Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་རྒྱུས་མངོན་དགའི་རོལ་མོ།
   


 
previousལོ་རྒྱུས་མངོན་དགའི་རོལ་མོ།next

ལོ་རྒྱུས་མངོན་དགའི་རོལ་མོ།


CMR022_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་མངོན་དགའི་རོལ་མོ་བཞུགས་སོ།།


CMR022_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨ་བྷ་ཡ་ནཱ་ཐཱ་ཡ། མཐོན་ཀ་ཆེན་པོའི་འོད་ཀྱི་དཀྱིལ་འཁོར་ནི། །དྭངས་བའི་ཡིད་མཚོར་དྲན་པའི་སྐད་ཅིག་ལ། །སྒྲིབ་གཉིས་རྙོག་པ་མཐར་བྱེད་ཆུ་དྭངས་སྐུ། །རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །དེ་ཡི་དབང་བཤད་ཅུང་ཟད་འདིར་དགོད་བྱ།། ༈ འོ་ན་ད་ལམ་ཁྱེད་རྣམས་ལ་རྒྱལ་བ་མི་འཁྲུགས་པའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་མདོ་ཙམ་ཞུ་ན། འདི་ནས་ཤར་ཕྱོགས་ཀྱི་ཞིང་ཁམས་སྟོང་འདས་པའི་ཕ་རོལ་ན་མངོན་པར་དགའ་བའི་ཞིང་ཁམས་ས་གཞི་ཐམས་ཅད་གསེར་ལས་གྲུབ་ཅིང་ལག་མཐིལ་ལྟར་མཉམ་པ་པཉྩ་ལི་ཀ་ལྟར་རེག་ན་


CMR022_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པ་ལ་རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་ཀྱིས་བཀྲམ་པ་ངན་སོང་གསུམ་དང་གནོད་འཚེ་མེད་ཅིང་སྤོས་ཀྱི་ངད་ལྡང་བ་བདུད་དང་འཐབ་རྩོད་མེད་ཅིང་རིན་པོ་ཆེ་སྣ་བདུན་གྱི་ཁང་བརྩེགས་དང་། མལ་ཆ་རྣམས་རང་བྱུང་དུ་གྲུབ་པ་ཡིན་ལག་བརྒྱད་དང་ལྡན་པའི་རྫིང་བུ་དང་རིན་པོ་ཆེའི་སྣོད་ཁ་ཟས་རོ་བརྒྱ་པ་རྣམས་བསམ་པ་ཙམ་ནས་འབྱུང་བ་རིན་པོ་ཆེའི་རྒྱན་དང་གོས་སྣ་ཚོགས་དཔག་བསམ་གྱི་ཤིང་ལས་བྱུང་བ་སེམས་ཅན་རྣམས་རྒས་པ་དང་། ན་བ་དང་དུས་མིན་དུ་འཆི་བ་མེད་ཅིང་ཉོན་མོངས་པ་ཆུང་བ་རྗེ་བོ་དང་བྲན་དང་འཁོར་ངན་པ་མེད་ཅིང་མུ་གེ་ཅན་ནམ་


CMR022_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲེས་སྐོམ་དང་བཤང་གཅི་མི་གཙང་བ་མེད་པ། ཚ་གྲང་དང་མྱ་ངན་སྡུག་བསྔལ་ཐམས་ཅད་མེད་ཅིང་བུད་མེད་ཐམས་ཅད་ཀྱང་དགའ་ལྡན་ལྷའི་བུ་མོ་ལྟ་བུའི་ཡོན་ཏན་དང་ལྡན་པ་བལྟས་པ་ཙམ་ནས་ཉོན་མོངས་པ་བྲལ་ཞིང་ཞག་བདུན་ནས་གནོད་པ་མེད་པར་བཙའ་བ་ལ་སོགས་པ་ཡོན་ཏན་བརྗོད་པར་མི་ནུས་པའི་ཞིང་དེའི་དབུས་སུ་བྱང་ཆུབ་ཤིང་གི་དྲུང་ན་བཅོམ་ལྡན་འདས་མི་འཁྲུགས་པ་དེ་མངོན་པར་སངས་རྒྱས་ནས་ད་ལྟ་ཡང་བཞུགས་ཏེ་མི་མཇེད་འདི་ཡི་བསྐལ་པ་གཅིག་ནི་བདེ་བ་ཅན་གྱི་ཞག་གཅིག་བདེ་བ་ཅན་གྱི་བསྐལ་པ་གཅིག་ནི་མངོན་པར་དགའ་བའི་ཞག་གཅིག་ཏུ་བརྩི་བའི་སྐུ་ཚེའི་ཚད་ནི་བསྐལ་པ་ཆེན་པོ་ཁྲི་དང་དམ་པའི་ཆོས་བསྐལ་པ་སྟོང་དུ་གནས་པར་གསུངས་ལ་འཁོར་དགེ་འདུན་གྲངས་མེད་པ་ལ་ད་ལྟ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་བཅོམ་ལྡན་འདས་མི་འཁྲུགས་པ་འདི་ཡི་མཚན་དང་གཟུངས་སྔགས་དབང་བསྐུར་ལ་སོགས་ཀྱི་སྒོ་ནས་འགྲོ་བའི་དོན་བྱ་བའི་ཕྱིར་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པས་མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་རྒྱུད་ཆེན་པོ་དང་འོག་མིན་དུ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་མི་འཁྲུགས་པ་སྤྲུལ་


CMR022_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལས་སྒྲིབ་རྒྱུན་གཅོད་པ་རྡོ་རྗེ་སེམས་དཔའི་རྟོགས་པ་ཆུང་ངུ་། སྟོན་པས་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཟུངས་རྣམས་གསུངས་ཤིང་སྙིང་རྗེ་པད་དཀར་དང་ངན་སོང་སྦྱོང་རྒྱུད་རྣམས་ལས་ཀྱང་མི་འཁྲུགས་པ་འདི་གསལ་བར་གསུངས་སོ། །དེ་ལ་རྒྱུད་ཕལ་ཆེར་ལྕང་ལོ་ཅན་དང་མཁའ་འགྲོའི་གནས་རྣམས་སུ་བཞུགས་པ་ལས་ཟ་ཧོར་གྱི་རྒྱལ་པོ་ཛ་ཡི་ཁང་ཐོག་ཏུ་གླེགས་བམ་གྱི་ཆར་བབས་པའི་ནང་དུ་འདི་ཡི་རྒྱུད་དང་གཟུངས་རྣམས་བྱུང་བ་ཕྱག་ན་རྡོ་རྗེས་རྒྱལ་པོ་དེ་ལ་བཤད་པ་ཡིན་ལ་དེ་ནས་ཨོ་རྒྱན་གྱི་རྒྱལ་པོ་དཔའ་བོ་རྡོ་རྗེའི་འདི་ཡིས་ཁྲུས་ཆོག་མཛད། དེས་ཨཱཿརྱ་དེ་ཝ་ཟླ་བ་གྲགས་པ་སློབ་པའི་རྡོ་རྗེ་ཉི་མ་སྦས་པ་པཎྜི་ཏ་སྨིཾ་ཏི། ཇོ་བོ་ཨ་ཏི་ཤའི་བར་དུ་བརྒྱུད་ཇོ་བོའི་སྒྲུབ་ཐབས་དཀྱིལ་ཆོག་བདུན་ཚིག་སོགས་རྒྱ་ཆེར་མཛད། དེ་ནས་རིམ་པར་བརྒྱུད་ནས་རྒྱལ་བ་འབྲོམ་ཉིད་ཀྱི་སྤྲུལ་པར་གྲགས་པའི་མིང་ཅན་བདུན་བརྒྱུད་འབྱུང་བར་ལུང་བསྟན་པའི་རྒྱལ་ཚབ་གྲགས་པ་བྦེ་དོན་གྲུབ་ཀྱིས། འདིའི་ཆོ་ག་མཛད་པ་ཇི་ལྟ་བ་ལས་ཇོ་བོ་ཨ་ཏི་ཤ་ཉིད་མིའི་སྲིད་པ་ཉེ་བར་འཛིན་པ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན་དེ་ཉིད་


CMR022_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུན་ཚིག་ཆོ་ག་སོགས་རྗེ་བཙུན་སངས་རྒྱས་དབོན་གྱིས་མཛད་པ་དང་ཡང་གོ་བསྟུན་ནས་ལེགས་པར་བསྒྲིགས་པ་ཡིན་ལ། ཨོ་རྒྱན་རིན་པོ་ཆེས། ད་ལྟར་གཉག་སྟོན་དབང་། གི་རྩེ་རྒྱལ་ཁྱོད། །འདི་ནས་རྒྱ་བོད་ཡུལ་ཁམས་ཁ་འཐོར་དུ། །དལ་འབྱོར་སྐྱེ་བ་མཐོ་དམན་བཅུ་བདུན་བརྒྱུད། །ལན་གཅིག་ཁམས་ཀྱི་རྒྱ་སྟོད་ཆུ་འབབ་སར། །རི་བོར་མིང་གྲགས་ཆོས་འབྱུང་འདྲ་བའི་སར། །གསང་འདུས་དང་ནི་ཡང་གསང་ཕུར་པ་ཡི། །ཆོས་འདི་འཛིན་པའི་ལས་ཅན་སྐྱེས་བུ་ནི། །གྲགས་པའི་མིང་ཅན་སྐུ་ཡི་མཚན་མ་ཅན། །ལས་ཅན་དེ་ཡིས་གསང་སྔགས་མཐའ་དག་དང་། །ཨོ་རྒྱན་ང་ཡི་ཆོས་རྣམས་དར་བར་བྱེད། །འབྲེལ་ཚད་དོན་ལྡན་མངོན་དགའི་ཞིང་དུ་འགྲོ། །ཞེས་ལུང་བསྟན་པའི་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་ནས་འབྲེལ་ཚད་མངོན་དགའི་ཞིང་དུ་འགྲོ་བའི་ཐུགས་རྗེའི་ལྕགས་ཀྱུ་དམ་པ་ནི་ཆོ་ག་འདི་ཉིད་ཡིན་ལ། དེ་ནས་དབང་ལུང་ཆོ་ག་ཕྱག་ལེན་རིམ་པར་བདག་ལ་བབས་པས་བཀའ་བབས་བྱིན་རླབས་བརྒྱུད་པ་ལྟ་བུ་ཡིན་ཅིང་། འདིའི་དབང་ཐོབ་ན་ལྟ་ཅི་སྨོས། ལན་གཅིག་བརྗོད་ན་ཡང་རྨི་ལམ་


CMR022_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་དང་ལྟས་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལས། ལན་གཅིག་བཟླས་ན་ལྟས་ངན་དང་རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་གསུངས་སོ། །འདི་ཡི་གཟུངས་བྲིས་ནས་བཏགས་ན་ཡང་དུས་མིན་དུ་འཆི་བ་མི་འབྱུང་བར་གསུངས་པས། འདི་ཡི་དབང་ཐོབ་ན་དུས་མ་ཡིན་པར་འཆི་བ་བཟློག་པར་ཐེ་ཚོམ་མེད། གཟུངས་ལུས་ལ་འཆང་བའམ་གླེགས་བམ་དུ་བྲིས་ནས་མགུལ་དུ་ཐོགས་ཏེ། འཆང་བ་དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་དང་། ཐེག་པ་གསུམ་གྱི་རིགས་ཅན་གྱི་སེམས་ཅན་རྣམས་ཀྱིས་རྒྱལ་བ་མི་འཁྲུགས་པའི་མཚན་ཐོས་ན་མངོན་པར་དགའ་བའི་ཞིང་དུ་སྐྱེས་ནས་རང་གིས་བྱང་ཆུབ་ཐོབ་པ་དང་། མི་འཁྲུགས་པའི་མཚན་ཐོས་ནས་དད་པ་ཐོབ་ན་མངོན་དགའི་ཞིང་དུ་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ་མངལ་ནས་མི་སྐྱེ་བ་ལ་སོགས་ཕན་ཡོན་རྒྱ་ཆེན་པོ་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་གསུངས་ཤིང་། རྒྱལ་བ་མི་འཁྲུགས་པ་དེ་ཡིད་ལ་དྲན་ཞིང་མཚན་ནས་བརྗོད་ན་འཇིགས་པ་དང་


CMR022_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་པ་དང་ཡམས་ཀྱི་གནོད་པ་ཐམས་ཅད་ཞི་བར་གསུངས་པ་དང་། ཆོས་འདི་འཆང་བ་དང་གཞན་ལ་སྟོན་པ་དེ་ཡང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་ཞིང་། ལུས་དེ་ཉིད་ཀྱི་ཟག་པ་ཟད་པ་དང་། དགྲ་བཅོམ་པ་ཐོབ་པར་ཡང་གསུངས་ལ། འདི་ནི་ཤེས་རབ་ཟབ་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པའི་ལུགས་སུ་མི་གནས་པ་དང་། མི་འཁྲུགས་པའི་ཆོས་འདི་བསོད་ནམས་ཆུང་བ་དང་སུ་རུང་རུང་གིས་མི་ཐོས་ཏེ། འཛམ་བུའི་གླིང་འདི་གསེར་དང་དབྱིག་གིས་བཀང་ནས་སྦྱིན་པ་བྱིན་ཏེ། མི་འཁྲུགས་པའི་ཆོས་འདི་ཐོས་པར་ཤོག་སྨྲས། བསོད་ནམས་ཆུང་བའི་སེམས་ཅན་གྱིས་མི་ཐོས་པར་གསུངས་པས་འདི་ཐོས་པས། བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ལ། མི་འཁྲུགས་པའི་ཆོས་འདི་ལ་ཡོད་པ་དེ་སངས་རྒྱས་མཐོང་བ་ཡིན་པས། ཕྱིར་མི་ལྡོག་པར་གསུངས་པ་སོགས་ཕན་ཡོན་རྒྱ་ཆེན་པོ་མི་འཁྲུགས་པའི་ཞིང་གི་མདོ་ལས་གསུངས་སོ། །འདི་ཡི་དབང་ཐོབ་ན་སྨོས་ཅི་དགོས། འཆི་ཁ་གཟུངས་སྔགས་རྣ་བར་བརྗོད་ཀྱང་ངན་སོང་དུ་མི་འགྲོ་བར་གསུངས་ཏེ། ལས་སྒྲིབ་རྣམ་པར་སྦྱོང་བའི་གཟུངས་ལས། གང་ཞིག་སྙིང་རྗེའི་ནོན་ཏེ་རི་དྭགས་


CMR022_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བྱ་དང་མི་མ་ཡིན་པ་རྣམས་རུང་སྟེ། །འཆི་བའི་ཚེ་ན་རྣ་ཁུང་དུ་བརྗོད་ན། །ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་སོ། །ཤིན་ཏུ་སྡིག་ཆེན་ཡིན་ན་ཡང་འཆི་ཁ་འདི་ཡི་དབང་ཐོབ་ན་ངན་སོང་གྲོལ་བར་སྨོས་ཅི་དགོས། འཆི་ཁ་འདི་ཡི་གཟུངས་བྲིས་པ་མཐོང་ན་སྡིག་དེ་དག་པར་གསུངས་སོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་འདི་ཉིད་ལས། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ཞེས་དང་། མཚམས་མེད་པ་ལྔ་བྱས་པའམ། དམ་པའི་ཆོས་སྤངས་བའམ། འཕགས་པ་ལ་སྐུར་པ་བཏབ་ཀྱང་རུང་སྟེ། འཆི་ཁ་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་ཡང་དེ་ཡི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །འདོགས་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ང་ཡི་གན་དུ་ཤོག་ཅེས་གསུངས་པར་འགྱུར་རོ། །ཞེས་གསུངས་པ་དང་། དེ་ཙམ་


CMR022_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཆེ་བ་ཅི་ཡི་ཕྱིར་ཞེ་ན། མི་འཁྲུགས་པ་འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པའི་ལྷ་སྔགས་ཡིན་པའི་ཕྱིར་ཏེ། ངན་སོང་སྦྱོང་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་ཐུགས་ཀ་ནས་ཕྱུང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། གསུངས་པའི་ཕྱིར་རོ། །དེ་ལྟར་ཚེ་འདི་ཡི་འཇིགས་སྐྲག་དང་བར་ཆད་ཐམས་ཅད་སེལ་བ་དང་ཕྱི་མ་འཁོར་བ་ངན་སོང་ལས་སྐྱོབ་པའི་དབང་ཟབ་མོ་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་སྦྱར་རོ། །ཞེས་པ་རྗེ་དྲུང་གྲགས་པ་རྒྱལ་མཚན་པའི་དངོས་སློབ་བླ་མ་གྲགས་པ་དབང་ལྡན་གྱིས་བསྐུལ་ནས་། རཱ་ག་ཨ་སྱས་ཆུ་འབྲུག་ལོ་སྨིན་དྲུག་ཟླ་བའི་ཡར་ཚེས་བཅུ་བཞི་ལ་ཚང་བར་བྲིས་པ་མདོ་རྒྱུད་ཁོ་ན་ལས་བསྡུས་ཕྱིར་ཉེས་པ་མ་མཆིས་ཡོད་ཀྱང་མཚམས་མ་འབྱོར་བ་མཆིས་ན་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་ལས་སྒྲིབ་རྒྱུན་ཆད་པར་གྱུར་ཅིག །མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལོ་རྒྱུས་མངོན་དགའི་རོལ་མོ།next