Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་གི་མཚམས་སྦྱོར་སྤྱི་ཆིངས་མདོར་བསྡུས།
   
   
   
   
   


 
previousདབང་གི་མཚམས་སྦྱོར་སྤྱི་ཆིངས་མདོར་བསྡུས།next

དབང་གི་མཚམས་སྦྱོར་སྤྱི་ཆིངས་མདོར་བསྡུས།


CMR022_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་མཚམས་སྦྱོར་སྤྱི་ཆིངས་མདོར་བསྡུས་ནི། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་འདི་ཞེས་བྱ་བའི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ལ་གསལ་བཏབ་ལ་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དེ་ཉིད་ཀྱིས། སེམས་ཅན་སོ་སོའི་ཁམས་དང་། དབང་པོ་དང་། བསམ་པ་མཐུན་པར། ཐུན་མོང་ནས་བཟུང་། ཐུན་མིན་ཐེག་དགུའི་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་གསར་རྙིང་བཀའ་གཏེར་དག་སྣང་གི་ཆོས་སྡེ་བསམ་གྱིས་མི་ཁྱབ་པ་གསུངས་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུའམ་དེའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུས་ཏེ། ཀུན་བྱེད་རྒྱལ་པོ་ལས་ཐེག་པ་རྣམ་པ་གཉིས་ཡིན་ཏེ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་དང་། དེ་ལའང་རྒྱ་གར་འཕགས་ཡུལ་དུ་གསར་རྙིང་གཉིས་ཞེས་གྲགས་པ་མེད་ཀྱང་


CMR022_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་མ་ཧཱ་བྷོ་ཊའི་ལྗོངས་འདིར། ལོ་པཎ་རྣམས་ཀྱིས་འགྱུར་སྔ་ཕྱི་ལ་བརྟེན་སན་གསར་རྙིང་དུ་གྲགས་པ་ལས། འདིར་ཕྱི་འགྱུར་གསར་མའི། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞེད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། །འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བརྒྱུད་པའི་ལྷ་འདི་ཞེས་བྱ་བའི་དབང་བསྐུར་སྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག ༈ ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཨོཾ། ཨོཾ་བཛྲ་ས་མ་ཡ་ཨ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭ་བཛྲ་ས་མ་ཡ་ས། ཧཱ་བཛྲ་ས་མ་ཡ་ཧཱུཾ།


CMR022_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ལས་ཆུས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྒོ་དྲུང་དུ་ཁྲུས་བྱས་ལ་ཡིག་བརྒྱ་བཟླ་བཞིན་དུ་ནང་དུ་འཇུག་པ་དང་བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་འམ་ལྷ་འདི་ཞེས་པའི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་སྒྱུ་བྱ༔ དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ། །སྙམ་པའི་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་སྤྱོད་རྣམས་རྒྱུད་སྡེ་རྣམས་ནས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་ལ་གསན་འཚན། ཞེས་མཚམས་སྦྱར་ལ། དེ་ལ་གང་གསན་པར་བྱ་བའི་ཆོས་སོགས་གཞུང་ལྟར་དང་། དབང་བསྐུར་ཟབ་མོ་སྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་


CMR022_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མཚམས་སྦྱར། དེ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལྷ་འདི་ཞེས་པའི་སྐུ་གསུང་ཐུགས་སུ་གྱུར་པ་ལ། སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱོར་ལ་ཤིས་པ་བརྗོད། འདི་ཞེས་པའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་གསང་བ་གསུམ་གྱིས་བསྡུས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། དབང་བསྐུར་ཟབ་མོ་རྫོགས་པར་ཐོབ་པའི་སྐུ་དྲན་གཏང་རག་གི་ཡོན་དུ་མཎྜལ། མཎྜལ་དུ་མ་ཟད་རང་གི་ལུས་ལོངས་སྤྱོད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་རྣམས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པའི་འདིའི་རྗེས་ཟློས། དབང་བསྐུར་ཐོབ་པའི་དགེ་རྩ་རྣམས་རང་གཞན་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་སྨོན་ལམ་འདི་ལྷན་ཅིག་གསུངས་པར་ཞུ་༔ ཞེས་སོགས་མཚམས་སྦྱོར་ལ་བསྔོ་སྨོན་སོགས་ཅི་རིགས་པ་བྱས་པས་གྲུབ།


previousདབང་གི་མཚམས་སྦྱོར་སྤྱི་ཆིངས་མདོར་བསྡུས།next