདུད་བཞི་མ་ལུས་འདུལ་མཛད་པའི། །དཔའ་བོ་རྟ་མགྲིན་ཕྱག་འཚལ་བསྟོད། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམངོན་རྟོགས་མདོར་བསྡུས།next