Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་བསྡུས་པ་མངོན་དགའི་ཞིང་བསྒྲོད།
   
   


 
previousབཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་བསྡུས་པ་མངོན་དགའི་ཞིང་བསྒྲོད།next

བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་བསྡུས་པ་མངོན་དགའི་ཞིང་བསྒྲོད།


CMR022_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་བསྡུས་པ་མངོན་དགའི་ཞིང་བསྒྲོད་ཅེས་བྱ་བ་བཞུགས་སོ། །


CMR022_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཀོ་བྷ་ཡ། འདིར་མི་འཁྲུགས་པའི་ཆོ་ག་བདག་མདུན་བུམ་གསུམ་ཐབས་གཅིག་ཏུ་རྒྱུན་ཁྱེར་བདེ་བར་བཀོད་པ་ལ་རྒྱུད་སྡེ་བཞི་ཡི་ནང་ནས་སྤྱོད་པའི་རྒྱུད་དང་འབྲེལ་བ་སྟེ། ལུས་ཀྱི་བྱ་བ་ཁྲུས་དང་གཙང་སྦྲ་དང་སྨྱུང་གནས་ལ་གནས་ཤིང་ཡིད་ཀྱིས་བསྐྱེད་རྫོགས་ཏིང་ངེ་འཛིན་དང་ཟུང་དུ་འབྲེལ་བའི་ཕྱིར་ན་སྤྱོད་པའི་རྒྱུད་དུ་གྲགས་པ་འདི་ནི་སྟབས་བདེ་ཚིག་ཉུང་དོན་བསྡུས་སུ་བཀོད་པ་ལ། གནས་དབེན་པ་སྟེགས་བུའི་སྟེང་རབ་རྡུལ་ཚོན་འབྲིང་རས་བྲིས་ལ་འབྲུའི་ཚོམ་བུ་འདབ་བརྒྱད་དབུས་སུ་མཉྫིའི་སྟེང་དུ་བུམ་པ་བཟང་པོ་རྫས་ཅན་བཀོད། །མཐར་མཆོད་པ་བསྐོར་བཤམ། མདུན་དུ་མཆོད་གཏོར་ཟླུམ་པོ་དཀར་བྱུག་ཅན་བཤམ། རང་ཉིད་ཤ་ཆང་སྤང་ལ་ཁྲུས་དང་གཙང་སྤྲ་ལྡན་པས་སྟན་ལ་འཁོད། ཐོག་མར་སྐྱབས་སེམས་ནི།


CMR022_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རྒྱལ་བ་མི་འཁྲུགས་པ། །བདག་དང་འགྲོ་རྣམས་སྐྱབས་སུ་མཆི། །འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཕྱིར། །མི་འཁྲུགས་གོ་འཕང་འཐོབ་པར་བྱ། །ཤོ་ལོ་ཀ་ཚར་གསུམ་བདུན་སོགས་བསགས་ལ་དོན་ཡིད་ལ་བསྒོམ། དེ་ནས་ཆོ་ག་གཅིག་བདག་མདུན་དུས་གཅིག་བསྐྱེད་དེ། དེ་ལ་ཐོག་མར་མཆོད་པ་བྱིན་རླབས་ནི། སངས་རྒྱས་བྱང་སེམས་བྱིན་རླབས་དང་། །བདག་གིས་ལྷག་བསམ་སྨོན་ལམ་སྟོབས། །དཀྱིལ་འཁོར་མཆོད་པ་རྒྱ་ཆེན་པོ། །ཀུན་བཟང་མཆོད་སྤྲིན་འབྱུང་གྱུར་ཅིག །ན་མསརྦ་བུདྡྷ་བོ་དྷི་སཏྭཱ་ནཾ། སརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། སྔགས་


CMR022_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱིས་བྱིན་བརླབས། དེ་ནས་ཆོ་ག་དངོས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཆོས་ཀུན་གདོད་ནས་སྟོང་པ་ཉིད། །དེ་ཡི་ངང་ལས་སྐད་ཅིག་ག་གིས། །བྷོ་ལས་གཞལ་ཡས་མཚན་ཉིད་རྫོགས། །སྒོ་བཞིར་ཐེམ་སྐས་ལྡན་པ་ཡི། །ཕྱི་ཁྱམས་མཚོ་རྫིང་ཆུ་བྱ་དང་། །བུམ་བཟང་ལྗོན་ཤིང་མེ་ཏོག་བཀྲ། །རྡོ་རྭ་འོད་ཟེར་ཕྲེང་བས་བསྐོར། །དེ་དབུས་པདྨ་ཟླ་བའི་སྟེང་། །རང་ལྷའི་ས་བོན་ཡི་གེ་ཧཱུཾ། །སྔོན་པོ་འོད་ཟེར་འབར་བ་གསལ། །དེ་ལས་འོད་འཕྲོས་སེམས་ཅན་ཁམས། །སྦྱངས་ཏེ་མི་འཁྲུགས་པར་བྱས་ཏེ། །འཕགས་པ་རྣམས་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་རྣམ་པར་སྤྱན་དྲངས་པ། །ཀུན་ཀྱང་འོད་ཟེར་གྱིས་བསྡུས་ཏེ། །ས་བོན་དང་ནི་ཕྱག་རྒྱར་ཐིམ། །ཨོཾ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་སྭཱ་ཧཱ། དེ་དག་ཡོངས་སུ་གྱུར་པ་ལས། །བདག་མདུན་བུམ་ནང་སྐད་ཅིག་གིས། །བཅོམ་ལྡན་རྒྱལ་བ་མི་འཁྲུགས་པ། །སྐུ་མདོག་སྔོན་པོ་མཚན་དཔེ་ལྡན། །ཕྱག་གཉིས་གཡས་པས་ས་གནོན་དང་། །གཡོན་པས་མཉམ་གཞག་རྡོ་རྗེ་འཛིན། །ན་བཟའ་ཆོས་གོས་གསུམ་མནབས་ཤིང་། །འོད་དང་འོད་ཟེར་འཕྲོ་བ་ཅན། །གླང་ཆེན་གྱིས་


CMR022_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཏེག་རིན་ཆེན་ཁྲིར། །པདྨ་ཟླ་བའི་གདན་སྟེང་དུ་། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མདུན་བསྐྱེད་བུམ་བསྐྱེད་གཙོ་བོ་ཡི། །མཐའ་བསྐོར་པདྨ་འདབ་བརྒྱད་སྟེང་། །བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད། །ཤར་ནས་རིམ་བཞིན་དཔལ་བེའུ་སོགས། །འཛིན་པ་ཁ་དོག་སྣ་ཚོགས་པ། །དར་དང་རིན་ཆེན་རྒྱན་ལྡན་གསལ། །གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་། །ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བའི། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ཨོཾ་ཨཱཿཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །སླར་ཡང་ཐུགས་ཀའི་ཧཱུཾ་འོད་ཀྱིས། །མངོན་དགའི་ཞིང་ནས་མི་འཁྲུགས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཅེས་ཉེར་སྤྱོད་ལྔ་པོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་པུཥྛ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། དཱི་པེ། གནྡྷེ། ནེ་ཝི་ཏྱ། ཨོཾ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུཾ། ཛཿཧཱུྃ་བཾ་ཧོཿདམ་ཚིག་པར། །དགུག་གཞུག་བཅིངས་དང་མཉེས་གྱུར་པའི། །


CMR022_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་པད་ཟླའི་ཧཱུྃ་ལས་ནི། །དབུས་སུ་ཡེ་ཤེས་མི་འཁྲུགས་པ། །རང་འདྲའི་ཕྱོགས་བཞིར་སངས་རྒྱས་བཞི། །རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་དཀར་སེར་དམར་དང་ལྗང་། །མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན། །ཕྱག་གཉིས་རིམ་པ་ཇི་བཞིན་དུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། །མཆོག་སྦྱིན་མཉམ་གཞག་ཏིང་འཛིན་ཚུལ། །སྐྱབས་སྦྱིན་མཉམ་གཞག་ཞབས་ཟུང་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གཙོ་བོའི་ཐུགས་ཀར་པད་ཟླ་ལ། །ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །དེ་ལྟར་རང་ཉིད་ལྷར་གསལ་བའི། །ཐུགས་ཀའི་ཧཱུྃ་འོད་ལས་སྤྲུལ་པའི། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཨོཾ་བཛྲ་པུཥྛ་ཨཱཿཋཱཧཱུྃ། དེ་བཞིན་དུ། དྷུ་པེ། དཱི་པེ། གནྡྷེ། ནེ་ཝི་ཏྱ། ཨོཾ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུྃ། མཆོད་ཅིང་། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱུ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་བསྟོད་ནས། གཞི་ནི་སངས་རྒྱས་ཐུགས་ཀ་རུ། །སེམས་ནི་ཟླ་བའི་དཀྱིལ་འཁོར་ལ། །སྒྲ་ནི་


CMR022_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བ་རྣམས། །མེ་ལོང་ནང་གི་གཟུགས་བཞིན་གསལ། །ན་མོ་བྷ་ག་ཝ་ཏེ་ཨཀྵ་བྷ་ཡ་ཏ་ཐཱ་ག་ཏ་ཡཱདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། བདག་མདུན་ལ་དམིགས་པའི་བཟླས་པ་ཅི་༧འགྲུབ་མཐར། བཟླས་བརྗོད་ཀྱིས་ནི་དགེ་བ་གང་། །འགྲོ་ཀུན་བྱང་ཆུབ་ཆེ་ཐོབ་པའི། །མཆོག་གི་དངོས་གྲུབ་རྒྱུ་རུ་ནི། །བཅོམ་ལྡན་འདས་ལ་དབུལ་བར་བགྱི། །ཞེས་སོགས་ཀྱིས་དགེ་བ་བཅོམ་ལྡན་འདས་ལ་ཕུལ། དེ་ནས་མཆོད་པ་བྱིན་རླབས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང་། བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་། རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་གླུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ཅེས་དང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་


CMR022_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ་ས་མ་སྭཱ་ཧཱ༔ ཞེས་པའི་སྔགས་ལན་གསུམ་གྱིས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨབྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། །དྲི་མཆོག ཞལ་ཟས། སྒྲ་སྙན། ཞེས་དང་། ཨགྷཾ་གྱི་གནས་སུ། པཱ་ཏྱཾ། པུཤྲཱི། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་ཏྱ། ཤཔྟ། །ཞེས་བཅུག་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད་ཅིང་། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམསཾ། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། །འཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྨྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་


CMR022_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདལ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །།སྒྱུ་མ་སྨིག་སྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། །གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས། །གཏོར་མར་ཐིམ་པས་་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། །པར་བསམས། ཨོཾ་ཨཱཿཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། དེ་ཉིད་བཅོམ་ལྡན་ལྗགས་རྩེའི་འོད་ཟེར་གྱི། །སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་གྱུར། །པར་བསམ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱཿ་དྱ་ནུརླན་ཏཏ་ཨོཾ་ཨཱཿཿཧཱུཾ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་


CMR022_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཐག་བཟུང་སྟེ་བུམ་པ་ལ་དམིགས་ཏེ། རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །བདུད་རྩི་འོད་ཀྱི་རྣམ་པ་ཅན། །གཟུངས་ཐག་བརྒྱུད་སོང་མི་བསྐྱོད་པར། །ཕོག་པས་སྐུ་ཡི་གནས་རྣམས་ནས། །ལས་སྒྲིབ་སྦྱོང་བྱེད་བདུད་རྩིའི་རྒྱུན། །ཤིང་རྟའི་འཕང་ལོ་ཙམ་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །པར་བསམས་ལ། བཟླས་བརྗོད་བརྒྱ་རྩ་བརྒྱད་སོགས་བྱས་པའི་མཐར། ཨོཾ་བཛྲ་པུཥྛ་ཨཱཿཧཱུྃ། དེ་བཞིན་དུ། དྷུ་པེ། དཱི་པེ། གནྡྷེ། ནེ་ཝི་དྱེ། བར་ཉེར་སྤྱོད་ལྔས་མཆོད་ནས། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་དུང་ཆོས་ཀྱི་ཆུ་བུམ་པར་ཕུལ་ལོ། །གྲངས་བསགས་དགོས་ཚེ་འདིའི་ཡན་གྲངས་བསགས་དགོས། མཐར་བདག་འཇུག་བསྡུས་པ་ནི། རང་བདག་བསྐྱེད་ཀྱི་ཐུགས་ཀ་ནས་ཐ་མལ་གྱི་ལུས་སུ་ཐོན་ཏེ་མདུན་བསྐྱེད་ཤར་སྒོའི་འགྲམ་དུ་འཁོད་པའི་དཀྱིལ་འཁོར་གྱི་གཙོ་བོ་ལ་དབང་ཞུ་བར་སྒོམས་ལ། ཨོཾ་ཨ་མྲྀ་ཏས་ཆབ་བླང་། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མི་འཁྲུགས་པའི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །ཉོན་དྲུག་དྲི་མ་སྦྱོང་བྱེད་པ། །ཕྱིན་དྲུག་ཆུ་ཡིས་རྗེས་དགོངས་ལ། །ཁྲུས་


CMR022_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་མཛད་ཅིང་དབང་བསྐུར་རོ། །གཟུངས་རིང་བརྗོད་ཅིང་མགོར་བཀོད། བུམ་ཆུ་བཏུང་ཁྲུས་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏོཏྟཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག །གཙོ་བོས་ཇི་ལྟར་སོགས། །མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། སོགས་སླར་བདག་བསྐྱེད་གཙོ་བོའི་ཐུགས་ཀར་བཞུགས་པའི་དབྱེར་མེད་དུ་མོས་པས། རྗེས་ཆོག་ནི། ཐུགས་ཀའི་ཧཱུཾ་འོད་ལས་སྤྲུལ་པའི། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཨོཾ་བཛྲ་པུཊྚེ་ཨཱཿཿཧཱུྃ། དེ་བཞིན་དུ། དྷུ་པེ། དཱི་པེ། །གནྡྷེ། ནེ་ཝི་བྱ། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱུ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་བསྟོད་ནས། །བཅོམ་ལྡན་ཆོ་གའི་བྱ་བ་ལ། །མ་ཚང་བ་དང་ལྷག་པ་དང་། །འགལ་ཞིང་འཁྲུལ་པ་ཅི་མཆིས་པ། །ཀུན་ནས་བཟོད་པར་མཛད་དུ་གསོལ། །ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །།སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཿཧཱུྃ་མུཿ བདག་བསྐྱེད་བསྡུ་རིམ་ནི།


CMR022_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་བཟླ་བ་སངས་རྒྱས་སྐུ། །རིམ་བཞིན་བསྡུས་ཏེ་མི་དམིགས་གྱུར། །ཨ་ཨཱཿ༔ སླར་ཡང་ལྷར་གསལ་གནས་གསུམ་དུ། །ཨོཾ་ཨཱཿཿཧཱུྃ་གིས་རྒྱས་བཏབ་པས། །བར་ཆད་བགེགས་རྣམས་བསྲུང་བ་ཡི། །རྡོ་རྗེ་གསུམ་དུ་འགྲུབ་པར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བསྔོ་བ་བྱ། དེ་ནས་སྨོན་ལམག་དབ་པ་ནི། མངོན་དགའི་ཞིང་ན་བྱང་ཆུབ་ཤིང་དབང་དྲུང་། །མི་འཁྲུགས་རྒྱལ་བ་དཔལ་གྱི་ལྷམ་མེར་བཞུགས། །ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་བཅས་ལ། །ལུས་དང་ངག་ཡིད་དང་བས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་བདག་པོས་མ་བཟུང་བའི། །ལྷ་མིའི་དཔལ་འབྱོར་བདེ་བའི་ཡོད་བྱད་ཀྱི། །མཆོད་པའི་སྤྲིན་གྱིས་ནམ་མཁའི་གང་བྱས་ཏེ། །བདེ་བར་གཤེགས་པ་སྲས་དང་བཅས་རྣམས་མཆོད། །ཐོག་མེད་དུས་ནས་དུག་གསུམ་གྱིས་བསགས་པའི། །སྲིད་དང་ངན་འགྲོའི་རྒྱུར་གྱུར་མི་དགེའི་ལས། །གང་བསགས་འགྱོད་པས་སོ་སོར་བཤགས་ནས་ནི། །སླན་ཆད་མི་བགྱིའི་སྡོམ་ལ་གནས་པར་


CMR022_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །འཕགས་སྐྱེས་དགེ་ཚོགས་ཀུན་ལ་ཡི་རང་ཞིང་། །རྒྱལ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དེ་ལྟའི་དགེ་བ་བྱང་ཆུབ་ཕྱིར་བསྔོ་བས། །གང་སྔོན་འདས་པའི་སངས་རྒྱས་སྤྱན་ཆེན་པོར། །མི་འཁྲུགས་རྒྱལ་བས་བྱང་ཆུབ་ཐུགས་བསྐྱེད་དེ། །ནམ་ཡང་ཁྲོ་དང་གནོད་སེམས་མི་འབྱུང་སོགས། །སྨོན་ལམ་བརྒྱད་བཏབ་བདག་གིས་འགྲུབ་གྱུར་ཅིག །གཞན་ཡང་དམ་བཅའ་ཇི་བཞིན་བགྱིད་པ་དང་། །གོམ་རེ་བཞིན་ཡང་སངས་རྒྱས་ཡིད་བྱེད་དང་། །ཚེ་རབས་ཀུན་ཏུ་ཁྱིམ་ནས་འབྱུང་སོགས་ཀྱི། །སྒྲུབ་པའི་སྨོན་ལམ་བཅོ་བརྒྱད་འགྲུབ་གྱུར་ཅིག །དེ་བཞིན་འཁོར་བཞི་་་དགེ་སློང་ཕ་མ་གཉིས་དགེ་བསྙེན་ཕ་མ་གཉིས། མཆན། ཉེས་ལྟུང་མི་གླེང་དང་། །འཚང་རྒྱའི་ཞིང་དུ་ལྟུང་བའི་སྒྲ་ཙམ་ཡང་། །མི་གྲག་དག་ཅིང་ཡོན་ཏན་ལྡན་པ་སོགས། །ནན་ཏན་སྨོན་ལམ་བདུན་པོ་འགྲུབ་གྱུར་ཅིག །ཇི་ལྟར་མི་འཁྲུགས་སྤྱད་ལྷ་པར་སྤྱོད་ཆེ་བཞིན། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་འགྲོ་ཞིང་། །དེ་བཞིན་གཤེགས་རྣམས་མཉེས་པར་བྱེད་པ་ལས། །སྐད་ཅིག་ཙམ་ཡང་ཐུགས་དབྱུང་མི་བགྱིད་


CMR022_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཚེ་རབས་ཀུན་ཏུ་ཚངས་པར་སྤྱོད་པ་དང་། །ཕ་རོལ་ཕྱིན་པའི་ཆོས་ཉིད་ལས་བརྩམས་ཏེ། །སྟོན་ཅིང་དེ་ཚེ་བདག་གི་ལུས་དང་སེམས། །ངལ་དང་དུབ་པ་ཅུང་ཟད་མེད་པར་ཤོག །ཆོས་སྦྱིན་དེ་ཡི་དགེ་ཚོགས་ཇི་སྙེད་པས། །རང་གི་སངས་རྒྱས་ཞིང་དེར་བྱང་སེམས་རྣམས། །ཚེ་རབས་རྗེས་ཀྱང་དམ་ཆོས་མི་བརྗེད་ཅིང་། །གང་དུ་སྨོན་པའི་ཞིང་དེར་སྐྱེ་བར་ཤོག །དེ་དག་རྫོགས་པའི་སངས་རྒྱས་རྣམས་དང་ནི། །རྟག་ཏུ་མི་འབྲལ་གུས་པས་རབ་བསྙེན་ཅིང་། །བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གིས། །ཐམས་ཅད་དུ་ཡང་གླགས་རྙེད་མ་གྱུར་ཅིག །ཇི་ལྟར་རང་ཉིད་དམ་ཆོས་འདོད་པ་ལྟར། །སེམས་ཅན་དེ་དག་ཆོས་འདོད་གྱུར་པ་ལ། །དེ་དག་དེ་ལྟའི་ཡོན་ཏན་མ་རྫོགས་པར། །བདག་ཉིད་བྱང་ཆུབ་སྤྱད་པ་སྤྱོད་པར་ཤོག །བདག་ནི་འདི་ནས་ཤི་འཕོས་གྱུར་པའི་འོག །མངོན་པར་དགའ་བ་དག་པའི་ཞིང་ཁམས་སུ། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་དྲུང་སྐྱེས་ཏེ། །བྱང་ཆུབ་ལམ་གྱི་སྒྲུབ་པས་མཉེས་བྱེད་ཤོག །རྒྱལ་སྲས་སྤོས་ཀྱི་གླང་པོ་ལ་སོགས་པའི། །ཞིང་དེའི་བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡོན་ཏན་ཇི་སྙེད་


CMR022_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལའང་ལྡན་གྱུར་ཅིག །སངས་རྒྱས་རྣམས་ཀྱིས་རྟག་ཏུ་བསྔགས་མཛད་ཤོག །ཇི་ལྟར་རྒྱལ་སྲས་དེ་དག་བཅོམ་ལྡན་དེས། །བྱང་ཆུབ་ཆེན་པོར་མངོན་སུམ་ལུང་བསྟན་བཞིན། །བདག་ཀྱང་ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་པར་ཤོག །རྒྱལ་བ་དེ་ཡི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བྱས་ཏེ། །ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་པ་དང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱེད་ཤོག །མདོར་ན་མི་འཁྲུགས་རྒྱལ་བའི་ཐུགས་བསྐྱེད་དང་། །སྤྱོད་པ་སྨོན་ལམ་ཇི་བཞིན་བདག་སྤྱོད་ཅིང་། །མངོན་དགའི་ཞིང་མཚུངས་དག་པའི་འཇིག་རྟེན་དུ། །བཅོམ་ལྡན་དེ་འདྲའི་གོ་འཕང་མངོན་བྱེད་ཤོག །ཅེས་སྨོན་ལམ་བཏབ་ལ། །དེ་ལྟར་ལས་སྒྲིབ་སྦྱོང་བའི་ཆོ་ག་མངོན་དགའི་ཞིང་རྒྱན་བསྡུས་ཏེ་ཁྱེར་བདེ་བར་བཀོད་པ། དད་ལྡན་པ་ཀརྨ་འགྲོ་དོན་ནས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་རང་གཞན་ལ་ཕན་པའི་བསམ་པས། ༧ ཆགས་སྤྲུལ་ལྔ་པ་གསང་སྔགས་བསྟན་བྱ་འཛིན་གྱིས་བྲིས་པ་རང་གཞན་གྱི་ལས་སྒྲིབ་མྱུར་དུ་བྱུང་ནས་བཅོམ་ལྡན་འདས་མི་འཁྲུགས་པའི་གོ་འཕང་ཐོབ་པར་གྱུར་ཅིག།


CMR022_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་བསྡུས་པ་མངོན་དགའི་ཞིང་བསྒྲོད།next