Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇིག་རྟེན་པའི་ཆོས་སྐྱོང་རྣམས་གཅིག་ཤེས་ཀུན་གྲོལ་དུ་བཙུད་ནས་བཀའ་གཏད་བྱེད་པ།
   
   
   
   


 
previousའཇིག་རྟེན་པའི་ཆོས་སྐྱོང་རྣམས་གཅིག་ཤེས་ཀུན་གྲོལ་དུ་བཙུད་ནས་བཀའ་གཏད་བྱེད་པ།next

འཇིག་རྟེན་པའི་ཆོས་སྐྱོང་རྣམས་གཅིག་ཤེས་ཀུན་གྲོལ་དུ་བཙུད་ནས་བཀའ་གཏད་བྱེད་པ།


CMR022_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ཆོས་སྐྱོང་རྣམས་གཅིག་ཤེས་ཀུན་གྲོལ་དུ་བཙུད་ནས་བཀའ་གཏད་བྱེད་པའོ།།


CMR022_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་པཱ་ཎི་ཡེ། གཅིག་ཤེས་ཀུན་གྲོལ་གྱི་ཁ་བཀང་ཡེ་ཤེས་པའི་ཆོས་སྐྱོང་རྣམས་ལ་ནི་གཅིག་ཤེས་ལྟར་དབང་བསྐུར་བས་འཐུས་ལ། འཇིག་རྟེན་པའི་ཆོས་སྐྱོང་གང་ལའང་སྦྱར་རུང་བའི་བཀའ་གཏད་ནི། བུམ་པ་དང་། བཀའ་སྲུང་གང་ཡིན་གྱི་གཏོར་མ་བཤམས། ཡོད་ན་ཙཀ་ལི་འཛུགས། ཕྱག་རྡོར་གཏུམ་ཁྱུང་གི་བདག་བུམ་གཅིག་ཤེས་ལྟར་འདོན། གཏོར་མ་བྲན་ལ་བཀའ་སྲུང་གང་ཡིན་གྱི་གཏོར་ཆོག་ཚང་བར་འདོན། དེའི་བསྙེན་པ་ཅུང་ཞིག་བྱས། དེ་ནས་བཀའ་སྲུང་སོ་སོའི་སྐྱེ་རྒྱུད་སོགས་གང་ཤེས་བཤད། ད་བླ་མ་དང་གསང་བའི་བདག་པོ་དབྱེར་མི་ཕྱེད་པའི་དྲུང་དུ་སྒེའི་བཀའ་གཏད་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །


CMR022_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སྣེ་ལྷ་མཆོག་གི། །བཀའ་གཏད་རིམ་པ་བསྩལ་དུ་གསོལ། ལན་གསུམ། །ཁྱེད་རང་སློབ་མ་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དུ་བླ་མ་དང་ཡི་དམ་རྒེདབྱེར་མེད་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་


CMR022_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ནས། ད་རྣམ་སྨིན་ཤ་ཁྲག་གི་ལུས་ལ་བཀའ་སྲུང་དྲག་པོ་གཏད་ཀྱང་མི་ཆུན་ཏེ། བདག་པོ་ངན་པ་ལ་ཁྱི་བཙོང་བ་དང་འདྲ་བར་བཤད་པས། དྲེགས་པ་ཐམས་ཅད་འདུལ་བའི་གཉེན་པོ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོརྗེའི་སྐུར་སློབ་མ་བསྐྱེད་དགོས་པར་དྲེགས་པའི་སྲོག་དབང་ལས་གསུངས་པའི་ཕྱིར། ཨོཾ་སྭ་བྷཱ་ཝ་སོགས་ནས། གཏུམ་ཁྱུང་གི་སྐུར་བསྐྱེད་པ་དང་། ཡེ་ཤེས་འབེབས་བསྟིམ་བུམ་དབང་རྣམས་གཅིག་ཤེས་ལྟར་བྱ། དེ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྨི་ལྷ་མཆོག་གི །སྐུ་ཡི་བཀའ་གཏད་བསྩལ་དུ་གསོལ། །ད་ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་མདུན་དུ་གཏོར་མ་འདི་དང་ཐ་དད་མེད་པར། ཨོཾ་སྭ་བྷ་ཝ་སོགས་ནས་བཀའ་སྲུང་གང་ཡིན་གྱི་མངོན་རྟོགས་བརྗོད། རྔ་རོལ་མོ་


CMR022_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྤོས་དུད་དང་བཅས་པས་སྤྱན་འདྲེན་བཞུགས་གསོལ་རྒྱས་པ་དང་། མཆོད་པ་བསྡུས་པ་ཙམ་བྱ། ཤིས་པ་ཤོ་ལོ་ཀ་ཙམ་གྱིས་བསྟོད། དེ་ནི་སྒོམ་པ་སྐུའི་བཀའ་གཏད་ཅེས་བྱ་བ་ཡིན་པས་དེང་ཕྱིན་ཆད་འདི་ཡི་སྐུ་སྒོམ་པར་རུང་ཞིང་། མི་བཞིན་དངོས་སུ་བཀོལ་བཏུབ་པའི་རྟེན་འབྲེལ་འགྲིག་པའོ། །གཉིས་པ་གསུང་གི་དོན་དུ་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྨེ་ལྷ་མཆོག་གི །གསུང་གི་བཀའ་གཏད་བསྩལ་དུ་གསོལ། །ད་དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་གསལ་བའི་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཆོས་སྐྱོང་གཙོ་འཁོར་ལ་ཕོག་པས་སྔོན་གྱི་དམ་ཚིག་རྗེས་སུ་དྲན། ཆོས་སྐྱོང་གི་ཐུགས་ཀར་རང་སྲོག་སྙིང་པོས་བསྐོར་བ་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཞལ་ནས་ཐོན། སྲོག་སྔགས་འབུལ་བའི་ཚུལ་དུ་སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་སྒོམས་ཤིག །ཕྲེང་བ་ནས་བཟུང་ལ་སྲོག་སྔགས་གསུམ་མམ་བདུན་ཙམ་བརྗོད་བཅོལ། ད་ཁྱེད་རང་གིས་བཀའ་སྲུང་གི་ཁ་དོག་དང་མཐུན་པའི་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བའི་


CMR022_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་མཛོད། བཀའ་སྲུང་རྨེ་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །གཅིག་གམ་གསུམ། མེ་ཏོག་གི་ཕྲེང་བ་དེ་ཁྱེད་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། བཀའ་སྲུང་རྗེ་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་མེ་ཏོག་སྤྱི་བོར་བཞག །ཤིས་པ་བརྗོད། འོ་དེས་སྔགས་བཟླ་བར་གསུང་གི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་འདིའི་སྔགས་བཟླ་བར་རུང་ཞིང་། དྲག་སྔགས་ཀྱི་ནུས་པ་ཐོགས་པ་མེད་པར་འགྲུབ་པའི་རྟེན་འབྲེལ་འགྲིག་པའོ། །གསུམ་པ་ཐུགས་ཀྱི་བཀའ་གཏད་ཀྱི་དོན་དུ་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྨི་ལྷ་མཆོག་གི །ཐུགས་ཀྱི་བཀའ་གཏད་བསྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ཆོས་སྐྱོང་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཆོས་སྐྱོང་གི་ས་


CMR022_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ལས་ས་བོན་གཉིས་པ་ཞིག་འཕྲོས། དམ་ཚིག་གཅིག་ཏུ་བསྲེ་བའི་ཚུལ་གྱིས། སློབ་མའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་སྲོག་དབང་དུ་འདུས་ནས་འདར་ལྡི་ལི་ལི་བྱེད་ཅིང་དཔའ་བོ་ཁྱོད་ཀྱིས་ཅི་གསུངས་བཀའ་སྒྲུབ་བསྟན་པ་སྲུང་། གང་འདོད་པའི་ཕྲིན་ལས་བདག་གིས་སྒྲུབ་ཅེས་ཁས་བླངས་དམ་བཅས་ནས་ཕྱག་མཚན་དེ་ཁྱེད་རང་ལ་ཕུལ་བར་སྒོམས་ཤིག །ཅེས་ཡོད་ན་ཕྱག་མཚན་གཏད། མེད་ན་གཏོར་མ་གཏད། སྲོག་སྔགས་ཀྱི་མཇུག་ཏུ། ཙིཏྟ་སིདྡྷི་ཧཱུཾ་ས་མ་ཡ་ཧཱུཾ། ལན་གསུམ། དེས་དམ་ཚིག་གཅིག་ཏུ་བསྲེས། ཐུགས་ཀྱི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་ཅི་བསམ་པའི་དོན་ཐམས་ཅད་ཆོས་སྐྱོང་འདིས་བསྒྲུབ་པའི་རྟེན་འབྲེལ་འགྲིགས་པ་ཡིན། དེ་ལྟར་སྐུ་སྒོམ་པ་དང་། སྔགས་བཟླ་བ་དང་། ཏིང་ངེ་འཛིན་སྒོམ་པར་རྗེས་སུ་གནང་བ་ཐོབ་ནས། ད་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། སློབ་དཔོན་གསང་བདག་དངོས་སུ་གསལ། སློབ་མ་ཡང་དེར་གསལ་བ་ལ། གཏོར་མ་འདི་ཉིད་བཀའ་སྲུང་རྨེ་མངོན་སུམ་དུ་གསལ་བ་དེ་ཉིད་བྲན་དང་ཕོ་ཉ་དང་འབངས་དང་ཡང་གཡོག་གི་


CMR022_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་གཏད་པས། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ་དེ་ལྟར་བགྱིའོ་དེ་ལྟར་བགྱིའོ། །ཞེས་དགའ་ཞིང་གུས་པ་དང་བཅས་གསུང་ལྷང་ལྷང་སྒྲོག་པར་སྒོམས་ཤིག །གཏོར་མ་ལ་དཔལ་འབར་བཙུགས་ལག་ཏུ་ཐོགས་ལ། སོ་སོའི་བསྟོད་པའམ་བསྐུལ་ཐུང་འདོན། ལག་ཏུ་གཏད་ལ། ཀུན་བཟང་དྲུག་པ་རྡོ་རྗེ་འཆང་ཆེན། སངས་རྒྱས་རིན་ཆེན་སྙིང་པོ། སྟོན་པ་ཤཱཀྱ་ཐུབ་པ་ལ་སོགས་པ་འདིས་པའི་སངས་རྒྱས་རྣམས་དང་། ཆེ་མཆོག་ཧེ་རུ་ཀ །ཁྲག་འཐུང་རིགས་དྲུག །བཅོམ་ལྡན་འདས་འཁོར་ལོ་སྡོམ་པ། ཀྱེ་རྡོ་རྗེ་ལ་སོགས་པ་ཧེ་རུ་ཀ་རྣམས་དང་། གཤིན་རྗེའི་གཤེད། རྟ་མགྲིན། གསང་བའི་བདག་པོ། གུ་རུ་དྲག་པོ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་རྣམས་དང་། དགའ་རབ་རྡོ་རྗེ། ཤྲཱི་སེངྷ། རྒྱ་གར་གྱི་རིག་འཛིན་བརྒྱད། མཆོག་གི་གྲུབ་ཆེན་བརྒྱད། གུ་རུ་པད་མ་འབྱུང་གནས། རྗེ་འབངས་ཉི་ཤུ་རྩ་ལྔ། དམ་པ་སངས་རྒྱས། མ་གཅིག་ལབ་སྒྲོན། དབང་ཕྱུག་མི་ལ་རས་ཆེན་། སྐྱེས་མཆོག་ཀརྨ་པཀྵི། སེམས་དཔའ་རང་བྱུང་རྡོ་རྗེ། གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་ཤིང་དམ་


CMR022_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་དམ་ཚིག་གི་རིམ་པ་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་ཆེ་བ་སྒྲུབས། །བླ་མ་དམ་པའི་སྐུ་ཚེ་སྲིངས། ཁྱད་པར་དུ་དམ་ལྡན་རྡོ་རྗེའི་སློབ་མ་འདིའི་བྱིན་པའི་ཟས་ཟོ། ཕུལ་བའི་ཕུད་འཐུང་། བཅོལ་བའི་ལས་གྱིས། གདམས་པའི་ངག་ལ་ཉོན། དགོས་པའི་དོན་སྒྲུབས། སྡང་བར་བྱེད་པའི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ལམ་གྱི་རྐྱེན་ཟློག །སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། རྒྱུད་འཛིན་གྱི་སློབ་མ་སྲུངས། འཁོར་དང་ལོངས་སྤྱོད་སྤེལ། ཉིན་གསུམ་གྱི་བྱ་ར་དང་མཚན་གསུམ་གྱི་མེལ་ཚེ་མཛོད། བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས་པ་དང་། རིགས་རྒྱུད་དང་ཆོས་བརྒྱུད་གངྒཱའི་རྒྱུན་ལྟར་ནུབ་པ་མེད་པའི་ཕྲིན་ལས་མཛོད་ཅིག །བཀའ་དང་དམ་ལས་མ་འདའ་ས་མ་ཡ། སྲོག་སྔགས་ཚར་གསུམ་བརྗོད། གཏོར་མ་ཅུང་ཟད་སྦྱིན་ལ་ཟ་བཅོལ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཤིས་པ་


CMR022_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། འོ་དེས་རྨིའི་བཀའ་གཏད་ཀྱི་རིམ་པ་ལེགས་པར་ཐོབ་པ་ཡིན་པས། དེའི་དམ་ཚིག་ཏུ་བཀའ་སྲུང་འདི་ཉིད་འཇིག་རྟེན་གྱི་དྲེགས་པ་གདུག་པ་ཅན་ཡིན་ཡང་། དེང་ཕྱིན་དྲེ་དང་གདོན་དུ་བཟུང་མི་རུང་། ཕ་དང་ཁུ་བོ་དང་སྤུན་དང་ཤག་རོགས་དང་བྲན་མོ་སྙིང་ཉེ་བ་ལྟར་ཡིད་ལ་བྱ། མོ་རིགས་ཡིན་ནའང་མ་དང་སྲིང་མོ་དང་ཆུང་མ་དང་མཛའ་མོ་དང་བྲན་མོ་སྙིང་ཉེ་བའི་འདུ་ཤེས་བཞག །རྒྱུན་དུ་གཏོར་མ་སྔགས་བསྔོས་ཙམ་མ་ཆག་ན་རབ། དེ་ཙམ་མ་ལྕོགས་ནའང་དགུ་གཏོར་སོགས་དུས་སམ་སྐབས་སྐབས་སུ་མཆོད་བསྟོད་བྱ་ཞིང་། འདི་ཉིད་སྲུང་མར་བཟུང་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་སྙམ་པའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ནས་གཏོར་མའི་ལྷ་ནམ་མཁར་བཏེགས་ནས་གསོ་བྲན་བྱ་སྟེ། སྐུལ་ཐུང་འདོན། ཕྱོགས་འགྲིགས་ན་དགྲ་ཕྱོགས་སུ་ཟོར་དུ་འཕངས། ཡང་ན་གཙང་སར་འབུལ་ལོ། །མ་ཕུལ་ན་དངོས་གྲུབ་ཏུ་རོལ་ཆོག །ཕྱི་རྒྱབ་ལ་མི་སྦྱིན། འདི་ནི་རང་གིས་ཐོབ་པའི་བཀའ་གསར་རྙིང་གཏེར་གསུམ་གྱི། བཀའ་སྲུང་གི་རིགས་འཇིག་རྟེན་པ་མཐའ་དག་དང་། སོ་མཚམས་པ་མཐའ་དག་ལ་རུང་ངོ་། །ཞིང་སྐྱོང་། ཏྲག་ཤད། བེག་རྩེ་སོགས་མགོན་པོའི་མིང་ཐོག །རེ་མ་ཏི། ཨེ་ཀ་ཙ་ཏི། སྤྱང་ཞོན་མ་སོགས་ལྷ་མོའི་མིང་


CMR022_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག །ཚེ་རིང་མ་སོགས་བརྟན་མའི་རིགས། ཨ་པར་ཙིཏྟ། ཚོགས་བདག་རེ་མན། ཀུ་བེ་ར་སོགས་ནོར་ལྷ་སོ་མཚམས་ལ་དབང་ཕྱུག་ཆེན་པོ། ནཱ་ག་རཀ་རཱ་ཧུ་ལ། བེ་ཀར་སོགས་སྡེ་བརྒྱད། ཐང་ལྷ། མཁའ་རི། མཁར་ནག །མི་མགོན་དཀར་པོ་སོགས་གཞི་བདག་ཡེ་ཤེས་པ། བཀའ་གཏད་རང་གིས་ཐོབ་ཚད་ལ་སྦྱར་རུང་ངེས་སོ། །མཁས་གྲུབ་ཆེན་པོ་ལུང་རིགས་ཉི་མའི་གསུང་གིས་དགོངས་འདུས་ཀྱི་དབང་རྒྱས་པ་ཐོབ་ནས། བརྟན་མ་བཅུ་གཉིས་ཀྱི་བཀའ་གཏད་ཡོད་པས་ཚ་བའི་བརྟན་མ་སོགས་བརྟན་མ་སོ་སོའི་བཀའ་གཏད་དུ། །གསུངས་པ་ལྟར་ན། བཀའ་བརྒྱད་ཀྱི་དབང་རྒྱས་པ་དང་། གུ་དྲག་གཏེར་ཁ་གོང་འོག་གང་རུང་གི་དྲེགས་པའི་སྲོག་དབང་ཀྱི་ཐོབ་ནས། དྲེགས་པ་སོ་སོའི་བཀའ་གཏད་བྱས་ཀྱང་དོན་ལ་འགལ་བ་མེད་པར་སྣང་ཞིང་། འབྲུག་པའི་མགོན་མང་གི་དབང་རྒྱས་པ་ཐོབ་ནའང་དེ་དང་འདྲ་སྟེ། དཔེར་ན་ཕྱག་བཞི་པའི་དབང་རྒྱས་པ་ཐོབ་ནས། བྱ་རོག་གདོང་། ཙནི་ཀ །ཞིང་སྐྱོང་རྐང་ཐང་སོགས་ཀྱི་བཀའ་གཏད་ཙམ་ཁོལ་དུ་བྱས་ཀྱང་འགལ་བར་མི་སྣང་སྟེ། བཀའ་ཞེས་པ་དབང་ནི་མ་ཡིན། འདི་འདོན་ཆོག་ཞེས་བཀའི་གནང་བ་བསྩལ་ཏེ། རྗེས་སུ་གནང་བའི་མིང་བཏགས་སམ། འདིའི་བྲན་གྱིས་ཞེས་བཀའ་བསྒོས་པ་ཙམ་ཡིན་ཏེ། དཔེར་ན་རི་སུལ་གྱི་རྣལ་འབྱོར་པས། གཉེན་ལོ་ཙ་བ་ལ་ཞལ་བཞི་པ་ལ་གནང་དུས། བྲམ་ཟེ་ཁྱོད་ཀྱིས་ལོ་ཙཱ་བ་འདིའི་ཁོལ་པོ་གྱིས་ཤིག །ཅེས་གསུངས་པས་ལོ་ཙཱ་གཅིག་པོ་དེ་ཞལ་བཞི་པའི་


CMR022_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཕྱག་དེ་ལས་ཀྱང་། ཕྱིས་བླ་མ་རྣམས་ཀྱིས་རྒྱས་པར་མཛད་པ་ལྟ་བུའོ། །ཞེས་བླ་མ་རྡོ་རྗེ་འཛིན་པ་ཀརྨ་ས་མུ་ཏྲས་གསུང་གིས་བསྐུལ་བར་བསྟེན། རིག་སྔགས་འཆང་བའི་རྣལ་འབྱོར་པ། ༧ རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་ལྟར། སྔགས་འཆང་རྣལ་འབྱོར་པ་ཚུལ་ཁྲིམས་ཡང་དག་གིས་ཡི་གེར་བཀོད་པ་ལ། ཉེས་འགལ་མཆིས་ན་དམ་ཅན་རྒྱ་མཚོའི་ཚོགས་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། དཀོན་མཆོག་གི་དབུ་འཕང་དགུང་ལས་མཐོ་བའི་རྒྱུར་གྱུར་ཅིག། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousའཇིག་རྟེན་པའི་ཆོས་སྐྱོང་རྣམས་གཅིག་ཤེས་ཀུན་གྲོལ་དུ་བཙུད་ནས་བཀའ་གཏད་བྱེད་པ།next