Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྱན་རས་གཟིགས་ཀྱི་ལོ་རྒྱུས།
   
   
   
   
   
   
   
   
   
   


 
previousསྤྱན་རས་གཟིགས་ཀྱི་ལོ་རྒྱུས།next

སྤྱན་རས་གཟིགས་ཀྱི་ལོ་རྒྱུས།


CMR022_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་བསྐུར་བ་ཡིན་ཏེ། དེ་ལ་ཆོས་སྐུའི་ཐུགས་རྗེ་ཆེན་པོ་ནི་ནམ་མཁས་གར་ཁྱབ་སྐུ་གསུང་ཐུགས་ཀྱི་ཁྱབ། ལོངས་སྐུའི་ཐུགས་རྗེ་ཆེན་པོ་རྣམ་སྣང་གངས་ཅན་མཚོ་ཞེས་བྱ་བ་བ་སྤུའི་བུ་ག་རེར་ཡང་ཞིང་ཁམས་དཔག་ཏུ་མེད་པ་ཡོད། དེའི་ཕྱག་མཐིལ་པདྨའི་སྡོང་པོ་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི་བཅུ་གསུམ་པའི་སྟེང་དུ་འཇིག་རྟེན་འདི་ཆགས་ནི་ཡོད། སྐལ་བཟང་གི་སངས་རྒྱས་སྟོང་བྱེ་བ་ཕྲག་བརྒྱ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ་དང་། ཨོཾ་པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱ་རྣམས་ཀྱང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆ་རེ་རེ་ཡིན། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དངོས་ནི་བ་བདེ་བ་ཅན་ན་བཞུགས་པ་དེ་ཡིན། སངས་རྒྱས་ཐམས་ཅད་དང་པོའི་སྤྲུལ་གཞི་ཡང་སྤྱན་རས་གཟིགས་ཡིན་ལ། མཐར་ཐིམ་པ་ཡང་སྤྱན་རས་གཟིགས་ཡིན་པས་རྒྱལ་བ་རྒྱ་མཚོ་མཧྥེ་ཞེས་བྱའོ། །དེའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་། རྒྱུད་བཞི་ལ་སོགས་པ་མཐའ་ཡས་པ་ཞིག་ཡོད་དེ། དེ་ཡང་མཚན་བརྒྱ་རྩ་བརྒྱད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་


CMR022_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་བརྗོད་བྱས་ན་ངན་སོང་གསུམ་དུ་མི་སྐྱེ། མནར་མེད་པར་མི་འགྲོ། ཞེས་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་མིང་ནས་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ལགས་སོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བ་ལགས། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་སྣང་བ་མཐའ་ཡས་ལས་ཆོས་ཉན་པར་འགྱུར་ཏེ། དེ་དག་གི་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་རྒྱུད་ལ་ཉོན་མོངས་པ་དང་། བཀྲེས་པ་དང་། སྐོམ་པ་དང་། ཕོངས་པའི་སྡུག་བསྔལ་མི་འབྱུང་། མངལ་ན་གནས་པའི་སྡུག་བསྔལ་མི་འབྱུང་། ཆོས་ཀྱི་རོས་བསྐྱེད་པའི་པདྨ་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡི་དམ་བསྟན་པར་མཛད་དེ་སངས་རྒྱས་ཀྱི་ཞིང་དེ་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་འབྱོན་ཁ་བོད་ཐམས་ཅད་ལ་


CMR022_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཆེམས་བཞག་པ་ལས་ཀྱང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་དྲུག་པ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་ཡང་སྙིང་ཡིན་པས། ཞག་རེ་ལ་བརྒྱ་རྩ་བརྒྱད་རེ་བཟླས་ན་ངན་སོང་གསུམ་དུ་མི་སྐྱེ། ཕྱི་མ་ལ་མི་ལུས་གཙང་མ་ཐོབ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བ་འདི་ལ་སྡིག་པ་ཐམས་ཅད་ཟད་ནས་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་ན་ཡིད་གཞུངས་པར་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ། །ཞག་རེ་ལ་ལན་འགའ་བརྗོད་པས་སྡིག་པ་འཛད་པར་འགྱུར་རོ། །བཀྲ་ཤིས་བསོད་ནམས་འཕེལ་ལོ། །ཚེ་རབས་གར་སྐྱེས་ཀྱང་འཕགས་པ་སྤྱན་རས་གཟིགས་དང་མི་འབྲལ་བར་འགྱུར་རོ། །མི་གང་དག་ནད་དང་གདོན་གྱིས་ཉེན་པ་ལ་ཡང་འཇིག་རྟེན་གྱི་རྐྱེན་བཟློག་ཅི་བྱས་པ་བས། ཡི་གེ་དྲུག་པ་བཟླས་པས་བསོད་ནམས་དང་བཟློག་པ་ཆེའོ། །སྨན་དཔྱད་བཅོས་ཀ་ཅི་བྱས་པ་བས་ཡི་གེ་དྲུག་པ་བཟླས་པས་ནད་སེལ་ལོ། །བོད་ཁ་བ་


CMR022_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ལྷ་སྐལ་ཡིན་པས་དད་གུས་མོས་པས་གསོལ་བ་ཐོབ་ཅིག །བྱིན་རླབས་འཕྲལ་དུ་འབྱུང་སྟེ་ཐེ་ཚོམ་ཡིད་གཉིས་མ་བྱེད་ཅིག །ཆོས་འདི་ལས་བཟང་བ་མེད་དོ། །པདྨ་འབྱུང་གནས་བདག་ད་འགྲོ་རན་པས་བོད་ཀྱི་རྒྱལ་བློན་མི་རྣམས་ཀུན་ཐུགས་ལ་དེ་ལྟར་ཞོག་ཅིག །ཅེས་གསུངས་སོ། །དེ་ཡང་དབང་མ་ཐོབ་བར་འདོན་མི་རུང་བར་གསུངས་པས་དབང་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། ཞེས་བླ་མ་དོན་གྲུབ་ཀྱིས་བསྐུལ་ནས་དགེ་སློང་༧ རཱ་ག་ཨ་སྱས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤྱན་རས་གཟིགས་ཀྱི་ལོ་རྒྱུས།next