Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་འཁྲུགས་པའི་ལྷོ་སྒོ།


 
previousམི་འཁྲུགས་པའི་ལྷོ་སྒོ།no next

མི་འཁྲུགས་པའི་ལྷོ་སྒོ།


CMR022_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པའི་ལྷོ་སྒོ་བཞུགས། སརྦ་མངྒ་ལཾ།།


CMR022_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བྱང་གི་ཆོ་ག་ནི། རོའམ་ཤོག་བུ་དང་གྲོ་ག་སོགས་ལ་ཚེ་འདས་ཀྱི་གཟུགས་ཀྱི་སྙིང་ཁར་ས་བོན་ཚྭའི་འོག་ཏུ་མིང་བྱང་དང་བཅས་པ་བྲི་བའམ། བསྡུ་ན་ས་བོན་ཙམ་བྲིས་ཀྱང་རུང་སྟེ་དེ་ལ་དམིགས་ནས། །སྐད་ཅིག་ནི་ཡིག་ཡོངས་གྱུར་ལས། །མདུན་དུ་ཚེ་ལས་འདས་པ་ནི། །གསོན་པོའི་རྣམ་པ་ཇི་ལྟ་བ། །ཡོངས་སུ་རྫོགས་པ་གསལ་བར་གྱུར། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོས་ཚེ་འདས་ཀྱི། །རྣམ་ཤེས་དག་པའི་ཞིང་མ་གཏོགས། །རིགས་དྲུག་བར་དོ་གང་གནས་ཀྱང་། །སྐད་ཅིག་རྟེན་འདིར་མཆིས་གྱུར་ཅིག །ཨོཾ་བཛྲ་སཏྭ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལྕགས་ཀྱུའི་


CMR022_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་རྟེན་གྱི་སྤྱི་བོར་བཞག །ལྟུང་བ་སློང་བའི་ཕྱག་རྒྱས། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ། སྡིག་པ་འཇོམས་པའི་ཕྱག་རྒྱས། ཨོཾ་སརྦ་ཨཀོ་བྷ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུཾ། དྲལ་བས། ཨོཾ་སརྦ་ཨཀྵ་བྷ་བིད་ཏྲཊ། ཡང་གཟུངས་ཀྱི་མཐར། སརྦ་སཏྭཱ་ནཱཉྩ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་སྡིག་པ་བྲལ་བའོ། །དཀར་གཏོར་ཆངས་བུ་ཏིང་ལོ་བྲན་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱཿ་བྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བྱིན་གྱིས་བརླབས་ནས། ན་མསརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུཏཱ་ག་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཉྩེ་དཾ་བ་ལུ་དི་སྭཱ་ཧཱ། རྟེན་ལ་གཡས་གཡོན་དུ་བསྐོར་བ་ཞི་སྦྱངས། །ཨོཾ་


CMR022_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སུམྦྷ་ནི་སུམྦྷ་ཧཱུྃ་སོགས་སྔར་ལྟར་དོར་བ་ཕྱེད་སྦྱངས། དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོས་ཚེ་འདས་ཀྱི། །མཐོ་རིས་ཐར་པའི་གེགས་བྱེད་རྣམས། །གཏོར་མ་འདི་ཡིས་ཚིམས་པར་གྱིས། །གནོད་འཚེ་སྤོང་ལ་རང་གནས་དེངས། །ཧཱུཾ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བསྒྲུབ། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨཀྵ་བྷ་ཡ་ཏ་ཐཱ་ག་ཏཱ་ཡཱདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། སུམྦྷ་ནི་སོགས་བརྗོད་ཅིང་ཡུངས་ཀར་བྲབ་སྟེ་བགེགས་བསྐྲད། མེ་ཆུ་ཏིལ་སོགས་བཤམས། ཚེ་འདས་རྒྱུད་ཀྱི་སྡིག་སྒྲིབ་རྣམས། །ཀཾ་ལས་སྡིག་པ་ར་ཅན་གྱི། །རྣམ་པར་མདུན་གྱི་ཏིལ་


CMR022_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། །མེ་ཉིད་ཞི་བའི་ཐབ་ཁུང་ནང་། །ཁྲོ་བོ་ཧཱུྃ་མཛད་ཞལ་གདངས་བའི། །ནང་དུ་སྡིག་པ་བསྲེགས་པར་གྱུར། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་ཏིལ་མེར་བསྲེགས་ཆུར་དོར། མེ་ཆུ་ནང་དོར་རོ། །བྱེ་མའམ་ཐལ་གཙང་ལ་སྔགས་བྲབ་བོ། །ན་མོ་བྷ་ག་ཝ་ཏེ་ཨཀོ་བྷ་སོགས་གཟུངས་ཀྱི་མཐར། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤནི་ཀུ་རུ་སྭཱ་ཧཱ།། ཞེས་བྲབ་ལ་འབབ་ཆུར་དོར་རོ། །མེ་ལོང་ལ་དཀྱིལ་འཁོར་གཟུགས་བརྙན་ཤར་བ་ལ་རྣམ་རྒྱལ་གྱིས་ཁྲུས་གསོལ་བྱ་བ་ནི། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །རྡོ་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །།ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། རས་གཙང་གིས་ཕྱི་ཚུལ་བྱ་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཾ་ཧྲིསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། གོས་ཟུང་ཐོགས་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །ཨོཾ་བཛྲ་ཝས་ཨཱཿཧཱུྃ། ཁྲུས་ཆུ་བུམ་པ་གཞན་དུ་བླུགས་ཏེ། དམིགས་རྟེན་གྱི་གཟུགས་བཀྲུ་བ་ནི། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །


CMR022_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་དྲུག་དྲི་མ་སྦྱངས་མཛད་ཅིང་། །ཕྱིན་དྲུག་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱངས་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཤོ་ལོ་ཀ་རེ་རེའི་མཐར་གཟུངས་བརྗོད་ནས། ཚེ་ལས་འདས་པ་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཀྲུའོ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་གཟི་ཡིས་དུག་བཅོམ་མོ། །གཟུངས་དང་། ཚེ་ལས་འདས་པའི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་


CMR022_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །གཟུངས་དང་། ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། སངས་རྒྱུས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །དེ་ནས་ཉེ་དུས་བྱང་བུ་བཟུང་བའམ་ཕྱག་འཚལ་བཅུག་ལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་་་ཚེ་འདས་སྐྱབས་སུ་མཆི་ལགས་སོ། ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་་་་་ཚེ་འདས། སྐྱབས་སུ་མཆི། །བདག་ནི་་་ཆེ་འདས།


CMR022_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པས་རྣམ་སྐྱག་ནས། །ཀུན་ཏུ་བཟང་ལ་བདག་ཚེ་འདས། ཉིད་འབུལ། །འཇམ་དཔལ་དབྱངས་ལ་བདག་་ཚེ་འདས། ཉིད་ཀྱིས། །བདག་གི་ཚེ་འདས། ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་་་འདི། ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་མཛད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས་། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། །ཞེས་ཕྱག་འཚལ་བཅུག་གོ །འདི་མཚམས་རྣམས་སུ་དབང་བསྐུར་བྱའོ།། ༈ ཟས་བསྔོ་བཤམས་ལ་བསང་སྦྱང་། ༀ་ལས་འདོད་ཡོན་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག །མོས་བློས་ཚེ་


CMR022_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལྷ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །སཏྭ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རྭ་ས་སྤརེཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། ཚེ། འདས་འདོད་པའི་ཡོན་ཏན་གཟུགས་སྡུག་པ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ་འདོད་པའི་ཡོན་ཏན་ཐམས་ཅད་ལ་མ་ཆགས་མ་ཞེན་པར་ལོངས་སྤྱོད་པར་གྱུར་ཅིག ། ནུབ་ཐ་མ་རྟེན་ལ་མེ་སྦར་ཏེ་རྒྱས་པ་ཀུན་རིག་བཞིན། བསྡུ་ན། ཚེ་འདས་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །ན་མོ་བྷ་ག་ཝ་ཏེ་ཨ་བྷ་སོགས་གཟུངས་བརྗོད་ཅིང་མིང་བྱང་བསྲེགས་ཐལ་བ་གཙང་སར་དོར་རོ། །ལམ་བསྟན་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པའི། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་


CMR022_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །ཨོཾ་རཉྫ་རནྡྷེ་མ་ཧཱ་རཀྵེ་རཏྣ་སམྦྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་མ་ཧཱ་སུ་ཁ་ཝ་ཏི་གཙྪནྟ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། ཚེ་ལས་འདས་པའི་རྣམ་ཤེས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པར་བདེ་བ་ཅན་གྱི་ཞིང་དུ་གཤེགས་ཤིང་པདྨོ་ལ་བརྫུས་ཏེ་སྐྱེས་པ་ན་བྱང་ཆུབ་སེམས་དཔའ་རྙིང་པ་རྣམས་ཀྱིས་མཆོད། བཅོམ་ལྡན་འདས་འོད་དཔག་མེད་པའི་ཞལ་མཐོང་གདམས་པ་དང་རྗེས་སུ་བསྟན་པ་ཟབ་མོ་ཐོབ་པས། དེ་དག་རྡོ་རྗེ་སློབ་དཔོན་གྱི་ཆོ་གའི་མཐུ་ཡིན་པར་ཤེས་ནས་སྐད་ཅིག་གིས་འོང་སྟེ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཅན། །གང་ཕྱིར་ངན་སོང་བདག་སྦྱངས་ནས། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཞེས་ཆེད་དུ་བརྗོད་པ་དང་ཕྱག་མཆོད་ཕུལ་ནས། སླར་ཡང་བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་གྱུར། ཨོཾ་སརྦ་བུདྡྷ་ཀྵེ་ཊ་གཙྪནྟ་སྭཱ་ཧཱ། ཞེས་པ་འདི་རྒྱལ་བའི་དབང་པོ་མི་བསྐྱོད་ཞབས་ཀྱིས་བསྩལ་བའི་ལྷོ་སྒོའི་ཆོ་ག་ལ་གཞིར་བྱས།


CMR022_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་རྣམ་གྲོལ་སྒོ་ཆེན་དང་། གཞན་ཕན་འོད་ཟེར་དང་། མི་འཁྲུགས་པའི་ཆོ་ག་ཐར་པའི་ལྕགས་ཀྱུ་སོགས་ཐམས་ཅད་གོ་བསྟུན་ནས། ༧ རྗེ་མཆོག་གི་སྤྲུལ་པའི་སྐུ་ཞྭ་དམར་ཅོད་པན་འཛིན་པ་དྲུག་པས་བསྩལ་བའི་མི་འཁྲུགས་པའི་ཆོ་ག་མངོན་པར་དགའ་བའི་ཞིང་གི་རྒྱན་ཞེས་བྱ་བའི་ཉེར་མཁོའི་ལྷན་ཐབས་ལ་དམིགས་ནས། རྗེ་དེ་ཉིད་ཀྱི་ཞལ་གྱི་འོད་ཟེར་དང་གསུང་གི་བདུད་རྩིས་ཅུང་ཟད་ངོམས་པར་གྱུར་པ། དགེ་སློང་ཀརྨ་ཨ་རཱ་གས་ལེགས་པར་བསྒྲིགས་པ་འདི་ལ་ནོར་འཁྲུལ་ཅི་མཆིས་པ་མི་འཁྲུགས་རྒྱལ་བའི་དྲུང་དུ་བཤགས་ཤིང་། དགེ་བས་བདག་དང་འབྲེལ་པ་ཐོགས་ཚད་ཀྱི་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་གྱི་ཞིང་དུ་བརྫུས་ཏེ་སྐྱེ་བའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ། །ཤུདྡྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམི་འཁྲུགས་པའི་ལྷོ་སྒོ།no next