Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་འཇོམས་ལོ་རྒྱུས།
   
   
   
   
   
   
   
   
   


 
previousརྣམ་འཇོམས་ལོ་རྒྱུས།next

རྣམ་འཇོམས་ལོ་རྒྱུས།


CMR022_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཇོམས་ལོ་རྒྱུས་བཞུགས་པའི་དབུ་ཕྱོགས་སོ། །འོ་ན་ད་ལམ་རྡོ་རྗེ་རྣམ་པར་འཇོམས་པ་འདི་ཡི་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན་སྔོན་བཅོམ་ལྡན་འདས་ཞལ་བཞུགས་པའི་རྒྱལ་པོ་ལ་སོགས་པའི་སྙིང་པོ་ཅན་གྱི། སྙིང་ལ་ལྷའི་བུའི་བདུད་ཞུགས་ནས་བདུད་ལྷས་སྦྱིན་བླ་མར་བསྟེན་ཏེ། བཅོམ་ལྡན་འདས་ལ་གླང་ཆེན་མྱོས་པ་དང་ཁྱི་གཏུམ་པོ་རྦད་པ་དང་སྐྱོགས་བརྒྱབས་པས། རྒྱལ་བའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་། དམ་པའི་ཆོས་བསྣུབས། གཙུག་ལག་ཁང་བཤིགས། རང་གི་ཕ་བསད་པ་སོགས་བྱས་པས། དམ་པའི་ཆོས་སྐྱོང་བ་ཐམས་ཅད་འཁྲུག་སྟེ། མི་ནད་དང་ཕྱུགས་ནད་ཆེན་པོ་བྱུང་། རྒྱལ་པོ་ཡང་ནད་རྐང་བཀྲས་ཤིན་ཏུ་སྡུག་པར་གྱུར་ཏེ། དེའི་ཚེ་རྒྱལ་པོ་སྡེ་བཞིས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲ་དང་མི་རྣམས་ལ་སྡུག་བསྔལ་ལས་ཐར་བའི་ཐབས་གསུང་བར་ཞུ་ཞུས་པས། རྡོ་རྗེ་རྣམ་འཇོམས་རྩ་བའི་རྒྱུད་ལེའུ་རྩ་བརྒྱད་པ་གསུངས། རྒྱལ་ཆེན་སྡེ་བཞིའི་རྒྱལ་པོ་ལོག་པའི་སྙིང་པོ་ལ་བཤད་པས། རྒྱལ་པོའི་ཁྲུས་བྱས་པས་ནད་རྐང་བཀྲ་ཕན། མི་ནད་དང་ཕྱུགས་ནད་རྒྱུན་ཆད་དེ། ཡང་བཅོམ་ལྡན་འདས་རི་རབ་ཀྱི་ཁང་པ་བརྩེགས་


CMR022_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞུགས་པའི་ཚེ་མཛོད་སྤུ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་དེ། འོད་དེས་བདུད་ཀྱི་གནས་ཐམས་ཅད་མེ་འབར་ཏེ་ཚིག་གོ །དེར་བདུད་ཐམས་ཅད་ཉམས་ཐག་ཅིང་སྐྲག་སྟེ་བྲོས་སོ། །བདུད་སྡིག་ཅན་ཡང་བཞིན་ཤོར་ཞིང་ལུས་སྡུག་བསྔལ་ཏེ། བདུད་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཚོན་ཆའི་ཆར་ཆེན་པོ་ཕབ་པས། མེ་ཏོག་གི་གདུགས་སུ་གྱུར། རྒྱོབ་སོད་ཀྱིས་སྒྲ་ཐམས་ཅད་ཆོས་སྒྲར་གྱུར། བདུད་སྡིག་ཅན་རྣམས་ཞགས་པ་ལྔ་བཅིངས་པར་གྱུར་ཏེ། བདུད་སྡིག་ཅན་གྱི་བུ་རྣམས་བཅོམ་ལྡན་འདས་ལ་སྐྱབས་ཞུས་སོ། །བདུད་སྡིག་ཅན་འབྲོས་འདོད་ཀྱང་འབྲོས་མ་ནུས་པར་འགྱེལ། དེར་བཅོམ་ལྡན་འདས་ཀྱིས་བཀའ་གནང་ནས། ཕྱག་ན་རྡོ་རྗེ་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་བཞུགས་པས་ས་རྣམ་པ་དྲུག་ཏུ་གཡོས་སོ། །སྐུ་ལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྟེ། རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་བརྗོད་པས། དེ་མ་ཐག་ས་ཆེན་པོར་རབ་ཏུ་གཡོས། ས་གས་པ་ལ་ཆུའི་རྒྱུན་ཆེན་པོ་བྱུང་བས་ས་གཞི་ཐམས་ཅད་ཁྱབ། གནམ་གྲུམ་པའི་སྒྲ་ཆེན་པོ་གྲག །བགེགས་དང་ལོག་འདྲེན་བདུད་སྡིག་


CMR022_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྡུག་བསྔལ་ཞིང་སྐྲག་ནས་སངས་རྒྱས་ལ་སྐྱབས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཚེ་རྡོ་རྗེ་རྣམ་པར་འཇོམས་པའི་བཤད་རྒྱུད་རྡོ་རྗེ་རི་རབ་ཆེན་པོའི་ཁང་བ་བརྩེགས་པའི་གཟུངས་ཞེས་བྱ་བ་གསུངས། དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་རྩ་བ་དང་བཤད་པའི་རྒྱུད་གཉིས་ལ་བསྟེན་ནས། རྒྱ་གར་དུ་གྲུབ་པ་ཐོབ་པ་ལྔ་བྱུང་སྟེ། མ་ག་དྷ་ཡི་ཡུལ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་དག་ནས་སྤྱི་བོ་དང་ལྕེ་དང་སྙིང་ཁ་གསུམ་དུ་ལྔ་བ་ཆེན་པོ་གསུམ་བྱུང་། དེ་ཅིས་ཀྱང་མ་ཕན་པ་དགེ་སློང་དབྱུག་པོའི་ལུང་བསྟན་ནས་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་བྱས་པས་སྒྲིབ་པ་དག་ལྔ་བ་ལ་ཕན། རྣམ་འཇོམས་ཀྱི་སྒོ་ནས་གྲུབ་པ་ཐོབ་བོ། །རྒྱ་གར་གྱི་ཡུལ་སྤོས་ལྡན་ན། ནཱ་རོ་པཎ་ཆེན་གྱི་གསང་སྔགས་ཐམས་ཅད་མ་གསང་ལྷུག་པར་བཤད་པས་གསུང་གི་དམ་ཚིག་ཉམས་ནས་ལྕེ་ལ་ཆུ་བུར་ཆེན་པོ་ཅིག་བྱུང་ནས་འདས་ལ་ཁད་པ། དགེ་སློང་དབྱུག་པོས་ལུང་བསྟན་ནས་རྣམ་འཇོམས་ཀྱི་ཁྲུས་བྱས་པས་དམ་ཚིག་ཉམས་པ་དག་ཆུ་བུར་གྱི་ནད་ཕན་ནོ། །མཁའ་འགྲོ་མ་སྡོམ་བྷི་ཀ་མ་ལི་བྱ་བས། རྒྱ་གར་སེར་སྐྱའི་གྲོང་ཁྱེར་རྡོ་རྗེ་རྣམ་


CMR022_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བསྒྲུབས་པས། ལོ་གཅིག་ནས་བུམ་པ་གཅིག་སྤྱི་བོར་བབ། དེ་མ་བཟུང་བ་འཕུར་ནས་སྤང་ལྗོངས་གཅིག་ཏུ་བབ་སྟེ། དེར་བརྐོས་པས་གསེར་གྱི་བུམ་པ་བདུན་སྟོང་གི་གཏེར་ཐོན་ནོ། །རྒྱ་གར་འགོང་པོ་དགུ་འདུལ་གྱི་ལྷ་ཁང་དུ་བྲམ་ཟེ་ཤང་ཀ་རས་རྡོ་རྗེ་རྣམ་འཇོམས་བསྒྲུབས་པས་རིགས་བཞིའི་ཀླུ་ནད་ཐམས་ཅད་སྦྲུལ་དུ་སྤྲུལ་ནས་དཔོན་སློབ་ཟ་ལ་ཁད་དུ་བྱུང་བས། རྣམ་འཇོམས་ཀྱི་བུམ་ཆུ་དང་ཡུངས་ཀར་གཏོར་བས་སྤྲུལ་ཐམས་ཅད་ཤིའོ། །སློབ་དཔོན་བྷི་མ་ལ་མི་ཏྲ་ཡར་ལུང་དུ་བྱོན་ཙམ་ན། སློབ་དཔོན་ལོ་ཙཱ་བ་ཛྙཱ་ན་ཀུ་ཟླུམ་རས་འཆིམ་བྱ་རོག་མགོ་ཟེར་བའི་མི་གཅིག་བསྒྲལ་ཐུབ་ཀྱང་འདྲེན་མ་ཐུབ་ནས་འདུག་པ་ལ། རོ་ལ་རྣམ་འཇོམས་ཀྱི་ཁྲུས་དང་དབང་བྱས་པས་ཤི་བ་སོས་བྱུང་། འདི་བསྟན་དགྲ་ཡིན་པས་མི་དགོས་ཞུ་ཞུས་པས། བྷི་མ་ལས་རྣམ་འཇོམས་ཀྱི་ཁྲུས་ཆུ་སྙིང་ཁར་བླུག་སྟེ། སྙིང་ཁ་ནས་ཡེ་ཤེས་སེམས་དཔའ་ཚོན་གང་བ་བཏོན་ཏེ་འོག་མིན་གྱི་ཞིང་དུ་འཕང་ངོ་། །དེ་ལྟར་སློབ་དཔོན་ལྔ་པོ་དེ་རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་གྲུབ་པ་ཐོབ་པ་ཡིན་སྐད་དོ། །དེ་ནས་བོད་དུ་རྣམ་འཇོམས་རྩ་བའི་རྒྱུད་ལེའུ་བརྒྱ་དང་རྩ་བརྒྱད་པའི། ལེའུ་


CMR022_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཁྲུས་ཀྱི་ལེའུ་དང་། བཤགས་རྒྱུད་གཉིས་བོད་དུ་འགྱུར། དེ་འཕྲོ་རྒྱ་གར་དུ་ཡོད་དོ། །སྤྱིར་རྣམ་འཇོམས་འདི་བྱ་རྒྱུད་ཡིན་ཀྱང་། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་པས། བླ་མེད་སོགས་རྒྱུད་སྡེ་བཞི་ཁ་ལྟར་སྒྲུབ་ལུགས་ཡོད་ཅིང་། ལྷ་བདུན་ཅུ་རྩ་ལྔ་བ་དང་། ལྷ་ཉེར་བདུན་མ་དང་། ལྷ་བཅུ་གསུམ་མ་དང་། རྣམ་འཇོམས་ནག་པོ་དང་། ལྗང་སྔོན་དང་དཀར་པོ་སོགས་མང་དུ་ཡོད་ཀྱང་། འདི་ཉིད་བ་རི་ལོཙྪ་ནས་བརྒྱུད་པའི་ལྗང་གུ་ལྷ་གཅིག་བུམ་གཅིག་དེ་ཡིན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས་བྱ་རྒྱུད་རྡོ་རྗེ་རྣམ་འཇོམས། གསང་སྔགས་སྤྱི་ལ་ཕྱག་ན་རྡོ་རྗེ་གསང་སྔགས་རྙིང་མ་ལ་རྡོ་རྗེ་གཞོན་ནུ་རྣམས་ངོ་བོ་གཅིག་ཡིན་ཞིང་། བར་ཆད་སེལ་བའི་མཆོག་ཡིན་པར་གསུངས་ཤིང་། གཟའ་རྒྱུ་སྐར་གྱི་གནོད་པ་གྲིབ་དང་མི་གཙང་བ་ནད་གདོན་ཐམས་ཅད་སེལ་བའི་མཆོག་ཡིན་ཏེ། སྡིག་པ་ཐམས་ཅད་བྱང་བྱས་ནས་ཞེས་སོགས། རྒྱུད་ཀྱི་ཕན་ཡོན་ཀུན་གྱི་་་་གསལ་བ་ལྟར་ཡིན་པས། དེ་ལྟ་བུའི་དབང་ངམ་བྱབ་ཁྲུས་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་སོགས། ཞེས་རཱ་ག་ཨ་སྱས་བྲིས་པའོ། །མངྒ་ལཾ།།


previousརྣམ་འཇོམས་ལོ་རྒྱུས།next