Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེར་ཕྱིན་སྤྱིའི་དབང་བཤད་མདོར་བསྡུས།
   
   
   
   
   
   


 
previousཤེར་ཕྱིན་སྤྱིའི་དབང་བཤད་མདོར་བསྡུས།next

ཤེར་ཕྱིན་སྤྱིའི་དབང་བཤད་མདོར་བསྡུས།


CMR022_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱིན་སྤྱིའི་དབང་བཤད་མདོར་བསྡུས་བཞུགས་སོ། །འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཤེར་ཕྱིན་མའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཞུ་ན། བཅོམ་ལྡན་འདས་ཨ་བྱ་རྒོད་ཕུང་པོའི་རི་བོར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཤེར་ཕྱིན་རྒྱས་པ་བྱེ་བ་ཕྲག་བརྒྱ་པ་ནི་ད་ལྟ་དྲི་ཟའི་ཡུལ་དུ་བཞུགས། མི་ཡུལ་དུ་བཞུགས་པ་རྒྱས་པ་སྟོང་ཕྲག་བརྒྱ་པ་དང་། འབྲིང་པོ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་། བསྡུས་པ་བརྒྱད་སྟོང་པ་སོགས་ཤེར་ཕྱིན་ཡུམ་སྲས་བཅུ་བདུན་རྣམས་ནི་མདོ་ཡིན་ལ། དེ་དག་གི་གཟུངས་འབུམ་ནས་འབྱུང་བ་དང་ཤེས་རབ་སྙིང་པོ་སོགས་ནི་བྱ་རྒྱུད་ཀྱི་ཕྱོགས་སུ་རྟོགས། དེ་ལ་ཆོས་སྐུ་ཡུམ་ཆེན་མོ་ནི་སྟོང་པ་ཉིད་ཡིན་ཏེ། ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རྫོགས་པའི་སངས་རྒྱས་རྣམས་དེ་ལས་འཁྲུངས་པས་འཕགས་པ་བཞི་བསྐྱེད་པར་བྱེད་པའི་ཡུམ་ཞེས་བྱ། དེ་ལ་གཟུགས་ཁ་དོག་དངོས་པོ་མེད་ཀྱང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་ཚོགས་བསགས་པའི་རྟེན་དུ་གཟུགས་ཀྱི་སྐུར་འབྱོན་པར་གསོལ་བ་བཏབ། འོག་མིན་གྱི་གནས་སུ་རིན་པོ་


CMR022_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་གཞལ་ཡས་ཁང་གི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་ཁྲི་ལ། ཡུམ་ཆེན་མོ་གསེར་མདོག་ཅན་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་སོ། དེ་ལ་རྣལ་འབྱོར་རྒྱུད་ལས་འཕྲོས་པའི་རྒྱུད་དཔལ་མཆོག་གི་རྒྱུད་ཀྱི་དུམ་བུ་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུད་ཀྱི་དུམ་བུ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་དང་། ཤེར་ཕྱིན་སྒོ་ཉི་ཤུ་ལྔ་པ་རྣམས་རྣལ་འབྱོར་རྒྱུད་ཡིན། ཤེར་ཕྱིན་དཀར་མོ་རྡོ་རྗེ་གུར་གྱི་རྒྱུད་ལས་བཤད་ཀློཔ་ནི་བླ་མེད་ཡིན་ཏེ། གསང་སྔགས་རྣམ་པ་ལམ་དུ་བྱེད་པས་ཤེར་ཕྱིན་སྐུར་བསྒོམས་ཤིང་སྔགས་བཟླས་པས་ཤེར་ཕྱིན་ཉམས་སུ་ལེན་པའི་ཕན་ཡོན། མདོ་འབུམ་ཉེར་ལྔ་སོགས་ནས་མཐའ་ཡས་པར་གསུངས་པས་བརྗོད་པར་མི་ལོང་། མདོར་བསྡུ་ན་རྡོ་རྗེ་གུར་ལས། ཤེར་ཕྱིན་དཀར་མོ་སྔགས་རིང་དང་བཅས་པ་གསུངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བྱང་ཆུབ་པ་གང་བསྒོམས་པ་ཙམ་གྱིས་རྒོལ་བ་ཐམས་ཅད་སྤོབས་པ་མེད་པར་འགྱུར་རོ། །ཟླ་བ་དྲུག་བསླབ་རྣལ་འབྱོར་གྱིས། །ཤེས་རབ་ཕ་རོལ་ཕྱིན་མར་འགྱུར། །


CMR022_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་བདུན་དུ་རབ་སྦྱོར་བས། །བསྟན་ཆོས་ཐམས་ཅད་རྣམ་པར་ཤེས། །བཟླས་པ་འབུམ་དུ་རབ་སྦྱོར་བས། །ཉི་མ་རེ་རེར་ཚིགས་བཅད་བརྒྱ། །རབ་ཏུ་འབད་པ་མེད་པར་བྱེད། །ཚིགས་བཅད་བརྒྱ་ནི་ཁ་ཐོན་ཟིན། །བྱ་རོག་མ་ལངས་ཙམ་ན་མ་བསླང་བའི་རྩབ་མོ་ལ་སྔགས་འདི་ལན་བདུན་མངོན་པར་བཟླས་ནས་ཟླ་བ་དྲུག་ཏུ་གང་འཐུང་བ་དེ་ཤེས་རབ་ཆེ་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་བསྒོམས་བྱས་པ། །ངེས་པར་བྱང་ཆུབ་མ་ཐོབ་ཀྱང་། །དེ་ཡིས་འཁོར་ལོས་སྒྱུར་བའི་གནས། །དེར་ནི་སྐྱེ་ཞིང་སྐྱེ་བར་འགྱུར། །ཡང་ན་ས་ཡི་བདག་པོར་འགྱུར། །དག་པའི་གནས་སུ་ངེས་པར་འགྲོ། །བློ་ལྡན་དགའ་ལྡན་གནས་སུ་སྐྱེ། །ནམ་མཁའི་གྲོང་ཁྱེར་བདེ་བ་དག །ཚེ་འདི་ཉིད་ལ་འགྲུབ་པ་གང་། །དེ་ལ་སངས་རྒྱས་སྨོས་ཀྱི་དགོས། །ཁམས་གསུམ་ནང་ན་ཆེ་བ་སྟེ། །ཤི་དང་དགའ་བའི་ཁྱད་པར་མེད། །རྒྱལ་བྱིན་ཚངས་པ་དེ་བཞིན་གྲགས། །ཁྱབ་འཇུག་དང་ནི་མེ་དང་རླུང་། །འདོད་པའི་ལྷ་དང་ཐོད་པ་འཛིན། །འདི་དག་དེ་ཡི་བྲན་དུ་འགྱུར། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མིན་


CMR022_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མི། །མི་འམ་ཅི་དང་མཁའ་ལ་སྤྱོད། །དེ་ཀུན་འཁོར་དུ་ཐེ་ཚོམ་མེད། །འདི་ནི་རབ་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །འཁྲུངས་པ་དང་ནི་བྱང་ཆུབ་དང་། །དེ་བཞིན་ལྷ་ཡུལ་གཤེགས་པར་མཛད། །ཁབ་ནས་བྱུང་བའང་བྱེད་པ་དང་། །དཀའ་ཐུབ་རྣམ་པར་འཛིན་པར་གང་། །སྐྱེ་བ་ཡོངས་སུ་བཟུང་བ་དང་། །མྱ་ངན་འདས་པ་ཡང་སྟོན་མཛད། །འཇིག་རྟེན་འདུལ་བར་རབ་བརྙེས་ནས། །དེ་ནི་དུ་མའི་གཟུགས་སུ་བྱེད། །སེམས་ཅན་དྲང་ཕྱིར་སངས་རྒྱས་ནི། །སངས་རྒྱས་གར་གྱིས་གར་མཛད་དེ། །རི་བོང་ས་རུ་སེང་གེ་དང་། །གླང་པོ་ཆེ་རྣམས་རི་ལ་ཡང་། །སྙིང་རྗེའི་ཕན་པའི་སེམས་ཀྱིས་སུ། །ཕྱག་རྒྱའི་དངོས་གྲུབ་སྐྱེ་བ་ལེན། །ཞེས་གསུངས། །དེ་ལྟར་ཐུན་མོང་གི་དངོས་གྲུབ་ཤེས་རབ་ཆེ་བ་ནས་བཟུང་སྟེ་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་ཀྱི་བར་ཐོབ་པར་གསུངས་སོ། །དེ་ལ་འདིར་ཤེར་ཕྱིན་གྱི་སྒྲུབ་ཐབས་མང་དུ་འབྱུང་བའི་དབང་རྣམས་རིམ་པར་ཞུ་བའི་ཕྱིར་མཎྜལ་ཕུལ།།


previousཤེར་ཕྱིན་སྤྱིའི་དབང་བཤད་མདོར་བསྡུས།next