Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
ཀུན་རིག་གི་མཚམས་སྦྱོར་བྱ་བའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཀུན་རིག་གི་མཚམས་སྦྱོར་བྱ་བའི་རིམ་པ།next

ཀུན་རིག་གི་མཚམས་སྦྱོར་བྱ་བའི་རིམ་པ།


CMR023_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་གི་མཚམས་སྦྱོར་བྱ་བའི་རིམ་པ་བཞུགས་སོ། །


CMR023_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ། དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ས་བཅད་མ་སྟོང་ཙམ་ཞིག་ཞུ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས། འདི་ཐེག་ཆེན་ཡིན། དེ་ལ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ཡོད་པ་ལས། འདི་འབྲས་བུའི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་བཞི་ཡོད་པ་ལས། འདི་རྣལ་འབྱོར་རྒྱུད་ཡིན། དེ་ལ་རྩ་བ་དང་བཤད་པ་དང་། ཆ་མཐུན་དང་འཕྲོས་པའི་རྒྱུད་བཞི་ལས། འདི་འཕྲོས་པའི་རྒྱུད་ཡིན། ལྷ་འདི་ཡི་ངོ་བོ་ནི། སྤྱན་རས་གཟིགས་ལོངས་སྤྱོད་


CMR023_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུ། འོག་མིན་འཐུག་པོ་བཀོད་དུ་བཞུགས་པའི་རྣམ་པར་སྣང་མཛད་གངས་ཆེན་མཚོ་དེ་ཡིན། རྒྱུད་གསུང་ཚུལ་ནི། སྔོན་འདས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་གསུངས་ལ། ད་རེས་བསྟན་པ་འདི་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། སུམ་ཅུ་རྩ་གཉིས་ལྷའི་གནས་ན་བཞུགས་པའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུས་ནས། ལྷའི་བུ་ནོར་བུ་དྲི་མ་མེད་པ་ཚེ་ལས་འདས་ནས། དེ་མནར་མེད་དུ་སྐྱེས་པ་ཐར་དོན་གསུངས་པས་དེ་མ་ཐག་ཐར་ནས་དགའ་ལྡན་གྱི་ལྷར་སྐྱེས་སོ། །རྒྱུད་འདི་ལ་དཀྱིལ་འཁོར་བཅུ་གཉིས་ཡོད་པ་


CMR023_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འདི་ཀུན་རིག་རྩ་བའི་དཀྱིལ་འཁོར་ཡིན་ཞིང་། རྒྱུད་འདི་ལྷ་ཡུལ་དུ་བཞུགས་པ། སྟོན་པ་འདས་རྗེས་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་པ་ནས་བྱུང་། །དབང་ལུང་རྣམས་ཕྱག་ན་རྡོ་རྗེས་གནང་། རྒྱལ་པོ་འཁོར་བཅས་ལུས་མ་སྤང་མཁའ་སྤྱོད་དུ་གཤེགས། པཎྜི་ཏ་ཡོ་ག་ལ་མཁས་པ་མི་གསུམ་སོགས་ཀྱིས་བསྟན་ལ་ཕབ་པས། རྒྱ་གར་དུ་ཉི་ཟླ་ལྟར་གྲགས། བོད་དུ་རྒྱལ་པོ་ཁྲི་སྲོང་གི་དུས་རྒྱུད་བསྒྱུར། ཕྱི་དར་འཇམ་དབྱངས་སྤྲུལ་པ་ལོ་ཆེན་རིན་བཟང་གི་སྐུ་ཚེའི་སྟོད་ལ་པཎ་ཆེན་དྷརྨ་ཕ་ལར་ཞུས་ནས་ཡོ་ག་སྟོད་ལུགས་དར། སྐུ་ཚེའི་སྨད་ལ་ཚིག་དོན་གཉིས་ཀ་ལ་མཁས་པ་པཎྜི་ཏ་ཀུན་དགའ་སྙིང་པོའི་ལུགས་མཛད་པས་འདི་དེའི་ལུགས། སྨད་ལུགས་ཞེས་གྲགས། ལོ་ཆེན་ལུས་མ་བཞག་མཁའ་སྤྱོད་དུ་བྱོན། དེ་ནས་རིམ་པར་རྗེ་རང་བྱུང་བ་དང་། དོན་ལྡན་ཞབས་དང་། ཆོས་གྲགས་རྒྱ་མཚོ་སོགས་ཀྱིས་རྒྱས་བསྡུས་མང་དུ་མཛད་པ་ལས། འདི་ནི་རྗེ་མི་བསྐྱོད་རྡོ་རྗེ་དང་དཀོན་མཆོག་ཡན་ལག་གཉིས་དགོངས་པ་གཅིག་གཏད་དེ་མཛད་ཅིང་། ཚིག་རྣམས་རྒྱ་གཞུང་ཁོ་ནའོ། །དེ་ཡང་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་


CMR023_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྷའི་དབང་པོ་ཉོན་ཅིག །སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན། སྡིག་པ་བྱེད་པ། སྡིག་པ་ཆེན་པོ་བྱེད་པ། དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་སླ་བའི་གྲོལ་བའི་བར་འགྱུར་བས་ཉོན་ཅིག །དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །དེ་ལྟ་ཡང་ནི་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །དབང་བསྐུར་བ་ནི་རབ་ཏུ་བསྔགས། །དེ་ནས་སྡིག་པ་ཀུན་སྦྱོང་སྟེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནས་མྱུར་དུ་རྣམ་པར་ཐར། །སྡིག་ལས་བདག་ཉིད་རྣམ་གྲོལ་ཏེ། །དག་པར་འགྱུར་བའི་ལྷ་རྣམས་ཀྱིས། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནས་རྟག་ཏུ་སངས་རྒྱས་དང་། །ཆོས་སྒྲོལ་བ་ནི་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་སློབ་དཔོན་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་ནས། མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་པས་བདག་བསྐྱེད་ཀྱི་དཀྱིལ་འཁོར་གཙོ་


CMR023_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཐུགས་ཀ་ནས་སློབ་དཔོན་ཉིད་གཙོ་བོའི་སྐུ་རྐྱང་པར་ཐོན་ནས། མདུན་བསྐྱེད་དཀྱིལ་འཁོར་གྱི་ཤར་སྒོའི་གཡོན་དུ་སེང་གེའི་ཁྲི་ལ་བཞུགས་པ་དང་། དཀྱིལ་འཁོར་ལྷ་ཚོགས། སྡོམ་པ་དམ་ཚིག་རྣམས་ཞུ་ནས་བསྲུང་སྙམ་པས་རྗེས་ཟློས་མཛོད། དབང་མེད་བདག་གིས་སོགས་ནས། ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ལན་གསུམ། མགོན་པོ་སངས་རྒྱས་རྣམས་དང་ནི། །སོགས་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། དེ་ནས་སྔགས་ཀྱི་སེམས་བསྐྱེད་འདི་ལྟར་སྒོམས་ལ། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། སུ་ར་སྟེ་ས་མ་ཡ་སྟོ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་དཀར་དམར་མཐིང་གསུམ་འབྲུ་གསུམ་གྱིས་མཚན་པར་སྒོམས་ཤིག །བྷཾ་ཏ་ཧཱུཾ་ཏ་སོགས། ཨོཾ་ཏྲཊ་ཏྲཊ་སོགས། ཨོ་ཚིན་སོགས་བརྗོད། གནས་རྣམས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་རེ་སྒོམས་ཤིག །ཨོཾ་སརྦ་བིད་བཛྲ་ཨ་དྷིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ། ད་བསྔོ་བ་འདི་ཡི་རྗེས་


CMR023_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད། བདག་གིས་དགེ་བའི་རྩ་བ་འདི་ཡང་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །དེང་ཁྱེད་རྣམས་དབང་ཟབ་མོ་ཐོབ་པས་ངན་སོང་དུ་མི་ལྟུང་ཞིང་རིམ་གྱིས་སངས་རྒྱས་ཐོབ་པར་གསུངས་པའི་རྒྱུད་ཚིག་འདི་ཉོན་ལ་ཡིད་སྤྲོ་བ་བསྐྱེད་ཅིག །འཇིག་རྟེན་དུ་ནི་ཀུན་མཁྱེན་དག་སོགས་ནས། དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་པ་སོགས། ད་ཁྱེད་རང་ལ་རྡོ་རྗེའི་གོ་ཁྲབ་བཀོན་ནས་ལུས་ངག་ཡིད་གསུམ་བར་ཆད་ཀྱིས་མི་ཚུགས་པར་སྒོམས་ཤིག །རིམ་གྱིས་སངས་རྒྱས་ཐོབ་པར་གསུངས་འདི་རྒྱུད་ཚིག་འདི་ཉོན་ལ་ཡིད་ལ་སྤྲོ་བ་བསྐྱེད་ཅིག །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨོཾ་བཛྲ་སཏཱ་ཀྲོ་དྷ་སོགས་ནས། པྲ་ཎ་ཎི་ཧཱུྃ་ཕཊ༔ ཞེས་པའི་བར། གསང་སྒྲོག་གི་ཉེས་པ་སྤང་ཕྱིར་གདོང་གཡོགས་ཆིངས་ཤིག །ཨོཾ་བཛྲ་ཡཀྵ་ཧཱུྃ། དཀྱིལ་འཁོར་འདི་ལ་ཕྱག་རྟེན་མེ་ཏོག་གི་ཕྲེང་བ་རེ་གཏད་པར་སྒོམས་ཤིག །ཨོཾ་ཨ་དྷི་ཏིཥྛ་ཧཱུྃ། ཁྱེད་རང་ལ་སྣ་ལེན་གྱི་ཚུལ་དུ་མཆོད་པ་ལྔས་མཆོད་པར་སྒོམས་ཤིག །ཨོཾ་བཛྲ་པུཊྚེ་སོགས་ནས། ནེ་ཝི་དྱ་ཨཱཿཧཱུྃ། ཞེས་པའི་བར་རོ། །རྡོ་རྗེ་འདི་ལ་


CMR023_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འཇུས་ནས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་སྒོམས་ཤིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ད་ཡེ་ཤེས་པ་འབེབས་པ་དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡི་གེ་ཧཱུཾ་གི་རྣམ་པས་ལུས་ལ་ཞུགས་པར་གྱུར། ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཧཱུྃ། མང་དུ་བརྗོད། རོལ་མོ་བྱ། ཡེ་ཤེས་པ་དེ་བརྟན་པར་སྒོམས་ཤིག །ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡ་ཧཱུཾ། རྡོ་རྗེ་སྤྱི་བོར་བཞག །དེ་ཚེ་རབས་ལས་ལ་བརྟག་ཕྱིར་མེ་ཏོག་གི་ཕྲེང་བ་དེ་ལྷ་ཚོགས་ལ་ཕུལ་བར་བསྒོམས་ལ་རྗེས་ཟློས་མཛོད། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཨོ་པྲ་ཏིཙྪ་ས་མ་ཡ་སྟེ། མེ་ཏོག་དོར། ད་རེས་གཙོ་བོའི་དབུ་ཐོག་ཏུ་སོང་ནས་མེ་ཏོག་གི་གདུགས་སུ་གྱུར་པ་དེ་ཁྱེད་རང་གི་སྤྱི་བོར་གནང་བར་སྒོམས་ཤིག །མེ་ཏོག་རིན་ཆེན་གང་དུ་ནི་སོགས་ནས། ཨོ་པྲ་ཏི་ཤྲཱི་ཙྪ་ཧཱུཾ། མེ་ཏོག་མགོར་བཅིངས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བའི་རྡོ་རྗེ་སེམས་དཔའ་བྱོན་ནས་མ་རིག་པའི་ལིང་ཏོག་བསལ་བར་སྒོམས་ཤིག །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །སོགས་ནས། ཨོཾ་བཛྲ་སྤརྨེ་ཧོ༔ མིག་དར་བསལ་བས་ལྷ་ཚོགས་ཀྱི་ཞལ་མངོན་སུམ་དུ་མཐོང་བར་སྒོམས་


CMR023_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །བཅོམ་ལྡན་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧྲི་ད་ཡ་མ་པྲ་ཝེ་ཤ་ཡ་དྲིབྷོ་ཏིཥྛ་ཧཱུྃ། ད་ནི་སྲོག་ལ་བབ་ཀྱང་དམ་ཚིག་བསྲུང་སྙམ་པ་གྱིས་ལ་དམ་ཆུ་འདི་འཐུངས་ཤིག །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་སོགས་ནས། བདག་གིས་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པའི་བར། དེས་དཀྱིལ་འཁོར་དུ་འཇུག་པ་སོང་ནས། དངོས་གཞི་དབང་བཅུ་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས། དཀྱིལ་འཁོར་ལྷ་རྣམས་ཀྱི་ཐུགས་ཀ་ནས། སྔགས་གསེར་གྱི་ཁ་དོག་ལྟ་བུ་འཕྲོས། ལུས་ཐམས་ཅད་ཡིག་འབྲུས་གང་བར་སྒོམས་ཤིག །སྤྱི་བོར་རྡོ་རྗེ་བཞག་ལ་རྩ་རིག་དང་རིགས་བཞི་ཡུམ་བཞིའི་སྔགས་བརྗོད། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ཞིང་དབང་ཚིག་གསུངས་པས། རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ལས་ཡུམ་བཞི་འཕྲོས་ནས་དབང་རྫས་རྣམས་ཀྱིས་དབང་སྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སྒེག་སོགས་རྣམས་ཀྱིས་རྡོ་


CMR023_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གླུ་ལེན། ཁྲོ་བོ་བརྒྱད་ཀྱིས་བགེགས་བསྲེགས་ཤིང་དབང་སྐུར་བར་སྒོམས་ཤིག །རིན་ཆེན་མཛེས་པའི་དབུ་རྒྱན་མེ་ཏོག་ཕྲེང་༔ དར་གྱི༴ རིགས་ལྔའི༴ ཀུན་རྫོབ་མཚན༴ མིང་དབང་། ཀྱེ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ད་སྨིན་པར་བྱ་བ་སློབ་མའི་དབང་དངོས་སོང་ནས། སྨིན་ཅིང་གྲོལ་ནས་གཞན་དོན་བྱེད་པ་སློབ་དཔོན་གྱི་དབང་གི་དོན་དུ། དབང་སྟེགས་པདྨ་དཀར་པོའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པའི་ནང་དུ། ཨོཾ་སྭ་བྷཱ་ཝ་སོགས། པཾ་ལས༴ སངས་རྒྱས་ཀུན་བས༴ སྣ་ཚོགས་རྡོ་རྗེ་ལག༴ ཡོན་ཏན་རབ༴ རིགས་ལྔའི་བདག༴ ཡུམ་ལྔའི་༴ རིགས་ལྔའི་ཕྱག་རྒྱ༴ དེ་ནས་སློབ་དཔོན་གྱིས་དབང་དངོས་སོང་ནས་དཀྱིལ་འཁོར་གྱི་དེ་ཉིད་དང་རྡོར་དྲིལ་གྱི་དམ་ཚིག་བྱིན་པར་བསྒོམས་ཤིག །སངས་རྒྱས་ཀུན་གྱི་བྱང་ཆུབ༴ སོགས། ཧཱུྃ། ཐོག་མཐའ་མེད་པའི་སོགས། སྲིད་པ་སོགས། དེ་བཞིན་གཤེགས་པ་ཀུན་སོགས། དེ་རིང་ཕན་ཆད་སོགས། དེས་དབང་རྫོགས་པར་ཐོབ་ནས་རྒྱལ་བུ་རྒྱལ་སར་འདོན་པ་ལྟར། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རིམ་པར་གནང་བར་སྒོམས་ཤིག །ལྷ་རྫས་


CMR023_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན༴ གཟུགས༴ གང་ཡང༔ ཡན་ལག༴ ཐོ་རངས་དུས་སུ༴ འགྲོ་དང་༴ དེ་ལྟར་དབང་ཐོབ་ནས་དམ་ཚིག་བསྲུང་དགོས་པས། དམ་ཚིག་འདི་། རྣམས་ཉོན་ཅིག །ཕན་ཡོན་འདི་རྣམས་ལ་སྤྲོ་བ་བསྐྱེད་ཅིག །ཚེ་འདིའི་བདེ་བ་མ་ལུས་དང་། །སོགས་ནས། བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །འོ་དམ་ཚིག་དེ་རྣམས་ད་ལྟར་ཅི་ནུས་སུ་སྲུང་ཞིང་། རྟོགས་པ་ཇེ་མཐོ་རུ་སོང་བའི་ཚེ། རིམ་གྱིས་མཐར་ཇི་ལྟ་བ་བཞིན་བསྲུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སོགས། དེ་དག་ཐམས་ཅད༴ སོགས་ལན་གསུམ། ས་གཞི་སྤོས་སོགས། དེང་ནས་བརྩམས་ཏེ་སོགས་བརྗོད་དེ་ལྟར་སོགས་བརྗོད། དེ་ལྟར་དབང་ཚར་ནས་རང་ཉིད་བདག་བསྐྱེད་ཀྱི་གཙོ་བོའི་ཐུགས་ཀར་ཞུགས་པར་སྒོམས། བདག་འཇུག་ལེན་དུས་ཀྱང་བདག་བསྐྱེད་ཀྱི་ཐུགས་ཀ་ནས་རང་ཐ་མལ་པའི་ལུས་སུ་ཐོན་ནས་མདུན་བསྐྱེད་ཤར་སྒོའི་དྲུང་དུ་གནས་ཏེ། མདུན་བསྐྱེད་གཙོ་བོ་དང་བླ་མ་ཐ་མི་དད་པ་ལ་དབང་ཞུས་ནས། སླར་བདག་བསྐྱེད་གཙོ་བོའི་ཐུགས་ཀར་ཞུགས་ཏེ། ང་རྒྱལ་བཛྲ་བཟུང་སྟེ་བཛྲ་དྷ་ར་སོགས་བརྗོད་པ་ཡིན་ལ། དེ་བཞིན་ལང་


CMR023_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་དང་ཆུ་གཅིན་དུས་ཀྱང་བདག་བསྐྱེད་ཐུགས་ཀ་ནས་རང་ཐ་མལ་པའམ། གཙོ་རྐྱང་ངམ། རྡོ་རྗེ་སེམས་དཔའ་གཙོ་རྐྱང་དུ་ཐོན་ནས་ཁྲུས་བྱ་ཞིང་ཆབ་བླངས་ལ། ཀར་ཞུགས་ལ་འདོན་པའི་འཕྲོ་བཟུང་བ་རྣལ་འབྱོར་ལུགས་སོ། །ཞེས་བླ་མ་རྒྱལ་མཚན་གྱིས་བསྐུལ་ནས་འཕྲལ་དུ་རཱ་ག་ཨ་སྱས་བྲིས། མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousཀུན་རིག་གི་མཚམས་སྦྱོར་བྱ་བའི་རིམ་པ།next