Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
རྣམ་གྲོལ་སྒོ་ཆེན་གྱི་བཤད་པ་ཐར་འདོད་གྲོལ་སྡེ་ལས་བསྡུས་པ་རྣམ་གྲོལ་སྒོ་འབྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་གྲོལ་སྒོ་ཆེན་གྱི་བཤད་པ་ཐར་འདོད་གྲོལ་སྡེ་ལས་བསྡུས་པ་རྣམ་གྲོལ་སྒོ་འབྱེད།next

རྣམ་གྲོལ་སྒོ་ཆེན་གྱི་བཤད་པ་ཐར་འདོད་གྲོལ་སྡེ་ལས་བསྡུས་པ་རྣམ་གྲོལ་སྒོ་འབྱེད།


CMR023_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་སྒོ་ཆེན་གྱི་བཤད་པ་ཐར་འདོད་གྲོལ་སྡེ་ལས་བསྡུས་པ་རྣམ་གྲོལ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།


CMR023_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་སརྦ་བིད་ཡེ། འོག་མིན་གནས་སུ་རྣམ་སྣང་གངས་ཆེན་མཚོ། །མི་མཇེད་ཞིང་དེར་ཤཱཀ་ཐུབ་བྱེ་བ་བརྒྱ། །སྤྲུལ་མཛད་སྤྱན་རས་གཟིགས་དབང་ཀརྨ་པ། །དབྱེར་མེད་ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །དེ་ཡི་རིང་ལུགས་རྣམ་གྲོལ་སྒོ་ཆེན་ལས། །ཉེར་མཁོའི་བཤད་པ་གནད་འགག་འདིར་བསྡུ་བྱ། །དེ་ལ་འདིར་ནི་ཐེག་པ་ཆེ་ཆུང་གཉིས་ལས། ཐེག་ཆེན་རྒྱུད་སྡེ་བཞི་ལས་རྣལ་འབྱོར་རྒྱུད་ཡིན་ལ། དེ་ལ་ཡང་རྩ་རྒྱུད་དང་བཤད་རྒྱུད་ཆ་མཐུན་རྒྱུད་གསུམ་ལས། འདི་འཕྲོས་པ་ཆ་མཐུན་རྒྱུད་ཡིན་ལ། རྒྱུད་གསུང་པ་པོ་ཡང་སློབ་དཔོན་ཤཱཀྱ་བཤེས་གཉེན་


CMR023_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྒྱལ་བུ་དོན་གྲུབ་ནི་རཛྙཱ་ནའི་འགྲམ་དུ་རྣམ་སྨིན་གྱི་ལུས་བཞག་ནས་ཡིད་ལུས་འོག་མིན་དུ་སངས་རྒྱས། སྤྲུལ་སྐུའི་རི་རབ་རྩེར་སྦྱོང་རྒྱུད་གསུངས་ནས་སླར་ལུས་ལ་ཞུགས་ཏེ་སངས་རྒྱས་ཚུལ་བསྟན་པར་གསུངས་ལ། སློབ་དཔོན་ཀུན་སྙིང་ནི། བྱང་ཆུབ་སེམས་དཔའ་དོན་གྲུབ་དེ་མངོན་བྱང་ལྔའི་སྒོ་ནས་འོག་མིན་དུ་ལོངས་སྐུར་སངས་རྒྱས་ནས་བཞུགས་བཞིན་དུ། སྤྲུལ་སྐུ་རྣམ་སྣང་རི་རབ་རྩེར་བྱོན་ནས་རྣལ་འབྱོར་རྒྱུད་གསུངས་ཏེ། རྩ་རྒྱུད་དེ་ཁོ་ན་ཉིད་བསྡུས་པའི་དང་པོ་རྡོར་དབྱིངས་རྩ་བའི་དཀྱིལ་འཁོར། གཉིས་པ་འཇིག་རྟེན་གསུམ་རྒྱལ་གྱི་དཀྱིལ་འཁོར།


CMR023_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སྤྱན་རས་གཟིགས་འགྲོ་བ་འདུལ་བའི་དཀྱིལ་འཁོར། བཞི་པ་ནམ་མཁའི་སྙིང་པོ་དོན་གྲུབ་ཀྱི་དཀྱིལ་འཁོར་ཏེ་དུམ་བུ་བཞི་དང་། དེའི་ཕྱི་མ་དང་ཕྱི་མའི་ཕྱི་མ་ཡང་གསུངས་ཤིང་། བཤད་རྒྱུད་རྡོ་རྗེ་རྩེ་མོ་དང་ཐམས་ཅད་གསང་བ་དང་། དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་དང་གསུམ་གསུངས། དེ་ནས་ཆ་མཐུན་རྒྱུད་ཤེར་ཕྱིན་རྒྱུད་བཅུ་བདུན་པ་དང་། སྐུ་གསུང་ཐུགས་ཀྱི་རྒྱན་བཀོད་པའི་རྒྱུད་དང་། གསང་བ་ནོར་བུ་ཐིག་ལེའི་རྒྱུད་རྣམས་ཡིན་ལ། སྦྱོང་རྒྱུད་འདི་ནི་འཕྲོས་པ་ཡན་ལག་གི་རྒྱུད་ཡིན་ཏེ། རྩ་རྒྱུད་དུམ་བུ་དང་པོའི་ངན་འགྲོ་འགུགས་ཤིང་དལ་བའི་ཆོ་ག་ལས་འཕྲོས་པའི་ཕྱིར་རོ། །དེ་ཡང་གནས་སུམ་ཅུ་རྩ་གསུམ་ལྷའི་གནས་ཀྱི། ཚལ་བཞིའི་ནང་ནས་དགའ་བའི་ཚལ་གྱི་གཞལ་ཡས་ཁང་དུ། སྟོན་པ་རྣམ་སྣང་ལ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་དང་འཇིག་རྟེན་སྐྱོང་བ་རྣམས་དང་ཐབས་ཅིག་ཏུ་པདྨོའི་གདན་ལ་བཞུགས་པའི་ཚེ། ངན་སོང་སྦྱོང་བའི་ཏིང་ངེ་འཛིན་ལ་བཞུགས་པས་མཛོད་སྤྱིའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་འཆིང་བ་གྲོལ་ནས་བདེ་བ་སོ་སོར་ཐོབ་ནས་དགའ་བའི་ཚལ་སྣང་བར་བྱས་སོ། །དེའི་ཚེ་བརྒྱ་བྱིན་ངོ་མཚར་དུ་


CMR023_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས་ལྷའི་བུ་དྲི་མ་མེད་པའི་འོད་གར་སྐྱེས་གསོལ་ནས། མནར་མེད་དུ་སྐྱེས་པའི་སྡུག་བསྔལ་གསུངས་པས་ལྷ་རྣམས་འཇིགས་ཤིང་སྐྲག་སྟེ་སྐྱོབ་པར་ཞུས་པས། ཀུན་རིག་རྩ་བའི་དཀྱིལ་འཁོར་ལ་བརྟེན་ནས། རོའམ་མིང་ཡིག་སོགས་ལ་བརྟེན་ནས་ངན་སོང་སྦྱོང་ཐབས་གསུངས་པས། བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱིས་ཆོ་ག་བྱས་པས། དྲི་མ་མེད་པའི་འོད་མནར་མེད་ནས་ཐར་ཏེ་དགའ་ལྡན་དུ་སྐྱེས་ནས་ལྷ་རྣམས་ངོ་མཚར་ཏེ་ཆེད་དུ་བརྗོད་དོ། །ལྷའི་བུ་དེ་དྲིན་ལན་བསབ་ཕྱིར་དེར་འོང་ནས་མཆོད་ཅིང་ཆེད་དུ་བརྗོད་དོ། །དེ་ནས་བརྒྱ་བྱིན་གྱིས་ཆོ་གའི་ཕན་ཡོན་ཞུས་པས་བཀའ་བསྩལ་པ་ན། ངོ་མཚར་སྐྱེས་ཏེ་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་བསྲུང་བར་ཁས་བླངས་པ་ནི་རྟག་པ་དང་པོ་རྩ་བའི་དཀྱིལ་འཁོར་རོ། །དེ་ནས་ཕྱག་ན་རྡོ་རྗེས་སྟོན་པ་ལ་ཕྱག་འཚལ་ཏེ་ཏིང་ངེ་འཛིན་ལ་བཞུགས་ནས་རྟོག་པ་ཕྱི་མའི་དཀྱིལ་འཁོར་བཅུ་གཅིག་གསུངས་པས། ལྷ་རྣམས་ཡི་རང་ནས་མཚན་བརྒྱས་བསྟོད་དོ། །ངན་སོང་སྦྱོང་བའི་རྒྱལ་པོ་རྟག་པ་ཕྱོགས་གཅིག་པ་གཙུག་དགུའི་རྒྱུད་ནི་གླེང་གཞི་གོང་དང་འདྲ་ཞིང་ཕན་ཡོན་སོགས་རྒྱ་ཆེར་གསུངས་སོ། །དེ་ལྟ་བུའི་རྒྱུད་དེ་མི་ཡུལ་དུ་དར་ཚུལ་ནི་འཁོར་


CMR023_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྡོམ་པའི་རྒྱུད་ཕྱི་མར། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་ཉི་ཤུ་རྩ་བརྒྱད་ནས། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཕྱག་ན་རྡོ་རྗེས་གནང་བར་བྱེད། །ཅེས་གསུངས་པ་ལྟར་རྒྱ་གར་ཤར་ལྷོ་ཟ་ཧོར་ཡུལ་དུ་རྒྱལ་པོ་རབ་གསལ་ཟླ་བ་ཞེས་སམ་ཨིནྡྲ་བྷོ་དྷིའམ་རྒྱལ་པོ་ཛ་ཞེས་བྱ་བ་ཕྱག་རྡོར་གྱིས་བྱིན་གྱིས་བརླབས་ནས། གླེགས་བམ་གྱི་ཆར་པ་ལ་སོགས་པ་ངོ་མཚར་བའི་རྨི་ལྟས་བདུན་བྱུང་ཞིང་ཕོ་བྲང་ཉི་རྩེར་རིན་པོ་ཆེ་སྨུག་པོ་ལས་རང་བྱུང་གིས་ཕྱག་རྡོར་སྐུ་ཁྲུ་གང་བ་གཅིག་དངོས་སུ་བབ་ཅིང་འཇའ་འོད་དང་མེ་ཏོག་གི་ཆར་བབས་སོ། །དེར་རྒྱལ་པོས་སྐུ་དེ་སྤྱི་བོར་བླངས་ཤིང་ཟླ་བ་བདུན་བསྒྲུབས་པས་རྣལ་འབྱོར་རྒྱུད་ལ་སོགས་པ་མདོ་སྡེ་བཅོ་བརྒྱད་ལ་སོགས་པ་གསང་སྔགས་ཀྱི་གླེགས་བམ་ཆར་བབས་ནས་གཟིགས་པས་དོན་རྟོགས་ནའང་གཞན་རང་བཟོར་འཇུག་པ་བཀག་ཕྱིར་མི་མཁྱེན་པའི་ཚུལ་བྱས་ནས། སློབ་དཔོན་ཀུ་ཀུ་རི་པ་སྤྱན་དྲངས་པ་ལ་ཀུ་ཀུ་རི་པས་གླེགས་བམ་རྣམས་དང་པོར་ཕར་བླངས་ནས་


CMR023_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པས་གར་ལྟ་ཆ་མ་བྱུང་ནས་སྨེ་སྔགས་བཏོན་པས། རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་ནས་ཅི་འདོད་གསུངས་པས། འདི་དག་བལྟས་པ་ཙམ་གྱིས་ཤེས་པར་འདོད་ཞུས་པས་དེ་བཞིན་དུ་གནང་ངོ་གསུངས་པས། གླེགས་བམ་རྣམས་མ་ཕྱེས་པར་དོན་ཐམས་ཅད་ཤེས་ནས་རྡོར་སེམས་ཞལ་མཐོང་སྟེ་ལེའུ་གོ་སྟེ་རྒྱལ་པོ་ལ་ཐམས་ཅད་བཤད། རྒྱལ་པོས་ལྷོ་ཕྱོགས་དཔལ་གྱི་རི་ནས་ཕྱག་ན་རྡོ་རྗེ་དངོས་དང་མཇལ་ཏེ། རྡོར་དབྱིངས་སོགས་ཀྱི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར། རྒྱུད་རྣམས་ཀྱི་ལུང་གནང་། རྡོ་རྗེ་སེམས་དཔས་ལུང་བསྟན་པ་ལྟར་རྒྱལ་པོ་འཁོར་བཅས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྒྲུབ་ཆེན་ལྟར་བསྒྲུབས་པས་རིག་འཛིན་ཐོབ་ནས། རྒྱལ་བུ་ཤཱཀྱ་པུ་ཏི་རྒྱལ་ཚབ་ཏུ་དབང་སྐུར། ཀུ་ཀུ་རི་པས་མན་ངག་བསྟན་ཞིང་བསྒོམས་པས་ཡབ་རྒྱལ་པོ་འཁོར་ཚོམ་བུ་དང་བཅས་མཁའ་སྤྱོད་དུ་གཤེགས། དེ་ནས་ཤཱཀྱ་པུ་ཏིས་ཀྱང་འཁོར་བདུན་བརྒྱ་དང་བཅས་པ་རིག་འཛིན་གྱི་གནས་སུ་གྲུབ་#པ་ཐོབ། རྒྱལ་པོ་དེས་སྲས་ཆུང་བ་སྟེ་སྲས་མོ་གོ་མ་དེ་ཝི་ལ་གདམས་པས་སྲས་མོ་འཁོར་བརྒྱ་ཕྲག་དང་བཅས་པ་རིག་འཛིན་གྲུབ་པ་ཐོབ་བོ། །དེས་ཀླུ་སྒྲུབ། ཀླུ་དབྱངས། ཡེ་ཤེས་


CMR023_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། ཀུན་སྙིང་ལའོ། །ཡང་རྒྱལ་པོ་རབ་གསལ་ཟླ་བས། སྒྲ་གཅན་འཛིན་བཟང་པོ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། རབ་འབྱོར་སྐྱོང་བཞི་ལ་གསུངས་ཤིང་། དེ་བཞི་ཀའི་སློབ་མ་ཀུན་དགའ་སྙིང་པོ་ཡིན་ནོ། །གླེགས་བམ་ཆར་བབ་ཀྱི་གཏམ་རྒྱུད་འདི་ནི་ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་རྒྱ་འགྲེལ་ལས་བྱུང་བས་ཁུངས་བཙུན། ཁ་ཅིག་ལོ་རྒྱུས་འདི་མི་འཐད་ཟེར་ཡང་སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་ལ་ཡང་བྱུང་ཞིང་། ལོ་ཙཱ་ཟུ་དགའ་རྡོར་གྱིས་ནཱ་ལེནྡར་པོ་ཏིའི་ཆར་བབ་ཚུལ་ལོགས་རིས་བྲིས་པ་ཡང་མཐོང་གསུངས་པས་ཐེ་ཚོམ་མེད་དོ། །རྒྱུད་དེའི་དོན་བཀྲལ་ཚུལ་ནི། གྲུབ་བརྒྱའི་བསྟོད་པར། སྒྲོལ་མ་དཀར་མོས་བྱིན་གྱིས་བརླབས་སོ། །རྣལ་འབྱོར་རྒྱུད་ལ་འགྲེལ་བཤད་མཛད། །ཀུན་དགའ་སྙིང་པོ་ཞེས་བྱ་བའི་། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཨཱ་ལི་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །ཅེས་ལུང་བསྟན་ཅིང་མཆོག་གི་དངོས་གྲུབ་ཐོབ་ལ་རིག་པའི་གནས་ལ་མཁས་པའི་པཎྜི་ཏ་རྡོ་རྗེ་སེམས་དཔའ་དང་བར་ནས་བརྒྱུད་པ་གཉིས་ལས་མེད་པ་དེས། རྩ་རྒྱུད་ཀྱི་


CMR023_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་དེ་ཉིད་སྣང་བ་སྟོང་ཕྲག་བཅོ་བརྒྱད་པ་དང་། རྡོར་དབྱིངས་དཀྱིལ་ཆོག་རྡོ་རྗེ་འབྱུང་བ་དང། འཇིག་རྟེན་གསུམ་རྒྱལ་གྱི་དཀྱིལ་ཆོག་འཇིག་རྟེན་གསུམ་རྒྱལ་འབྱུང་བ་ཤོ་ལོ་ཀ་སྟོང་ཉིས་བརྒྱ་ལྔ་པ་འབྱུང་བ། འགྲོ་འདུལ་དང་དོན་འགྲུབ་སྒྲུབ་ཐབས་རྡོ་རྗེ་འབྱུང་བ་དང་། རྡོར་སེམས་སྒྲུབ་ཐབས་མཛད་ལ་སེམས་བྱུང་ཆེ་ཆུང་དུ་གྲགས། དཔལ་མཆོག་གི་འགྲེལ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབྱུང་བ། ཞེས་པ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པ་སྟོང་ཕྲག་བཅུ་གཉིས་པ་དང་། དེའི་སྒྲུབ་དཀྱིལ་རྣམ་སྣང་རྒྱུད་དྲྭའི་རྒྱུད་འགྲེལ་ཤེར་ཕྱིན་དཀྱིལ་ཆོག་སོགས་རྣལ་འབྱོར་རྒྱུད་ཀྱི་འགྲེལ་པ་བརྒྱ་རྩ་བརྒྱད་པོ་མཛད་དོ། །དོན་ཚིག་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་ཞེས་བྱའོ། །ཡང་ན་འཇམ་དཔལ་ནས་བརྒྱུད་ལུགས་ནི། སློབ་དཔོན་བྷུདྡྷ་གུབ་ཞེས་བྱ་བའི་པཎྜི་ཏ་གཅིག་གིས་ལོ་བདུན་བསྒྲུབས་པས་འཇམ་དཔལ་ཞལ་མཐོང་། མཆོག་གི་དངོས་གྲུབ་ཐོབ་སྟེ། དེ་ཉིད་བསྡུས་པ་རྩེ་མོ་དཔལ་མཆོག་བསྡུས་པ་སོགས་ཀྱི་དབང་དང་བཤད་པ་འཇམ་དཔལ་ལས་དངོས་སུ་གསན། དེ་ནས་ཡན་ལག་མེད་པའི་རྡོ་རྗེ། གྲུབ་པའི་རྡོ་རྗེ། འཇམ་པའི་རྡོ་རྗེ།


CMR023_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་ང་རོ། དཔེ་མེད་རྡོ་རྗེ། ཝན་གི་བཛྲ། ཁུ་བྱུག་རྡོ་རྗེ། པདྨ་རྡོ་རྗེ་མྱུ་གུ། རྒྱལ་པོ་ཨིནྡྲ་བོ་དྷི། སྣང་བའི་རྡོ་རྗེ། ཨུ་རྒྱན་གྱི་བུ་མོ་གསང་བའི་རྡོ་རྗེ་མ། ཨོ་དི་ཤའི་རྒྱལ་པོ་བྷི་སུ་ཀལྤ། རྒྱལ་རིགས་ས་ར་ཧ། ཉི་མའི་སྙིང་པོ། དེ་ལ་སློབ་མ་བཅུ་གཅིག་རྒྱས་ཏེ། ཀུན་དགའ་སྙིང་པོ་དང་། འཇམ་དཔལ་གྲགས་པ་དང་། དབང་ཕྱུག་དཔལ་འདུས་དང་། གཙུག་ཏོར་རྡོ་རྗེ་དང་། བློ་གྲོས་བརྟན་པ་དང་། བློ་གྲོས་འབྱུང་གནས་དང་། ཨུ་རྒྱན་གྱི་དགེ་སློང་ཡོན་ཏན་འབྱུང་གནས་དང་། ཟླ་བ་གྲགས་པ་དང་། །མར་མེ་མཛད་དོ། །གང་པོ་དང་། བིདྨ་མི་ཊ་དང་། རབ་འབྱོར་སྐྱོང་རྣམས་སོ། །ཡང་རྒྱལ་རིགས་ས་ར་ཧ་ནས་རྡོ་རྗེ་དྲི་མེད། གྲུབ་པའི་ཡེ་ཤེས། སློབ་དཔོན་སངས་རྒྱས་སྡེ་ལ་བརྒྱུད་དེ། སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་སློབ་དཔོན་སངས་རྒྱས་སྡེ་དང་། ཀང་ཀ་ནིར་དང་། ཏྲ་མི་ཏྲ་དང་། དབང་ཕྱུག་དཔལ་འདུས་ཆོས་ཀྱི་རྡོ་རྗེ་དང་། གཙུག་ཏོར་རྡོ་རྗེ་དང་། རྒྱལ་པོ་ཨིནྡྲ་བྷུ་ཏི་དང་། བློ་གྲོས་བརྟན་པ་དང་། བློ་གྲོས་འབྱུང་གནས་སོགས་སློབ་དཔོན་བཅུ་ལ་ཞུས་ཤིང་མཁས་པར་སྦྱངས་ནས། དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་


CMR023_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལའི་རྒྱུན་མཛད་ཅིང་ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན་ཞེས་གྲགས་སོ། །དེ་ཡང་སློབ་དཔོན་སངས་རྒྱས་གསང་བས་བལ་ཡུལ་དུ་འཇམ་དཔལ་བསྒྲུབས་པས་ཤེས་རབ་ཆེ་བར་གྱུར་ཏོ། །སངས་རྒྱས་གསང་བ་སྔ་མའི་སློབ་རྒྱུད་བདུན་པར་རྡོ་རྗེ་མྱུ་གུ་ལ་རྡོ་རྗེ་རྣལ་འབྱོར་རྒྱུད་གསན་ནས་གངས་ཏི་སིར་བསྒྲུབས་པས་སྒྲུབ་པའི་གྲུབ་པ་ཐོབ་སྟེ། དོན་ལ་མཁས་པ་སངས་རྒྱས་བཤེས་གཉེན་ཞེས་གྲགས་སོ། །ཡང་ཀུན་སྙིང་གིས་གྲོགས་མཆེད་ཉི་མའི་སྙིང་པོའི་སློབ་མ་འཇམ་དཔལ་གྲགས་པ་ནི་འཁྲུངས་མ་ཐག་ནས་ཚིགས་སུ་བཅད་པ་མང་པོ་དང་། ང་ནི་འཇམ་དཔལ་གྲགས་པའོ། །གསུངས་ཤིང་ཕྱག་མཐིལ་དུ་རལ་གྲིས་མཚན་པའོ། །དེ་ཡང་དུས་མཚུངས་པར་བྷ་ག་ལར་ཕྱག་ན་རྡོ་རྗེ་བྱ་བ་དང་། རྒྱལ་པོ་མ་ར་ལའི་སྲས་འཇིག་རྟེན་དབང་ཕྱུག་བྱ་བ་ཡང་འཁྲུངས་པར་གསུངས་ཤིང་། འཇམ་དཔལ་གྲགས་པས་ཀླུ་སྒྲུབ་སོགས་བླ་མ་བདུན་བསྟེན། འཇམ་དཔལ་བསྒྲུབས་པས་དངོས་སུ་མཇལ། རྣལ་འབྱོར་ཆེན་པོའི་རྒྱུད་འགྲེལ་མཛད། དེ་ཡི་སློབ་བརྒྱུད་དཔལ་སྦས་བཟང་པོ། བྲམ་ཟེ་ཡེ་ཤེས། པཎྜི་ཏ་ཤེས་རབ་འབྱུང་གནས། བྲམ་ཟེ་བཞད་པའི་རྡོ་རྗེ། པདྨ་ཀ་ར། ཤྭ་དྷ་


CMR023_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རྣམས་ལས་བརྒྱུད་དོ། །ཡང་འཇམ་དཔལ་བཤེས་གཉེན་གྱིས་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲོལ་བའི་འགྲེལ་བཤད་སྒྲུབ་ཐབས་མང་དུ་མཛད་ནས། སངས་རྒྱས་ཡེ་ཤེས་ཞབས་དང་སྒེག་པའི་རྡོ་རྗེ་ལ་བཤད་དེ། སྒེག་པའི་རྡོ་རྗེ་དང་བྱང་ཆུབ་སྐལ་ལྡན་ནོར་བུ་གླིང་པ་གསུམ་ནི་མཚན་གྱི་རྣམ་གྲངས་སོ། །ནོར་བུ་གླིང་པ་དེས་འཇམ་དཔལ་ལ་གསན་ནས་མཚན་བརྗོད་སྒྲུབ་ཐབས་བཤད་པ་སོགས་མཛད་དེ། སུརྱ་སེང་ཧ། ས་བྱ་ཆོས་ཀྱི་རྡོ་རྗེ། མུ་ཏྲ་པི་གྱི། དེ་ཝི་ཤྭ་ར་དཔེ། ཤིནཾ་གནྡཱ་དང་། སྨྲ་ཏི་ཛྙཱ་ན་གཉིས་ལ་བཤད། ཤིནྟཾ་གནྡྷ་བས་ཉི་མའི་དངོས་གྲུབ་ལ་བཤད། དེ་རྣམས་ཀྱིས་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་བ་སོགས་རྣལ་འབྱོར་རྒྱུད་དར་བར་མཛད་དེ། དེ་ནས་བོད་དུ་རྣལ་འབྱོར་རྒྱུད་དར་ཚུལ་ནི། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུས་སངས་རྒྱས་གསང་བ་གངས་ཏི་སེར་བཞུགས་པ་གདན་འདྲེན་བཏང་བས་མ་བྱོན་ནས། རྡོར་དབྱིངས་སྒྲུབ་ཐབས་རྣམ་སྣང་མངོན་བྱང་གི་སྒྲུབ་ཐབས་བསྡུས་དོན་། རྒྱ་ཆེར་འགྲེལ་གྱི་ཚད་མ་རྣམ་པར་བཞག་པ། བསམ་གཏན་ཕྱི་མའི་རྒྱ་ཆེར་འགྲེལ་དང་གསུམ་མཛད་དེ་སྤྲིངས་ཡིག་དང་བཅས་པ་བསྐུར། དེ་དག་ལོ་ཙཱ་བས་བསྒྱུར་བས་རྒྱལ་


CMR023_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཉེས་ནས་འབུལ་བ་བསྐུར་བ་ན། སྦྱོང་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ་བམ་པོ་སུམ་ཅུ་པ། དཀྱིལ་འཁོར་སྤྱིའི་ཆོས་མདོར་བསྡུས་རྣམས་མཛད་ནས་བསྐུར། དེའི་སློབ་བརྒྱུད་སློབ་དཔོན་རྡོ་རྗེ་ཞེས་བྱ་བས་རྒྱུད་དོན་ལ་འཇུག་པའི་རྒྱ་ཆེར་འགྲེལ་ཡང་བྱས་སོ། །ཡང་དེ་དུས་ཤཱཀྱ་བཤེས་གཉེན་གྱི་སློབ་རྒྱུད་དྷརྨ་ཤྲཱིརྟི་སྤྱན་དྲངས་ནས་རྒྱལ་པོ་ལ་རྡོར་དབྱིངས་སོགས་ཀྱི་དབང་བསྐུར་རྒྱུད་བཤད་པས་ཡོ་གའི་ལྷ་ཚོགས་སློབ་དཔོན་དེའི་ལུགས་སུ་བཞེངས་པས། སློབ་དཔོན་ཤིནྟཾ་གནྡྷ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་སྦྱོང་བསྒྱུར། ཕྱིས་རྨ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། སློབ་དཔོན་ཤིནྟཾ་གནྡྷ་སྦྱོང་རྒྱུད་ལ་བརྟེན་ནས་མཆོད་རྟེན་རྣལ་འབྱོར་རྒྱུད་དང་མཐུན་པར་སྒྲུབ་པ་མཛད། པཎྜི་ཏ་དེའི་གསུང་སྒྲོས་ལོ་ཙཱ་བའི་ཟིན་བྲིས་བྱས་པ་འབྲུ་འགྲེལ་རྒན་པོ་བྱ་བ་ཡོད་དོ། །དེ་ལ་ཀུན་རིག་སྒོ་སུམ་སྦྲགས་ཀྱི་ཕྱི་མ་ཟླུམ་པོར་བྱས་པ་འབྱུང་སྟེ་དེའི་དབང་རྒྱུན་ཡང་ཡང་བྱུང་ངོ་། །རྨ་རིན་ཆེན་མཆོག་གིས་སྦྱོང་རྒྱུད་ཀྱི་བརྒལ་ལན་ཞེས་བྱ་བ་མཛད་དོ། །དེ་ནས་བསྟན་པ་ཕྱི་དར་སྐབས་སུ་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་


CMR023_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གཉིས་ཁ་ཆེར་བྱོན་ནས། མཁན་པོ་ཙནྡྲ་ཧ་རི་དང་། པཎྜི་ཏ་པདྨ་ཤོ་དྷ་ར་ཝརླ་ལ་རྡོར་དབྱིངས་སོགས་རྣལ་འབྱོར་རྒྱུད་དབང་ཆོས་ཞུས། ལྷ་བཙུན་པས་བསྐུལ་ནས་པཎྜི་ཏ་བྲ་དྷ་ཀ་ར་དང་། པདྨ་ཀ་ར་དང་། པྲཛྙཱ་ཀ་ར་དང་། ཀ་མ་ལ་གུཔྟ་དང་། དྷརྨ་ཤྲཱི་བྷ་དྲ་དང་། ཀ་ན་ཀ་ཝརྨ་རྣམས་ཀྱང་། རྩ་རྒྱུད་དེ་ཉིད་འདུས་པ་དེའི་ཕྱི་མ་ཀུན་སྙིང་གིས་དགོངས་པ་བཀྲལ་བ་རྒྱུད་ཕྱི་མའི་ཕྱི་མ། རྡོ་རྗེ་འབྱུང་བ་ཐུང་འབྱུང་གི་སྒོམ་བཟླས་སོགས་བསྒྱུར། གཞན་ཡང་མང་དུ་བསྒྱུར། སླར་ལོ་ཆེན་ཁ་ཆེར་བྱོན་ནས་ཡོ་གའི་སྐོར་མང་དུ་བསྒྱུར། འདི་ཡན་ལ་སྒྲུབ་ཐབས་ཀུན་སྙིང་ལུགས་དང་། བཤད་པ་ཤཱཀྱ་བཤེས་གཉེན་ལུགས་སུ་བྱེད་དེ། གཙོ་བོ་རྣམ་སྣང་མི་བཞི་རྒྱབ་སྤྲོད་ལྟར་འདོད་དོ། །རྒྱུད་པ་ཡང་ཤྲ་དྷ་ཀ་ར་ལ་བྱེད་དོ། །དེ་ནས་ལོ་ཆེན་ཁ་ཆེར་ལོ་གསུམ་བྱོན་པའི་རྒྱབ་རེས་སློབ་དཔོན་སངས་རྒྱས་ཞི་བ་ལས། ཀུན་སྙིང་གི་ལུགས་ཇི་ལྟ་བ་ཐོབ་སྟེ་འགྲེལ་པ་སོགས་བསྒྱུར། སྦྱོང་རྒྱུད་ཀྱི་དཀྱིལ་ཆོག་ཚགས་མེད་རྒྱལ་པོས་མཛད་པ་དང་། རྒྱུད་རྐྱང་གི་སྟེང་ནས་འབྱུང་བ་བཀབ་པའི་དབང་རྐྱང་དང་། ཆགས་མེད་རྒྱལ་པོས་མཛད་པའི་རོ་སྲེག་རྣམས་ཕྱག་ལེན་དུ་མཛད་པ་ལ་ཡོ་ག་སྨད་


CMR023_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་གྲགས་སོ། །དེ་དུས་ཇོ་བོ་རྗེ་ཕེབས་པ་ལ་རྡོ་རྗེ་འབྱུང་བའི་བཤད་པ་ཞུས་པ་ལ་ལོ་ཆེན་མ་མཉེས་ནས་ཡོ་ག་ལ་ང་རང་མཁས་འདུག་དགོངས་སོ། །དེ་དུས་ཇོ་བོ་གོ་མའི་སྒོམ་ཆེན་ལ་སྦྱོང་རྒྱུད་གཙུག་དགུ་སྤྱོད་རྒྱུད་དུ་བཀྲལ་བ་རྩ་ལྷ་སོ་གསུམ་ཐམས་ཅད་དཀར་པོ་རྒྱས་འདེབས་མེད་པའི་རྒྱུད་རྐྱང་གི་མན་ངག་དབང་ལུང་གནང་ངོ་། །དེ་ནས་པཎྜི་ཏ་ནིར་བྷ་མ་སྟོམ་ཞེས་པ་བྱོན་པ་ལ་ཡང་རྣལ་འབྱོར་རྒྱུད་གསན། སླར་པཎྜི་ཏ་དྷརྨཱ་པ་ལ་བྱོན་པ་ལ་ཀུན་སྙིང་གི་ལུགས་མ་ནོར་བ་བྱུང་བ་ཞུས་ཏེ། དེ་ཚུན་རྣམ་སྣང་ཞལ་བཞི་པ་སོགས་སྤྲོས་པ་ཅུང་ཟད་བསྡུས་པ་མཛད་པ་ཡོ་ག་སྟོད་ལུགས་སུ་གྲགས་སོ། །པཎྜི་ཏ་ས་ར་ཧི་ཏ་བྷ་ཏྲས་མཛད་པའི་གཙུག་དགུ་ལ་བསྟན་པའི་གཤིན་དོན་མདོར་བསྡུས་སོགས་མང་དུ་བསྒྱུར། ཡོ་གའི་གཙུག་ལག་ཁང་མང་དུ་བཞེངས་ཏེ་རྣལ་འབྱོར་རྒྱུད་དར་བར་མཛད་དོ། །ལོ་ཆེན་གྱི་སློབ་མ་ནི། ལོ་ཆུང་ལེགས་པའི་ཤེས་རབ་དང་། གུར་ཤིང་བརྩོན་འགྲུས་རྒྱ་མཚོ། གྲགས་པ་གཞོན་ཤེ། སྐྱི་ནོར་ཛྙཱ་ན་ཨེན་སྟོན། གྲགས་རིན་ཆེན། རྒྱ་ཡི་ཚུལ། མང་ཡུལ། དཀོན་མཆོག་བརྩེགས། གུང་པ་དགེ་བཤེས། སྐྱང་པ་ཆོས་བློ། ཤངས་ཀྱི་སུམ་སྟོན་


CMR023_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འབར། ཉང་སྟོད་ལྕེ་ཞར་གཞོན་ནུ་རྒྱ་མཚོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མར་སྟོན་ཆོས་ཀྱི་རྒྱལ་མཚན། རྫོག་པ་གླེ་སྟོན། འབར་ཤཱཀྱ་རྡོ་རྗེ། ཐང་སྟོན་ཀང་ཀ་བ་རྣམས་བྱུང་བའི་ནང་ནས་གཙོ་བོ་ལོ་ཆུང་ཡིན་ལ་སློབ་མ་ཡང་རྔོག་དགེ་སེར། ཤངས་ཀྱི་སྲེག་ཡེ་གཞོན་དང་། ཟང་དཀར་ལོ་ཙཱས་ཀྱང་དང་པོ་ལོ་ཆུང་ལ་ཞུས། དེ་ནས་པཎྜི་ཏ་གཞོན་ནུ་བུམ་པ་དང་། འབར་ཤཱཀྱ་རྡོ་རྗེས་ལོ་ཙཱ་བ་ཞང་ཤེས་རབ་བླ་མ་ལ་སྦྱོང་རྒྱུད་སོགས་ཞུས། སྦྱོང་རྒྱུད་ཀྱི་འགྲེལ་པ་སྣང་བའི་རྒྱན་ཞེས་པ་ཙམ་ཁ་ཆེར་བྱོན་ནས་རྒྱ་དཔེ་དང་བཅས་པ་སྤྱན་དྲངས་སོ། །དེ་ལས་གཉལ་པ་ཤེས་རབ་ཉི་མས་ཞུས་སོ། །ཟང་དཀར་བ་ལ་སློབ་དཔོན་ཀུན་སྙིང་ལས་དགྱེས་པའི་རྒྱ་གར་ཤར་ལྷོ་དབུས་འགྱུར་ཚལ་གྱི་རྒྱུད་ལུགས་གསུམ་བྱུང་སྟེ། ཤར་གྱི་བརྒྱུད་པ་ནི་སློབ་དཔོན་ཀུན་སྙིང་། དོན་ཡོད་ཞགས་པ། རྣལ་འབྱོར་ཡ་ཀ་མ་ཝ་ཏི། བདེ་བའི་རྡོ་རྗེ། བི་ཀ་མ་ལ་ཝ་ཏི། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཛྷཱ་ན་ཤཱིའོ། །ལྷོ་ཕྱོགས་ནས་ཀུན་སྙིང་པྲཛྙཱ་སིདྷི། པྲ་ཛྙཱ་ཝ་ལེ་ཏ། རབ་འབྱོར་སྐྱོང་། ཤ་དྷ་ཀ་ར། པདྨ་ཀ་ར། ཁ་ཆེ་ཛྙཱ་ན་ཤྲཱི། དབུས་འགྱུར་ཚལ་ནས་བརྒྱུད་པ་ནི་ཀུན་སྙིང་། ཐ་ག་ན།


CMR023_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་གྲགས་པ། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱ་ན་ཤཱི་ཏེ། འདི་ལ་ཟང་དཀར་བ་དང་གཉལ་པ་ཤེས་རབ་ཉི་མས་སྦྱོང་རྒྱུད་མང་དུ་གསན། གཉལ་པས་རྡོར་དབྱིངས་ཞུས། སྐྱེ་ནོར་གྱིས་ཨེན་སྟོན་མཆེད་གྲོགས་ཡིན་ཀྱང་སྦྱོང་རྒྱུད་སྐོར་ཞུས། སྐྱེ་ནོར་གྱིས་གོ་མི་སྒོམ་ཆེན་སློབ་མ་ཡིན་ཀྱང་སྦྱོང་རྒྱུད་སྐོར་ཞུས་སྐད་དོ། །པཎྜི་ཏ་ཐུགས་རྗེ་ཆེན་པོ་དང་ཟང་དཀཀར་བས་དེ་ཉིད་འདུས་པའི་སྨད་འགྲེལ་བསྒྱུར་ཞིང་། ཟང་དཀར་བས་རྡོ་རྗེ་རྩེ་མོ་དང་རྡོ་རྗེ་འབྱུང་བའི་ཊིཀྐ་རབ་གནས་ཆོ་ག་སོགས་མཛད་དོ། །སྦྱོང་རྒྱུད་ཀྱི་འགྲེལ་པ་ཞིག་མཛད་པ་ཀུན་སྙིང་ལ་ཁ་འཕང་བར་གྲགས་སོ། །ཟང་དཀར་ལོ་ཙཱ་བའི་སློབ་མ་ནི་གཉལ་པ་ཉི་མ་ཤེས་རབ། མར་པ་རྡོར་ཡེ། གཉན་སྟོན་ཚུལ་འབར། སྤྱང་ཚང་སེང་གེ་རྒྱལ་མཚན་དང་བཞི་བྱུང་ངོ་། །སུམ་སྟོན་མེ་འབར་གྱི་སློབ་མ་ནི་མཉན་སྟོན་ཚུལ་འབར། ཉང་སྟོན་རྒྱུ་ལུང་ཆོས་གྲགས། སྤྲུལ་སྟོན་འབར་ཐོག །ཁམས་པ་ཤེས་རབ་རྡོ་རྗེ་དང་བཞི་བྱུང་ངོ་། །ལྕེ་ཞར་གྱི་སློབ་མ་ཀླུན་རྡོ་རྗེ་སེམས་དཔའ་ལ་སོགས་འབྱུང་ཞིང་། སྤྲུལ་སྟོན་ནི་ལྕེ་ཞར་སུམ་པ་རྐྱང་པོ་ཆོས་བློ། གནུལ་ཉི་མ་སོགས་ལ་གཏུག་སྟེ་མཁས་པར་སྦྱངས་


CMR023_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སློབ་མ་ཡང་གཙང་ཡང་དག་རྡོ་རྗེ་སོགས་བྱུང་། ཨེན་སྟོན་ལ་སློབ་མ་མངའ་རིས་པ་ཟླ་འོད་སོགས་བྱུང་། སྐྱེ་ནོར་གྱི་སློབ་མ་རྡོ་སྟོན་འབར་བ་རྒྱལ་མཚན་བྱ་བ་དང་། གཉལ་སྟོན་པ་ཤེས་རབ་ཉི་མའི་སློབ་མ་སྣུར་ཉི་མ་འོད་ཟེར། གླན་ཆོས་བཟང་། གླན་ཆོས་འབྱུང་། གླན་ཆོས་དབང་ཕྱུག །འགྲོ་འཛིན་པ་རིན་ཤེ། སྙི་མོ་བ་བསོད་ནམས་དཔལ། སྙི་མདོ་བ་ཀུན་དགའ་དོན་འགྲུབ་བོ། །ཡང་སྣུར་ལ་རྩ་སྐྱ་རིགས་གྲགས། མཉམ་གད་པ་ཆེན་པོ་རྒྱ་གར་འཕེན་ཆོས་ཀྱི་གྲགས་པ། ཁྲི་སྟོན་སེང་གེ །འབྲོ་འཛིན་པ་རིན་ཤོར། ཡང་སྣུར་མ། གཤིན་རྡོར་སེང་། རྒྱ་རྒྱམ་ཐང་པ། འབྲོ་འཛིན་པ་རིན་ཤེ། ཡང་སྣུར་གྱི་སློབ་མ་རྩེ་སྟོན་བཟང་མོ། ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་ནམས་དབང་། ཞང་སྒོམ་རིན་ཆེན་སེང་གེ །བུ་སྟོན་རིན་པོ་ཆེ་རྣམས་བྱུང་ངོ་། །ཡང་སྣུར་གྱི་སློབ་མ་གླན་ཆོས་འབྱུང་། རྩ་སྐྱ་དཀོན་མཆོག་གྲགས། དམར་ཆོས་རྒྱལ། དམར་སྟོན་ཤེར་འབུམ། སྲས་པོ་རྡོ་རྗེ་རྣམས་བྱུང་། རྡོ་རྗེ་སེང་གེའི་སྦྱོང་རྒྱུད་ཀྱི་ཊིཀ་ཆེ་ཆུང་སོགས་མཛད། དེའི་སྲས་ཉི་མ་སེང་གེ་ཉི་མ་པ་རྡོ་རྗེ་ཀུན་དགའ་དང་གསུམ། ཆུང་བའི་སྲས་ཉི་མ་རྒྱལ་མཚན། ཉི་མ་བཀྲ་


CMR023_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་གཉིས། ཆེ་བའི་སྲས་ཡེ་ཤེས་རྒྱལ་མཚན། དེའི་སྲས་ཆོས་འཕགས་རྒྱལ་མཚན། རྩེ་སྐུ་དཀོན་མཆོག་གྲགས་ཀྱི་སྲས་རྒྱ་གར་འཕེན། དེ་ལ་སྲས་གསུམ་གྱི་ཆོས་ཀྱི་གྲགས་པའི་སྲས་ཆེ་བ་ཤཱཀྱ་འབུམ་གྱིས་ཡབ་དང་གླན་ཆོས་འབྱུང་བ་བསྟེན་ནས་མཁས་པར་སྦྱངས། སྲས་ཆུང་བ་མགོན་པོའི་སྲས། ཁྲི་བསྟན་སེང་གེས་ཤཱཀྱ་སེང་གེ་ལ་གསན། དེའི་སྲས་བསོད་བསྟན་དཔལ་བཟང་པོས་སྦྱོང་རྒྱུད་དང་རྡོ་རྗེ་འབྱུང་བའི་ཊིཀྐ་ཡང་མཛད། ཀུན་རིག་རྡོ་རྗེ་འབྱུང་བ་མཛད། ཡོ་ག་སྐོར་མང་དུ་མཛད། དེའི་སྲས་སློབ་མ་སྣུར་ཡེ་རྒྱལ། གསལ་བ་བློ་གྲོས་དཔལ། འབུམ་པ་འོད་ཤེ་སོགས་མང་དུ་བྱུང་ངོ་། །ཡེ་རྒྱལ་གྱི་སྲས་ཆོས་རྒྱལ། དེའི་སློབ་མ་ཀུན་མཁྱེན་འཕགས་པ། ཡོན་ཏན་རྒྱ་མཚོ། དེའི་སློབ་མ་བུ་རིན་པོ་ཆེ། གཉན་སྟོན་ཚུར་འབར་གྱིས་ཟང་དཀར་དང་ཚུམ་པ་གཉིས་ལ་གསན་ཅིང་སྦྱོང་རྒྱུད་ཊིཀྐ་སོགས་མང་དུ་མཛད། དེའི་སློབ་མ་ཐོད་པ་དབེན་ཚ་གྲགས། འོད་པ་འོད་ཟེར་གྲགས། རང་པ་ཆོས་མགོན། གྲུབ་རྡོ་རྗེ་སེང་གེ །བཅོམ་ལྡན་རལ་གྲི། སྙེ་མོ་བ་ཀུན་དགའ་དོན་གྲུབ་རྣམས་ལ་བརྒྱུད་དོ། །ཡང་རོང་པ་ཆོས་མགོན། ལྕེ་བློ་ལྡན་


CMR023_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ །ཀུན་མཁྱེན་འཕགས་པ། བུ་རིན་པོ་ཆེའོ། །ཡང་སུམ་སྟོན་གྱི་སློབ་མ་ལྕེ་སྟོན་སེང་གེ། སྲས་དཀོན་མཆོག་སེང་གེའི་སྲས། བློ་ལྡན་སེང་གེ་དམྱེས་པོ་ཡང་དེའི་སློབ་མ་རྗེ་བཙུན་དགའ་ལོ་ལ་གསན། གཞན་ཟང་དཀར་གྱི་སློབ་མ་གློག་སྐྱ་སེང་གེ་རྒྱལ་མཚན་དང་། དེ་ལ་སྟོན་རྩེ། གཙང་ཡང་དག་རྡོ་རྗེ་སོགས་ཀྱིས་གསན། དེ་ནི་འཇམ་དབྱངས་རྣམ་འཕྲུལ་ལོ་ཆེན་ཡབ་སྲས་དང་ཟང་དཀར་ལོ་ཙཱ་ནས་བརྒྱུད་པའི་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་ལ་གྲགས་ཆེ་བ་རྣམས་ལ་བརྒྱུད་ཚུལ་ཏེ། ཞིབ་པར་ནི་མཐའ་ཡས་སོ། །གཞན་ཡང་པཎྜི་ཏ་སྨྲ་ཏི་ཛྙཱ་ན་དང་། དེའི་སློབ་མ་དཔྱལ་རྩ་པཎྜི་ཏ་བོད་དུ་བྱོན་ནས་འཇམ་དཔལ་གསང་ལྡན་སྐོར་སོགས་ཡོ་ག་མང་དུ་བསྒྱུར་རོ། ཁམས་སུ་བྱོན་པས་པཎྜི་ཏ་གཅིག་ཤི་བའི་རྒྱ་དཔེ་པོ་ཏི་བཅུ་གཉིས་འདུག་པ་རང་འགྱུར་མཛད། སློབ་མ་ཆེ་སྡེ་ངག་གི་དབང་ཕྱུག །དེའི་སློབ་མ་ཁམས་ཤེས་རབ་རྡོ་རྗེའོ། །ཡང་པཎྜི་ཏ་སུརྱ་སེང་གེས་ཡང་འཇམ་དཔལ་སྐོར་བསྒྱུར་ཏེ། སློབ་མ་ཀྱི་བྱེ་མ་ལུང་པ། དེ་ལ་རྔོག་ཇོ་སྲས་ཀྱིས་ཞུས། སླར་ཡང་ཁམས་པ་ཤེས་རབ་རྡོ་རྗེས་པཎྜི་ཏ་སུརྱ་སིདྡྷི་ཞང་ལྕོང་ཁྲུ་མཆོག་གིས་ལོ་ཙཱ་བ་རྣམས་བསྟེན་ནས་མཁས་པར་སྦྱངས། ཤེས་


CMR023_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྡོ་རྗེ་ནས་རྔོག་ཇོ་སྲས། རྔོག་སྦ་བ་ཅན་དང་རྒྱག་མ་ཅན། དེ་གཉིས་ལ་ཇོ་སྲས་མདོ་སྡེ་ནས་རྩད་སྨྲ་སེང་སོགས་བརྒྱུད་པ་དུ་མ་འཕེལ་ལོ། །དེ་དག་སྔགས་བསྟན་པ་གྲ་མ་ཉམས་དུས་རྣལ་འབྱོར་རྒྱུད་ཀྱི་རྒྱུད་པ་གྲགས་ཆེ་ཆེ་རྣམས་སོ། །ཁྱད་པར་བུ་སྟོན་ཐམས་ཅད་མཁྱེན་པ་ལ་བསྟེན་ནས། བླ་མ་དམ་པ་ས་སྐྱ་བསོད་ནམས་སོགས་ནས་བརྒྱུད་དེ་ངོར་ལྡིང་རྣམས་ལ་འཕེལ་བ་དང་། བུའི་དངོས་སློབ་ལོ་ཆེན་བྱང་རྩེ་ནས་ལོ་ཆེན་གྲགས་པ་རྒྱལ་བ་ནས། བོ་དོང་ཕྱོགས་ལས་རྒྱལ་བ་དང་། བུའི་སློབ་མ་སྤྱི་བོ་ལྷས་དང་། གོངས་སུ་པ་བདེ་ཆེན་དཔལ་བ་དང་། བློ་བཟང་གྲགས་པ་ལས་མཆེད་པ་སོགས་མང་དུ་བྱུང་ངོ་། །སྒྲུབ་བརྒྱུད་ཀཾ་ཚང་ལ་བརྒྱུད་ཚུལ་ནི། སྤྱི་རྗེ་ཏི་ལོ་ཆེན་པོ་ལ་བཀའ་བབ་བཞི་ལས་རྒྱུད་སྡེ་བཞི་ཀའི་བཀའ་བབ་ཅིང་། ནཱ་རོ་མར་མི་དྭགས་པོ་དུས་མཁྱེན་སོགས་ཀྱིས་རྣལ་འབྱོར་རྒྱུད་ལ་གསན་སྦྱང་མཛད་ཚུལ་མཐའ་ཡས་པ་རྣམས་དང་། གསན་ཡིག་སོ་སོར་ཤེས་ལ། དྭགས་པོ་བཀའ་བརྒྱུད་འདི་ལ་ཆོས་ཀྱི་སྤྱན་ལྡན་བུ་རང་གཉིས་ཞེས་བྱུང་བ་ལས་རང་བྱུང་རྡོ་རྗེས་སྙེ་མདོ་བ་བསོད་ནམས་འོད་ཟེར་དང་། སྙེ་མདོ་བ་ཀུན་དགའ་དོན་གྲུབ་


CMR023_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་དབོན་ལ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་དབང་བཤད་པ་རྡོར་དབྱིངས་སོགས་རྣལ་འབྱོར་རྒྱུད་ཐམས་ཅད་གསན་ཏེ་གཞན་ཡང་ཡོ་གའི་སྐོར་ལ་གསན་ཡིག་མི་ཟད་པའི་གཏེར་ཆེན་ལས་བྱུང་བ་རྣམས། རྒྱལ་བ་གཡུང་སྟོན་པ་ནས་རྟོགས་ལྡན་མགོན་རྒྱལ་བ་ནས་རྗེ་མི་བསྐྱོད་རྡོ་རྗེའི་བར་དུ་དབང་ལུང་གི་བརྒྱུད་པ་ཅི་རིགས་པ་རྣམས་བྱུང་ངོ་། །ཡང་རྗེ་ཕག་གྲུའི་སློབ་མ། རྒྱལ་ཚབ་རིན་ཆེན་ཀུན་ལྡན། གཙང་པ་རས་ཆུང་། ཁྲོ་ལོ་བྱམས་པ་དཔལ། ཁྲོ་ཕུ་སེམས་དཔའ་རིན་པོ་ཆེ། དེའི་ཐུགས་སྲས་བུ་སྟོན་རིན་པོ་ཆེ་ཡིན་ཏེ་ཁོང་གིས་ཀུན་མཁྱེན་འཕགས་པ་ཡོན་ཏན་རྒྱ་མཚོ་དང་། རིན་ཆེན་སེང་གེ་གཉིས་བླ་མར་བསྟེན་ཏེ་སྦྱོང་རྒྱུད་འགྲེལ་པ་ཀུན་སྙིང་གིས་མཛད་པ། སྦྱོང་རྒྱུད་ཡོ་ག་སྟོད་སྨད་ལུགས་གཉིས་སོགས་མཐར་ཕྱིན་པར་སྦྱངས་ནས། སྐུ་ཞང་ཀུན་དགའ་དོན་གྲུབ་ཀྱིས་སྦྱིན་བདག་བྱས་ནས། རྣལ་འབྱོར་རྒྱུད་ཀྱི་རྩ་རྒྱུད་དཀྱིལ་འཁོར་ཉིས་བརྒྱ་བཅུ་གསུམ་བཤད་རྒྱུད་བརྒྱ་ཉེར་དགུ་དཔལ་མཆོག་གི་བརྒྱད་ཅུ་རྩ་བཞི། སྦྱོང་རྒྱུད་བཅུ་གཉིས། རྡོ་རྗེ་སྙིང་པོ་རྒྱན་གྱི་སོ་བདུན། ཆོས་དབྱིངས་གསུང་དབང་གི་ཉེར་བཞི་རྣམས་རི་མོར་བསྒྲུབས་པ་དང་། ས་སྐྱ་པ་ཆོས་རྒྱལ་མཚན་


CMR023_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྦྱིན་བདག་མཛད་ནས། དཔལ་མཆོག་རིགས་བསྡུས་ཀྱི་དཀྱིལ་འཁོར་མཐའ་སྐོར་དུ་ཁྲུ་བརྒྱ་རྩ་བརྒྱད་པ་བཞེངས་ནས་དབང་སྐུར་སྦྱིན་བདག་དེའི་དགོངས་རྫོགས་ས་སྐྱར་རྡོར་དབྱིངས་དཀྱིལ་འཁོར་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་དལ་ཁྲུ་བཅུ་གཉིས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་བློས་བསླངས་འགྲན་ཟླ་དང་བྲལ་བ་བཞེངས་ཤིང་། ཀུན་རིག་གི་ཆོ་ག་སོགས་ཡོ་ག་སྐོར་དཔག་ཏུ་མེད་པ་མཛད་དོ། །རྣལ་འབྱོར་རྒྱུད་ཀྱི་བསྟན་པ་ནི་བོད་ན་ལོ་ཆེན་རིན་ཆེན་བཟང་དང་། བུ་སྟོན་གཉིས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ལ་སློབ་མའི་མཆོག་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་དང་། །ཞ་ལུ་བ་གྲགས་པ་རྒྱལ་མཚན་སོགས་མང་དུ་བྱོན་ཅིང་ཐུགས་སྲས་ལོ་ཙཱ་བ་ལ་ཞ་ལུ་ལོ་ཙཱ་ཙནྡྲ་པས་ཡོ་གའི་སྐོར་རྫོགས་པར་གསན། དེ་ལ་བུམ་པ་གང་བྱོའི་ཚུལ་དུ་རྗེ་མཐོང་བ་དོན་ལྡན་གྱིས་གསན། དོན་ལྡན་ཞབས་ཀྱིས་རྡོར་དབྱིངས་སྒྲུབ་དཀྱིལ་གར་ཡིག་སོགས་མཛད། དེས་བན་སྒར་འཇམ་དཔལ་བཟང་པོ་དང་། དཔལ་འབྱོར་དོན་གྲུབ་དང་མཚུར་ཕུ་འཇམ་དབྱངས་ཆེན་པོ་སོགས་ལ་གནང་། དེ་དག་གི་སློབ་དཔོན་བླ་མ་རྒྱལ་མཚན་སོགས་ཞལ་སློབ་དུ་མ་ལ་བརྒྱུད་དེ། རྗེ་ཆོས་


CMR023_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་རྒྱ་མཚོ་དང་ཞྭ་དམར་པ་ཆོས་ཀྱི་གྲགས་པས་ཡོ་གའི་སྐོར་ཡོངས་སུ་རྫོགས་པ་གསན་ནས། ཞྭ་ནག་པས་ཀུན་རིག་སྒྲུབ་དཀྱིལ་དང་། ཞྭ་དམར་པས་རྡོར་དབྱིངས་སྒྲུབ་དཀྱིལ་དང་ཡིག་སྣ་དུ་མ་མཛད། སངས་རྒྱས་མཉན་པ་ལ་ཡོངས་རྫོགས་སུ་བཀའ་བབ་སྟེ་རྗེ་མི་བསྐྱོད་ཞབས་ལ་རྫོགས་པར་གནང་བའོ། །དེ་ལ་ཞྭ་ནག་བདུན་པའི་ཀུན་རིག་ཆེན་མོ་ལ་རྒྱས་འབྲིང་བསྡུས་གསུམ་མཚལ་སེར་ཡོད་པས་མཚལ་མ་དེ་རྗེ་མི་བསྐྱོད་རྡོ་རྗེ་ཉིད་ཀྱིས་ལོགས་སུ་བཀོལ་བའི་མཛད་བྱང་དང་བཅས་པ་མཛད་པ་ལས། རྗེ་ཉིད་ཀྱིས་བཀས་བསྐུལ་ནས་རྗེ་དཀོན་མཆོག་འབངས་ཀྱིས་དེ་ལ་ཆོག་བསྒྲིགས་སོགས་གང་འདོད་ལེགས་པར་བསྒྲིགས་པ་ནི་རྣམ་གྲོལ་སྒོ་ཆེན་ཡིན་ཏེ་ཡབ་སྲས་གཉིས་ཀའི་དགོངས་པ་གཅིག་ཏུ་གཏད་ནས་མཛད་པ་ཡིན་པས་བྱིན་རླབས་དཔག་ཏུ་མེད་ཅིང་ཕྲིན་ལས་ཆེ་བ་ཡིན་ནོ། །ཡབ་སྲས་འདི་གཉིས་ཀྱིས་ཀྱང་ཡོ་གའི་སྐོར་མང་དུ་མཛད་དོ། །དེ་ནས་དཀོན་མཆོག་འབངས་དང་གཙུག་ལག་རྒྱ་མཚོ་སི་ཏུ་ཆོས་ཀྱི་གོ་ཆ་གསུམ་ཀ་ལ་དབང་ཕྱུག་རྡོ་རྗེས་ཡོ་གའི་སྐོར་ཅི་རིགས་པར་གསན་ནས་རྫོགས་པར་མཛད། དབང་ཕྱུག་རྡོ་རྗེ་དང་། གྲགས་པ་དོན་གྲུབ། གཙུག་ལག་རྒྱ་མཚོ་གསུམ་ཀ་ལ་རྗེ་


CMR023_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབང་ཕྱུག་གིས་ཡོ་གའི་སྐོར་ཅི་རིགས་པར་གསན་ནས་ཡོངས་སུ་རྫོགས་པར་མཛད། རྗེ་ཆོས་ཀྱི་དབང་ཕྱུག་གི་དངོས་སློབ་བླ་མ་ཝོར་ཝ་བ་རྒན་པ་ངག་དབང་འཇིགས་མེད་གྲགས་པ་ལ། བདག་གིས་རྣམ་གྲོལ་སྒོ་ཆེན་གྱི་དབང་ལེགས་པར་ནོད་ཅིང་། མགོན་བླ་བསམ་གཏན་པ་ལ་ཕྱག་ལེན་དང་ཕྱག་རྒྱ་རྒྱས་འདེབས་སོགས་ལེགས་པར་སྦྱངས་ཤིང་། གཞན་ཡང་རྗེ་ཆོས་ཀྱི་དབང་ཕྱུག་གི་སློབ་བུ་ཡང་སློབ་གཉིས་ལ་དབང་ལུང་ཅི་རིགས་པར་ནོད་ཅིང་། རྗེ་དྲུག་པའི་དངོས་སློབ་རབ་འབྱམས་པ་བི་ཤྭ་དྷ་ལ་རྩ་དཀྱིལ་ལ་རྔོག་པའི་དཀྱིལ་འཁོར་བཅུ་གཅིག་དབང་ལེགས་པར་མནོས་ཤིང་། ཀུན་རིག་བསྙེན་པ་རོ་བསྲེག་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བརྒྱུད་སྤེལ་བ་དང་ཡིག་སྣ་རྒྱས་བསྡུས་སོགས་རང་གཞན་གྱི་དོན་ཅུང་ཟད་འགྲུབ་བོ།། ༈ །།ད་ནི་སྤྱིར་ཡོ་གའི་རྒྱུད་ཀྱི་ཆོ་གའི་ཆིངས་ཅུང་ཟད་བཤད་པ་ནི་ཕྱག་རྒྱ་བཞི་དང་དེ་ཉིད་བཅུའོ། །དེ་ཡང་དཔལ་མཆོག་གི་རྒྱུད་ལས། དཀྱིལ་འཁོར་དང་སྔགས་ཕྱག་རྒྱ་དང་སྲུང་བ་དང་སྤྱན་དྲངས་པ་དང་། སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པ་དང་། སྒོམ་པ་སྦྱིན་སྲེག་དང་ཉེ་བར་བསྡུས་པ་དང་། གཤེགས་


CMR023_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་དང་བཅུ་གཉིས་གསུངས་ཀྱང་། ཀུན་སྙིང་གིས་སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པ་གཉིས་སུ་འདུས་ཤིང་། དེ་ལ་ཕྱེ་བ་དེ་ཉིད་བཅུར་བཞེད་དེ། དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་དང་། བདག་དང་གནས་ལ་སོགས་བསྲུང་བ་དང་སྤྱན་འདྲེན་དང་བཟླས་བརྗོད་དང་། སྒོམ་པ་དང་ཕྱི་ནང་གི་སྦྱིན་སྲེག་དང་། ཉེ་བར་བསྡུ་བ་དང་། གཤེགས་སུ་གསོལ་བའོ། །དེ་ཡང་ཀུན་སྙིང་ལུགས་ཀྱི་དཀྱིལ་འཁོར་ནི་རྡུལ་ཚོན་ནམ་རས་བྲིས་སོགས་གཟུགས་ཅན་དང་། ཡིད་ཀྱིས་སྒོམ་པ་གཟུགས་ཅན་མིན་པའི་དཀྱིལ་འཁོར། སྔགས་ནི་དུས་དང་གྲངས་ཅི་ཙམ་བཟླ་བ་དང་སྐྱིལ་ཀྲུང་སོགས་སྤྱོད་ལམ་ཅི་ལྟར་བཟླ་ཚུལ་རྡོ་རྗེའི་བཟླས་པའི་འགྲུབ་ཚུལ་ལོ། །ཕྱག་རྒྱ་ནི་དམ་ཚིག་དང་ཆོས་དང་ལས་དང་ཕྱག་ཆེན་ནོ། སྲུང་བ་ནི་བདག་དང་གནས་དང་རྣལ་འབྱོར་བསྲུང་བ་སྟེ་སྲུང་འཁོར་བསྒོམ་པའོ། །སྤྱན་འདྲེན་ཆོ་ག་ནི་སྤྱན་འདྲེན་མཆོད་ཡོན་བྱོན་ལེགས་གདན་འབུལ་དགུག་གཞུག་རྣམས་སོ། །བཟླས་བརྗོད་ནི་ཚིག་གི་བཟླས་པ་དང་རྡོ་རྗེའི་བཟླས་པ་རྣམས་སོ། །སྒོམ་པ་ནི་བདག་བྱིན་གྱིས་བརླབས་པའི་རྣལ་འབྱོར་དང་བདག་རྫོགས་པར་བྱེད་པའི་རྣལ་འབྱོར་ཆེན་པོ་དང་། དང་པོའི་


CMR023_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་ཏིང་འཛིན་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་རྣམས་སོ། །སྦྱིན་སྲེག་ནི་ས་ཆོག་སྐབས་དང་ལྷག་ཆད་བསྐང་བའི་ཆེད་དང་ཞི་བ་ལ་སོགས་པའི་སྦྱིན་སྲེག་བྱ་བའོ། །ཉེར་བསྡུ་ནི་ཕྱག་རྒྱ་འགྲོལ་བའོ། །མཆོད་ནས་གཤེགས་གསོལ་ནི་མཆོད་བསྟོད་ཡེ་ཤེས་གཤེགས་དམ་ཚིག་བསྡུ་བའོ། །ཡང་ཁ་ཅིག་དེ་ཉིད་གཉིས་དེ་ཉིད་ལ་སུམ་ཅུ་རྩ་བདུན་དུ་དབྱེ་མོད་ཀྱང་། དེ་ནི་བུ་སྟོན་གྱིས་བཀག་གོ །དེས་ན་དེ་ཉིད་བཅུ་དེ་བསྡུས་ན་སློབ་དཔོན་གྱི་ལས་ཀྱི་དེ་ཁོ་ན་ཉིད་དང་། སློབ་མ་ཞུགས་པའི་དེ་ཁོ་ན་ད་གཉིས་སུ་འདུས་ལ། རྒྱུ་དང་འབྲས་བུ་དང་དོན་དམ་པའི་དབྱེ་བ་གསུམ་དང་ཀུན་རྫོབ་དོན་དམ་གཉིས་སུ་ཡང་དབྱེ་སྟེ། ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་དང་། དེ་ཐོབ་བྱེད་ཀྱི་རྒྱུད་ནི་རྒྱུའི་དེ་ཁོ་ན་ཉིད་དང་། དོན་དམ་པར་རྒྱུ་དང་འབྲས་བུ་དངོས་པོ་མེད་པར་དོན་དམ་པའི་དེ་ཁོ་ན་ཉིད་དང་གསུམ་མོ། །མིག་མེད་ཡེ་ཤེས་སྤྱོད་ཡུལ་ལོ། ཚིག་གི་སྤྲོས་པ་མ་ལུས་གྲོལ། །ཞེས་སོགས་དོན་དམ་དང་། རྡོ་རྗེ་དབྱིངས་སོགས་མཚན་ཉིད་ནི། །འགྲོ་བའི་དོན་དུ་མི་བསླུ་བ། །ཞེས་སོགས་ཀུན་རྫོབ་བདེན་པའི་དེ་ཉིད་


CMR023_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡོ་ག་ཨ་ཝ་ཏ་ར་ལས་གསུངས། ཐབས་ཤེས་རབ་གཉིས་སུ་དབྱེ་ན་ཤེས་རབ་སྟོང་ཉིད་དང་དཀྱིལ་འཁོར་སྔགས་ཕྱག་རྒྱ་སོགས་ཐབས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ཅེས་པའི་རྡུལ་ཚོན། ཁ་ཅིག་གིས་སྔོན་རྒྱལ་བུ་དོན་གྲུབ་ཀྱིས། སངས་རྒྱས་ཐམས་ཅད་ལ་དེ་ཁོ་ན་ཉིད་ཅི་ལྟ་བུ་ཞེས་ཞུས་ནས། གདམས་པ་བསྟན་པའི་ཕྱིར་དང་། དཀྱིལ་འཁོར་སོགས་དེ་ཉིད་བཅུ་ཉམས་སུ་བླངས་པས་སངས་རྒྱས་འགྲུབ་བོ་ཟེར་ཡང་བུས་བཀག་པས་མི་འཐད་ལ། ཀུན་རྫོབ་ཏུ་རང་བཞིན་གྱིས་དོན་མི་བསླུ་ཞིང་དོན་དམ་པར་གཉིས་སུ་མེད་པ་ཡེ་ཤེས་ལ་དེ་ཁོ་ན་ཉིད་ཅེས་པའོ། །དེ་ཉིད་བཅུའི་དོན་ནང་ནས་རྣལ་འབྱོར་རྒྱུད་ཐམས་ཅད་ཕྱག་རྒྱ་བཞིས་བསྒྲུབ་དགོས་པས་བྱེ་བྲག་ཏུ་བཤད་ན། ཀོ་ས་ལའི་རྒྱུན་དུ། ཕྱག་རྒྱ་བཞིས་ནི་གདོན་མི་ཟ་བར་བྱིན་གྱིས་བརླབས་པར་མཛད་པས། དེ་ལྟ་བུ་ནི་འགྲུབ་པར་ཡང་འགྱུར་རོ། །ཞེས་དང་། སྟོད་འགྲེལ་ལས། དམ་ཚིག་དང་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོའི་ཚུལ་ཉིད། ལས་རྣམ་པར་སྣང་མཛད་ལ་སོགས་པས་དེ་བཞིན་གཤེགས་པ་འདའ་བར་བྱ་བ་མིན་པས་དེའི་ཕྱིར་དམ་ཚིག་ཅེས་བྱའོ། །ཞེས་གསུངས་པ་དང་། དཔལ་མཆོག་ལས། དེ་


CMR023_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀུན་མཆོག་ལ་སོགས་པས། །མངོན་པར་བྲིས་ན་ཡང་དག་འགྲུབ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་། །ཛཿཧཱུྃ་བཾ་ཧོཞེས་བརྗོད་དོ། །ཞེས་གསུངས་པའི་དོན། ཁ་ཅིག་ཤཱཀྱ་བཤེས་གཉེན་ལུགས། དམ་རྒྱས་སྒྲུབ་ཆོས་རྒྱས་བརྗོད་ལས་རྒྱུས་བསྡུས་ཟེར་བ་དང་། ཁ་ཅིག་དེ་ཉིད་བསྡུས་པར། ལས་རྒྱུ་དམ་རྒྱ་གཉིས་ལས་མེད་ཟེར་བ་བྱུང་ཡང་མི་འཐད་པར་བུས་བཀག་གོ །དེ་ལ་དམ་ཚིག་ཅན་སོ་སོ་སྐྱེ་བོའི་དམ་ཚིག་སེམས་དཔའི་ཕྱག་རྒྱ་ཅན་བསྐྱེད་ཅིང་ཡེ་ཤེས་པ་བཅུག་པ་དེ་ཐུགས་དམ་ཚིག་ཕྱག་རྒྱས་སྒྲུབ། གསུང་ཆོས་ཀྱི་ཕྱག་རྒྱས་བཀོད། ཕྲིན་ལས་དམ་ཚིག་གི་ཕྱག་རྒྱས་ལས་བཅོལ། ཕྱག་རྒྱ་ཆེན་པོའི་ཚུལ་ལ་གནས་པར་བྱའོ། །དེ་ཡང་དམ་ཡེ་གཉིས་ཀ་ལ་རྒྱས་འདེབས་བྱ་བའི་ཚེ་དམ་ཡེ་རེ་རེ་ལས་མི་བྱ་སྟེ། རྩེ་མོ་ལས། ཉི་ཚེ་བ་དེ་སྤངས་བར་བྱའོ། །ཞེས་གསུངས་སོ། །དམ་ཚིག་པ་ལ་ཡེ་ཤེས་བཅུག་ནས། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པས་རྒྱས་བཏབ་པས་ཡེ་ཤེས་པའི་རང་བཞིན་དུ་འགྱུར་ཏེ། དཔལ་མཆོག་ལས། གང་ལ་གང་གིས་རྒྱས་བཏབ་པས། །དེ་ནི་དེ་ཡི་རང་བཞིན་ནོ། །ཞེས་དང་། ཕྱག་རྒྱ་རྣལ་འབྱོར་ཆོ་གར་བརྗོད། །


CMR023_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོགས་རྒྱ་ཆེར་གསུངས་པས་སེམས་དཔའ་ལུས་སྒྲུབ་པའི་རྗེས་སུ་ཕྱག་རྒྱ་བཞིའི་རྒྱས་འདེབས་པར་བྱའི། དེ་ཐམས་ཅད་ལ་ཆོག་པར་རེ་རེའམ་གཉིས་རེ་ལྟ་བུས་སངས་རྒྱས་ཀྱི་འབྲས་བུ་མི་འགྲུབ་བོ། །དམ་ཚིག་པ་ཡེ་ཤེས་པར་བསྒྲུབ་པའི་ཕྱིར་དམ་རྒྱ་སྟེ་རྡོ་རྗེ་བསྡམ་པ་ལས་མ་བྱུང་ངོ་། །ཆོས་ཀྱི་ཕྱག་རྒྱ་སྒྲའི་ཚུལ་ལྗགས་ལ་ཡི་གེ་འཁོད་ཅིང་དེའི་ང་རྒྱལ་གྱིས་བཟླ་བའོ། །ལས་རྒྱ་ནི་དམ་རྒྱ་ལས་གཉིས་སུ་ཕྱེ་བ་སྟེ་སོ་སོའི་ང་རྒྱལ་དང་ལྡན་པས། གླུ་གར་སྔོན་དུ་འགྲོ་བས་ལས་བཅོལ་བའོ། །ཕྱག་ཆེན་ནི་ང་རྒྱལ་གསལ་བས་ཕྱག་མཚན་འཛིན་བཞིན་དུ་ལས་རྒྱ་བཅིངས་ཏེ་གར་མཛད་དེ། འདི་ལ་བཅའ་བ་ལུས་ཀྱི་ཕྱག་རྒྱ་བཞི། བརྗོད་པ་ངག་གི་ཕྱག་རྒྱ་བཞི། སྒོམ་པ་ཡིད་ཀྱི་ཕྱག་རྒྱ་བཞི་སྟེ་བཅུ་གཉིས་སམ། གདབ་པ་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་བཞི་དང་བཅུ་དྲུག་སྟེ། དང་པོ་སོ་སོའི་ལུས་དམ་རྒྱ་ལུས་ཀྱི་བྱ། ངག་གི་སྔགས་ཡིད་ཀྱི་ལྷ་སོ་སོའི་དམ་ཡེ་དབྱེར་མེད་ཡེ་ཤེས་པའི་ངོ་བོར་གྱུར་པའི་དམ་ཚིག་མི་འདའ་བར་བསམ་ཞིང་སོ་སོའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་མཚན་པར་བསམ་པའོ། །ཆོས་རྒྱུ་ལ་ལྷ་སོ་སོའི་ཕྱག་ཆེན་དང་ངན་སོང་སྔགས་དང་། ཡིད་ཀྱི་རྡོ་རྗེ་ཕྲ་མོའི་འཕྲོ་འདུ་བསྒོམ་


CMR023_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྐོག་མའི་པད་སྟེང་རྡོ་རྗེ་རྩེ་ལྔ་པས་མཚན་པར་བསྒོམ། ལས་རྒྱུ། གར་པད་སྔོན་དུ་འགྲོ་བས་སོ་སོའི་ཕྱག་རྒྱས་སྔགས་དང་ལྷས་ལས་མཛད་པར་བསམ་ཞིང་ཐུགས་ཀར་སྣ་ཚོགས་རྡོ་རྗེས་རྒྱས་གདབ་པའོ། །ཕྱག་ཆེན་ལ་ཕྱག་མཚན་འཛིན་ཚུལ་དང་བཅས་པའི་ཕྱག་རྒྱ་དང་། སྔགས་དང་ལྷ་སོ་སོའི་ང་རྒྱལ་གྱིས་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་རྩེ་ལྔས་རྒྱས་བཏབ་པའོ། །དེའི་བྱེད་ལས་ནི། དེ་ཉིད་བསྡུ་བར། རང་གིས་དབང་པོ་བཤིག་ནས་ནི། ཞེས་སོགས་གསུངས་པའི་དོན་རང་གི་དབང་པོ་ནི་ཆོས་ཐམས་ཅད། དེ་བཤིག་པ་ནི་བདག་མེད་པར་བསྒོམ་པ། རྡོ་རྗེ་བཅིངས་བས་བཟུང་བ་ནི་དེའི་རང་བཞིན་གྱི་ལྷར་བསྒོམས་པ་ལ་རྡོ་རྗེ་ཁུ་ཚུར་གྱིས་དེ་བཞིན་ཉིད་བསྒོམས་པས་ཕྱག་རྒྱ་དེ་དབང་དུ་འགྱུར་བའོ། །དེ་ལྟར་དམ་ཚིག་ཕྱག་རྒྱ་བསྒྲུབ་པས་ནི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་བསྒོམས་པས་ཕྱག་རྒྱུ་དེ་དབང་དུ་གྱུར་པ་ཡིན་ཏེ། རྒྱུད་ལས། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རང་རང་ཕྱག་རྒྱ་སྙིང་གར་བཞག །ཅེས་གསུངས་པའི་དོན། ཆོས་རྒྱུ་ནི་དེ་ཉིད་བསྡུས་པར། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་སོགས་གསུངས་པའི་


CMR023_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་ལྷ་རང་རང་གིས་ཕྱག་ཆེན་བཅིངས་ནས། ལྕེའི་རྩ་བ་ནས་སོ་སོའི་རྩེ་མོའི་བར་ལྕེའི་སྟེང་རྐན་ལ་སྦྱར་ཏེ་ཆོས་རྒྱ་ཡི་གེ་ལས་རྡོ་རྗེ་ཕྲ་མོ་སྤྲོས་ཏེ། སྣའི་རྩེ་མོར་འགྲེང་ཐབས་སུ་གནས་པར་བསམ་ལ་མཉམ་པར་བཞག །བརྟན་པ་ཐོབ་ནས་ཁམས་གསུམ་ཁྱབ་པར་འཕྲོ། བསྡུ་དུས་སྣ་བུག་ནས་ཆོས་ཀྱི་ཡི་གེ་ལ་བསྟིམས་ཏེ་རྡོ་རྗེ་ཕྲ་མོའི་ཚུལ་འདིར་ཡེ་ཤེས་ཕྱག་རྒྱ་དབང་དུ་འགྱུར་ཞེས་པ་སྟེ། ལྷ་རྣམས་ཀྱི་ལྐོག་མར་ཧིལས་པདྨ་འདབ་མ་བརྒྱད་པ་ལྕེ་ངོས་ལ་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ཆུར་ཉལ་བར་བསམ་ལ་བཛྲ་ཛི་ཧཱས་བྱིན་གྱིས་བརླབས་ནས་རྡོ་རྗེའི་ལྟེ་བར་ཆོས་ཀྱི་ཡི་གེ་བསྒོམ་སྟེ་གོང་ལྟར་སྤྲོ་བསྡུ་བྱ་བ་སྟེ། རྒྱུད་ལས། ལྕེ་ལ་རྡོ་རྗེ་དག་བསྒོམས་ནས། །ལས་རྣམས་ཐམས་ཅད་འགྱེད་པར་འགྱུར། །ཞེས་སོ། །ལས་རྒྱ་ལ་ནི་རྒྱུད་ལས། རྡོ་རྗེ་ཀུན་དངོས་རྡོ་རྗེ་ནི། །སྙིང་ཁར་ཡོངས་སུ་བསྒོམ་པར་བྱ། །ཞེས་པའི་ཐུགས་ཀར་ཟླ་སྟེང་དུ་ཨ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་བསྒོམས་ནས་མཛད་པ་ཐམས་ཅད་མཛད་པར་བསྒོམ། ངག་གི་སྤྱོད་ལམ་རྡོ་རྗེའི་གླུ་དང་གར་དང་རོ་གཅིག་ཏུ་གྱུར་པའི་ཞི་བ་དང་སྒེག་པ་ལ་སོགས་པའི་རང་བཞིན་ཅན་


CMR023_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རོ་དང་། ཞལ་ཟས་རོ་བརྒྱ་པ་དང་། འགྲོ་འཆག་ཉལ་འདུག་ལ་སོགས་པ་ལུས་ཀྱི་སྤྱོད་ལམ། སྙིང་རྗེ་དང་ཤེས་རབ་ལ་སོགས་པ་སེམས་ཀྱི་སྤྱོད་ལམ་རྣམས་ཀྱིས་སངས་རྒྱས་རྣམས་མཆོད་ཅིང་འགྲོ་བ་རྣམས་ཚིམ་པར་བྱས་པས་ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར་བ་ཡིན་ནོ། །དེ་ཉིད་བསྡུས་པར། གླུ་དང་གར་དང་རོ་དང་ཟས། ཞེས་སོགས་གསུངས་སོ། །ཕྱག་ཆེན་ནི་སྙིང་གར་ཟླ་སྟེང་རྡོ་རྗེ་རྩེ་ལྔ་བསྒོམ་པ་ནི་རྡོ་རྗེ་སེམས་དཔའ་རྡོ་རྗེ་སྟེ། དེ་བསྒོམ་པའི་རྣམ་སྣང་ལ་སོགས་ལྷ་སོ་སོའི་ཕྱག་རྒྱ་འཆིང་བའི་ཚེ་སྙིང་པོ་བཟླ་ཞིང་། སྙིང་པོའི་དོན་ལ་ལྷག་པར་མོས་པས་རང་ཉིད་ལྷ་སྐུ་ཕྱག་རྒྱ་ཆེན་པོ་བསྒོམས་པས་ལྷ་དེ་ཉིད་དབང་དུ་འགྱུར་བ་ཡིན་ནོ། །ལྕེ་ལག་བྱིན་རླབས་ནི་མེ་ཏོག་གང་ལ་བབ་པའི་ལྷའི་འཁོར་ལོས་སྒྱུར་བ་གང་ཡིན་དེ་བསྒོམས་ནས་གཙུག་དགུར་ལྐོག་མར་པདྨ་རྣམ་པར་གསལ། མདུན་གྱི་པདྨ་ཨཱདང་ནི། །ཧཱུྃ་ལས་ཟླ་བ་རྡོ་རྗེ་ནི། །རྩེ་ལྔ་བསྐྱེད་དེ་དེ་ཡང་ནི། །ལྕེ་དེ་ཉིད་ལ་ཐིམ་པར་བྱ། །རྡོ་རྗེའི་ལྕེར་གྱུར་རབ་བསམས་ནས། །སྔགས་བཟླས་མཐུ་དང་ལྡན་པར་བསམ། །ཞེས་པ་ལྟར་དང་རྣམ་སྣང་རྒྱུད་དྭའི་འགྲེལ་པར་ལག་གཡས་སུ་ཟླ་བ་རྡོ་རྗེ་ཧཱུྃ་ཡིག་


CMR023_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་གསུངས་ཤིང་། གཙུག་དགུར་ལག་པའི་དབུས་སུ་ཞུ་གྱུར་པའི། རྡོ་རྗེ་ཡི་ནི་ལག་པ་བསམ། །ཞེས་པའི་ལག་པ་བྱིན་གྱིས་བརླབས་པས་རྒྱས་འདེབས་མ་གཏོགས་པའི་ཕྱག་རྒྱ་རྣམས་བྱ་རུང་བའོ། །སྲུང་འཁོར་ལ་ནི་བདག་བསྲུང་བ་ནི་རྡོ་རྗེ་རྩེ་མོ་ལས། གོས་དང་སྐུ་སྟོད་དྲག་པོ་སྟེ། །དེ་ནི་ཁྲོ་བོའི་དོན་དུ་བརྗོད། །ང་ནི་རྡོ་རྗེ་མེ་ལྟར་འབར། ཉོན་མོངས་ཐམས་ཅད་སྲེག་པར་བྱེད། །ཅེས་པར་རང་ཉིད་ཁྲོ་བོར་བསྒྲུབ། །ཨོ་ནི་མཆོག་དང་གྲིཉྩ་ཟུངས་བཛྲ་ས་མ་ཡ་རྡོ་རྗེའི་དམ་ཚིག་ནི་སྡུག་བསྔལ་འཇོམས་པ་དང་བོ་ནི་ཆིངས་ཤིག །ཁྲོ་བོ་ཏི་རིན་ཏའི་ཕྱག་རྒྱ་ནི་རྡོ་རྗེ་ནང་བསྡམས་པ་སྟེ་ལག་པའི་སྟེང་དུ་སོར་མོ་རྣམས་བཅིངས་ཏེ་མཐེ་བོང་གཉིས་བསྒྲེང་བའོ། །དེས་གནས་བཞིར་གཏུག་པའམ། ཡང་རྒྱུད་ཕྱི་མར་རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་ནི། རབ་མཉམ་བཞག་པས་བཅིངས་ནས་ཀྱང་། སྙིང་ག་མཛོད་སྤྱི་མགྲིན་སྤྱི་བོར་བཞག་པ་ཉིད་དུ་བྱིན་གྱིས་བརླབས་ཞེས་པའི་འགྲེལ་པར་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། ཧཱུཾ་བཞི་ལས་སྙིང་ཁ་དང་མཛོད་སྤུའི་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །ཞེས་གསུངས་པས་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ་དང་ཛ་


CMR023_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་སྔགས་ཀྱིས་བྱིན་གྱིས་བརླབས་པར་གསུངས་སོ། །དེ་ལྟར་གནས་བཞི་བྱིན་རླབས་དང་། རིགས་ལྔའི་ཅོད་པན་དང་། ཧྲི་དགུས་གོ་ཆ་བགོས་པ་དང་དེ་དག་བདག་བསྲུང་བའོ། །ཁྲོ་བོ་སྤྱན་འདྲེན་སོགས་ནི་བགེགས་གཞོམ་པའོ། །གནས་སྲུང་བ་ནི་རྡོ་རྗེའི་ས་གཞི་སོགས་བསྒོམ་པའོ། །ཧུ་ལུ་ནི་ནན་ཏི་པའི་ཀྱེ་མའོ་ཞེས་བཤད། སངས་རྒྱས་མཉམ་སྦྱོར་གྱིས་རྒྱུད་ཕྱི་མར་ཞུག་ཅིག་ཏུ་བསྒྱུར་ཞིང་། རབ་ཞི་བཤེན་གྱིས་ཡང་དེ་ལྟར་བཤད་དོ། །ཨོཾ་ཏུཾ་ནི་ས་བོན་ནམ་སྔགས་བསྡུས་པ། ཧོན་སྲུང་བ་སྟེ་དཔལ་མཆོག་སྨད་འགྲེལ་ལས། ཡི་གེ་ཧཾ་གིས་ཆོས་ཀྱི་ངག་རྣམས་ཤིན་ཏུ་བསྲུང་བར་འགྱུར་རོ་གསུངས། མན་ངག་སྙེ་མར་ཧྲིནི་གསལ་བར་གྱིས་ཤིག་པ་སྟེ། ཉེ་བར་གྱུར་པའི་གསལ་བར་གྱིས་ཤིག་པའོ་གསུངས་པ། དེ་ནས་ཚོགས་བསགས་པ་ལ་བཞི། མཆོད་པ་བཤམས་པ་དང་། ཚོགས་རྟེན་སྤྲུལ་པ་དང་། ཚོགས་བསགས་པ། སྡོམ་པ་བཟུང་བའོ། །རང་རྡོ་རྗེ་སྒྱུར་གྱུར་པས་འཇིག་རྟེན་གསུམ་རྒྱལ་རྒྱུད་ཚིག་ལས། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་མཐེའུ་ཆུང་རྡོ་རྗེ་མདུད། །རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ། །དཀྱིལ་འཁོར་ཐམས་


CMR023_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྒྲུབ་བྱེད་ཡིན། །ཅེས་པ་ལྟར་རོ། །ཚོགས་བསགས་ནི་ཡན་ལག་བདུན་པའོ། །སྡོམ་པ་བཟུང་ལ་སེམས་བསྐྱེད་སྡོམ་བཟུང་གཉིས་སོ། །མདོར་བསྡུས་ན་ལྕེ་ལག་བྱིན་རླབས་སྲུང་འཁོར་བསྒོམ་པ། ཚོགས་བསག་པ། གཟུགས་བརྙན་སྦྱོར་བ། སྡིག་པ་ཕྲལ་བ། ཡེ་ཤེས་འབེབས་ཤིང་བརྟན་པར་བྱ་བ། ཕྱག་རྒྱ་གྲུབ་པ། ངན་འགྲོ་འགུགས་ཤིང་དྲལ་བ། ཕྱག་རྒྱ་བཅིངས་ནས་གྲོལ་བ་སྟེ། དེ་དག་གིས་རྣལ་འབྱོར་རྒྱུད་ཀྱི་རྩ་བའི་རྒྱུད་དེ་ཉིད་འདུས་པའི་ལེའུ་དང་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆིངས་དང་ཅུང་ཟད་དགོས་པ་ཡོད་པ་རྣམས་གསལ་བར་བྱས་པ་སྟེ། འདིས་མཚོན་ནས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁོག་ཁྲོལ་བར་བྱའོ། ༈ །དངོས་གཞི་རྣམ་གྲོལ་སྒོ་ཆེན་གྱི་དཀའ་བའི་གནས་རྣམས་ཅུང་ཟད་དཀྲོལ་བར་བྱ་སྟེ་དབང་ཐོབ་ནས་རང་དོན་བསྙེན་པའི་ཆོ་ག །གཞན་དོན་དུ་ས་ཆོག་ལས་རིམ་མོ། །དང་པོ་བསྙེན་པ་བྱ་བའི་གནས་ནི་རྡོ་རྗེ་རྩེ་མོ་ལས། གྲོང་དང་ཡུལ་འཁོར་དག་དང་ནི། །གྲོང་ཁྱེར་དང་ནི་གྲོང་རྡལ་རྣམས། །དེ་ཡི་དབུས་སུ་ཕྱག་རྒྱ་རྣམས། །ནམ་ཡང་བཅིངས་བར་མི་བྱ་སྟེ། །ལྷ་ཁང་ཡང་ན་དགོན་པའམ། །རི་མོ་ཡི་ནི་ཕུག་


CMR023_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི །རྣམ་པ་སྣ་ཚོགས་ཀྱིས་དབེན་ཞིང་། །འདུ་འཛི་མེད་པའི་གནས་གཙང་མ། །དེ་ནི་དཀྱིལ་འཁོར་བཅའ་བར་བྱ། །ཞེས་དང་། ཁམས་གསུམ་རྣམ་རྒྱལ་འབྱུང་བར། རི་བོའི་ནགས་སམ། ཆུ་འགྲམ་མམ། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ལ་སོགས་པ་ཡིད་དང་མཐུན་པའི་གནས་སུ་ཞེས་གསུངས་པ་དང་མཐུན་པའི་གནས་སུ་བསྙེན་པ་བྱའོ། །སྒྲུབ་པ་པོ་ནི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་རྣལ་འབྱོར་རྒྱུད་ཀྱི་བསྒྲུབ་ཚུལ་ཤེས་པས། སྒྲུབ་པའི་གྲོགས་ནི། སློབ་དཔོན་ཀུན་སྙིང་གིས། གྲོགས་ཀྱིས་དཀྱིལ་འཁོར་མཐོང་བ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསང་བའི་ཚུལ་གྱི་ཆོ་གའི་བྱ་བ་ཤེས་པ། གཙང་ཞིང་གཙང་མར་སྤྱོད་པ། གསང་བའི་ཆོ་གའི་བྱ་བ་ལ་མཁས་པ། སྙིང་སྟོབས་དང་ལྡན་པ། བློ་བརྟན་པ་དང་ལྷན་ཅིག་ཅེས་དང་། རྡོ་རྗེ་རྩེ་མོ་ལས། གཙང་ཞིང་གཙང་མའི་གོས་དང་ལྡན། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །ཞེས་པ་ལྟ་བུའི་གྲོགས་དང་བཅས་ཏེ། དྲི་བཟང་གི་ཆུ་ལ་རྡོ་རྗེ་གནོད་སྦྱིན་བཟླས་པས་ཕྱི་ཁྲུས་དང་། སྭ་བྷ་ཝ་བརྗོད་པས་དོན་དྲན་པས་ནང་ཁྲུས་བྱས། སྔོན་འགྲོ་གཏོར་མ་ནི་དང་པོ་བྱའི་རྒྱུན་དུ་


CMR023_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ཀྱང་ཆོག་ལ། གྲོང་ཆོག་ལ་ཉིན་རེ་བཞིན་ཞོགས་པ་རེ་རེ་བཞིན་གཏོང་བ་ཕྱག་ལེན་ནོ། །དེ་ལ་ས་བཅད་ནི། སྦྱོར་དངོས་རྗེས་གསུམ། སྦྱོར་བ་ལ་བསྙེན་པའི་ཆོ་ག་དང་། སྟ་གོན་ཆ་གསུམ། བསྙེན་པ་ལ་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། རྗེས་སུ་སྤྱོད་པའི་ཡན་ལག་དང་བཞིའོ། །དང་པོ་སྦྱོར་བ་ལ་དངོས་གཞི་གཉིས། སྔོན་འགྲོ་ལ་ཡང་སྔོན་དུ་བྱ་བའི་རིམ་པ་དང་། སྔོན་འགྲོ་དངོས་སོ། །སྔོན་དུ་བྱ་བའི་རིམ་པ་ནི། གོང་དུ་བཤད་པའི་གནས་སུ་གང་ཟག་དེས་ཇི་ལྟར་བྱ་བ་ནི། །སྔོན་འགྲོ་གཏོར་མ། མཆོད་པ་བྱིན་རླབས། སྐྱབས་སེམས། ལྕེ་ལག་བྱིན་རླབས། སྲུང་འཁོར་བསྒོམ། ཚོགས་རྟེན་སྤྲུལ་ནས་ཚོགས་བསགས། གཟུགས་བརྙན་སྦྱོར་བའི་སྡིག་པ་ཕྲལ་བ། ཡེ་ཤེས་འབེབས་ཤིང་བརྟན་པར་བྱ་བ་རྣམས་ནི་དང་པོའི་སྦྱོར་བ་དངོས་སོ། །དང་པོ་ནི་ཁ་ཤར་དུ་ཕྱོགས་པས་མདུན་དུ་དྲིལ་བུ་ཚང་ཞལ་རང་ལ་བསྟན་ཏེ། རྡོ་རྗེ་གཡོན་དང་དྲིལ་བུ་གཡས་སུ་བཞག་པར་བུ་སྟོན་སོགས་སྔོན་གྱི་ཡོ་ག་མཁས་ཀུན་བཞེད་དེ། ངོར་པ་སོགས་ཁ་ཅིག་དེ་མི་འཐད་པར་སྨྲ་ཡང་། ཨརྱ་དེ་ཝས་ལག་པ་གཉིས་རྡོ་རྗེ་དྲིལ་བུ་


CMR023_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་མར་བླངས་ཏེ་ཞེས་དང་། སློབ་དཔོན་ཀུན་སྙིང་གིས་རྡོ་རྗེ་དྲིལ་བུ་སྟབས་ཀྱི་རྒྱ་གཞུང་ལས། ཚུལ་ཡང་རྡོ་རྗེ་དྲིལ་ཐབས་ནི། །རྡོ་རྗེ་གཡོན་བཞག་དྲིལ་བུ་གཡས། །ལག་པས་པད་ཀོར་ཚུལ་དུ་བླངས། །ཞེས་གསུངས་སོ། །སྦྱིན་སྲེག་དུས་སོགས་སྐབས་འགའ་ཞིག་ལ་ལག་པ་བསྣོལ་ཏེ་རྡོར་དྲིལ་འཛིན་མི་རུང་བར་གསུངས་པའི་དམིགས་བསལ་རང་རང་སྐབས་སུ་ཤེས་པར་བྱའོ། །རྡོར་དྲིལ་བསྣོལ་མར་མ་བཀོད་ཀྱང་ཉེས་པ་ནི་མེད་དོ། །མཆོད་པ་བཤམས་ལུགས་རབ་ལྷ་གྲངས། མ་འབྱོར་ན་ཆུ་གཉིས་སམ་བཞི་ཉེར་སྤྱོད་རོལ་མོ་རྣམས་མ་རྒྱུད་མ་གཏོགས་དཀྱིལ་འཁོར་ལ་གཡས་བསྐོར་དུ་བཤམས། སྤྱི་མཆོད་སྒོས་མཆོད་ཕྱི་ནང་དུ་བཤམས་པ་སོགས་མཆོད་འགྲིགས་ངོར་པ་སོགས་བྱེད་པ་རྟོག་བརྟག་ཡིན་གསུངས་སོ། །རྡོ་རྗེ་འབྱུང་བ་སོགས་རྒྱུད་འགྲེལ་རྣམས་ལས་དཀྱིལ་འཁོར་སྟ་གོན་སྐབས་སུ་མ་གཏོགས་སྔོན་འགྲོ་མ་གསུངས་པས་ཀུན་རིག་ཆེན་པོར་ཡང་མ་བྱས་ཀྱང་ཆོག་གསུངས་པས་མ་ཚང་མི་འགྱུར་ལ། བར་ཆད་མི་འབྱུང་བའི་ཕྱིར་དཀྱིལ་འཁོར་གཞན་ནས་གསུངས་པས། བྱས་ཀྱང་ལྷག་སྐྱོན་མེད་པས་འདིར་ཡང་མཛད་དོ། །རིག་པ་མཆོག་གི་རྒྱུད་ལས།


CMR023_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འདྲེན་འཇིག་རྟེན་མེ་ཏོག་ཅེས་བྱ་བས་མེ་ཏོག་ལ་ཞུགས་ནས་མི་འགྲུབ་པར་བྱེད། ལོག་འདྲེན་ཟས་སུ་དྲི་ཟ་བ་ཞེས་པ་དྲི་ལ་འཇུག་ནས་ལྷ་རྣམས་ཐུགས་མི་དྭངས་བར་བྱེད། ལོག་འདྲེན་ནག་པོ་བདུག་སྤོས་ལ་ཞུགས་ནས་དྲན་པ་ཉམས་ཤིང་དངོས་གྲུབ་མི་འགྲུབ་པར་བྱེད། ལོག་འདྲེན་གཙུག་ཕུད་ཅིག་པ་ཞེས་པ་མར་མེ་ལ་འཇུག་པར་གསུངས་པས། རང་ཉིད་སྐད་ཅིག་ལ་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ལ་དེའི་སྔགས་རྒྱས་བགེགས་བསྐྲད་སྔགས་རྒྱ་དང་ཁྲོ་བོ་རྡོ་རྗེ་མེའི་སྔགས་རྒྱས་མཆོད་པའི་མ་དག་པ་བསྲེགས་ནས་གཟི་བརྗིད་ཕུན་སུམ་ཚོགས་པར་བསྐྱེད། དངོས་པོའི་བདེན་ཞེན་སྭ་བྷ་ཝས་སྦྱངས། ཨོཾ་ནི་རིན་པོ་ཆེའི་ཁང་པ་དང་སྣོད་ཀྱི་ས་བོན་དུ་དཔལ་མཆོག་དང་རྡོ་རྗེ་རྩེ་མོ་སོགས་རྒྱུད་མང་པོ་ནས་གསུངས་ལ། དེ་ནམ་མཁའ་མཛོད་ཀྱི་ས་བོན་ཡིན་པས་མཆོད་པའི་ས་བོན་ནོ། །མཆོད་པ་ནི་གཙུག་དགུའི་གཞུང་ལས། ནས་དང་འབྲས་སྤོས་ཏིལ་དང་ནི། །ཙནྡན་དཀར་པོ་དང་ལྡན་ཞིང་། །མེ་ཏོག་འོ་མ་དྲི་ཞིམ་བཅས། །མཆོད་ཡོན་སྣོད་དུ་བཞག་པར་བྱ། །ཞེས་པ་ལྟར་རམ་ཅི་འབྱོར་རོ། །བིད་པུ་ར་སུ་སོགས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་ཟད་མེད་དུ་བྱིན་གྱིས་བརླབས། རྣམ་སྣང་


CMR023_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དྲྭའི་འགྲེལ་པར། རྡོ་རྗེ་མེ་ཏོག་ལ་སོགས་པའི་ཕྱག་རྒྱ་དང་། སྔགས་ཡོངས་སུ་བཟླས་པའི་མེ་ཏོག་དང་། སྤོས་དང་མར་མེ་དང་བྱུག་པ་སོ་སོའི་སྔགས་བརྗོད་ཅིང་དལ་གྱིས་ལྷ་ལ་མཆོད་པར་བྱའོ། །ཞེས་དང་། ཇོ་བོ་རྗེས་ཕར་ཕྱིན་ལུགས་ཀྱི་སྔགས་དང་ཕྱག་རྒྱ་མེད་པར་དོན་དམ་པར་རང་བཞིན་མེད་པ་ཀུན་རྫོབ་དང་སྒྱུ་མའི་རང་བཞིན་དུ་བསམ་མོ། །ཀྲི་ཡའི་ལུགས་ཐམས་ཅད་ཀྱིས་རྣམ་པར་རྟོག་པ་ཆེ་བས་ཉེས་པ་གསང་བ་དང་མཆོད་པ་རེ་རེ་ལ་ཡང་ཁྱད་པར་གྱི་བགེགས་བཟློག་ནས། སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། སོ་སོའི་རྣམ་པ་དང་འདྲ་བ་ལས། དོན་ལྷའི་རང་བཞིན་དུ་འདོད་པའོ། །རྣལ་འབྱོར་རྒྱུད་ཀྱི་ལུགས་ཀྱིས། སྔགས་དང་ཕྱག་རྒྱས་མཆོད་པ་སོ་སོའི་ལྷ་མོ་རྣམས་ཀྱི་ཕྱག་མཚན་གྱི་དོན་དང་འདྲ་བའི་མེ་ཏོག་ལ་སོགས་པའི་རྣམ་པར་བསྐྱེད་དོ། །རྣལ་འབྱོར་ནང་པའི་ལུགས་ཀྱིས། མཆོད་པ་རྣམས་ལྷ་མོར་བསྐྱེད་པར་བཞེད་གསུངས། དེས་ན་རང་རང་གི་སྣོད་དུ་མཆོད་པ་མང་ཞིང་རྒྱ་ཆེ་བར་བསམས་ནས་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་སོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཐུན་མོང་དང་བླ་མ་ཡི་དམ་ལ་སྐྱབས་


CMR023_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་བས་ཁྱད་པར་སྔགས་ཀྱི་སྐྱབས་འགྲོའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་ཞེས་སོགས་ནི་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ལ་ཚད་མེད་པ་བཞི་ཝཱཀ་འདུས་པར་བཤད་དོ། །རྡོ་རྗེའི་རྩེ་མོ་ལས། གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །སེམས་ཅན་ཀུན་དོན་ཡང་དག་ལྡན། །བྱང་ཆུབ་སེམས་ནི་ཡང་དག་བཟུང་། །ཞེས་གསུངས་པའི་དོན། དཔལ་མཆོག་ལས། ཅི་འདོད་ཅི་སྤྱོད་ཅི་སྨྲ་བ། །ཐམས་ཅད་བྱ་ཞིང་ཐམས་ཅད་བྱེད། །ལང་བའམ་འདུག་པའམ་འགྲོ་ཡང་རུང་། །ཅི་བཞིན་དེ་བཞིན་དེ་དང་དེར། །ཅི་འདོད་པར་ནི་ཇི་བཞིན་བཞག །དལ་བུ་ཡང་ནི་མ་ཞུགས་པའི། །།སྒྲིབ་པ་ཀུན་དང་ལྡན་པར་ཡང་། །རང་གི་ལྷ་ཡི་རྣལ་འབྱོར་དག །ཚིག་ཙམ་གྱིས་ཀྱང་རྟག་ཏུ་བྱ། །ཞེས་གསུངས་པས་རྡོ་རྗེ་སེམས་དཔའ་བསྒོམ་པའོ། །གཙུག་དགུར་དེ་ཡི་མགྲིན་པར་ཡི་གེ་ཧཱུྃལས་པདྨ་དང་། དེའི་སྟེང་དུ་འདབ་མའི་རྩེ་མོར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དང་། རྡོ་རྗེ་ལྕེ་ལ་ཐིམ་པར་བྱ་ཞིང་། ཨོཾ་བཛྲ་ཛི་ཧྭ་ཞེས་བྱའོ། །དེ་ནས་ལྕེ་རྡོ་རྗེར་འགྱུར་ཞེས་སྔགས་བཟླས་པ་ནུས་པར་འགྱུར་རོ། །ཞེས་


CMR023_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་ལྕེ་བྱིན་རླབས་དང་། ཡང་གཙུག་དགུའི་རྒྱུད་དེར། ལག་པ་གཉིས་ཀྱི་དབུས་སུ་ཡི་གེ་ཨཱདཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དང་། དེ་གཉིས་ལག་པའི་མཐིལ་དུ་ཐིམ་པར་བྱས་ཏེ། རྡོ་རྗེའི་ལག་པ་འགྱུར་བ་ནི། རྡེག་འཕྲོག་ལ་སོགས་པ་ལག་གིས་ཉེས་པ་དག་ནས། ཕྱག་རྒྱ་བཅིངས་བར་ནུས་པར་འགྱུར་རོ། །རྡོ་རྗེ་འབྱུང་བར་ལག་པ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་བསམ་སྟེ་དེ་གཉིས་ཀྱི་སྟེང་དུ་ཧཱུཾ་གཉིས་ལས་རྡོ་རྗེ་རྩེ་ལྔ་དཀར་པོ་བསམ་ཞིང་ལག་པའི་སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་བསམ་ལ་བགེགས་བསལ་བ་སོགས་བྱའོ། །ཞེས་པ་ལྟར་ལག་པ་བྱིན་རླབས་སོགས་ནས་སྲུང་འཁོར་ནི་སྦྱོང་རྒྱུད་ལས། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་སྲུང་ལ་སོགས་བྱས་ནས་ནི། །ཞེས་གསུངས་པ་དང་། ཕྱག་ན་རྡོ་རྗེ་རང་གི་སྐུ་བོར་ཏེ། །ཞེས་དང་། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཁྲོ་བོའི་ཏིང་འཛིན་བསྒོམས་བྱས་ནས། །ཞེས་གསུངས་པས། སྔོན་རང་ཕྱག་རྡོར་ཞི་བ་རྡོར་སེམས་སུ་བསྒོམ་པ་དེ་བོར་ཏེ། མི་དམིགས་པའམ་གནས་འགྱུར་ཏེ་སྐད་ཅིག་ལ་ཁྲོ་བོ་འཇིག་རྟེན་


CMR023_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱལ་བསྐྱེད་དེ། འཇིག་རྟེན་གསུམ་ནི། ས་འོག་ས་སྟེང་ས་བླའོ། །སྦྱོང་རྒྱུད་ལས། ཞལ་ནི་ཤིན་ཏུ་འཇིགས་འཇིགས་ལྟར། །ཕྱག་ནི་བརྒྱ་ཕྲག་དུ་མར་ལྡན། །སྦྲུལ་དང་མི་སྡུག་མགོས་བརྒྱན་པ། །སྟག་ལྤགས་ཀྱིས་ནི་སྨད་གཡོགས་བགོས། །རྒྱུ་མ་ཐོགས་ཤིང་དབུ་མཐའ་ཡས། །མགོ་ཐོད་ཤས་གང་ཕྱག་ན་ཐོགས། །ཞེས་པ་ལྟར་བསྒོམ་མོ། །སྟོད་འགྲེལ་དུ་ཁྲོ་བོ་ཏི་རིན་ཏི་ཞེས་བྱ་བ་རྡོ་རྗེ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱའོ། །ཞེས་དང་། གཙུག་དགུའི་རྒྱུད་དུ། རྡོ་རྗེ་ཏི་རིན་ཏི་བཅིངས་ལ་ཞེས་གསུངས་པའི་ཕྱག་རྒྱ་དེས། ཨོ་ནི་མཆོག་གོ་ཤྲཱིཧྥ་ཟུངས་ཤིག་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་བི་ཆིངས་ཤིག་སྟེ་ཧཱུྃ་སྡུག་བསྔལ་འཇོམས་ཏེ་རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམས་འདའ་བར་མི་བྱ་བས་ཕྱག་རྒྱའི་དམ་ཚིག་དཔེ་ཟུངས་བསྟན་པར་ཆིངས་ཤིག་ཅེས་སྔགས་དོན་ནོ། །སྔགས་རྒྱས་གནས་བཞི་བྱིན་བརླབས་ནས། གཙུག་དགུའི་རྒྱུད་དུ། རྡོ་རྗེ་ཕྲེང་བའི་དབང་བསྐུར་བཟུང་བར་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་སོགས་གསུངས་པ་སྟེ། རྡོ་རྗེ་མེ་ལྟར་འབར་བའི་ཉི་མའི་གཟི་བརྗིད་ཅན་བདག་དབང་སྐུར་ཞེས་བྱའོ། །འབྱུང་བ་འདི་ནི་སྤྱི་བོ་ནས་བརྩམས་ནས་ཕྱོགས་བཞི་རྡོ་རྗེ་ཕྲེང་བའི་དབང་


CMR023_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བར་བླངས་ལ། ཞེས་གསུངས་པ་ལྟར་སྤྱི་བོའི་གནས་ལྔར་རིགས་ལྔའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་བསྒོམ་པའོ། །གོ་བགོ་བ་ནི། གཙུག་དགུའི་རྒྱུད་དུ། ཨོཾ་ཏུཾ་ཞེས་བྱ་བའི་ཡི་གེ་གཉིས་པོ་འདིར་གོ་ཆ་བགོས་ནས་ཞེས་དང་། རྩེ་མོར། དོན་ཀུན་རབ་ཏུ་སྒྲུབ་བྱེད་པའི། །ཡིག་གཉིས་གོ་ཆ་བཟང་པོ་ཡིན། །ཨོཾ་ཏུཾ་གོ་ཆའོ། །ཞེས་གོ་ཆའི་སྔགས་དང་། འཇིག་རྟེན་གསུམ་རྒྱལ་གྱི་རྟོགས་པར་དེ་ནས་གོ་ཆ་ཕྱག་རྒྱ་འབྱུང་སྟེ། ཁུ་ཚུར་བཅིངས་པ་གཉིས་ཀྱི་སྙིང་གར་མདུད་པའི་ཚུལ་བྱའོ། །སྤོས་ནི་ཡང་ལྷག་པར་དེ་བཞིན་ནོ། །ཡང་བར་དུ་ཡང་མདུད་དོ། །ཡང་སྤོས་ནས་སྙིང་ཁར་དང་ལྟག་པར་ཡང་དེ་བཞིན་ནོ། །མགོ་ལ་ཡང་དེ་བཞིན་དུ་དབང་བསྐུར་བའི་གནས་སུའོ་ཞེས་པ་འབྱུང་བར། ཨོ་ཧཱུྃ་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གྱིས་སྙིང་ཁར་མདུད་པ་བཅིངས་བའི་ཚུལ་གྱིས་གོ་བགོ་བར་བྱ་ཞིང་། དེ་བཞིན་དུ་མགྲིན་པ་ལྟག་པ་སྙིང་ཁ་ནུ་མའི་ཡང་སྙིང་ཁར་མགྲིན་པ་རྒྱབ་དཔྲལ་བ་སྟེང་རྣམས་སུ་མདུད་པ་དར་དཔྱངས་བཅིངས་བའི་ཚུལ་བྱས་ཏེ། སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་ནས་བཀྲོལ་ཏེ། མཐར་


CMR023_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་ཐལ་མོ་དང་། བཛྲ་ཏུཥྛ་ཧོ། ཞེས་བྱ་བས་མཉེས་པར་བྱའོ། །ཞེས་གསུངས་པ་ལྟ་བུའི་ཕྱག་རྒྱ་བྱ་ཞིང་། ཀོ་ས་ལའི་རྒྱུན་དུ་དར་དཀར་པོ་ཞེང་དུ་ཁྲུ་གང་བ་ཆུར་ཁུ་ཚུར་ཉི་ཤུ་རྩ་ལྔ་པ་དེས་མགོ་ལ་དབུ་རྒྱན་རྩ་བར་ཟེའུ་ཁར་མང་དུ་དཀྲིས་པ། ངོས་གཉིས་ཀྱི་རྣ་བའི་སྟེང་དུ་བཅུག་སྟེ་གྱེན་དུ་སོར་བཞི་ཙམ་བྱུང་། ནམ་མཁའ་ལྡིང་གི་གཤོག་པ་ལྟ་བུར་བྱས་ལ། ལྷག་མའི་མཐའ་མར་བྱིན་པ་ལ་ཐུག་གི་བར་དུ་བརྐྱང་པ་ནི་ཅོད་པན་ཏེ། ཞེས་གསུངས་ཤིང་དེ་ཉིད་རྣམ་པར་སྣང་བར་ཡང་དེ་བཞིན་དུ་བཞེད་ཅིང་། ཞལ་ཤེས་གནས་རྣམས་སུ་ཡང་དར་དེ་མདུད་པ་རྡོ་རྗེས་མཚན་པར་བསྒོམ་གསུངས་ལ། ཏུ་ཊུ་ཧོ་དུས་སྣེ་མོ་མདུད་ནས་དར་དཔྱངས་སུ་བཤལ་བར་བསྒོམ་གསུངས་སོ། །དེ་ཡང་དམག་དཔོན་དཔའ་བོས་དགྲ་དཔུང་གཞོམ་པ་ལ་ཡང་དཔའ་བོ་རིགས་སུ་སྐྱེས་པ། བསོད་ནམས་ལས་ཚད་དུ་ཕྱིན་པ། དཔའ་བོར་དབང་བསྐུར་བ་གོ་ཆ་བརྟན་པ་དང་བཞི་ཚང་དགོས་པ་ལྟར་ཁྲོ་བོ་རིགས་སུ་སྐྱེས་པ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པས་དབང་བསྐུར་བ་གོ་ཆ་གོན་པ་དང་བཞི་ཚང་བར་གཅིག་གིས་བགེགས་དཔུང་འཇོམས་དགོས་པར་མཁས་པ་རྣམས་བཞེད་དོ། །ཟང་དཀར་


CMR023_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཤའི་རྩེ་མོའི་ཊིཀྐར། ཐོག་མར་ཧཱུྃ་མཛད་བསྐྱེད་དེ་ཁྲོ་བོ་ཏི་རིན་ཏིས་བྱིན་གྱིས་བརླབས་པ་དབང་བསྐུར་བ་དང་། གོ་བགོས་ནས་ཁྲོ་བོ་སྤྱན་དྲངས་བ་མཆོད་བསྟོད་བཀའ་བསྒོ་རྣམས་བྱས་ཏེ། བསྣུན་བསྲེགས་བཅིང་བ་སོགས་བྱེད་པར་གསུངས་ཤིང་བཅོམ་ལྡན་འདས་རལ་གྲི་པས་ཡང་དེ་འཐད་པ་གསུངས་པ་དང་ཕྱོགས་མཐུན་པར་སྔོན་གྱི་་མཁས་པ་པུ་རང་པ་ཟླ་འོད་ཀྱི་ཕྱག་ལེན་ལྟར་ཁྲོ་བོ་སྤྱན་འདྲེན་སོགས་བྱ་སྟེ། རྣམ་འཇོམས་ཀྱི་ཆོ་ག་ཤུ་རང་ག་ཝརྨས་མཛད་པ་དང་དཀོན་མཆོག་ཚུལ་ཁྲིམས་ཀྱིས་མཛད་པའི་ཆོ་གའི་རྒྱ་གཞུང་ནས། ཡེ་ཤེས་བསྐལ་པ་སོགས་སྤྱན་འདྲེན་ཚིག་རྣམས་བྱུང་ལ། སྣེ་ར་མ་ཏིས་མཛད་པའི་རྒྱན་དམ་པ་སྣ་ཚོགས་རིམ་པར་ཕྱེ་བ་ལས། ཡེ་ཤེས་བསྐལ་པ་ཞེས་སོགས་ཚིག་ཕལ་ཆེར་འདྲ་བ་འབྱུང་ངོ་། །བསྟོད་པ་ནི། ཆོས་ཉིད་སྟོང་པ་སོགས་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་དྲག་པོའི་རྟོག་པ་དུར་ཁྲོད་ཆེན་པོའི་འགྲེལ་པ་དང་། དཀོན་མཆོག་ཚུལ་ཁྲིམས་ཀྱིས་མཛད་པའི་རྣམ་འཇོམས་ལས་འབྱུང་། ནམ་མཁའ་དྲི་མེད་ལས། ཡེ་ཤེས་ཞི་བའི་སོགས་ཤོ་ལོ་ཀ་གཅིག་དང་། བསྐལ་པ་མེ་ལྟར་འབར་བ་སོགས་ཤོ་ལོ་ཀ་གཅིག་འབྱུང་། རྣམ་


CMR023_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བསྟོད་པ་བྲམ་ཟེ་ནོར་བུ་རྡོ་རྗེས་མཛད་པ་ལས། སྡིག་པའི་མཚོན་ཆ་སྣ་ཚོགས་ནས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་བྱུང་ལ། ལས་ཀྱི་རྡོ་རྗེས་མཛད་པའི་གཏུམ་པའི་དཀྱིལ་ཆོག་ཏུ། ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་སོགས་བཀའ་བསྒོའི་ཚིག་ཕལ་ཆེར་བྱུང་ལ། ནམ་མཁའ་དྲི་མེད་ཀྱི་དཀྱིལ་ཆོག་ཏུ། །དཀྱིལ་འཁོར་ཆེན་པོ་ས་གཞི་ཞེས་སོགས་ཚིག་ཕལ་ཆེར་འདྲ་བར་བྱུང་ངོ་། །རྣལ་འབྱོར་པ་ཁོ་བོས་དལ་བཞེངས་པས་བསྒོམ་པའི་གནས་འདིར་འཁོད་པའམ་འོང་བའི་གདོན་བགེགས་འབྱུང་པོ་ཁྱེད་རྣམས་ང་ཡི་བཀའ་ལ་མ་འདའ་བར་དེངས་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེས་མགོ་འགེམ་མོ་ཞེས་པ་སྟེ། རང་གི་སྐུ་ལས་སྤྲུལ་པའི་ཁྲོ་བོ་མཐའ་ཡས་པ་སྤྲོས་ཏེ་བཀའ་བསྒོས་ཀྱང་མི་འགྲོ་བ་རྣམས་དབང་མེད་དུ་བསྐྲད་པར་བསྒོམ་མོ། །དེ་ཉིད་འདུས་པའི་རྒྱུད་ཕྱི་མར། རྡོ་རྗེ་ཧཱུྃ་མཛད་ཕྱག་རྒྱུ་ནི། རབ་མཉམ་བཞག་པས་བཅིངས་ནས་ཀྱང་། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བཞག་པ་ཉིད་དུ་བྱིན་རླབས་སོ། །ཞེས་པ་ལྟར་ཧཱུྃ་མཛད་ཕྱག་རྒྱ་སྔགས་བརྗོད་ཅིང་། གནས་གསུམ་དུ་བཞག་པས་བདག་སྲུང་བ་སྟེ།


CMR023_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་ཁྲོ་བོའི་སྐུ་གསུང་ཐུགས་རྡོ་རྗེར་གྱུར་པར་བསྒོམས་པ་ཞལ་ཤེས་སོ། །གཙུག་དགུའི་རྒྱུད་དུ། རྡོ་རྗེ་ཁུ་ཚུར་གཉིས་བཅིང་ལ་མཁྲིག་མ་གཉིས་བསྣོལ་ལ། མཐེབ་ཆུང་གཉིས་ལྕགས་ཀྱུ་སྦྲེལ་ལ། མཛུབ་མོ་གཉིས་སྡིགས་མཛུབ་ཏུ་སྒྲེང་བ་ནི། ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱའོ། །ཞེས་པས་ཕྱག་རྒྱ་དང་སྦྱོང་རྒྱུད་ལས་ཁྲོ་བོ་རྡོ་རྗེ་མེ་ཉི་མ་ཞེས་བྱ་བའི་སྙིང་པོ་འདི་ཉིད་ཐུགས་ཀ་ནས་བྱུང་ངོ་། །ཨོཾ་སརྦ་ཀྲོ་དྷ་ཞེས་སོགས་གསུངས་པའི་སྔགས་ཀྱིས་བདག་སྲུང་ནས་གནས་སྲུང་བ་རྒྱས་པར་ཁྲོ་བཅུ་སྤྲོ་བར་བཤད་ཀྱང་། བགེགས་བསྣུན་པ་དང་བསྲེགས་པ་དང་བསྲུང་བ་གསུམ་གཅིག་ཏུ་བསྡུས་ཏེ་བྱ་བ་སྟེ། རང་གི་ཐུགས་ཀ་ནས་ཁྲོ་བོ་བཅུའི་ངོ་བོ་ཁྲོ་ཆུང་རྡོ་རྗེ་མེ་དང་མཚོན་ཆའི་ཚོགས་སྤྲོས་ཏེ་བགེགས་རྣམས་བསྣུན་ཞེས་ཏེ་བརྡུང་། མི་འགྲོ་བ་དག་ཁྲོ་བོ་མེ་འབར་བས་བསྲེགས། དེ་དག་འདུས་པ་ལས་འོག་རྡོ་རྗེའི་ས་གཞི། སྟེང་གུར་བླ་རེ།། བར་རྡོ་རྗེའི་རྭ་བར་བསྒོམ། གཙུག་དགུའི་རྒྱུད་ལས། ཕྱོགས་མཚམས་སྟེང་འོག་གི་བགེགས་རྣམས་ཚར་བཅད་ནས་ཞེས་དང་། རྩེ་མོར། དེ་ནས་སྟེང་འོག་ཕྱོགས་རྣམས་སུ། །


CMR023_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནག་པོ་ངེས་པར་བཅད། །ཅེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས། ཧཱུྃ་མཛད་རྡོ་རྗེས་སྡིགས་བྱ་ཞིང་། །དེ་ནི་རྡོ་རྗེའི་ར་བས་བསྐོར། །ཞེས་དང་། །པཎྜི་ཏ་བྷུ་ཏི་ཙཎྜས་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་གྱིས་ཧཱུྃ་ཞེས་བྱ་བས་ར་བ་བྱས་ཏེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་བྱའོ། །ཞེས་གསུངས་ལ། ཁ་ཅིག་རྡོ་རྗེའི་རྭ་བ་གྲུ་བཞི། སྟོང་གསུམ་དང་མཉམ་པ། ནང་གི་ར་བ་ཟླུམ་པོ་འཇིག་རྟེན་གྱི་ཁམས་འདི་ཡི་ཚད་ཡིན་པས། རྡུལ་ཚོན་གྱི་རི་མོ་ཡང་དེ་ལྟར་ཡིན་ཟེར། ར་བ་ཟླུམ་པོ་ཡིན་ཏེ། གཙུག་དགུ་ལས། ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །ར་བ་དྭ་བ་བྱས་ནས་ཀྱང་ཞེས་གསུངས་སོ། །རྣལ་འབྱོར་བསྲུང་བ་ནི་ཆོ་གའི་སྦྱོར་དངོས་རྗེས་གསུམ་སྲུང་བའི་ཆེད་དུ་སྔགས་ལན་གསུམ་བཟླའོ། །བསྙེན་པ་ལ་སོགས་བྱེད་དུས་ནི། ཆུ་དང་ཡུངས་ཀར་དང་ཐལ་བ་ལ་བིགྷན་ཏ་ཀྲྀ་ཏའི་སྔགས་བཟླས་པས་གནས་ཁང་སོགས་ལ་གཏོར་ནས་རྫ་ས་སྲུང་སྟེ་ལེགས་སོ། །དེ་ནས་ཚོགས་ཞིང་ནི་རང་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེ་རུ་གསེར་མདོག་ཏུ་སྐད་ཅིག་བསྒོམས་ནས། གཙུག་དགུའི་རྒྱུད་དང་དེ་ཉིད་འདུས་པར་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་མཐེབ་ཆུང་རྡོ་རྗེ་མདུད། རྡོ་རྗེ་འཁོར་ལོ་ཞེས་གྲགས་


CMR023_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །ཅེས་གསུངས་པ་ལྟར། དཀྱིལ་འཁོར་སྤྲུལ་རྡོ་རྗེ་ཐལ་མོ་དཔྲལ་བ་སོགས་གནས་གསུམ་དུ་སྦྱར་ནས་སྔགས་ཀྱི་ཕྱག་རྒྱ་བྱས། དེ་ནས་བཤགས་པ་ཡི་རང་སྐྱབས་འགྲོ་སྨོན་འཇུག་གསང་སྔགས་ཀྱི་ལམ་བསྟན་པ་རྣམས་ཀྱི་དོན་ཚང་བའི་དབང་མེད་མ་འདི་ནི། ་རྒྱུད་སྟོང་ཕྲག་བརྒྱ་པ་ལས་བྱུང་བ་ལ་སོགས་དཀྱིལ་ཆོག་རྒྱ་གཞུང་རྣམས་སུ་དྲངས་པའོ། །འདི་ནི་ཚིག་གཞན་གོ་སླ་ལ། རྒྱུ་ཡི་རྗེས་ལ་སོགས་ཀྱི་དོན་ནི། རྒྱུད་བྱང་ཆུབ་ཀྱི་སེམས་ཏེ་དེའི་རྗེས་ལ་བར་མ་ཆོད་དུ། ཐོག་མཐའ་མེད་པས་ཆོས་དབྱིངས་དང་དབྱེར་མེད་པས་ཀུན་ཏུ་བཟང་པོ་ནི་བདག་པོ། དེའི་དམིགས་ཡུལ་ནི་རྣམ་པར་ཐར་པའི་སྒོ་བཞི་དང་ཕར་ཕྱིན་དྲུག་གོ། །ཡུལ་དེའི་བདག་ཉིད་དུ་གྱུར་པའི་ཐབས་ལ་མཁས་པའི་སྤྱོད་པ་ཕར་ཕྱིན་དྲུག་མཐར་ཕྱིན་པར་བྱས་པས། འབྲས་བུ་དོན་དམ་བྱང་ཆུབ་ཀྱི་སེམས་ཡང་དག་པར་ཇི་ལྟ་བ་ཤེས་པའི་བྱང་ཆུབ་ཆེན་པོ་མཉེས་པའི་སྟོབས་ནུས་ཀྱི་སྤང་བྱའི་དགྲ་ལས་རྒྱལ་བར་གྱུར་པ། སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེ་ཆེན་པོའི་རྩ་བ་ཟུག་ཅིང་ངོ་བོ་སེམས་ཡང་དག་པར་ཇི་བཞིན་དུ་རྟོགས་པ་མཐར་ཐུག །


CMR023_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་རང་གི་བྱང་ཆུབ་དང་མི་མཉམ་མཉམ་པ་མེད་ཅིང་མཚུངས་པ་མེད་ཅིང་བླ་མེད་བྱང་ཆུབ་སེམས་བསྐྱེད་པར་བགྱི་ཞེས་པས་སེམས་བསྐྱེད་དོ། །དེ་ནས་སེམས་བསྐྱེད་རིགས་ལྔའི་སྡོམ་བཟུང་སྟེ། རྡོ་རྗེ་རྩེ་མོར། རྡོ་རྗེ་སྡོམ་པ་བླ་མེད་པ། །བསླབ་པའི་གནས་འདི་བླངས་ནས་བྱ། །ཞེས་གསུངས་ཏེ་བདག་ལྷ་རྣམས་ཀྱིས་མྱུར་དུ་བྱིན་གྱིས་བརླབ་པར་འདོད་ན་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པའི་ཕྱིར་དང་། སེམས་བསྐྱེད་བསླབ་པ་གསུམ་དང་རིགས་ལྔའི་སྡོམ་པ་བཟུང་བ་མང་སྟེ་གོ་སླ་ལ། ཕྱི་དང་གསང་བ་ཞེས་པ་འདོད་ཚུལ་མང་ཡང་། ཕྱི་བྱ་སྤྱོད་རྒྱུད་དང་གསང་བ་རྣལ་འབྱོར་རྒྱུད་དོ། །དེ་ལྟར་རང་གིས་ཚོགས་བསག་པ་མ་ཟད་ལྷ་ཀླུ་ལ་སོགས་པའི་འགྲོ་བ་རྣམས་གློ་བུར་དུ་ལྷགས་ནས་མཆོད་སྤྲིན་མཐའ་ཡས་པས་མཆོད་པར་བསྒོམ། དེས་མཆོད་པས་དེ་དག་ངན་སོང་དུ་སྐྱེ་བར་འགྱུར་བའི་སྒྲིབ་པ་སྦྱངས་ཏེ། རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་པས་དེ་རྣམས་ཀྱིས་ཚོགས་ཞིང་གི་དཀྱིལ་འཁོར་ལ། ཨེ་མའོ་སངས་རྒྱས་སོགས་ཆེད་དུ་བརྗོད་དེ་བསམས་ནས་མི་དམིགས་པར་བྱ་བ་བསོད་ནམས་ཀྱི་ཚོགས་སོ། །དེ་ནས་སྦྱོང་རྒྱུད་ལས། ལག་པ་གཉིས་མདུན་དུ་བཞག་ལ་ཨ་ལས་ཟླ་བ་


CMR023_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་རྒྱས་པར་གསུངས་པ་དང་། ཡེ་ཤེས་རྡོ་རྗེའི་ཐུགས་རྗེ་འབྱུང་བའི་སྒོམ་བཟླས་ལས་ཀྱང་། ལག་པ་གཡས་པ་རྣམས། །རྣམ་པར་སྣང་མཛད་ཅེས་སོགས། རྒྱས་པར་གསུངས། ལག་མཐིལ་གཉིས་སུ་ཟླ་དཀྱིལ་གཉིས་བསྐྱེད་པ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རང་བཞིན། ཧཱུྃ་ཡིག་ནི་ཐིག་ལེ་ཆོས་དབྱིངས་ཡེ་ཤེས། ཟླ་ཚེས་མེ་ལོང་། མགོ་བོ་མཉམ་ཉིད། ཁོག་པ་སོར་རྟོག །ཞབས་ཀྱུ་བྱ་གྲུབ་ལྔའི་རང་བཞིན། གཡོན་གྱི་ཨཱཝཡིག་ཆོས་དབྱིངས་རང་བཞིན་རྣམ་རྟོག་གི་ངོ་བོ། ཨཱ་ལི་བཅུ་དྲུག་སྟོང་ཉིད་བཅུ་དྲུག་གཡས་སྐོར་དང་། གཡོན་གཉིས་སུ་འོད་ཟེར་འབར་བ། སོར་མོ་རྡོ་རྗེ་རྩེ་གཅིག་པའི་རང་བཞིན་ལ་མེ་ལོང་གི་གཟུགས་ལྟར་ས་བོན་ལྔ་ལས་རིགས་ལྔ་ཡབ་ཡུམ་ཆུ་ཟླ་ལྟར་གསལ་བས་ཡབ་ཡུམ་གར་དང་བཅས་ཏེ་སྦྱོར་བར་བསམས་ལ། ཨ་ནའི་འདོད་པས་ཕན་ཚུན་རྗེས་སུ་འགྲོ་བ་ཆོས་ཐམས་ཅད་ཕན་ཚུན་རྗེས་སུ་སོང་བ་ཞེས་པའོ། །ལྷ་ཐམས་ཅད་ཐབས་ཤེས་ཕན་ཚུན་རེག་པར་བསྒོམས་ལ། པ་ར་པ་ར་ནི། རྡོ་རྗེ་རྩེ་མོ་ནས་གསུངས་ཏེ། གཞན་དང་གཞན་རྗེས་སུ་ཞུགས་པ་ཆོས་ཐམས་ཅད་ལ་རྡོ་རྗེ་འདྲེས་པ་ཞེས་པའོ། །ཕན་ཚུན་མི་ཕྱེད་འདྲེན་པར་


CMR023_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། ཨཱ་དུན་སོགས་ནི། མཐར་ཐུག་པར་རྗེས་སུ་རབ་ཏུ་ཞུགས་པ་ཆོས་ཐམས་ཅད་རྡོ་རྗེ་འཆིང་བ་ཞེས་པའོ། །དེ་ལྟར་ཡུམ་རྣམས་ཡབ་ལ་ཐིམ་པས་དབྱེར་མེད་དུ་གྱུར་པ་སྟེ། བཛྲ་བྷནྡྷ་ཏྲཊ་ནི་རྡོ་རྗེ་འཆིང་གྲོལ་ཞེས་ཏེ། ལག་པ་རེ་རེ་ལ་ཡང་རིགས་ལྔ་ཡབ་ཡུམ་དབྱེར་མེད་ཀྱི་རང་བཞིན་དུ་བསྒོམས་པས་ཉོན་མོངས་པའི་འཆིང་བ་གྲོལ་བར་བསམ་མོ། །དེ་ནི་སྡིག་པ་དྲལ་བ་ཡིན་ཅིང་ཕྱག་རྒྱ་དེ་ལ་འདའ་བར་མི་ནུས་པས་འགྲུབ་པར་གྱུར་ཏེ། རྡོ་རྗེ་སེམས་དཔའི་འབྱུང་བ་ལས། དེ་ནས་གཟུགས་བརྙན་ལ་སོགས་པའི་སྦྱོར་བའི་ཕྱག་རྒྱ་བཅིངས་པ་ནི། ཇི་སྲིད་འཚོ་བའི་བར་དུ་འདའ་བར་མི་མཛད་དོ། །ཞེས་ངེས་པ་བསྐྱེད་ནས་ལས་སྟོན་པ་བྱེད་པའི་སྔགས་ཀྱིས་ལས་གང་ཡིན་པ་དེ་ངེས་པ་ཉིད་དུ་སྒྲུབ་པར་བྱེད་དོ། །ཞེས་གསུངས་སོ། །རྡོ་རྗེ་ཐལ་མོ་སྙིང་ཁར་ལན་གསུམ་དྲལ་ཞིང་སྒོ་གསུམ་གྱི་དྲི་མ་དག །ཁམས་གསུམ་གྱི་བག་ཆགས་འཆིང་དཀའ་བ་ཞིག་དཀའ་བ་ཐམས་ཅད་རང་བཞིན་འོད་གསལ་བ་བསྒོམས་པས་བཅད་ནས་སེམས་རང་བཞིན་གྱི་འོད་གསལ་བར་བསྒོམ། འདི་ངོ་བོ་དངོས་ནས་བདག་བསྐྱེད་རྗེས་སུ་འདི་བྱ་དགོས་པར་འཆད་ཀྱང་། རྡོ་རྗེ་འབྱུང་བར་སྡོམ་བཟུང་ཟིན་


CMR023_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྗེས་སུ་བདག་བསྐྱེད་མ་བྱས་པར། དེ་ནས་གཟུགས་བརྙན་ལ་སོགས་པའི་སྦྱོར་བས། ཕྱག་རྒྱ་བཅིངས་བས་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་རྗེས་སུ་། སྤྱད་པར་བྱ་སྟེ་ཞེས་སོགས་གསལ་བར་བྱ་གསུངས་པས་གོ་རིམ་འདི་ལྟར་འཐད་དོ། །རྡོ་རྗེ་འབྱུང་བར། ཨོཾ་བཛྲ་ཨ་བེ་ཤ་ཞེས་བྱ་བར་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཚིལ། ཨཱཿཞེས་བདག་ཉིད་ལ་དབབ་པར་བྱའོ། །ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་ཡིན་པས་དང་པོའི་རྡོ་རྗེ་ཞེས་བྱའོ། །དང་པོ་དབང་བསྐུར་དུས་སློབ་དཔོན་གྱིས་བསྐྱེད་པའི་རང་གི་སྙིང་ཁའི་ཟླ་སྟེང་རྡོ་རྗེ་དེ་ཞུགས་པས་བདག་ལུས་འོད་ཟེར་གྱིས་གང་བར་བསམ་པའི་ཡེ་ཤེས་པ་དེ་དབབ་པས་དྲག་པོ་དང་འདྲ་བར་སྒྲུབ་པ་པོའི་གང་འདོད་སྒྲུབ་པར་གསུངས་སོ། །ཕན་པ་དེ་བསྟན་པས་སྔགས་འདི་རྩེ་མོ་དང་གཙུག་དགུའི་དེ་ཉིད་འདུས་པར་གསུམ་ཁ་ནས་བྱུང་སྟེ། བདག་ལ་རྡོ་རྗེ་གནས་ཤིང་བརྟན་པར་གྱུར་ཅིག །བདག་བརྟན་པའི་བདག་ཉིད་དུ་གྱུར་ཅིག །བདག་ལ་མཐུ་ཤིན་ཏུ་གནས་ཤིང་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་དུ་གསོལ། ཞེས་པའོ། །ཧཱུཾ་ནི་གཞུག་པའི་ས་བོན། ཧ་བཞི་ཧོ་ལྔ་ནི་མཉེས་


CMR023_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དབང་དུ་བྱེད་པའོ། །དེ་ཉིད་འདུས་པར། རྡོ་རྗེ་ཁུ་ཚུར་དམ་བཅིངས་ལས། །ཕྱག་རྒྱ་ཐམས་ཅད་དབང་དུ་འགྱུར། །ཞེས་དང་། བཛྲ་མུཥྚིའི་སྔགས་འདི་འཇིག་རྟེན་གསུམ་རྒྱལ་གྱི་རྟོགས་པ་ལས་བྱུང་སྟེ། རྡོ་རྗེ་ཁུ་ཚུར་གྱི་སྔགས་རྒྱས་མུཏྟི་སཾ་བརྗོད་པས་ཕྱག་རྒྱ་བཅིངས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དང་པོ་སྦྱོར་བ་དངོས་ལ་དེ་ཁོ་ན་ཉིད་ལྔས་ལྷར་བསྐྱེད་དེ་ཡང་གཞི་ལུས་ཀྱི་ང་རྒྱལ་བྱ་བ་ནི་ལ་ལས་རྡོར་སེམས་བསྐྱེད་ཀྱང་ཀུན་སྙིང་གི་ལུགས་ཀྱིས་རྣམ་སྣང་བསྐྱེད་པའོ། །རྡོར་སེམས་མི་རུང་བ་ནི་མིན་ནོ། །གནས་བཞི་བྱིན་རླབས་ནི། སྦྱོང་རྒྱུད་ལས། རིགས་གསུམ་སྤྱི་སྔགས་དང་མཉམ་པར་བཞག་པའི་དཔྲལ་བ་ནི། ཕྱག་འཚལ་བས་ཡིད་ཐལ་མོ་སྦྱར། །མགྲིན་པར་ཐལ་མོ་སྙིང་གར་སྦྱར། །པདྨ་རིགས་ཀྱི་ཕྱག་རྒྱའོ། །སྙིང་ཁར་རྡོ་རྗེ་ཐལ་མོ་སྦྱར། །མཐའ་མ་བཞི་དང་གུང་མོ་སྦྱར། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་འདི། །དམ་ཚིག་ཐམས་ཅད་འཛིན་བྱེད་པའོ། །ཞེས་པའི་དམ་རྒྱས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་སོ། །སྦྱོང་རྒྱུད་ལས། རྡོ་རྗེ་བསྡམ་པ་ལས་གུང་མོ་གཉིས་རྡོ་རྗེ་འདྲ་བར་གཤིབ་ལ་མཐེ་


CMR023_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བོང་དང་མཐེའུ་ཆུང་གཉིས་བརྐྱང་བ་ནི་ཕྱག་ན་རྡོ་རྗེའོ། །དེ་ཉིད་གཞིར་བཞག་པ་ལ་མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བཀུག་པ་ནི་སྦྱོང་བའི་རྒྱལ་པོའོ། །དེ་ཉིད་་ལས་མཛུབ་མོ་དང་སྲིན་ལག་གཉིས་རིན་པོ་ཆེ་དང་འདྲ་བར་བྱས་པ་ནི་དབང་བསྐུར་བའི་ཕྱག་རྒྱའོ། །མཐེའུ་དང་མཐེའུ་ཆུང་གཉིས་སོ་སོར་མཉམོ་ལ་ལྷག་མ་བརྐྱང་བ་ནི་སྡིག་པ་ཐམས་ཅད་སྲེག་པའི་ཕྱག་རྒྱའོ། །ལག་པ་གཡོན་དུ་དེ་བཞིན་དུ་བསྒྱུར་ཞིང་བྱ་བ་ནི་ལས་ཐམས་ཅད་པའི་ཕྱག་རྒྱའོ། །ཞེས་གསུངས་པའི་དམ་རྒྱ་སྤྱི་བོའི་གནས་ལྔར་དབང་བསྐུར། དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པ། ཡེ་ཤེས་ཀྱི་ཚོགས་བསགས་པ། གཟུགས་བརྙེན་གྱི་སྦྱོར་བ། ཡེ་ཤེས་འབེབས་པ། ཁུ་ཚུར་གྱི་ཕྱག་རྒྱ་དབང་དུ་བྱ་བ་འདི་རྣམས་བྱས་ཤིང་། འོག་ནས་འབྱུང་བའི་ངན་འགྲོ་འགུགས་ཤིང་གྲོལ་བ་རྣམས་བྱས་པས། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་བ་དང་བསོད་ནམས་མཉམ་སྟེ། རྡོ་རྗེ་འབྱུང་བར། འདི་བྱས་པས་བསྐལ་པ་གྲངས་མེད་པ་གསུམ་གྱི་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་འདྲ་བར་འགྱུར་རོ། །ཞེས་གསུངས། སློབ་དཔོན་ཀུན་སྙིང་གི་དེ་ཉིད་འདུས་


CMR023_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲེལ་པར། གཟུགས་བརྙན་སྦྱོར་བ་མོས་སྤྱོད་ཀྱི་ས་དང་ཡེ་ཤེས་དབབ་པ་མཐོང་ལམ་གྱི་ཡེ་ཤེས། ངན་འགྲོ་འགུགས་དྲལ་བྱང་ཆུབ་སེམས་དཔའི་སྤྱོད་པ། དེ་ཁོ་ན་ཉིད་ལྔས་ལྷ་བསྐྱེད་པར་མངོན་པར་བྱང་ཆུབ་པ་དང་སྦྱར་ནས་གསུངས་སོ། །དེ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ཞེས་གསུངས་པས། རང་ཀུན་རིག་ཐུགས་ཀར་དཀྱིལ་འཁོར་རྫོགས་པར་བསྐྱེད་དེ་སྔར་ཚོགས་ཞིང་གི་དཀྱིལ་འཁོར་རྟེན་དང་བརྟེན་པ་དང་བཅས་པ་སྙིང་ཁའི་དཀྱིལ་འཁོར་ལ་དགུག་གཞུག་དབང་དུ་བྱའོ། །དེ་ནས་དཀྱིལ་འཁོར་གཉིས་པོ་ལེགས་བསྲེས་ནས༔ ཞེས་གསུངས་པའི་དོན་ནོ། །ངན་འགྲོ་འགུགས་ཤིང་དབང་བསྐུར་བ་ནི། ཞེས་གསུངས་པ་ལྟར་སྦྱོང་རྒྱུད་ལས། འོད་ཟེར་འཕྲོ་བ་དང་སྡུད་པའི་ཕྲེང་བ་ཉིད་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ཞིང་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་འཆིང་བ་རྣམ་པར་གྲོལ། བདེ་བ་དང་ཡིད་བདེ་བ་སོ་སོར་འཐོབ་པར་འགྱུར། ཞེས་པ་འདི་ཉིད་ཀྱི་དོན་བསྒོམ་པ་ཙམ་གྱིས་ངན་འགྲོ་ལས་གྲོལ་བར་ནུས་པ་སྐུ་སྒོམ་ཞིང་སྤྱིར་འགྲོ་བ་དང་


CMR023_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ངན་སོང་གསུམ་གསར་དུ་དམིགས་ཡུལ་གྱི་སྒྲིབ་པ་སྦྱངས་ནས་ངན་སོང་ལས་གྲོལ་ཞིང་བདེ་བ་དང་ཡིད་བདེ་བ་ཐོབ་ནས་མཆོད་བསྟོད་བྱ་བར་བསམས་པས་ཀུན་ཀྱང་འགྲུབ་པར་གསུངས་པ་སྔ་རབས་རྣམས་བཞེད་དོ། །སྔགས་ཀྱི་ཀོ་ས་ལའི་རྒྱན་དུ་འོག་ནས་གྱེན་དུ་འདེག་པར་གསུངས་པ། ངན་སོང་ལྟུང་བ་བསླང་བའི་དོན་ཡིན་ལ། འོད་ཟེར་གྱིས་བཀུག་ནས་དལ་གྱི་ཁྱམས་དེར་བཞག་སྡུག་བསྔལ་སྐྱོབ་པར་གསོལ་བ་བཏབ་པས། སྡིག་པ་འཇོམས་པའི་སྔགས་རྒྱས་སྡིག་པ་སྦྱངས། དྲལ་བའི་སྔགས་རྒྱས་སྡིག་པ་ཐམས་ཅད་དང་བྲལ་བས་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་ཕྱོགས་བཞི་དེ་བཞིན་གཤེགས་པ་དང་འདྲ་བའི་སྐུར་གྱུར་པ་སླར་སྒོ་བ་བཞིའི། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཞེས་དཀྱིལ་འཁོར་ནང་མའི་ཁྱམས་སུ་བཀུག་ནས། ཨོ་བྷདྨ་ཞེས་སོགས་བུམ་པ་སོགས་ཀྱི་དབང་བསྐུར་བས་ལྷ་རྣམས་དང་སྐལ་པ་མཉམ་པར་མཐོང་ནས། གཏང་རག་ཏུ་མཆོད་བསྟོད་བྱས་ནས་མི་སྣང་བར་བསམ། དཀྱིལ་འཁོར་གཞི་ལུས་ལ་བསྟིམ་མོ། །བསྡུས་པ་ལྟར་ན་དེ་དག་གིས། ཨེ་མའོ་སོགས་ཆེད་དུ་བརྗོད་མཆོད་བསྟོད་བྱས་ནས་རྩ་རིག་བཟླའོ་གསུངས་སོ། ༈ དེ་ནས་དཀྱིལ་


CMR023_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྒྱལ་མཆོག་ནི། རྟེན་གཞལ་ཡས་ཁང་བསྐྱེད་པདང་། བརྟེན་པ་ལྷ་བསྐྱེད་པ་གཉིས་སོ། །དང་པོ་ཨ་ཀཱ་རོ་བརྗོད་པས་སྟོང་ཉིད་ཀྱི་དོན་དྲན་པར་བྱས་ཏེ། གཙུག་དགུའི་རྒྱུད་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོང་པ་ཉིད་དུ་བལྟས་ཏེ། ངར་འཛིན་པའི་བདག་ཉིད་ཀྱང་སྟོང་ཉིད་དུ་བལྟའོ། །ཞེས་གསུངས་སོ། །དེ་ནས་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི། གཙུག་དགུའི་རྒྱུད་ལས། རླུང་དང་ཆུ་གཉིས་དབུས་སུ་ནི། །གསེར་གྱི་ས་གཞི་རྣམས་བསྒོམ་ལ། །སཾ་གྱི་ས་བོན་ལས་བྱུང་བའི། །རི་རབ་ཆེན་པོ་བསམ་པར་བྱ། །ཞེས་དང་། ཁམས་གསུམ་རྣམ་རྒྱལ་དང་རྡོར་སེམས་ཀྱི་རྒྱ་གཞུང་ལས་ཀྱང་དེ་ལྟར་རྒྱ་ཆེར་གསུངས་སོ། །ཀུན་རིག་དཀྱིལ་ཆོག་རྒྱ་གཞུང་ལས། རླུང་དང་མེ་ཆུ་དེའི་དཀྱིལ་དུ། །གསེར་གྱི་ས་གཞི་བསྒོམ་པར་བྱ། །སུཾ་ལས་རི་རབ་ཆེན་པོར་བསམ། །ཞེས་དང་། གཙུག་དགུའི་རྒྱུད་ལས། རྒྱ་ཆེར་གསུངས་པ་ལྟར་བསྒོམ་མོ། །གཙུག་དགུའི་རྒྱུད་ལས། བཛྲ་ཌི་ཌོ་སོགས་དང་། རྡོ་རྗེ་བསྡམ་པ་བརྐྱངས་པས་འོག་སྣ་ཚོགས་རྡོ་རྗེར་བྱིན་གྱིས་བརླབས་སོ། །ཞེས་དང་། ཁམས་གསུམ་རྣམ་རྒྱལ་དཀྱིལ་ཆོག་དང་རྡོར་སེམས་


CMR023_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ལས་ཀྱང་དེ་ལྟར་གསུངས་སོ། །དེ་ནས་ཧཱུཾ་ཡིག་དཀར་པོ་ལས་གཞལ་ཡང་ཁང་ཕྱི་ནང་གཉིས་སྦྲགས་བསྐྱེད་དེ་སྦྱོང་རྒྱུད་ལས། གྲུ་བཞི་སྒོ་བཞི་རྟ་བབས་བཞི། །ཐེམ་སྐས་བཞི་ཡི་ཕྲེང་བ་དང་། །སེང་གེ་ཁཾ་གླང་ལྡ་ལྡིས་བརྒྱན། །དོ་ཤལ་དྲིལ་བུ་རྔ་ཡབ་ལྡན། །རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་པ་ཡི་ཕྱག་རྒྱས་མཚན། །ཞེས་དཀྱིལ་འཁོར་དང་། སྦྱོང་རྒྱུད་ལས། ཆོས་ཀྱི་འཁོར་ལོ་འདྲ་བ་ལ། །ལྟེ་བ་བཅས་ཤིང་རྩིབས་བཅུ་དྲུག །ཅེས་དང་། རྡོ་རྗེ་རྩེ་མོར། རྣམ་པར་སྣང་མཛད་སེང་གེའི་གདན། མི་བསྐྱོད་པ་ནི་གླང་ཆེན་བཅིབས། །རིན་ཆེན་དབང་གི་རྟ་ལ་ཞོན། །རྨ་བྱའི་ཁྲི་ལ་འོད་དཔག་མེད། །དོན་གྲུབ་མཁའ་ལྡིང་དབང་པོར་བཞུགས། །ཅེས་དང་། གཙུག་འི་གཞུང་ཀུན་རིག་གི་གཞུང་ལས། སེང་གེ་ལ་གནས་པདྨའི་གདན། །དེ་སྟེང་ཟླ་བའི་དབུས་གནས་པ། །ཤེས་རབ་ཐབས་ནི་ཞུ་བར་བྱ། །སེམས་ཅན་དོན་གྱི་རྒྱུད་བྱུང་བའི་། །ཀུན་རིག་རྒྱལ་པོ་སྤྲུལ་བར་བྱ། །ཞེས་དང་། དེའི་དོན་གཙུག་དགུ་ལས་རྒྱ་ཆེར་གསུངས་སོ། །སྤྱི་ཡི་མངོན་བྱང་ལྔ་ནི། གཞི་སྟོང་ཉིད་ལ་མངོན་པར་བྱང་ཆུབ། གདན་


CMR023_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླ་ལ་མངོན་པར་བྱང་ཆུབ་པ། གསུང་ཡི་གེ །ཐུབ་གས་ཕྱག་མཚན། སྐུ་ཡོངས་རྫོགས་ཏེ་ལྔ་ཡིན་ལ། དེ་ཡང་དང་པོ་སྟོང་ཉིད་ལ་བྱང་ཆུབ་པས་སྦྱང་གཞི་ཉོན་མོངས་པ་སྦྱངས། །འབྲས་བུ་ཆོས་དབྱིངས་ཡེ་ཤེས་གྲུབ་ནས་གདུལ་བྱ་ལ་རྣམ་སྣང་གི་སྐུར་སྣང་ངོ་། །ཟླ་བ་ལ་བྱང་ཆུབ་པས་སྦྱང་གཞི་ཀུན་གཞི་འབྲས་བུ་མེ་ལོང་ཡེ་ཤེས་ཐོབ་ནས་གདུལ་བྱ་ལ་མི་བསྐྱོད་པར་སྣང་ངོ་། །གསུང་ཡིག་འབྲུ་ལ་བྱང་ཆུབ་པས་སྦྱང་གཞི་ཉོན་ཡིད་འབྲས་བུ་མཉམ་ཉིད་ཡེ་ཤེས་ཐོབ། གདུལ་བྱ་ལ་རིན་འབྱུང་དུ་སྣང་ངོ་། །ཐུགས་ཕྱག་མཚན་ལ་བྱང་ཆུབ་པས། སྦྱང་གཞི་ཡིད་ཤེས་སྦྱངས་ནས། འབྲས་བུ་ཀུན་རྟོགས་ཡེ་ཤེས་ཐོབ་སྟེ་གདུལ་བྱ་ལ་འོད་དཔག་མེད་སྣང་ངོ་། །སྐུ་ཡོངས་རྫོགས་ལ་བྱང་ཆུབ་པས། སྦྱང་གཞི་སྒོ་ལྔའི་རྣམ་ཤེས་སྦྱངས་ནས་འབྲས་བུ་བྱ་གྲུབ་ཡེ་ཤེས་ཐོབ་སྟེ་གདུལ་བྱ་ལ་དོན་གྲུབ་ཀྱི་སྐུར་སྣང་བ་ཡིན་པར་སྔོན་གྱི་བླ་མ་རྣམས་བཞེད་ལ། ཡང་རྡོ་རྗེ་རྩེ་མོའི་དགོངས་པ་ལྟར་ན། ཤེས་རབ་སྟོང་ཉིད་བཅུ་དྲུག་གི་རང་བཞིན་ཨཱ་ལི་བཅུ་དྲུག་ལས་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཉོན་མོངས་པས་བག་ཆགས་དག་ཅིང་ས་དང་ཕ་རོལ་དུ་ཕྱིན་པའི་བག་ཆགས་རྫོགས་མཚོན་པའི་ཟླ་བ་དང་། ཐབས་རྣམ་སྣང་


CMR023_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་རང་བཞིན་བརྟན་པར་བྱེད་པའི་ཀཱ་ལི་སོ་བཞི་ཀརྨའི་གཟུགས་ཅན་ལ་ཟླ་བ་གཉིས་པ་མཉམ་ཉིད་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་རྟོགས་པ་ཐོབ་པའི་བྱང་ཆུབ་ཀྱི་ངོ་བོ་ཉིད་མཚོན་པ་དང་། སྔགས་ཕྲེང་རྡོ་རྗེ་སོ་སོར་རྟོག་པའི་ཡེ་ཤེས། འོད་ཀྱིས་འགྲོ་དོན་བྱས། ཚུར་འདུས་གཅིག་ཏུ་འདྲེས་པ་བྱ་གྲུབ་ཡེ་ཤེས། དེ་ཡོངས་སུ་གྱུར་ནས་སྐུར་གྱུར་པ་ཆོས་དབྱིངས་ཡེ་ཤེས་སོ། །རྩ་རྒྱུད་དགོངས་པ་རྡོར་དབྱིངས་བསྐྱེད་ལུགས་དང་། ཅུང་ཟད་ཀུན་རིག་མི་མཐུན་པར་གསུངས་པས་མ་བཀོད། སྦྱོང་རྒྱུད་ལས། དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི། །དུང་དང་ཀུནྡ་ཟླ་བ་འདྲ། །ཞལ་བཞི་པ་ལ་རྡོ་རྗེ་འཛིན། །སེང་གེའི་གདན་ལ་བཞུགས་པ་དང་། །ཏིང་འཛིན་ཕྱག་རྒྱ་ལྡན་པ་དང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྲི། །ཞེས་གསུངས། ཀུན་སྙིང་ལུགས་ཞལ་བཞི་དཀར་པོ་འདི་ག་ལེགས་གསུངས། །ཤཱཀྱ་བཤེས་གཉེན་ལུགས་མི་བཞི་རྒྱབ་སྤྱོད་དང་གཞན་དག་སྐུ་གཅིག་ཞལ་བཞི་ཕྱོགས་ཀྱི་ལྷའི་མདོག་ཏུ་འདོད་པ་ཡོད་ནའང་། རྒྱུད་ལུགས་དེར་ཞལ་བཞི་དཀར་པོ་ངེས་སོ། །དེ་ཡང་སྦྱོང་ལ་སོགས་པ་བཞི་པོ་སྐུ་གཅིག་ཏུ་བྱིན་གྱིས་བརླབས་པས་


CMR023_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བཞི་པ་སྟེ། བཞི་པོའང་རིམ་པ་ལྟར་རྣམ་སྣང་གི་བྱང་ཆུབ་སེམས་དང་སྦྱིན་པ་ཤེས་རབ་བརྩོན་འགྲུས་ཀྱི་ཕར་ཕྱིན་བཞིའི་ངོ་བོ་ཡིན་པར་དེ་ཉིད་སྣང་བར་བཤད་དོ། །གཙུག་དགུའི་རྒྱུད་ལས་སྒོ་དྲུག་གི་སྒོ་ནས་བསྐྱེད་གསུངས་པ་ལྟར་ཀུན་རིག་གཞུང་ལས་ཀྱང་གསུངས་ཏེ། སྒོ་དྲུག་ནི་ཐུགས་ཀར་ཟླ་སྟེང་སོ་སོའི་ས་བོན་སྔགས་ཀྱིས་བསྐོར་བའི་མཐར་རྩ་རིག་གིས་བསྐོར་བའི་སྙིང་པོ་བསྐྱེད་པའི་སྒོ། དེ་ལས་འོད་འཕྲོས་པས་འོད་ཟེར་འཕྲོས་བའི་སྒོ། དོན་བྱས་མཛད་པ་མཛད་པའི་སྒོ། འདུས་པ་ནི་སླར་བསྡུ་བའི་སྒོ། དེ་ལ་ལྷར་བསྐྱེད་པ་ནི་སྐུ་བསྐྱེད་པའི་སྒོ། ཐུགས་ཀ་ནས་ཕྱུང་ནས་བཞག་པ་རང་གནས་སུ་བཞག་པའི་སྒོ་དྲུག་གོ །འདིར་ཁ་ཅིག་དེ་བཞིན་གཤེགས་པ་བཞི་ཀ་དཀར་པོ་མཉམ་བཞག་ཅན་དུ་འདོད་ཀྱང་། འདིའི་དེ་བཞིན་གཤེགས་པ་བཞི་ཀའི་ཁ་དོག་ནི་ཀུན་སྙིང་གི་དཔལ་མཆོག་གིས་འདྲེན་པར་བཤད་པས་དེའི་ལུགས་སོ། །ཡུམ་བཞི་ཁ་ཅིག་ཕྱག་མཚན་གྱི་ཚུལ་དུ་སྦ་བར་འདོད་ཀྱང་། འདིར་དཔལ་མཆོག་སོགས་སུ་དངོས་སུ་གསུངས་ཕྱིར་དངོས་སུ་བསྐྱེད། སྦྱོང་རྒྱུད་ལས། རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །ཞེས་གསུངས། །


CMR023_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བཅུ་དྲུག་བསྐྱེད། ཁ་ཅིག་སེམས་དཔའ་བཅུ་དྲུག་སྔགས་འདི་སྦྱིན་སྲེག་གི་རོལ་མོ་བརྡུང་བའི་ཚེ། སེམས་དཔའ་བཅུ་དྲུག་གི་ཆས་སུ་ཞུགས་ཤིང་། རོལ་མོ་བརྡུང་ཞིང་ལས་བཞིའི་སྦྱིན་སྲེག་གི་མཐུན་འགྱུར་སྔགས་ཡིན་པས་མི་འཐད་སྨྲ་ཡང་། བུ་སྟོན་གྱི་སྦྱོང་རྒྱུད་ལས། བཛྲ་སཏཱ་བ་བཅུ་དྲུག་ཛབཅུ་དྲུག་སརྦ་བཅུ་དྲུག་ཡོད་པ་བླ་མའི་མན་ངག་གི་སེམས་དཔའ་བཅུ་དྲུག་གི་ས་བོན་བཏགས་པ་འདི་ཟབ་ཏེ་རྒྱུད་རང་ཡིན་གསུངས་སོ། །བོ་དོང་བས་ལྷ་མོ་བརྒྱད་གར་སྟབས་དང་། སྒོ་བ་བཞི་གཡས་བརྐྱང་བཞེད་ཀྱང་། རྡོ་རྗེ་འབྱུང་བ་ལྷ་མོ་རྣམས་དང་སྒོ་བ་སེམས་དཀྱིལ་དུ་བཤད་པ་འདིར་ཡང་དེ་འཐད་པར་མི་བསྐྱོད་ཞབས་བཞེད། ས་སྐྱ་གྲགས་པ་རྒྱལ་མཚན་གྱི་སྒོ་བ་བཞི་ལྷ་མོ་ཡིན་པར་གསུངས་ཀྱང་རྡོ་རྗེ་འབྱུང་བར་ཕོ་ཡིན་པར་གསལ་བར་གསུངས་པ་རང་ལུགས་ཕོ་ལ་བཞེད་དོ། །བོ་དོང་པས་མགྲོན་ཐབས་བསྐྱེད་མི་དགོས་པས་སྤྱན་འདྲེན་པར་འདོད། ངོར་པས་མགྲོན་ཐབས་རྩ་རིག་ལ་བསྐྱེད་པར་བྱེད་ཀྱང་། གཙུག་དགུའི་ལས་སྔགས་འདིར་བྱམས་པ་ལ་སོགས་བཅུ་དྲུག་པོ་རྣམས་བྱུང་ནས་ནི་ཞེས་གསུངས་པར་རང་སྔགས་ལ་བསྐྱེད་དེ། སྔགས་འདི་འབྱུང་བ་གཙུག་


CMR023_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་དེ་ཉིད་སྣང་བ་ཀུན་རིག་རྣམས་ནས་གསུངས། སྦྱོང་རྒྱུད་ལས། རྟ་བབས་ཀྱི་ནི་ཁྱམས་ཀུན་ཏུ། །བྱམས་པ་ལ་སོགས་བསྒོམ་པར་བྱ། །ཉན་ཐོས་རྒྱལ་བ་ཐམས་ཅད་དང་། །དེ་བཞིན་རང་རྒྱལ་གཙོ་བོ་རྣམས། །ཁྲོ་བོ་མངག་པ་ཕོ་ཉའི་ཚོགས། །བྲིའམ་ཡང་ན་མིང་ཡང་རུང་། །ཞེས་གསུངས་པ་ལྟར་། དེ་ཡང་སྐལ་བཟང་གིས་ཕྱག་མཚན་ནི། ཁམས་གསུམ་རྣམ་རྒྱལ་དང་རྡོ་རྗེ་འབྱུང་བ་ནས་གསུངས་སོ། །དེའི་སྐུ་ཁ་དོག་ནི་རྡོར་ཕྲེང་ནས་གསུངས་སོ། །དེ་ལ་གཞན་དག་རྩ་རིག་ལས་མགྲོན་ཐབས་བསྐྱེད་ཀྱང་རྗེ་ཀརྨ་པ་བདུན་ཟློཔས་གསང་སྔགས་སྤྱིའི་རིག་པས་མཚན་སྔགས་ལས་བསྐྱེད་པར་མཛད་དོ། །དཔེ་བྲལ་ཡན་སྒོ་དྲུག་གི་སྒོ་ནས་བསྐྱེད་ཅིང་། ཉན་རང་ནི་སོ་སོའི་གདན་ལ་མཚན་སྔགས་ལས་བསྐྱེད་དོ། །ཁྲོ་བོ་རྣམས་ཀྱང་མཚན་སྔགས་ལས་བསྐྱེད་དེ་དེའི་སྐུ་མདོག་ཕྱག་མཚན་འདི་ནི་ཆོ་ག་ཞིབ་མོའི་འགྲེལ་པ་ལྟར་ཡིན་ནོ། །གཞན་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་དང་དབུ་ཕྱག་མཐའ་ཡས་བྱས་ཀྱང་རུང་བར་གསུངས་སོ། །འཁོར་ཡུག་གི་ལྷ་ནི་རྩ་རིག་ལས་བསྐྱེད་དོ། །རེ་རེ་ལས་ཞེས་པ་ཡིག་འབྲུ་རེ་རེ་ཡིན་ཞེས་གསུངས་ངག་རྒྱུན་ལས་ཐོས་སོ། །བསྡུ་ན་རྩ་ལྷ་སྒོ་


CMR023_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གིས་བསྐྱེད་དེ་མགྲོན་ཐབས་དང་། འཁོར་ཡུག་གི་ལྷ་སྤྱན་དྲངས་ལ་འགོད་པས་ཆོག་པ་རྡོ་རྗེ་འབྱུང་བ་ནས་གསུངས་ལ། སྒོ་དྲུག་གི་སྒོ་ནས་བསྐྱེད་པ་ཡང་ཚན་པ་ཚན་པ་བྱ་སྟེ་གཞུང་ལྟར་རོ། །སྒོ་དྲུག་གིས་ཀྱང་བསྡུ་ན་སྙིང་པོ་བསྐྱེད་ལ་འོད་ཟེར་གྱིས་མགྲོན་པོ་བྱས་ཚུར་འདུས་ཡོངས་སུ་གྱུར་ལྷར་བསྐྱེད་པ་ལ་འདུས་སོ། །རྒྱས་པར་རྡོ་རྗེ་དབྱིངས་སོགས་སྒོ་བཅུ་དགུ་དང་བདུན་གྱིས་བསྐྱེད་ལ་འདི་དྲུག་གིས་བསྐྱེད་པ་གཙུག་དགུའི་ལུགས་སོ། །དེ་ནས་ལས་རྒྱལ་མཆོག་ལས། དེ་ཉིད་བསྡུས་པར། གང་དག་ལྷ་སྐུ་བསྒོམ་ཙམ་གྱིས། །རྡོ་རྗེ་སེམས་དཔའ་ལ་སོགས་ཚོགས། །དམ་ཚིག་དམ་འདས་དགོས་པ་ཡི། །བྱིན་གྱིས་བརླབ་པ་ཉིད་དུ་འགྱུར། །ཞེས་གསུངས་པས། དམ་ཚིག་སེམས་དཔའ་ལྷའི་སྐུར་བསྒོམ་ཙམ་གྱིས་ཡེ་ཤེས་པས་བྱིན་གྱིས་བརླབ་པ་ལྷ་ཁོ་རང་གི་དམ་ཚིག་ཡིན་པས། བྱིན་གྱིས་མི་བརླབས་ཁ་མེད་ཡིན་ནོ། །འོན་ཀྱང་ཡེ་ཤེས་པ་སྤྱན་འདྲེན་བྱེད་ན་བྱིན་རླབས་ཆེ་ཞིང་དམ་ཚིག་པ་རྐྱང་པས་འཁོར་བའི་འཇིགས་པ་ཙམ་སྐྱབས་ནུས་ཀྱང་བྱང་ཆུབ་སྦྱིན་མི་ནུས་པའི་ཕྱིར་ཡེ་ཤེས་ལྷ་སྤྱན་འདྲེན་ནོ། །སྤྱན་འདྲེན་རྒྱུ་ཡེ་ཤེས་ངོས་བཟུང་ནི། དེ་ཉིད་སྣང་བར།


CMR023_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་རང་བཞིན་གྱིས་བཞག་པའི་སེམས་དཔའ་ནི། ཡེ་ཤེས་སེམས་དཔའ་ཡིན་པའམ། ཡེ་ཤེས་དང་ལྡན་པའི་སེམས་དཔའ་ནི། ཡེ་ཤེས་སེམས་དཔའ་ཡིན་གྱི། ཡེ་ཤེས་ཀྱིས་བཞག་པའི་སེམས་དཔའ་ནི་མ་ཡིན་ཏེ། དེ་ནི་ཡིད་ཀྱིས་ཀྱང་བཞག་རུང་བའི་ཕྱིར་རོ། །ཞེས་གསུངས་པས་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་ངོ་བོའོ། དེ་ལ་དང་པོ་སྒོ་ཕྱེ་བའི་སྔགས་རྒྱས་དཀྱིལ་འཁོར་དེའི་སྒོ་ཕྱེ་བར་བསམ། རྡོ་རྗེ་རྒྱུའི་སྔགས་རྒྱས་འོག་མིན་གྱི་ཡེ་ཤེས་ཀྱི་འཁོར་ལོར་གསལ་བཏབ་ནས། རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་འདྲེན་ཏེ། དེ་ཉིད་སྣང་བ་དང་ཀོ་ས་ལར། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ལག་ངར་གཉིས་བསྣོལ་ཏེ། ལག་པ་གཉིས་ཀའི་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ལ། གུང་མོ་དང་མཐེ་བོང་གིས་སེ་གོལ་བརྡབ་པ་ནི། རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་སྟེ་ཞེས་དང་། གཙུག་དགུའི་རྒྱུད་ལས། ལག་ངར་དག་གིས་རྡོ་རྗེ་བཅིངས། །ལག་པ་གཡས་དང་གཡོན་པ་ཡིས། །སེ་གོལ་མཉམ་པར་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཨོཾ་བཛྲ་ས་མཱ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ བཀའ་བསྒོ་བ་འདི་བསྒྲགས་པ་ཙམ་གྱིས། འཁོར་དང་བཅས་པའི་འཁོར་ལོའི་ཚོགས།


CMR023_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་འབྱོན་འགྱུར་ཏེ། །གཞན་རྣམས་རབ་འཇུག་ལྟ་ཅི་སྨོས། །སྦྱོང་རྒྱུད་ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས། །ཛཧཱུྃ་བཾ་ཧོ༔ཐུགས་རྗེའི་བདག །ཚུར་གཤེགས་ཞེས་ནི་བརྗོད་ནས་ཀྱང་། །ཞེས་གསུངས་པའི་སྔགས་དང་ཕྱག་རྒྱ་འདི་ཁོ་ན་སྤྱན་འདྲེན་གྱི་མཆོག་ཡིན་པས། ཚིགས་བཅད་གཞན་མི་དགོས་སོ། །གལ་ཏེ་མ་ལུས་སེམས་ཅན་སོགས་སྦྱར་ཡང་རུང་སྟེ། ཀུན་རིག་ཆེན་མོ་ལ་ཡང་ཡོད་ཅིང་ས་ལུགས་སོགས་ཐམས་ཅད་ལ་ཡོད་དོ། །འོག་མིན་གྱི་གནས་ནས་གསུངས་པའི་དོན་ནི་གླིང་བཞི་བྱེ་བ་ཕྲག་བརྒྱ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡིན་ལ། དེ་འདྲ་བྱེ་བ་ཕྲག་བརྒྱ་ནི་མེ་ཏོག་གཞིའི་རྒྱན་བཀོད་པ་རབ་འབྱམས་ཀྱི་ཁམས་ཀྱི་རྒྱུད་གཅིག་གོ །དེ་འདྲ་བྱེ་བ་ཕྲག་བརྒྱ་ནི་མེ་ཏོག་གི་སྙིང་པོའི་རྒྱུད་བར་མ་གཅིག་གོ །དེ་འདྲ་བྱེ་བ་ཕྲག་བརྒྱ་ནི་མེ་ཏོག་གཞིའི་སྙིང་པོས་རྒྱན་བཀོད་འཇིག་རྟེན་གྱི་ཁམས་བཀོད་པ་གཅིག་ཏེ། དེ་ཐམས་ཅད་རྣམ་པར་སྣང་མཛད་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཞིང་ཡོངས་སུ་སྦྱངས་བ་ཡིན་ལ། འཇིག་རྟེན་གྱི་ཁམས་དེའི་མིང་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་ཀྱང་བྱ། འོག་


CMR023_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞེས་ཀྱང་བྱ། འཐུག་པོ་བཀོད་པ་ཞེས་ཀྱང་བྱ་སྟེ། འཇིག་རྟེན་ཁམས་རྒྱུད་གསུམ་གྱི་རྒྱུད་བར་པའི་འཇིག་རྟེན་ཁམས་དེ་ན་རྒྱལ་པོ་དབང་བསྒྱུར་གྱིས་གཞལ་ཡས་ཆེན་པོའི་དབུས་ན་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོ་བཞུགས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐའ་ཡས་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཤིང་དེ་ཐམས་ཅད་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་སྐད་ཅིག་གིས་སྔགས་ཀྱི་སྒྲ་དང་ཕྱག་རྒྱའི་བརྡས་བསྐུལ་ནས་ཀུན་རིག་གི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་བྱོན་པར་བསྒོམ་པའོ། །གཙུག་དགུའི་རྒྱུད་ལས། ནམ་མཁར་དཀྱིལ་འཁོར་ལྷ་ཚོགས་བྱོན་པར་བལྟས་ལ། མཆོད་ཡོན་དང་ཞབས་བསིལ་ཕུལ་ནས། ཨོཾ་བཛྲ་པུཋེ་ཧཱུྃ་སོགས་སྔགས་གསུངས་ནས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསྐད་ལ་དཀྱིལ་འཁོར་བཞུགས་སོ། །ཞེས་དང་། དེ་ཉིད་སྣང་བར་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་ཕྱི་འབྲང་གི་བགེགས་བསལ་གསུངས་པ་ལྟར། བགེགས་བསྐད་ཅིང་མཆོད་དོ། །ཨེ་མའོ་སོགས་ཡེ་ཤེས་པས་དམ་ཚིག་པ་ལ་ཆེད་དུ་བརྗོད་དེ། དེ་ཉིད་སྣང་བར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་རྒྱས་ཡེ་ཤེས་སེམས་དཔའ་རང་རང་གི་སྒོའི་


CMR023_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་དགུག་གཞུག་བྱ་བར་གསུངས་པ་ལྟར་ནང་དུ་བཞུགས་ཏེ་དཀྱིལ་འཁོར་གྱི་ནང་སྲེག་གཅིག་གི་ཐད་དུ་བྱོན་པར་བསམ་པ་ཡིན་ནོ། །དེ་ཡེ་ཤེས་པ་འགུགས་པའོ། །དེ་ནས་བསྡུ་བ་དང་ཞེས་སོགས་ཀྱིས་དོན་གཙོ་བོ་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་གཅིག་ཏུ་གྱུར་པའི་ཐུགས་ཀར་ཕྱོགས་ཀྱི་སེམས་མ་བཞིར་ཐིམ། ཡེ་ཤེས་པའི་རིག་མ་བཞི་དང་། དམ་ཚིག་པའི་རིགས་བཞི་གཅིག་ཏུ་ཐིམ་པའི་ཐུགས་ཀར་ཕྱོགས་སོ་སོའི་ཡེ་ཤེས་པ་རྣམས་ལ་ཐིམ། རིགས་བཞི་ཡང་གཙོ་བོའི་ཐུགས་ཀར་ཞུགས་ཏེ། སླར་རྣམ་སྣང་ཐུགས་ཀ་ནས་ཡེ་ཤེས་སེམས་མ་བཞི་བྱུང་ནས་དམ་ཚིག་གི་སེམས་མ་བཞི་ལ་ཐིམ་། རིགས་བཞི་བྱུང་སྟེ་སོ་སོའི་གདན་ལ་འཁོད། དེ་བཞིའི་ཐུགས་ཀ་ནས་ཕྱོགས་སོ་སོའི་ལྷ་ཡེ་ཤེས་པ་རྣམས་འཕྲོས་ཏེ། སོ་སོའི་དམ་ཚིག་པ་ལ་ཐིམ་པས་དམ་ཡེ་དབྱེར་མེད་དུ་གྱུར་པ་ལ། ཨེ་མའོ་སོགས་ཆེད་དུ་བརྗོད། དེ་ནི་ཡེ་ཤེས་གཞུག་པའོ། །དབང་ལྷ་ནི་རྣམ་སྣང་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལྷག་མ་རྣམས་ཀྱིས་སྤྲུལ་པའི་དབང་ལྷ་ཀུན་རིག་གི་ལྷ་ཚོགས་ནམ་མཁའ་གང་བ་ལ་དབང་བླངས་ཏེ། དབང་ཞུ་བ་པོ་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡིན་ཏེ། འདིའི་


CMR023_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རང་ཉིད་རྣམ་སྣང་ཐུགས་ཀ་ནས་རྡོར་སེམས་སུ་བྱས་ནས་ཤར་སྒོའི་དྲུང་དུ་འཁོད་པས་དབང་བླངས་ནས་སླར་ཐུགས་ཀར་ཞུགས་ན་ལེགས་ཏེ། རྡོ་རྗེ་འབྱུང་བ་ལས། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་གནས་ན་གནས་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྲེང་བས་དབང་བསྐུར་བ་ལ་སོགས་བྱས་ཞེས་གསུངས་སོ། །དེ་ཉིད་སྣང་བར་བཛྲ་རཏྣ་ཞེས་བརྗོད་ཅིང་། རྡོ་རྗེ་རིན་ཆེན་གྱི་དམ་རྒྱས་དེ་བཞིན་གཤེགས་པ་ལྔ་དང་། བྱམས་པ་ལ་སོགས་པ་ལ་ཡང་དབང་བསྐུར་བར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་ནི། སངས་རྒྱས་ལྔ་ཡི་ཕྱག་རྒྱས། ཡུམ་བཞིའི་དབང་བསྐུར་བར་བྱའོ། །ཞེས་དང་། སངས་རྒྱས་ལྔའི་དབུ་རྒྱན་དང་། དར་དཔྱངས་ཀྱི་དབང་བསྐུར་བ་དང་ལྡན་པའོ། །ཞེས་གསུངས་ལ་སོགས་པ་ནི་རིན་ཆེན་ཅོད་པན་ཞེས་གསུངས་ནས་དབང་བསྐུར་ལ། སྦྱོང་རྒྱུད་ལས། གསང་བ་བསྡམས་པ་བཅིངས་ནས་ནི། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱ། །ཞགས་པ་བཞིན་དུ་སྦྱར་ནས་ཀྱང་། །དེ་ཉིད་ལྕགས་སྒྲོག་ཚུལ་དུ་བྱ། །མཐེབ་གཉིས་ནང་དུ་བཀུག་ནས་ཀྱང་། །བསྐྱོད་པར་འགྱུར་ན་དབང་དུ་གྱུར། །ཞེས་པས་སྒོ་བ་བཞིའི་སྔགས་རྒྱས་དབང་ལྷ་


CMR023_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དཀྱིལ་འཁོར་པ་ལ་འགུགས་པ་སྟེ་བཅུག་པ་དང་། གཞུག་པ་སྟེ་བཅུག་ནས་གཉིས་གཅིག་ཏུ་བྱ་བ་དང་བཅིངས་པ་སྟེ་དེ་གཉིས་ཐ་མི་དད་དུ་བཅིངས་པ་དང་དབང་དུ་བྱས་ཏེ་གྱེས་པ་བསྒྲུབ་པར་བསམ་མོ། །དེ་ནས་བསྡུ་ན་རིགས་གསུམ་སྤྱིའི་སྔགས་རྒྱ་ཙམ་གྱིས་ཆོག་སྟེ། འཇིག་རྟེན་གསུམ་རྒྱལ་རྟོགས་པ་ལས། །རྡོ་རྗེ་སྐུ་གསུང་ཐུགས་རྣམས་ཀྱི། །གཟུགས་བརྙན་སྦྱོར་བ་འདི་དག་ནི། །ཕྱག་རྒྱ་ཀུན་གྱི་ཁྱད་པར་ཏེ། །འབྱུང་བ་ཡང་ནི་དེ་ཡི་བསྟན། །ཅེས་གསུངས། རྒྱས་པར་ན་རྒྱས་འདེབས་བྱ་སྟེ། དེ་ནས་རྒྱས་འདེབས་ཀྱི་དོན་སྔར་བཤད་ལྟར་ལས་ཁྱད་པར་དུ་ཕྱག་རྒྱའི་དོན་སྤྱིར་བཤད་ན། དཔལ་མཆོག་དང་པོ་ལས། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱའི་དམ་ཚིག་ཞེས་སུ་གྲགས། །སྐུ་གསུང་ཐུགས་ནི་བསྟན་ཕྱིར་རོ། །ཞེས་དང་། དེ་ཉིད་བསྡུས་པར། རྒྱལ་པོའི་ཕྱག་རྒྱ་མཆོག་གི་ཁྲིམས། །འདའ་དཀའ་དེ་བཞིན་མི་ཤིགས་པས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཆེན་པོ་ཞེས་གྲགས་སོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། ཕྱག་རྒྱ་ཡི་ནི་མཚན་ཉིད་བརྗོད། །སངས་


CMR023_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་དང་བརྟུལ་ཞུགས་ལྡན། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རྡོ་རྗེ་འཆང་བ་ཐམས་ཅད་དག །སྤྱོད་ལམ་ཕྱག་རྒྱས་མཚོན་པར་མཛད། །ཅི་ཡི་ཕྱིར་ན་ཕྱག་རྒྱར་བརྗོད། །གང་གིས་ཕྱག་རྒྱ་བཅིངས་གྱུར་པ། །དེས་ན་སྲོག་ཆགས་གདུག་ཀུན་དང་། །འགྲོ་བ་སྡིག་ཅན་ཐམས་ཅད་དང་། །རྟག་ཏུ་རྒྱས་ནི་བཏབ་པར་འགྱུར། །ཞེས་དང་། །རྒྱུད་གཞན་ལས་ཀྱང་། གསང་བའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་གཤེགས་པའི་རྒྱན་དུ་གྱུར་པ། ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མ། ཕྱག་རྒྱ་རིམ་པར་ཕྱེ་བའི་ལེའུ་རྒྱས་པ་ཞེས་བྱ་བ་ཡོད་དོ། །དེས་བརྒྱན་ནས་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་འཁོར་བ་ན། འགྲོ་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་མཚན་མས་རྒྱས་བཏབ་པ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་རྣམས་ཀུན་ཏུ་འབྱོན་པར་འགྱུར་ཞིང་དེ་རྣམས་བཀའ་ཉན་པར་འགྱུར་རོ། །ཞེས་པས་ཕྱག་རྒྱ་དེས་སྒྲུབ་པ་པོ་ལ་རྒྱས་བཏབ་ནས་བསྒོམས་པས། ལྷ་དེའི་རང་བཞིན་དུ་དྲན་པ་བསྐྱེད་དེ་ལས་ལྷའི་རང་བཞིན་དུ་འབྱུང་བ་ལས་མི་འདའ་


CMR023_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྒྱས་འདེབས་པ་སྟེ། འཇིག་རྟེན་གསུམ་རྒྱལ་རྟོགས་པ་ལས། ཇི་ལྟ་ཇོ་བོས་རྒྱ་མཐོང་ན། །བྲན་རྣམས་འདའ་བར་མི་བྱེད་པ། །དེ་བཞིན་རྒྱལ་བ་ཉིད་རྣམས་ཀྱང་། །ཕྱག་རྒྱ་འདའ་བར་ཡོང་མི་མཛད། །ཅེས་དང་། གལ་ཏེ་ཕྱག་རྒྱ་བཅིངས་པ་དེ་ལ་བྱིན་གྱིས་མ་བརླབ་ན་སངས་རྒྱས་བྱང་སེམས་ཁོ་རང་རྣམས་དམ་ཚིག་ཉམས་པར་འགྱུར་བས་བྱིན་རླབས་མི་འཇུག་མི་སྲིད་དེ། གང་དག་བཅིངས་པ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་ཚོགས། །དམ་ཚིག་ཉམས་པས་འཇིགས་པས་ན། །བྱིན་གྱིས་བརླབས་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །དེ་ཡང་ཕྱག་རྒྱ་བཞིར་ངེས་པའི་རྒྱུ་མཚན་ནི། ཐམས་ཅད་གསང་བའི་རྒྱུད་ལས། ཐབས་ཤེས་ཕྱག་རྒྱ་ཆེན་པོ་དེ། །དམ་ཚིག་ཕྱག་རྒྱ་ཀུན་ཏུ་འགྲོ་། །ཆོས་ཀྱི་ཕྱག་རྒྱ་གསུང་གིས་ཏེ། །ལས་ཀྱི་ཕྱག་རྒྱ་སྐུ་ཡིན་ནོ། །ཞེས་གསུངས་ལ། རྒྱུད་སྟོང་ཕྲག་བརྒྱ་པ་དང་དེ་ཉིད་སྣང་བ་དང་། །ཨ་བ་ཏི་རིའི་འགྲེལ་པ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱ་འགྲེལ་རྣམས་ཀྱི་དོན་བསྡུས་ཏེ་བཤད་ན། ཐུགས་ཀྱི་གསང་བའི་བརྡའི་མཚན་མ་དམ་རྒྱ། གསུང་གསང་བ་ཆོས་ཀྱི་ངོ་བོ་ནི་མཚན་མའི་བརྡའ་ཆོས་རྒྱུ། དོན་གཉིས་


CMR023_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་མཛད་པའི་བརྡའ་ནི་ལས་རྒྱ། ལྷའི་སྐུ་གསང་བའི་བརྡའི་མཚན་མ་ནི་ཕྱག་རྒྱ་ཆེན་པོ། དེ་ཡང་ཕྱི་སོར་མོ་བསྡམ་པ་སོགས་ནང་ཡང་དག་པའི་རྟོགས་པ་ལས་མི་འདའ་བར་དམ་ཚིག་གིས། ཆོས་རྒྱ་རྒྱལ་བའི་གསུངས་ནི་དོན། དེའི་ཕྱག་རྒྱ་སོགས་ཕྱི། ལག་པ་བྱང་ཆུབ་མཆོག་སོགས་ལས་རྒྱ་ཕྱི། མཛད་པ་རྣམས་ནང་། ཕྱག་ཆེན་བྲིས་པའི་སྐུ་དང་བརྡའ་ཕྱི། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྟེ་ནང་ངོ་། །དེ་ཉིད་བསྡུས་པར། དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་བསྡམས་ལས་འབྱུང་བས་ན། །དེ་དབང་བསྡམ་པས་རྡོ་རྗེ་ཡི། །བསྡམ་པ་བླ་མེད་བཤད་པར་བྱ། །ཞེས་གསུངས་པ་ལྟར་དང་། ཨ་བ་ཏ་རེའི་འགྲེལ་བར། དམ་ཚིག་བསྡམ་པ་ཕྱག་རྒྱ་ནི། །རྡོ་རྗེ་བསྡམ་པ་ལ་སོགས་ཅེས་པ་ལྟར། དམ་རྒྱ་གཞུང་ལྟར་བྱ་ཞིང་། ལྷ་དེ་དང་དེའི་ཕྱག་རྒྱས་སྒྲུབ་པ་པོའི་རྒྱུད་ལ་རྒྱས་གདབ་ནས་དེ་ལ་སུས་ཀྱང་འདའ་བར་དཀའ་ཞིང་མི་ཕྱེད་མི་ཤིགས་པའི་ཕྱག་རྒྱ་སྟེ། རྒྱལ་པོའི་ཁྲིམས་བཅས་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་ལ་འབངས་སུས་ཀྱང་འདའ་མི་ནུས་པ་ལྟ་བུའོ། །གཞན་བསྒོམ་བྱ་ནང་དུ་བཤད་པ་ལྟར་ཡིན་ལ། ཆོས་རྒྱའི་གངས་སུ་རྡོར་དབྱིངས་སྐབས་སུ་ཕྱག་རྒྱ་མང་དུ་


CMR023_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱང་ཀུན་རིག་ལ་ལྕེ་ལ་བྱིན་རླབས་དང་སྔགས་བཟླ་བ་ཁོ་ནས་ཆོས་རྒྱ་འཐུས་ཏེ་གཙུག་དགུའི་གཞུང་དང་ཀུན་རིག་དཀྱིལ་ཆོག་རྒྱ་གཞུང་ནས། ལྕེ་ལ་ཟླ་བའི་། དཀྱིལ་ཉིད་དུ། །སྔར་བཤད་འབྱིན་པའི་སྔགས་རྣམས་ནི། །བཀོད་ནས་བཟླས་པ་བྱེད་པ་དེ། །ཆོས་ཀྱི་ཕྱག་རྒྱ་ཤེས་པར་བྱ། །ཞེས་དང་། །ཨ་བ་ཏ་རའི་འགྲེལ་པར། ཆོས་ཀྱི་ཕྱག་རྒྱུ་ནི། རང་སྔགས་ཀྱི་ཡེ་ཤེས་གསལ་བ་ལའོ། །ཞེས་གསུངས། གཙུག་དགུའི་གཞུང་དང་ཀུན་རིག་དཀྱིལ་ཆོག་ནས། ཕྱག་རྒྱ་ཕྱག་མཚན་མེད་གྱུར་པ། །ལས་ཀྱི་ཕྱག་རྒྱུ་ཡིན་པར་བཤད། །ཅེས་ལས་རྒྱ་ཕྱག་ཆེན་གཉིས་ཕྱག་མཚན་ཡོད་མེད་མ་གཏོགས་ཕལ་ཆེར་འདྲ་བར་གསུངས་ལ། དེ་ཉིད་བསྡུས་པར། ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་ཁུ་ཚུར་བཅིངས་ལས་བྱུང་། །ཞེས་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །སོར་མོ་བསྡམས་པས་བསྟན་པ་སྟེ། དམ་ཚིག་ཕྱག་རྒྱ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱ། །ཞེས་དང་། ཨ་བ་ཏ་རའི་འགྲེལ་པར། ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལས། །ཞེས་གསུངས་པ་ལྟར་ལས་རྒྱ་དང་། དེ་ཉིད་བསྡུས་པར། རྡོ་


CMR023_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐལ་མོ་ལས་བྱུང་བ། གསང་བ་ཆེན་པོ་རབ་ཏུ་བཤད། །ཕྱག་རྒྱ་ཆེན་པོ་མདོར་བསྡུས་ཏེ། །དེ་དག་བཅིངས་བར་བཤད་པར་བྱ། །ཞེས་དང་། དེ་ཉིད་སྣང་བར་རྡོ་རྗེ་ཐལ་མོ་ཕྱག་རྒྱ་ཆེན་པོ་ཐམས་ཅད་འབྱུང་བའི་རྒྱུད་ཡིན་པར་བསྟན་ཏོ། །ཞེས་གསུངས་སོ། །དེ་ལ་དམ་རྒྱ་དུས་སྙིང་ཁར་རྡོ་རྗེ། ཆོས་རྒྱ་དུས་ལྕེ་ལ་ཟླ་བ་རྡོ་རྗེ་སྔགས། ལས་རྒྱ་དུས་ཐུགས་ཀར་སྣ་ཚོགས་རྡོ་རྗེ། ཕྱག་ཆེན་དུས་ཐུགས་ཀར་ཟླ་བ་རྡོ་རྗེ་བསྒོམ་པ་ནི། རྡོ་རྗེ་འབྱུང་བ་དང་ཁམས་གསུམ་རྣམ་རྒྱལ་དཀྱིལ་ཆོག་དང་། གཙུག་དགུའི་གཞུང་དང་། ཨ་བ་ཏ་རའི་འགྲེལ་པ་རྣམས་མཐུན་ནོ། །གཞུང་ལས་དེ་ནས་སྙིང་ག་མགྲིན་པ་དང་། ཞེས་སོགས་གསུངས་པ་ལྟར་གནས་ཉེར་གཉིས་སུ་ཟླ་དཀྱིལ་རྡོ་རྗེ་རྩེ་ལྔ་ཉལ་ཐབས་སུ་རྒྱས་བཏབ་པར་བསྒོམ་ལ། སྔགས་རྒྱས་བྱིན་གྱིས་བརླབས་ཏེ། སྔགས་དོན་ཨོ་ཀུན་རིག་རྡོ་རྗེ་ལྷག་པར་གནས་པའི་ཡེ་ཤེས་ཀྱི་དམ་ཚིག་ཧཱུྃ་ཅེས་སོ། །དེ་ནས་མཆོད་པ་ནི། ཨ་བ་ཏ་རའི་འགྲེལ་པར། ཕྱིའི་ལྷ་མོ་བརྗོད་པ་ལྟ་བུའི་ཆ་ལུགས་ལ། གྲངས་འཇིག་རྟེན་གྱི་ཁམས་གང་བས་ལྷ་རྣམས་ཡོངས་སུ་མཉེས་པར་བྱེད། རྫས་རྣམས་ཀྱི་རྣམ་པ་ཁྱད་པར་ཅན་འདི་དག་


CMR023_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གུང་ནས་འདུད་པའི་ཚུལ་དང་ལྡན་པས་མཆོད་པ་བྱེད་པར་བརྟག་གོ །ཞེས་པ་ལྟར་རང་ཉིད་གཙོ་བོའི་ཐུགས་ཀ་ནས་གཙོ་བོའམ་རྡོར་སེམས་ཀྱི་གཟུགས་སུ་ཤར་སྒོའི་འགྲམ་དུ་གནས་པས་མཆོད་བསྟོད་བྱ་སྟེ་རང་གི་ཐུགས་ཀ་ནས་མཆོད་ལྷ་དཔག་མེད་སྤྲུལ་ཏེ་མཆོད་བསྟོད་བྱ་ཞིང་། སླར་ཐུགས་ཀར་ཞུགས་པའམ། བཅོམ་ལྡན་རལ་གྲིས་ནི་རང་ལྷར་གསལ་བ་ལ་བརྒྱ་བྱིན་ལ་སོགས་འཇིག་རྟེན་པའི་ཚོགས་བསམ་གྱིས་མི་ཁྱབ་པས་མཆོད་བསྟོད་བྱེད་པར་བསྒོམ་ལ། བསྡུ་ན་རང་ལྷར་གསལ་བའི་ཐུགས་ཀ་ནས་མཆོད་ལྷ་སྤྲོས་ཏེ་མཆོད་བསྟོད་བྱེད་པ་སྤྱི་འཚམས་ལུགས་སོ། །དེ་ཡང་སྤྱོད་འཇུག་ལས། བདག་པོས་ཡོངས་སུ་མ་བཟུང་བའི། །བླ་ན་མེད་པ་མཆོད་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ། །ཞེས་དང་། དཀོན་མཆོག་སྤྲིན་དང་དམ་ཚིག་གསུམ་བཀོད་པ་ལས། བདག་པོས་མ་བཟུང་བའི་མེ་ཏོག་འབྲས་བུ་དང་ཤིང་དང་རིན་པོ་ཆེ་ལ་སོགས་པ་རྣམས་འབུལ་བར་གསུངས་པ་ལྟར་རབ་འབྱམས་རྒྱ་མཚོ་དཔག་མེད་ན་ཞེས་སོགས་འབུལ་ཏེ། ཕྱག་རྒྱ་འདི་དག་ནི་སྦྱོང་རྒྱུད་དང་དཔའ་བོ་གྲུབ་པའི་འགྲེལ་པ་དང་། རྡོ་རྗེ་ཕྲེང་བ་ལ་སོགས་སུ་རྒྱ་ཆེར་གསུངས། མཆོད་


CMR023_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དངོས་གོ་སླ་བ་ལ། པཱུ་ཛ་མཆོད་པ། མེ་གྷ་སྤྲིན། ས་མུ་དྲ་རྒྱ་མཚོ། སྤུ་ར་ཎ་འཕྲོ་བ། ས་མ་ཡ་དམ་ཚིག་ཅེས་པའོ། །རྡོ་རྗེ་རྩེ་མོར་མཆོད་པ་ཅི་ལྟར་ཡིན་ཞེ་ན། རིག་སྔགས་མངོན་པར་བཟླས་བརྗོད་དང་མཆོད་བསྟོད་དང་། ཕྱག་རྒྱ་འཆིང་བ་ལྟ་བུར་ལེན་དང་རྣལ་འབྱོར་བསྒོམ་པའི་མཆོད་པ་དང་། སྒྲུབ་པ་དག་གིས་མཆོད་པའོ། །ཞེས་པ་སྟེ། དཔེར་ན་མེ་ཏོག་གི་མཆོད་པ་གཅིག་པོ་ལ་ལྔ་ཚང་སྟེ། མེ་ཏོག་དངོས་དེ་ཕྱིའི་མཆོད་པ། མེ་ཏོག་སྔགས་དེ་རིག་སྔགས་བཟླ་བའི་མཆོད་པ། མེ་ཏོག་གི་ཕྱག་རྒྱའི་མཆོད་པ་དང་། ལྷ་མོ་མེ་ཏོག་མ་བསྒོམ་པ་རྣལ་འབྱོར་བསྒོམ་པའི་མཆོད་པ། དེས་མཆོད་པས་ཚོགས་རྫོགས་རང་གཞན་གྱི་ངན་སོང་སྦྱོང་བ་སོགས་དོན་འགྲུབ་ཏེ་སྒྲུབ་པའི་མཆོད་པ་ཡིན་ཏེ། དེས་གཞན་ཐམས་ཅད་ལ་འགྲེས་སོ། །དེ་ལ་མཆོད་ཡོན་ནི་སྐུ་ལ་འབུལ་ཞེས་བཅོམ་ལྡན་རིག་པའི་རལ་གྲིས་གསུངས་ལ། གཞན་དག་ཆུ་གཙང་མ་བཞེས་པར་ཡང་འདོད། ཞབས་བསིལ་ནི་རྒྱ་གར་རྒྱལ་པོ་སོགས་ལ་སྲོལ་ཡོད་པ་ལྟར་ཞབས་བཀྲུ་བ་བཞེས་ཏེ་ཞབས་ལ། མེ་ཏོག་དབུ་ལ། བདུག་སྤོས་ཤངས། མར་མེ་སྤྱན། དྲི་མཆོག་ཐུགས། ཞལ་ཟས་ཞལ་ལ། རོལ་མོ་


CMR023_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ལ་འབུལ་ཏེ། མཆོད་པ་དང་འོད་དུ་ཞུ་ནས་ལྷ་རྣམས་ཀྱི་གནས་དེ་དག་ཏུ་ཐིམ་པས་ཟག་མེད་ཀྱི་བདེ་བས་ཐུགས་མཉེས། ལྷ་མོ་རྣམས་ཨོཾ་དུས་སྤྲོ། ཧཱུྃ་ཟེར་དུས་ཚུར་རང་གི་སྙིང་གར་བསྡུ་བར་བཤད་དོ། །གཙུག་དགུའི་རྒྱུད་ལས། ཐམས་ཅད་ལྕེ་བརྒྱ་པའི་ཁ་དུ་མས་བསྟོད་པ་ཉེ་བར་སྦྱོར་བར་མོས་ཏེ། རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པར་བྱའོ། །ཞེས་གསུངས་པས་རང་གི་ཐུགས་ཀ་ནས་ཚངས་པ་དང་བརྒྱ་བྱིན་དང་མཆོད་ལྷ་ཚངས་པའི་དབྱངས་ལ། དཔག་མེད་སྤྲོས་ཤིང་རེ་རེ་ལ་ལྕེ་བརྒྱ་ཕྲག་ལྕེ་རེ་རེ་ལ་དབྱངས་ཡན་ལག་བཅུ་དྲུག་ལྡན་པས་བསྟོད་པར་བསྒོམས་ལ། མཉམ་སངས་རྒྱས་མཉམ་སྦྱོར་རྒྱུད་ནས་གསུངས་པའོ།། མེད་མས་བསྟོད། དེ་ནས་རང་རྡོར་སེམས་སུ་བྱས་ཡོད་པ་སླར་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ། ཁམས་གསུམ་རྣམ་རྒྱལ་དཀྱིལ་ཆོག་ལས། བདག་ཉིད་ཆེན་པོ་གང་དག་ནི། །ཕྱག་རྒྱ་གང་དུ་གང་བཅིངས་པ། །བཟླས་པས་སྙིང་པོའི་དོན་དུ་ནི། །དེ་དང་དེ་ནི་བདག་ཉིད་བསྒོམ། །ཞེས་དང་། གཞན་དག་ལས་ཀྱང་། ལྷ་ཉིད་གང་དང་གང་གི་ནི། །ཕྱག་རྒྱ་གང་དང་གང་བཅིངས་པ། །དེ་དང་དེར་ནི་རྣལ་འབྱོར་གྱིས། །ཕྱག་


CMR023_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དེ་དང་དེ་འགྲུབ་བོ། །ཞེས་དང་། ཀུན་སྙིང་གི་སྦྱོང་རྒྱུད་འགྲེལ་པར། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཕྱག་ཆེན་བཅིངས་རང་རང་གི་སེམས་ལས་ལ་ངེས་པར་སྦྱར་བར་བྱའོ། །དེ་བཞིན་དུ་ཐམས་ཅད་ལས་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་ནི་ལས་ངེས་པར་སྦྱར་བར་ཤེས་པར་བྱའོ། །ཞེས་གསུངས་པའི་ལས་རྒྱ་ཡང་རུང་མོད་ཀྱི། རྩ་རིག་ཚེ་པད་སྐོར་གར་པད་དགུའམ་བཅོ་ལྔའི་རྗེས་སུ་སོ་སོའི་ཕྱག་ཆེན་བཅིངས་ཤིང་ལྷ་དེ་དང་དེ་བསྒོམ་པའི་ཐུགས་ཀར་སྣ་ཚོགས་ལས་འོད་ཟེར་འཕྲོས་པས་ཡང་སྤྲུལ་པ་དཔག་མེད་འཕྲོས་ནས་ཞིང་དཔག་མེད་དུ་རང་རང་གི་ཕྲིན་ལས་མཛད་ཅིང་ངན་སོང་སྦྱོངས་ཁྱད་པར་གང་བཅོལ་བའི་ཕྲིན་ལས་མཛད་པར་བསམ་སྟེ། དཔལ་མཆོག་རྡོར་སེམས་ལས། དེ་ནས་རང་གི་སྙིང་ཁར་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པས་རང་རང་གི་ཕྱག་རྒྱ་ནི་ཧཱུྃ་བཟླས་ཤིང་གར་ལས་བྱུང་བ་སྟེ། བ་དན་གསུམ་པ་རྩེ་གསུམ་བཅས། །འགྱིང་བའི་མཐའ་སོགས་ལས་གྲོལ་བ། །གློག་འགྱུ་ལྟར་འདེག་མདུན་དུ་བཀོད། །དེ་ནི་རྡོ་རྗེ་གར་ཞེས་བྱ། །ཞེས་གསུངས་པའི་དོན། དེ་ཡང་ལྷ་སོ་སོ་ལ་ངན་སོང་སྦྱོང་བ་དང་། ཁྲོ་བོ་དང་འཇིག་རྟེན་པ་ལ་


CMR023_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མ་ཐོབ་ཀྱི་བར་ཞི་བའི་ཕྲིན་ལས་བཅོལ། ༈ དེ་ནས་བསྙེན་པ་བྱ་བ་ནི། སེམས་མ་ཡེངས་པར་བཟླས་ཏེ། བསམ་གཏན་ཕྱི་མ་ལས། སྲོག་དང་རྩོལ་བ་བསྡམས་ནས་ནི། །ཕྱི་རོལ་འཕྲོ་བ་མེད་པའི་ཡིད། །གསང་སྔགས་རིག་པ་སྔགས་ལ་སྦྱར། །ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ། །འདི་ཉིད་ཀྱིས་ནི་ཆོ་ག་ཡི། །ཡང་ན་ཤུབ་བུར་བྱས་ཀྱང་རུང་། །རིག་སྔགས་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །ཞེས་པ་ལྟར་མ་ཡེངས་པར་ཤུབ་བུར་བཟླའོ། །ལུས་ཀྱི་ཀུན་སྤྱོད་ལས། །དཔལ་མཆོག་ལས། དང་པོ་རྡོ་རྗེ་ཁུ་ཚུར་བཅིངས། །གཡོན་པའི་ལག་པ་གཡོན་ནས་ནི། །མཉམ་པར་བཞག་པའི་སྦྱོར་བ་ཡི། །སྙིང་པོ་ལ་སོགས་བཟླ་བར་བྱ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། ལག་པ་གཡོན་པ་ཕྱག་རྒྱ་བཅིངས། །གཡས་པས་ཕྲེང་བ་དང་ལྡན་བྱ། །ཞེས་གསུངས་པས་གཡོན་དང་པོ་རྡོ་རྗེ་ཁུ་ཚུར་བྱས་ལ་རོང་རང་གི་ཕྱག་ཆེན་བཅིངས། དང་པོ་རྡོ་རྗེ་ཡང་བཟུང་སྟེ་གོས་ཀྱིས་སྒྲིབ་ལ་གཡས་པས་ཕྲེང་བ་བསྒང་ངོ་། །དཔུང་བཟང་ལས། གུག་སྐྱེད་ཡི་གེ་ཆད་ལྷག་གྱུར་པའི་གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེར་རོ། །ཞེས་


CMR023_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པས་དག་ཅིང་ཆད་ལྷག་མེད་པར་བཟླས་ཤིང་། བསྒོམ་བྱ་རྡོ་རྗེ་རྩེ་མོ་ལས། ཟླ་བ་གང་བ་དྲི་མེད་པ། །སྙིང་ཁ་རུ་ནི་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རིག་པའི་ཡི་གེ་རྣམ་པར་བསྒོམ། །དེ་ལྟ་བུ་ཡི་ཚུལ་མཆོག་གིས། །ཟླ་བ་ཕྱེད་ནས་འགྲུབ་པར་འགྱུར། ཞེས་གསུངས་པས། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་མཚན་མ་མཚན་པའི་རྡོ་རྗེའི་ལྟེ་བའི་དབུས་སུ། ས་བོན་དེའི་མཐའ་སྐོར་དུ་རང་རང་གི་སྔགས། དེའི་མཐའ་སྐོར་དུ་རྩ་རིག་གིས་བསྐོར་བར་བསྒོམ་སྟེ། ལྷ་ཐམས་ཅད་ཀྱང་བདག་ཉིད་དུ་མོས་ལ་ཞལ་ནས་སྔགས་ཀྱི་སྒྲ་བྱུང་བ་དང་སྔགས་དེ་ལས་འོད་ཟེར་འཕྲོས་ཏེ། སྤྱིར་ངན་སོང་གསུམ་བྱེ་བྲག་ཏུ་དམིགས་ཡུལ་ལ་ཕོག་པས་དེ་དག་གིས་སྡུག་བསྔལ་ལས་གྲོལ་བར་བྱས་ནས་སླར་འོད་ཀྱིས་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་འགྲོ་བ་མཐའ་ཡས་པའི་དོན་བྱས་ཚུར་འདུས། སྙིང་ཁའི་སྔགས་འཁོར་ལ་ཐིམ་པར་བསམ་སྟེ། རྡོར་འབྱུང་ལས་ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྱུང་བར་བསམ་ཞིང་བཟླས་པས་ཐམས་ཅད་ཀྱིས་བཟླ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་རྒྱུད་ལས། འབུམ་ཕྲག་གསུམ་མམ་ཡང་ན་


CMR023_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །དངོས་གྲུབ་མཚན་མ་བྱུང་བར་དུ། །སྔགས་ནི་འཁྲུལ་པ་མེད་པར་བཟླས། །ཞེས་གསུངས་པ། རབ་བརྟེན་དབང་པོ་རྣོན་པོའི་འབུམ་ཕྲག་གསུམ་འབྲིང་པོའི་དྲུག །ཡང་ནི་རྟུལ་པོའི་ས་ཡ་སོགས། །དངོས་གྲུབ་ཀྱི་མཚན་མ་མ་ཐོབ་བར་དུའོ། །དུས་ཀྱི་བསྙེན་པ་དབང་རྣོན་གྱི་ཟླ་བ་གཅིག །འབྲིང་ཟླ་བ་དྲུག །རྟུལ་པོས་ལོ་གཅིག་ལ་སོགས་བྱའོ། །དེ་ཡང་དུས་དང་གྲངས་ཀྱི་བསྙེན་པ་ཐ་དད་དུ་དགོས་སམ། གཅིག་ཏུ་འདུས། སྔ་མ་ལྟར་ན་བསྙེན་པ་གཉིས་དགོས་པར་འགྱུར་ལ། ཕྱི་མ་ལྟར་ན་ཐ་དད་དུ་སྨོས་དགོས་པ་མེད་ཅེ་ན། སྐྱོན་མེད་དེ་གང་ཟག་དབང་པོ་རྣོན་པོ་དང་། འབྲིང་རྟུལ་ཏེ། སྐལ་པའི་ཁྱད་པར་གྱིས་དུས་དང་གྲངས་དེ་ཙམ་གྱིས་མཚན་མ་འབྱུང་བ་ལ་དགོངས་པའི་ཕྱིར་རོ། །ཡང་མཚན་མ་ཡང་དངོས་སུ་གནང་བ་ཐོབ་པའམ་རྨི་ལམ་དུ་མཚན་མ་འབྱུང་བ་ཡང་གང་ཟག་དབང་པོ་རྣོ་རྟུལ་གྱི་ཁྱད་པར་གྱིས་རིམ་པས་ཤེས་སོ། །ཡང་གསོན་པོ་ལ་སོགས་པའི་ཆེད་དུ་ཡིན་ན། དེ་ཡི་མིང་ནས་བརྗོད་ནས་ནི། །ཇི་ལྟར་གསུངས་པའི་སྔགས་བཟླས་ཤིང་། །ཞེས་གསུངས་པས་མཚན་སྔགས་ཀྱི་མཐར། མིང་གི་མཉམ་དུ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རྩ་


CMR023_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ནི་ཤུདྡེ་ཆེ་གེའི་སརྦ་ཀརྨ་ཨ་བ་ར་ཎ་སོགས་བཏགས་ལ་བཟླའོ། །དེ་ལ་བསྙེན་པ་བསྡུས་པར་བྱེད་ན། །རྩ་རིག་རྐྱང་པས་འགྲུབ་ལ། རྒྱས་པ་ལྟར་ན་ཏིང་འཛིན་གསུམ་བསྒོམས་ལ་། གཙོ་འཁོར་གྱི་བསྙེན་པ་བྱ་སྟེ། རྒྱུད་འདིར་བསྙེན་པའི་གྲངས་མ་གསུངས་ཀྱང་རྒྱུད་སྡེ་སྤྱི་ཡི་ཕྱག་ལེན་བླ་མ་རྣམས་ལས་གྲགས་པ་ལྟར་རོ། །གཙོ་བོ་འབུམ་འཁོར་ཁྲི་བྱེད་པ་ཀརྨ་པ་བརྒྱད་པས་གསུངས་ལ། གང་ལྟར་ཡང་མཚན་མ་མ་བྱུང་བར་དུ་བསྙེན་པར་བྱ་གསུངས། མཚན་མ་ནི་རྒྱུད་ལས། ཅི་སྟེ་གཙོ་བོ་དེ་ཡི་སྲས། །ཡང་ན་ལྷ་རྣམས་མཐོང་གྱུར་ན། །བསོད་ནམས་སྣོད་ལས་ཅི་དགའ་བར། །དངོས་གྲུབ་མཆོག་ནི་གསོལ་བར་བྱ། །ལྷ་ཡི་དངོས་གྲུབ་འཕྲལ་དུ་ནི། །དེ་ལ་རྟག་ཏུ་དགྱེས་པར་སྩོལ། །ཕྱག་འཚལ་དངོས་གྲུབ་ལ་སོགས་བླངས། །ཞེས་གསུངས་པས་ལྷ་གཙོ་བོའི་རྩ་ལྷ་གང་རུང་མཇལ་བའམ། ཡང་ན་མགྲོན་ཐབས་ཀྱི་ལྷ་རྣམས་མཐོང་ཡང་རུང་ཏེ་དངོས་གྲུབ་ཅི་འདོད་པར་ཞུའོ། །དེས་དངོས་གྲུབ་རང་གི་བསོད་ནམས་ཀྱི་སྣོད་དང་རྗེས་སུ་འཚམས་པའི་དངོས་གྲུབ་སྩོལ་བར་ངེས་པའི་ཕྱག་འཚལ་ལ་དངོས་གྲུབ་བླངས་སོ། །རྒྱུད་ལས། བཞད་པ་དང་། རྔ་སྒྲ་དང་། དྲིལ་


CMR023_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྒྲ་དང་། འབྲུག་སྒྲ་དང་། དགེ་སློང་དང་། བྲམ་ཟེ་བུ་མོ་དང་། འབྲས་བུ་མཐོང་ན་མྱུར་དུ་ནི། །མཆོག་དང་བར་མ་ཐ་མ་འགྲུབ། །ཅེས་གསུངས་པས་ཡི་དམ་གྱི་སྐུ་བཞེངས་པ་ལ་སོགས་སྒྲ་སྙན་པ་བྱུང་ན་མཆོག་འགྲུབ། དྲིལ་བུའི་སྒྲ་དང་འབྲུག་སྒྲ་ལྟ་བུ་བྱུང་ན་འབྲིང་གྲུབ་ཆེན་བརྒྱད་པོ་གང་རུང་འགྲུབ། དགེ་སློང་བྲམ་ཟེ་བུ་མོ་སོགས་མཐོང་ན་ཐ་མ་སྟེ། ཕྲིན་ལས་བཞི་འགྲུབ་སྟེ་མྱུར་དུ་དངོས་གྲུབ་ཐོབ་སྟེ། རྒྱུད་ལས། ཅི་སྟེ་མཚན་མ་ཞིག་མཐོང་ན་ནི། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །འོན་ཏེ་མཚན་མ་མཐོང་ན་ནི། །རིང་མོ་ཞིག་ནས་དངོས་གྲུབ་ཏུ་འགྱུར་ཏེ། ཞེས་གསུངས་སོ། །ཡང་ཐུན་མོང་གི་དངོས་གྲུབ་འབྱུང་ན་དེ་ལོངས་སྤྱོད་ཚུལ་རྒྱུད་ལས། དཀོན་མཆོག་གསུམ་དང་བླ་མ་ལ། །བསྐལ་པ་རེ་རེ་ཕུལ་ནས་ནི། །དེ་ནས་རྟག་ཏུ་བདག་སྤྱོད་ཅིང་། །ཞེས་གསུངས་ལ་བླ་མ་མི་བཞུགས་ན་རང་ཉིད་ནང་གི་སྦྱིན་སྲེག་ལ་སོགས་བྱས་ལ་བླ་མ་སྙིང་ཁར་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་བྱས་ལ་རང་གིས་སྤྱད་དེ། རྒྱུད་ལས། མེད་ན་མཁས་པ་བདག་ཉིད་ཀྱིས་སྤྱད་པར་བྱ། ཞེས་གསུངས་ལ། ཚེའི་དངོས་གྲུབ་བྱུང་ན་སེམས་ཅན་ལ་


CMR023_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་བསྒྲུབ་པར་བྱ་སྟེ། རྒྱུད་ལས། སེམས་ཅན་ཀུན་ལ་ཕན་བརྩོན་པར། །བསྐལ་པ་དུ་མར་གནས་པར་འགྱུར། །ཞེས་གསུངས་སོ། །གལ་ཏེ་དེ་ལྟ་བུའི་དངོས་གྲུབ་དངོས་སུ་མ་ཐོབ་ན་ཡང་འདི་ལས་རང་གཞན་གྱི་སྒྲིབ་པ་སྦྱོང་བ་དང་། སྦྱིན་སྲེག །དབང་བསྐུར། བྱང་བུ་བདུན་ཚིག་རོ་བསྲེགས་མཆོད་རྟེན་ལ་སོགས་པ། ལས་བཞི་ཐམས་ཅད་བསྒྲུབ་ནུས་པར་འགྱུར་ལ། འགྲུབ་པར་ཡང་འགྱུར་ཞིང་། འཁོར་ཡུག་པའི་ལྷ་ཐམས་ཅད་ལ་བཀའ་བསྒོས་པ་ཙམ་གྱིས་ཕན་བྱེད་ཆད་པ་གཅོད་པ་གནོད་བྱའི་ལས་ཐམས་ཅད་འཇིག་རྟེན་སྐྱོང་བ་རྣམས་ཀྱི་བྲན་ལྟར་བྱེད་པར་འགྱུར་ཏེ། རྒྱུད་ལས། ཅི་སྟེ་དངོས་གྲུབ་མ་གྱུར་ན། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །གནོད་སྦྱིན་ཀརྨའི་གདོང་ལ་སོགས། །ཆད་པས་བཅད་ཅིང་བཀའ་ཙམ་གྱིས། །ཞི་བ་ལ་སོགས་ལས་ཀུན་ནི། །བྲན་བཞིན་ཐམས་ཅད་བྱེད་པར་འགྱུར། །ཞེས་གསུངས་སོ། །དེ་ནས་གཞན་ཚེ་འདས་སོགས་ཀྱི་དོན་ཡིན་ན་ཡང་། ངན་སོང་ལས་གྲོལ་རྟགས་འབྱུང་བར་གསུངས་པ་ནི། རྒྱུད་ལས། དེ་ནས་མཆོད་རྟེན་འབར་གྱུར་ཏེ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་བདུག་པ་འོད་ཀྱང་


CMR023_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། །རྣམ་པར་ཡང་ན་ངད་ལྡང་ངམ། །ལྷ་ལ་སོགས་པའི་རྣམ་པ་ནི། །ལྷ་ཚོགས་པ་ནི་སྣང་གྱུར་རམ། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་ནི། །མེ་ཏོག་ལ་སོགས་འོད་རབ་དང་། །དུང་དང་རྔ་ལ་སོགས་པའི་སྒྲ། །གླིང་བུ་པི་ཝཾ་ལ་སོགས་རྣམས། །ཅི་སྟེ་མཚན་མ་འདི་དག་ནི། །སྡིག་ཆེན་བློ་ཡིས་མ་མཐོང་ན། །འབུམ་གྱི་ཕྲག་ནི་བརྒྱ་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་པ་མཆོད་ནས་ནི། །མཉམ་པར་བཞག་པས་བཟླ་བར་བྱ། །ཞེས་གསུངས་ལ། རྟགས་འདི་དག་རས་བྲིས་དང་སྒྲུབ་པ་དང་མཆོད་རྟེན་སྒྲུབ་པའི་སྐབས་སུ་གསུངས་ན་ཡང་། བསྙེན་པ་ལ་རིགས་འགྲེས་ཏེ་བསྙེན་ཚད་ཀྱིས་ལུང་ཡང་བསྒྲུབ་པའི་སྔགས་གྲངས་ཀྱི་སྐབས་སུ་ཡར་འཐེན་པར་སྔོན་གྱི་མཁས་པ་ཀུན་གྱིས་མཛད་པའི་ཕྱིར་རོ། །དེ་ཡང་དཀྱིལ་འཁོར་ཡོངས་རྫོགས་བསྙེན་པའི་ལུགས་ནི། སྦྱོང་རྒྱུད་ལས། ༈ དཀྱིལ་འཁོར་སྔ་མ་བཞིན་བསམས་ནས་གསུངས་པ་ཡིན་ལ། བོ་དོང་པས་ནི་རས་བྲིས་ལྷ་བཅུ་གཉིས་ལ་བསྟེན་ནས་བསྙེན་པ་དང་། བསྡུ་ན་གཙོ་བོ་རི་མོ་བླུགས་འབུར་ལ་སོགས་ཕྱག་རྡོར་དང་བཅས་པ་དང་བསྟེན་པ་རུང་། དཔའ་


CMR023_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་བསྙེན་པ་ཁོ་ན་དགོས་ཀྱི། བསྙེན་པ་ལ་དཀྱིལ་འཁོར་ཡོངས་རྫོགས་མི་འཐད་ཟེར་རོ། །དེ་ལ་རས་བྲིས་ལྷ་ལ་མི་བསྙེན་པ་བསྙེན་པ་རུང་སྟེ་མཚུངས་པའི་ཕྱིར་དང་། དཔའ་ག་ནི་རྗེས་སུ་དཀྱིལ་འཁོར་སྔ་མ་བཞིན་བསམས་ནས་ཞེས་མི་འབྲེལ་པས། དཀྱིལ་འཁོར་སྔ་མ་བསྙེན་དུས་སུ་འཐད་པ་དང་། བསྙེན་སྒྲུབ་གཉིས་ཆོ་ག་གཅིག་གི་ཆིངས་ཡིན་པས་ཀྱང་བསྙེན་པ་ལ་དཀྱིལ་འཁོར་དང་ལྷ་མང་བསྙེན་པ་འཐད་ཚུལ་རྒྱ་ཆེར་མི་བསྐྱོད་ཞབས་ཀྱིས་གསུངས་སོ། །དེས་ན་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་པ་གཙོ་འབུམ། འཁོར་ཁྲི་ཚོ་དུས་བཞི་འགྱུར་བྱ། དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་པ་བསྡུས་པ་རྩ་རིག་ཁོ་ན་སུམ་འབུམ་ཡིན་ལ། དཔའ་བོ་གཅིག་པའི་བསྙེན་པ་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་རྡོ་རྗེ་སེམས་དཔའི་བསྙེན་པ་ནི། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་ན་མོ་སོགས་རྩ་རིག་དང་། ཨོཾ་སརྦ་བིད་སརྦ་ཨ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ༔ ཅེས་ལས་སྔགས་གསུམ་སྦྲེལ་ནས་འདོན་ཞིང་རྩ་རིག་རྒྱུན་དུ་འདོན་པར་བྱའོ། །དཀྱིལ་འཁོར་སོ་སོའི་གཙོ་བོ་གཅིག་པུའི་བསྙེན་པ་ནི་གཙོ་རྐྱང་བསྒོམས་ནས་དཀྱིལ་འཁོར་སོ་སོའི་རྩ་སྔགས་བཟླའོ། །།དེ་ལྟར་བསྙེན་པའི་ཚེ་ཐུན་


CMR023_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ། མཆོད་ཅིང་བསྟོད་ལ་ཡིག་བརྒྱས་བརྟན་པར་བྱས་ཏེ། བསྔོ་བ་བཟོད་གསོལ་འདོད་དོན་གསོལ་བ་བཏབ་ནས། རང་ཉིད་གཙོ་བོ་ལས་དབྱེ་བའི་རྡོར་སེམས་སུ་མོས་ལ་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ནས་ཐུན་གཉིས་ལ་འཇུག་པ་ན་ཁྲུས་དང་ཉེ་རེག་བྱས་ཏེ། གཙོ་བོའི་དམ་རྒྱ་དང་ས་མ་ཡས་ཐུགས་ཀར་ཞུགས་ཏེ་གནས་བཞི་བྱིན་གྱིས་བརླབས་ནས་མཆོད་བསྟོད་བྱས་ལ་བསྙེན་པ་བྱའོ། །ཐུན་བཞི་པའི་མཐར་བསྡུ་བ་ན་མཆོད་བསྟོད་དང་། ཕྱག་རྒྱ་བྱས་ཏེ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དང་རཏྣ་ཨ་བྷི་ཥིཉྩས་དབང་བསྐུར། དར་དཔྱངས་བཅིངས། མཉེས་པར་བྱས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། བསྔོ་བ་དང་བཟོད་གསོལ་བྱས་ཏེ། མཆོད་ཡོན་ཕུལ་ནས། ཨོཾ་བཛྲ་མུ༔ ཞེས་སེམས་མ་རྡོ་རྗེ་མའི་དམ་རྒྱས་བཀྲོལ་ལ་ཡེ་ཤེས་པ་གཤེགས། རྒྱས་པར་ན་ལྷ་རེ་རེ་བཞིན་མཚན་སྔགས་མཐར། བཛྲ་མུཿ ཞེས་སོགས་ཀྱིས་དམ་རྒྱས་བཀྲོལ་ལ་གཤེགས། བསྡུ་བའི་སྔགས་རྒྱས་དམ་ཚིག་པ་ལུས་ལ་བསྡུས་ཏེ། སེམས་མ་བཞིའི་གནས་བཞི་བསྲུངས་ཏེ། གཙོ་བོའི་རྡོར་སེམས་སུ་སྦྱོར་ཏེ་སེམས་དཔའི་ང་རྒྱལ་ངང་ནས་ཉལ་བ་


CMR023_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱས་ཏེ། དེ་ཡན་བདག་བསྐྱེད་བསྙེན་པའི་ཆོ་གའི་བཤད་པ་མན་ངག་དང་བཅས་པ་ཚར་རོ། ༈ །དེ་ནས་དཀྱིལ་འཁོར་ལས་རིམ་ནི་གོང་དུ་བཤད་པ་ལྟ་བུའི་གནས་སུ་རྣམ་སྣང་རྒྱུད་དྲྭ་ལས་གསུངས་པ་ལྟར། སྔོན་འགྲོ་གཏོར་མ་བྱིན་ཅིང་ཚིག་ས་ལ་རྒྱུ་བའི་སོགས་གཙུག་དགུ་ནས་གསུངས་པའི་ཚིགས་བཅད་ལན་གསུམ་གྱིས་ས་བསླངས་ལ། རྒྱུད་ལས། ཇི་བཞིན་ས་ཡི་ཆོ་ག་ཡི། །གནས་ནི་བྱིན་གྱིས་བརླབས་པ་ཙམ། །ཞེས་གསུངས་པས་ཡཀྵ་བཟླས་པས་ཆུ་སྦྱངས། བཛྲ་སཏཱ་བཟླས་པས་རེག་པ་སོགས་ཀྱིས་བྱིན་གྱིས་བརླབས་ལ། རྒྱུད་ལས། བྱིན་གྱིས་བརླབས་པའི་གནས་དེར་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་པས། སྟེགས་བུ་ཆེ་ཆུང་གང་རུང་ཤར་དང་བྱང་གཞོལ་བ་དབུས་མཐོ་བ་མེ་ལོང་ལྟར་བྱའོ། །འདི་ས་ཆོག་བསྡུས་པ་འདིས་ཆོག་ལ་རྒྱས་པར་གཞན་ལྟར་བྱས་ཀྱང་ལེགས་སོ། །རྒྱུད་ལས། རྡོ་རྗེ་སྲད་བུས་ཐིག་གདབ་བོ། །ཞེས་གསུངས་པ་ལྟར། ཐིག་ཚོན་རྣམས་རིགས་ལྔའི་ས་བོན་ལས་རིགས་ལྔ་བསྐྱེད་བསྟིམ་ཐིག་ཚོན་དུ་གྱུར་པར་བལྟས་ལ། ཚངས་ཐིག་ཡེ་ཤེས་ཐིག་ནམ་མཁར་གདབ། དེ་ནས་གཞུང་ལྟར་གདབ་བོ། །དབུས་ཀྱི་


CMR023_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཐིག་གདབ་པ། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་ཕྱི་ནང་གཉིས་ཀའི་ཐིག་རྣམས་གདབ་བོ། །འདིར་གཞལ་ཡས་ཁང་ཕྱི་མའི་ཕྱེད་ནང་མ་ཐམས་ཅད་ལ་མ་བྱུང་བས་རྗེ་བདུན་པའི་ཀུན་རིག་ཆེན་མོའི་ཐོག་མ་དག་གོ་ཞེས་བླུན་པོ་འགའ་ཞིག་གིས་སྨྲས་པ་ཐོས་ཀྱང་དེའི་སྐྱོན་མེད་ཚུལ་རྗེ་བརྒྱད་པས་རྒྱ་ཆེར་གསུངས་ཤིང་། འདི་བྲི་བྱ་རྟ་བབས་ནང་མའི་སྒོ་ཚད་གསུམ་ཕྱི་མའི་ཆ་ཆེན་གཅིག་ལ་མི་ཤོང་ཤིང་། ལྷ་རྣམས་ཡང་རིམ་པ་བཞི་ཆ་ཆེན་གཅིག་ལ་མི་ཤོང་བས། གཞལ་ཡས་ཕྱི་མའི་རྩ་ཐིག་དང་ནང་མའི་མཐའ་ཐིག་གི་བར་ཕྱི་མའི་ཕྱི་མ་ཆ་ཆེན་གཉིས་བྱེད་པ་ཕྱག་ལེན་རྣམ་པར་དག་པ་ཡིན་པས། དེ་ལ་མ་དག་སྨྲས་ན་མེ་ཁྱེར་གྱིས་ཉི་མ་ལ་འཕྱ་བ་ལྟ་བུར་ཟད་གསུངས་སོ། །གཞན་ཐིག་དང་བྲི་ཚུལ་གཞན་དུ་གསལ་བ་ལྟར་ཡིན་ཅིང་བསྒོམ་བྱ་བློས་བསླངས་ནི། རྒྱུད་འགྲེལ་རྣམས་སུ་བྲེ་ནང་བྲེ་བཅུག་ལྟ་བུ་དང་། ཁང་བརྩིགས་ནང་མ་མཐོ་བ་གཉིས་གང་ཡིན་མི་གསལ་བ་གོང་དུ་གོ་བ་བརྒྱབ་ཀྱང་ཚིག་ཙམ་ཡོད་པ་ལ། བོད་དུ་རོང་པ་ཆོས་མགོན་གྱིས་གཞལ་ཡས་ཁང་ཕྱི་མ་དབྱ་རིང་ཁ་ནས་བསྟན་གྲུ་བཞིར་ཕུབ་པའི་ནང་གར་བུར་ཕུབ་པའི་སྟེང་དུ། གཞལ་ཡས་ཁང་


CMR023_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མ་ཕུབ་པར་འདོད། རོང་པ་རྡོ་རྗེ་རྒྱལ་མཚན་གྱིས་བྲེ་ཆུང་བའི་སྟེང་དུ་ཆེ་བ་བཅུག་པ་ལྟར་ཡིན་ཟེར་ཞིང་། ཡོ་གའི་སྐབས་འདིར་ནི་གཞལ་ཡས་ཁང་ཕྱི་མའི་ཐོག་རིལ་པོར་ཕུབ་པའི་ཐོག་ཏུ་ནང་མ་ཕུབ་པ་ཡིན་ཟེར་རོ། །བུ་སྟོན་ནི་རོང་པ་ཆོས་མགོན་ལུགས་དེ་བཞེད་ནས་མཆོད་རྟེན་གྱི་གདན་རིམ་པ་བཞིའི་སྟེང་དུ་བུམ་པ་ཡོད་པ་ལྟར་དཀྱིལ་འཁོར་ཕྱི་མ་ནང་རིམ་པ་བཞིའི་འཕགས་པའི་སྟེང་དུ་ནང་མ་བྱེད་གསུངས་སོ། །ངོར་པས་ནི་རེའུ་མིག་དགུའི་སྟེང་དུ་ཟླུམ་པོ་ཕུབ་སྟེ་རེའུ་མིག་གི་ཟུར་སྟོད་ནས་བརྩེགས་པ་ཟླུམ་པོ་རྩག་ཁང་ལྟ་བུ། དེ་བས་དམའ་བའི་གྲུ་བཞི་འདོད་སྣམ་ནང་མ་ཁེབས་པ། །དེས་ནོན་ཙམ་ལ་ཕྱེ་བད་ཕུབ་སྟེ། ཐོག་སྟེང་མ་བྲེ་དང་སྟེང་མའི་ཆུ་འོག་མའི་སྟེང་དུ་འགྲོ་བ། དེ་ལྟར་ཁང་བརྩེགས་རྣམས་ལ་ནང་ནས་བལྟས་ན་ཐོག་གཅིག་པར་འོང་བ་གཅིག་འདོད་དོ། །འདི་མངའ་རིས་སུ་ལོ་ཆེན་གྱིས་བཞེངས་པའི་མཐོང་བ་རྒྱུད་དང་མཚུངས་པའོ་ཟེར་རོ། །དེ་ལ་མི་བསྐྱོད་རྗེས་རོང་པ་ཆོས་མགོན་ལུགས་དེའི་ཕྱིའི་གཡབ་སྣེ་ནང་གི་གཞལ་ཡང་ཁང་གི་གར་བུ་ལ་རེག་ན་གཡབ་མ་ཡིན་ཏེ། གཞལ་ཡས་ཁང་ཐོག་རྒྱུན་གཅིག་ཡིན་པ་ཚིག་འགལ། མ་རེག་ན་བསྐལ་བཟང་སེམས་


CMR023_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྟེང་ན་ཐོག་མེད་པ་མི་རུང་། ཤང་སྟོང་ལུགས་ཕྱི་མ་མཐོ་ན་དུས་འཁོར་ལྟ་བུ་སུམ་བསྒྲགས་ལ་ཕྱི་མ་དེ་ནང་མའི་ཐོག་ཡིན་ནམ། ཡིན་ན་ཕྱི་མར་ཡིན་པ་འགལ། ཕྱི་མའི་ཐོག་ཡིན་ན་ནང་མའི་ལྷ་ཡང་ཕྱི་མའི་ལྷར་འགྱུར་བ་སོགས། དུས་འཁོར་དུ་མི་མཚུངས་པ་དུ་མས་བཀག་ནས། རོང་པ་རྡོ་རྗེ་རྒྱལ་མཚན་ལུགས་དང་། ཡང་གཞལ་ཡས་ཁང་ཕྱི་ནང་མ་བྱུང་སྟེ། འོག་ཏུ་སོང་བ་དག་ཕྱི་མའི་དབུས་སྟེང་བར་ལུས་པ་དང་། འོག་མས་ཕྱི་མ་མི་ཐེག་པ་སོགས་སྐྱོན་ཡོད་ལ། བུའི་བཞེད་པ་གཞལ་ཡས་ཁང་ནང་མ་མཐོ་བའི་ལུགས་རྡོ་རྗེ་རྩེ་མོར། མཐོ་ཞིང་ཡངས་ལ་མཛེས་པོ་སྟེ། །ཞེས་པ་དེ་ལ་མི་འཇུག་སྟེ་འཇུག་ན་གཞལ་ཡས་ཁང་ནང་མ་ཕྱི་མ་བས་ཀྱང་དོག་པར་འགྱུར་ལ། ངོར་པས་དབུས་ཀྱི་རེའུ་མིག་གི་སྟེང་དུ་རྩེག་པ་ཕ་གུ་སོགས་ཡོད་པའི་རྒྱ་དཀར་ནག་གི་ཁང་བརྩེགས་ལ་དཔེ་བྱས་པ་གདའ་སྟེ། དཀྱིལ་འཁོར་ལ་དེ་འདྲ་བ་མ་བཤད། དེ་བས་ཆུང་བ་རྣམས་ལ་ཡང་མིང་དང་ཚད་རེ་གསུངས་ལ། སྟེང་མ་བརྩེགས་པ་སོགས་རྩི་ག་རྩག་གཅིག་དེ་ལ་གསལ་ཁ་མི་གསུངས་མི་སྲིད་པ་ལས། གང་དུའང་དེ་འདྲ་མ་གསུངས་སོ། །གཞལ་ཡས་ཁང་སྒོ་སྦྲགས་མ་ལ་


CMR023_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབས་སྒོ་ཚད་གཅིག་དགོས་པའི་ངེས་པ་མེད་དེ་དུས་འཁོར་ནས་མ་གསུངས་སོ། །དེས་ན་གཞལ་ཡས་ཁང་ནང་མའི་རྟ་བབས་སྒོ་ཚད་གཅིག་མི་དགོས་སོ། །ཞེས་སོགས་རིགས་པ་དུ་མས་བཀག་ནས། རང་ལུགས་གཞན་དུ་བཀོད་པ་ཡོད་གསུངས་པས་དེ་ལྟར་དགོས་ཤིང་། ཕལ་ཆེར་དབུས་མི་མཐོ་བར་བུའི་ལུགས་ཐོག་རྒྱུན་གཅིག་པ་དེ་བཞེད་པ་འདྲའོ། །དེ་ནས་དྲིའི་ཐིག་ལེ་གཙོ་བོའི་གནས་སུ་མེ་ཏོག་ཚོམ་བུ་ཐིག་ལེའི་སྟེང་དུ་བྱ། མཆོད་པས་བསྐོར་ལ་ལྷ་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་གསལ་བཏབ་ནས་ནམ་མཁར་བཏེགས། རྣམ་རྒྱལ་བུམ་པ་ལ་རྡོར་སེམས་ཀྱི་མཚན་མ་རྡོ་རྗེ་དཀར་པོ་དང་། ཁྲོ་བོ་མེ་ལྟར་འབར་བའི་མཚན་མ་རྡོ་རྗེ་ནག་པོ་དང་། ལས་བུམ་ལ་རྡོ་རྗེ་མཆེ་བ་རྣམས་མགུལ་དུ་བཏགས། བུམ་རྫས་སོགས་ནི་གཞུང་ལྟར་བྱ་སྟེ། བུམ་པར་རྡོར་སེམས། མེ་ལྟར་འབར་བ། རྡོ་རྗེ་གནོད་སྦྱིན་གསུམ་བསྐྱེད་པའི་ལུགས་དང་། རྣམ་རྒྱལ་དུ་རྡོར་སེམས་སམ་གཙོ་རྐྱང་། ལས་བུམ་དུ་རྡོ་རྗེ་གནོད་སྦྱིན་བསྐྱེད་པ་ཕྱག་ལེན་ནོ། །སྦྱོང་རྒྱུད་ཆགས་འགྱུར་ལས་བུམ་པ་ལྔ་དང་བརྒྱད། འཁོར་ལོས་སྒྱུར་བའི་སྔགས་རྒྱས་བཏབ་ལ་བཞག་གོ །ལས་ཐམས་ཅད་པས་སྔགས་


CMR023_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཞེས་པ། རིགས་ལྔའི་བུམ་པའམ་ལས་བུམ་འཇུག་སྒོ་རྣམ་རྒྱལ་གང་འབུམ་ལྔ་དང་བརྒྱད་དོ། །བུམ་པ་སོགས་ཡོད་ན་ལྷ་སོ་སོར་བསྒོམ་ཤེས་པར་བྱའོ། །འདིར་རྒྱུད་ལས་དབང་བསྐུར་བས་བུམ་པ་ལྔ། གསེར་ལས་བྱས་པའི་བྱ་རྣམས་ནི། །བརྒྱད་དང་བཅུ་དྲུག་ལྷག་ཀྱང་རུང་། །ཞེས་སོགས་ལ་ས་སྐྱ་གྲགས་པས་ལས་བུམ་མི་དགོས་གསུངས་ཀྱང་། བུམ་པ་ལྷ་གྲངས་ནང་དུ་བུམ་ལྷ་གྲངས་ངམ། ལྔ་བྱེད་ན་དབུས་རྣམ་རྒྱལ། འཇུག་སྒོའི་བུམ་པ་ཤར། ལས་བུམ་བྱང་གི་དེ་བྱ་སྟེ། འཇུག་སྒོར་རྡོར་སེམས་བསྐྱེད་དོ། །མཆོད་པ་ཁ་དོག་དབྱིབས་ལེགས་སོགས་འདོད་ཡོན་འབུལ་བའི་ཚིགས་བཅད་འདི་ནི། པཎྜི་ཏ་བྱང་ཆུབ་མཆོག་གིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་ལུགས་སུ་འཇམ་དཔལ་ཡོན་ཏན་འབྱུང་བའི་དཀྱིལ་ཆོག་ཏུ་འབྱུང་སྟེ་དོན་ནི་ཕྱོགས་བཅུ་དང་དུས་གསུམ་ན་ཡོད་ཅིང་བྱུང་བ་དང་། འབྱུང་འགྱུར་གྱི་འདོད་ཡོན་ཐམས་ཅད་བློ་ཡིད་ཀྱིས་དམིགས་ཏེ་ཕུལ་ནས་དངོས་སུ་ཕུལ་བའི་ཕན་ཡོན་འབྱུང་བའོ། །རྡོ་རྗེ་སེམས་དཔའི་བསྡུས་པ་ཞེས་སོགས་ནི་མཆོད་པ་སྟེ། མི་བསྐྱོད་རྡོ་རྗེའི་བུམ་བསྐྱེད་སྐབས་སུ། སྒེག་སོགས་ཀྱིས་མཆོད་ལ། ཞེས་གསུངས་


CMR023_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་རྡོ་རྗེ་སེམས་དཔའ་བསྡུས་པ་ན་ཞེས་སོགས་ཀྱིས་ཚིག་འདི་དག་ནི། དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་དང་སངས་རྒྱས་མཉམ་སྦྱོར་དང་གཙུག་དགུའི་རྒྱུད་རྣམས་ནས་གསུངས་སོ། །དེ་ལ་རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་དང་མི་བསྐྱོད་པའི་རིགས་ཏེ། དེ་བསྒོམ་པའི་སྟོབས་ཀྱིས་ཉམས་སུ་ཉེ་བར་བླངས་པ་ནི་བསྡུས་པའོ། །རིན་པོ་ཆེའི་རིགས་ནི་རིན་ཆེན་ཏེ། དད་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་སྦྱིན་པའི་ཕྱིར་རོ། །དེ་ཉིད་ནི་བདེ་བ་ཕུན་སུམ་ཚོགས་པ་བསྐྱེད་པས་བླ་ན་མེད་པའོ། །པདྨའི་རིགས་ཀྱི་རྡོ་རྗེ་ཆོས་སོ། །དེས་གླུ་བླངས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་གོ །ཞེས་སོགས་སོ་སོར་རྟོག་པའོ། །ལས་ཀྱི་རང་བཞིན་ནི་རྡོ་རྗེ་ལས་ཀུན་ཏེ་དེ་ལ་བོས་ནས་སངས་རྒྱས་ཀྱི་སྤྲུལ་པ་དང་འགྲོ་དོན་བྱེད་པ་ནི་ལས་ཡིན་པས་དེ་རྫོགས་པར་གྱུར་པ་ན། རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཞེས་གསོལ་བ་འདེབས་པའོ། །ཞེས་བཅོམ་ལྡན་འདས་རིགས་པའི་རལ་གྲིས་གསུངས་སོ། །ཚིག་བཞི་པོ་དེ་དབུར་བཏགས་ལ་སྒེག་སོགས་བརྒྱད་ཀྱིས་སྔགས་རྒྱས་མཆོད་དེ་མཆོད་པ་འདི་དག་ཡིད་ཀྱིས་


CMR023_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ་བ་ཡིན་པས། ནང་སྒེག་སོགས་བཞི་ལ་གསང་མཆོད་དུ་བསྡུས་པའི་འགྲེལ་ཆེན་གཉིས་ནས་གསུངས་པ་དང་། འདི་མཆོད་པ་ཡིན་ཚུལ་ནི་རྡོ་རྗེ་འབྱུང་བར་། རྡོ་རྗེ་གར་བྱས་མ། རྡོ་རྗེ་སྒེག་མོ་ལ་སོགས་པས་མཆོད་པ་བརྒྱད་ཀྱིས་ལས་ཀྱི་ཕྱག་རྒྱས་ཡང་དག་པར་མཆོད། ཅེས་གསུངས་སོ། །དེ་ཡང་ལྷ་མོ་སོ་སོའི་ཕྱག་རྒྱ་བཅིང་ཞིང་མཆོད་པའི་ཚེ་རང་ཉིད་དེའི་ང་རྒྱལ་དུ་འཕོ་ཞིང་མཆོད་པར་བཤད་ལ། ཐུགས་ཀ་ནས་ལྷ་མོ་དེ་དག་དཔག་མེད་སྤྲུལ་ནས་རིམ་བཞིན་མཆོད་ན་ལེགས་སམ། བདག་གིས་སེམས་སོ། །ཉིད་སྣང་བར། སྒེག་སོགས་ཀྱི་ཕྱག་རྒྱ་བཅིངས་པ་ནས་སྒེག་མོ་སོགས་ཀྱི་ཚུལ་དུ་རྣལ་འབྱོར་པས་བསྒོམ་པ་གང་ཡིན་པ་དེ་དག་ནི། སྒེག་སོགས་ཀྱི་གནས་སུ་ཡིད་ཀྱིས་བཞག་ལ། གཞན་གྱི་ཕྱག་རྒྱ་བཅིངས་ཏེ་མཆོད་པར་བྱའོ། །ཞེས་གསུངས་སོ། །བསྟོད་པ་ནི་མཚན་བརྒྱ་འདི་སྔར་བ་ཕྱག་ལེན་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་སངས་རྒྱས་པས་དང་པོའི་སངས་རྒྱས། མི་ཤེས་པའམ་མ་རིག་པའི་དྲི་མ་གདོད་ནས་བཅོམ་པ། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་སངས་རྒྱས་ཀྱི་རྡོ་རྗེ་འཛིན་པ་དང་། མངའ་བསྒྱུར་བའི་རྒྱལ་པོ་ཡིན་ཞིང་། ཉོན་


CMR023_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་སོགས་ཀྱིས་སྐབས་མི་ཕྱེད་པས་རྡོ་རྗེ་མི་བསྐྱོད་པ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཡིན་པས་དེ་ལ་བསྟོད་ན་སངས་རྒྱས་ཐམས་ཅད་བསྟོད་པར་འགྱུར་བའི་ཕྱིར༔ སངས་རྒྱས་ཐམས་ཅད་ལ་བསྟོད་པས་བསོད་ནམས་ཐོབ་པ་དེ་ལས་དགའ་བའི་བསམས་པས་བསྟོད་པར་བྱའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་འཆང་བའམ། འཛིན་པ་ནི་རྒྱལ་བ་ཡིན་ཏེ། སྒྲོན་གསལ་ལས། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེའི་ངོ་བོ་ཉིད་ཀྱིས་འཆང་བར་མཛད་པས་ན། རྡོ་རྗེ་འཛིན་པ་སྟེ་མཐར་ཐུག་པའོ། །ཞེས་གསུངས་སོ། །རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་དེ་ཁོ་ན་ཉིད་འཛིན་པའོ། །གང་གིས་ཀྱང་གཞོམ་དུ་མེད་པ་ནི་རྡོ་རྗེའི་སྐུའོ། །སྐུ་དེས་བརྟན་གཡོ་ཀུན་ལ་ཁྱབ་པས་སྐུ་ཆེ་བའོ། །དེ་ལྟ་བུ་ནི་ཕྱག་ན་རྡོ་རྗེ་ཡིན་པས་འདུད་ཅིང་བསྟོད་པའོ། །ཆོས་སྐུ་དེའི་ཡན་ལག་གམ་སྤྲུལ་པ་ལོངས་སྐུ་འབྱུང་བས་རྡོ་རྗེ་ཡན་ལག་གོ །དེ་ནི་རྡོ་རྗེ་ལུས་ཅན་ཏེ་རྡོ་རྗེ་ཡང་ཡིན་ཏེ་རྡོ་རྗེའི་མཆོག་ཀྱང་ཡིན་པས་འདུད་ཅིང་བསྟོད་པའོ། །རྡོ་རྗེ་ལོངས་སྐུ་དེ་ནི་གཟི་བརྗིད་འབར་ཞིང་ཆེར་འབར་བའོ། །རྡོ་རྗེ་དེ་ཉིད་རྡོ་རྗེའི་ཤུགས་ཀྱིས་རྣམ་པར་


CMR023_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པ་ཐམས་ཅད་འཇོམས་པས་ན་ཤུགས་ཆེ་བའོ། །དེས་ཉོན་མོངས་པའི་བདུད་ཐམས་ཅད་འཇོམས་པས་རྡོ་རྗེ་མཚོན་ཆའོ། །འདི་བས་ལྷག་པའི་མཚོན་ཆ་མེད་པས་རྡོ་རྗེའི་མཚོན་ཆ་ཆེན་པོའོ། །ཕྱག་ན་རྡོ་རྗེ་དེ་ནི་སྲིད་པ་མཐའ་དག་ལ་འཁྱུད་པས་ཕྱག་ཆེན་པོའོ། །འདོད་པའི་མདའ་ལྔས་འགྲོ་བ་ཐམས་ཅད་འབིགས་པ་ལྟར་རྡོ་རྗེའི་མདའ་འདིས་ཉོན་མོངས་པ་ཐམས་ཅད་འབིགས་པས་རབ་འབིགས་པའོ། །རྡོ་རྗེ་འདིས་ཉོན་མོངས་པ་ཐམས་ཅད་གཅོད་པས་རྣོན་པོ་ཡིན་ཏེ། ཉོན་མོངས་རྩ་བ་ནས་གཅོད་པས་རབ་ཏུ་རྣོ་བ་ཆེན་པོའོ། །ཉོན་མོངས་པ་བཅད་པ་དེ་ནི་སངས་རྒྱས་ཐམས་ཅད་ལ་མཆོད་པ་རྒྱ་ཆེ་བ་དང་རྒྱ་ཆེ་བའི་མཆོད་པ་རྒྱ་མཚོ་འདི་དག་ཡིན་པའོ། །རྡོ་རྗེ་ཤེས་རབ་ཀྱིས་ཤེས་བྱའི་པདྨ་ཐམས་ཅད་གཉིས་སུ་མེད་པར་བྱང་ཆུབ་པར་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཆེན་པོའོ། །བྱང་ཆུབ་ཏུ་སངས་རྒྱས་པ་དེ་རྐྱེན་གཞན་ལ་མ་ལྟོས་པར་རང་ལ་རང་བྱུང་བའོ། །གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དང་སྲིད་གསུམ་ཐམས་ཅད་ལ་ཁྱབ་པར་འཆར་བས་རྒྱ་ཆེན་རབ་ཏུ་རྒྱ་ཆེའོ། །གཉིས་མེད་ཀྱི་རྡོ་རྗེ་ཡེ་ཤེས་དེས་འཁོར་བ་སྒྱུ་མའི་འཕྲུལ་འཁོར་ཐམས་ཅད་རྣམ་པར་སྦྱངས་བའོ། །རྡོ་


CMR023_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གཉིས་མེད་ཡེ་ཤེས་གཞི་དེ་ཉིད་འཁོར་འདས་ཐམས་ཅད་འབྱུང་བའི་རྒྱུ་ཡིན་ཅིང་སྲིད་པ་མཐའ་དག་ཟ་བར་བྱེད་པས་གནོད་སྦྱིན་ཆེན་པོའོ། །རྡོ་རྗེ་ཡེ་ཤེས་དེ་པདྨ་ལྟར་དྲི་མས་མ་གོས་བཞིན་དུ་བག་ཆགས་ཐམས་ཅད་རྣམ་པར་སྦྱོང་བར་མཛད་པའོ། །སྟོང་ཉིད་རྡོ་རྗེ་དེས་ཉོན་མོངས་ཀྱི་བདུད་ཐམས་ཅད་ཚར་བཅད་པས་ཁྲོ་བོའི་བཙན་ཐབས་གློ་བུར་ཚར་བཅད་པས་མ་རུངས་བ་ཆེན་པོའི་ངང་ཚུལ་ལྟ་བུ་སྟེ། འགྱུར་ལ་ལར་གཏུམ་པོ་ཆེ་ཟེར་བ་ཡོད་པས་མ་རུངས་པ་དང་གཏུམ་པོ་དོན་གཅིག་གོ །རྡོ་རྗེ་དེས་གདུག་པ་ཅན་གྱི་དགྲ་སྡང་ཐམས་ཅད་འཇོམས་པའི་གཙོ་བོ་ཡིན་ནོ། །རྡོ་རྗེ་དེས་འཇིགས་པ་ཐམས་ཅད་འཇིགས་པར་བྱེད་ཅིང་ངན་འགྲོ་ལས་སྲུང་བ་ཆེན་པོར་འགྱུར་རོ། །རྡོ་རྗེ་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཐར་པའི་ལམ་དུ་འཇུག་པའི་ལྕགས་ཀྱུ་ཡིན་ལ། དེས་འགྲོ་དོན་ཆེན་པོ་ཡོད་པའམ་འགྲུབ་པས་དོན་ཆེའོ། །གཉིས་མེད་རྡོ་རྗེ་ཡེ་ཤེས་དེ་རོ་ལངས་ལྟར་རྣམ་པར་རྟོག་པ་མེད་པར་ཆོས་ཀྱི་དབྱིངས་ལ་རོ་ལངས་པ་ལྟར་གཟུགས་སྐུར་བཞེངས་ནས་རོ་ལངས་ཆེན་པོའོ། །ཡང་ན་རྡོ་རྗེ་དེས་རོ་ལངས་ཀྱི་གདོན་འཇོམས་པས་ན་རོ་ལངས་དེ་རོ་ལངས་ཆེན་པོའོ། །རྡོ་རྗེ་དེས་སྲིད་པ་འདི་སྲིན་པོ་


CMR023_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བར་སེམས་ཅན་ཐམས་ཅད་ལ་གནོད་པའི་སྲིད་པའམ། འཁོར་བའི་སྲོག་མ་རིག་པ་ཟ་བས་ཟ་བ་པོའོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་དེས་ནི་གནོད་བྱེད་ཐམས་ཅད་ལ་གནོད་པ་སྦྱིན་ཏེ་འཇོམས་པས་ན་གནོད་སྦྱིན་ཆེན་པོའོ། །རྡོ་རྗེ་དེས་ནི་གདོན་ཐམས་ཅད་འཇོམས་པས་ན་གདོན་གྱི་ཡང་གདོན་གྱི་མཆོག་དམ་པའོ། །འདིར་བཅོམ་ལྡན་འདས་རལ་གྲིས་ནི། འཇིགས་སུ་རུང་བའི་སྒྲ་སྒྲོག་པའི་རྡོ་རྗེ་དྲག་པོ་གསུངས་ཀྱང་། ཡི་གེ་རྣམས་སུ་ས་སྒྲ་མི་འདུག་པས་མིན་ནམ་སྙམ་སྟེ། འཇིག་རྟེན་གྱི་ལྷ་ཆེན་དྲག་པོ་འཇིགས་བྱེད་ནག་པོ་དེ་འདུལ་བས་འཇིགས་བྱེད་དེའི་དགྲ་ནི་ཕྱག་ན་རྡོ་རྗེ་ཡིན་ལ་འདུལ་བའི་དྲག་པོ་འཇིགས་བྱེད་དེ་ནི་འཇིགས་བྱེད་ཆུང་ངུ་ཙམ་སྟེ། དེ་བཏུལ་བའི་ཕྱག་ན་རྡོ་རྗེ་ནི་དྲག་པོ་ཆེན་པོའི་ཞེས་སྨྲས་ན་ཐམས་ཅད་བདག་སེམས་སོགས་རྡོ་རྗེ་འཛིན་པ་དེ་ནི་སྐུའི་ཆ་ལུགས་ལོག་འདྲེན་དང་བདུད་ཐམས་ཅད་འཇིགས་པར་བྱེད་ཅིང་རྔམས་པའི་ཆ་ལུགས་སྣ་ཚོགས་སུ་བྱེད་པའོ། །བྱང་ཆུབ་སེམས་དཔའ་དེ་ཡི་གནས་སྐབས་སམ་སྐྱེ་བ་སྤྲུལ་སྐུ་བྱ་དཀའ་བའི་སྤྱོད་པ། ཕ་རོལ་ཏུ་ཕྱིན་པ་བཅུ་པོའི་སྒྲུབ་པ་ཐམས་ཅད་ལེགས་པར་བསྒྲུབས་སྟེ། དེ་ལྟར་ཐབས་ཕར་ཕྱིན་དྲུག་


CMR023_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་སྟོང་ཉིད་རྡོ་རྗེས་སེམས་ཅན་རྣམས་མངོན་མཐོ་དང་ངེས་ལེགས་ལ་བཀོད་ནས་སེམས་ཅན་རྣམས་མགུ་ཞིང་སངས་རྒྱས་རྣམས་རྒྱས་པར་མཛད་པའོ། །ཡེ་ཤེས་རྡོ་རྗེ་དེ་ནི་འཇིག་རྟེན་གྱི་དགའ་བ་དེ་ལས་མཆོག་ཏུ་གྱུར་པའི་དགའ་བ་དང་འཇིག་རྟེན་ལས་འདས་པའི་དགའ་བདེ་ཐམས་ཅད་ཀྱི་རྩེ་མོར་གྱུར་པས་དགའ་བ་ཆེན་པོའོ། །ཞི་བས་འདུལ་བ་རྣམས་དགའ་ཞིང་མོས་པས་གཉིས་མེད་ཡེ་ཤེས་རྡོ་རྗེ་དེའི་དབང་དུ་བྱེད་པའམ། །དེ་རྟོགས་པར་བྱེད་པའོ། །སྤྲུལ་སྐུ་ཕྱག་རྡོར་དེ་གཟི་བརྗིད་ཆེ་ཞིང་ཚངས་དང་བརྒྱ་བྱིན་གྱི་གཟི་བརྗིད་ཀྱིས་དཔེར་ཡང་མི་བཟོད་པས་གཟི་བརྗིད་ཆེན་པོའོ། །གཟི་བརྗིད་འབར་བའི་འོད་ཀྱིས་གཤིན་རྗེ་ལ་སོགས་པ་མཐར་བྱེད་པ་དེ་བྱེར་ཞིང་ཕྱོགས་སུ་མི་གནས་པར་བྱེད་དོ། །ཕྱག་ན་རྡོ་རྗེ་དེ་ནི་འཇིག་རྟེན་གྱི་བདག་པོ་མ་རུངས་པ་ཐམས་ཅད་དྲག་པོར་ཚར་བཅད་པས་དྲག་པོའི་ཡང་དྲག་པོ་ཆེན་པོའོ། །འོད་སྡུག་པས་ནི་སྡུག་པ་ཆེ། །ཞེས། སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ། སྐུ་འོད་དང་བཅས་པ་མཛེས་སྡུག་ལ་མཚན་དཔེའི་ཕལ་ཆེ་བ་དང་གར་དགུའི་ཉམས་དང་ལྡན་པས་ཤིན་ཏུ་མཛེས་སྡུག་ཆེན་པོའོ། །འདིར་ཁ་ཅིག་སངས་རྒྱས་ཀྱི་


CMR023_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྟུག་པོ་ཟེར་བ་སོགས་ནི་མ་འབྲེལ་བར་སྣང་ངོ་། །འདིའི་གདུལ་བྱ་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་མཛད་དོན་མཛད་པ་སོ་སོའི་སྤྲུལ་སྐུ་མཉམ་པའོ། །དེས་གདུལ་བྱ་སོ་སོའི་རེ་བ་ཐམས་ཅད་ནི་ཡིད་བཞིན་བསྐངས་ནས་རེ་བ་རྫོགས་པར་མཛད་པའོ། །ཡེ་ཤེས་རྡོ་རྗེ་དེས་དབང་བསྐུར་བར་དེ་ཁོ་ན་ཉིད་མཆོག་ཏུ་གྱུར་ནས་འདོད་དགུ་བཙལ་བས་རིན་པོ་ཆེའི་མཆོག་གོ །རྡོ་རྗེ་དེ་མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་ཏེ། ཡོན་ཏན་ནོར་བུའི་འབྱུང་གནས་སུ་གྱུར་པས་ཡོན་ཏན་མཚོའོ། །གཉིས་མེད་རྡོ་རྗེ་སྟོང་ཉིད་ཀྱི་ཡེ་ཤེས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་རོ་གཅིག་པ་ཡེ་ཤེས་ཆེན་པོའོ། །དེ་ནི་རིགས་པ་སྟེ་བསྟན་བཅོས་བྱེ་བ་ཕྲག་མང་པོའི་ཚོགས་ཐམས་ཅད་ཀྱི་མཆོད་བརྗོད་ཀྱི་ཡུལ་དང་མཆོད་ཡུལ་བསྟོད་ཡུལ་ཡིན་པས་སོ། །མཐོང་བ་དང་རེག་པ་དང་ཁ་རླངས་མཆེ་བ་དང་བསམ་པའི་དུག་ཧ་ལ་ཧ་ལ་ཆེན་པོས་མགྲིན་པ་ནག་པོར་གྱུར་པའི་ཀླུ་གདུག་པ་ཅན་རྣམས་ནག་པོ་ཆེན་པོ་རྣམས་སོ། །དེ་ལ་ཧཱུཾ་གིས་སྒྲ་ཆེན་པོ་སྒྲོག་ཅིང་ཀླུ་དེ་རྣམས་ནི་འཇོམས་པས་དུག་འཇོམས་པས་དུག་འཇིལ་བའི་ནུས་པ་ཅན་ནོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་དེས་


CMR023_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་འགོད་འདོད་པ་དང་། སེམས་ཅན་ཐམས་ཅད་ཐར་གྲོལ་ལ་འགོད་འདོད་པས་འདོད་ཆགས་ཆེན་པོའོ། །དེ་དེ་ལྟ་བུར་སེམས་ཅན་བྷལ་ཆགས་པའི་ཞི་བར་མྱང་འདས་ལ་མི་གནས་པར། དུས་ངན་པ་སྙིགས་མ་ལྔ་བདོའི་སྐབས་སུ་ཡང་སྤྲུལ་པའི་སྐུ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སྦྱོང་བའོ། །དེས་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་ཀྱང་མི་སྡོད་པར་གཡོ་ཞིང་བདག་གཞན་དང་དགྲ་གཉེན་སོགས་སུ་འཛིན་པ་དང་བཟང་ངན་ཡིན་མིན་ལ་སོགས་པའི་ཐེ་ཚོམ་ཐམས་ཅད་གཉིས་མེད་ཡེ་ཤེས་བློས་ཐག་གཅོད་པའོ། །དེ་ཡང་ཕྱག་ན་རྡོ་རྗེ་དེ་ལ་ནི་གློག་བཞིན་འོད་གསལ་ཞིང་མྱུར་བའི་ཕྲེང་བ་ཞལ་གྱི་ལྗགས་ལས་འཕྲོ་བའམ། འདུལ་བའི་དུས་ལ་བབ་པའི་གང་ཟག་ལ་ནི་གློག་བཞིན་མྱུར་བར་ཞལ་གྱི་ལྗགས་ལས་ཆོས་ཀྱི་སྒྲའམ་གླེགས་བམ་ཡིག་འབྲུ་སོགས་འཕྲོ་བས་གྲོལ་བར་བྱེད་དོ། །ཕྱག་ན་རྡོ་རྗེ་དེ་ནི་ཧཱུཾ་སྒྲ་དྲག་པོས་གདུག་པ་ཐམས་ཅད་སྲེག་པར་བྱེད་པའི་མེས་འཇིག་རྟེན་བཀངས་ནས་མ་རུངས་པ་ཐམས་ཅད་འདུལ་བ་སྟེ། ཧཱུྃ་མཛད་ཀྱི་ལོ་རྒྱུས་བཞིན་ནོ། རྡོ་རྗེ་མེ་དྲག་པོར་འབར་བས་མུན་པ་ཐམས་ཅད་གསལ་ཞིང་


CMR023_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་རབ་ཏུ་སྣང་བར་བྱེད་པ་དང་། ཡེ་ཤེས་ཀྱི་མེ་འོད་དྲག་པོས་ཉོན་མོངས་པའི་མུན་ནག་ཐམས་ཅད་གསལ་ཞིང་སྣང་བར་བྱེད་པའོ། །ཉི་མ་སྟོང་གི་འོད་ཀྱིས་དུས་གཅིག་ཏུ་གདུང་བ་ལྟ་བུའི་ཞལ་གྱི་འོད་དང་གཟི་བརྗིད་ཆེར་འབར་བའོ། །སྤྱན་རྩ་དམར་བ་ཐུགས་རྗེའི་ཉམས་དང་རྒོད་པ་དང་གཤེ་བ་དང་འཇིགས་སུ་རུང་བ་སོགས་གར་གྱི་ཉམས་དགུས་འཇིག་རྟེན་ཐམས་ཅད་འཇིགས་ཤིང་སྐྲག་པར་མཛད་པ་པོ་ནི་ཕྱག་ན་རྡོ་རྗེའོ། །སྐུ་ལ་ཁྲོ་བོའི་ཚོགས་དུ་མ་འོད་དང་འོད་ཟེར་བཞིན་དུ་འཕྲོ་བ་སྟེ་རྡོ་རྗེ་རི་རབ་ཁང་བུ་བརྩེགས་པའི་གཟུགས་ཀྱི་གླིང་བཞི་ལྟ་བུ་སྟེ། ཁྲོ་བོའི་རིགས་ཐམས་ཅད་ཕྱག་རྡོར་གྱི་སྐུའི་ཆ་སོ་སོ་ནས་སྤྲུལ་པར་གསུངས་སོ། །སྤྲུལ་པའི་ཁྲོ་བོའི་ཕྱག་རྣམས་དུ་མས་མཚོན་ཆ་མི་འདྲ་བ་བརྒྱ་ཕྲག་ཕྱག་གིས་རྡོ་རྗེ་རྩེ་དགུ་པ་ལས་རྣམ་པ་དུ་མའི་མཚོན་ཆ་བརྒྱ་ཕྲག་སྤྲུལ་ནས་གནོད་བྱེད་ཚར་གཅོད་པའོ། །ཞི་བ་དང་ཁྲོ་བོ་དང་ཞི་མ་ཁྲོ་དུ་མའི་ཞལ་གྱི་འགྱུར་བ་སྟེ། སྐུ་ཡང་དེ་བཞིན་དུ་མི་འདྲ་བ་སྟོང་ཕྲག་གོ །སྐུ་འགྱིང་བག་ཏུ་འཁྱིལ་ཞིང་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་དང་། རྒྱན་སྦྲུལ་ཆུན་དང་མགུལ་རྒྱན་སོགས་ཀྱང་འཁྱིལ་བ་སྟེ་ཞེས་སོ། །དེ་ལྟར་


CMR023_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་བཀོད་པ་སྣ་ཚོགས་བསྟན་ཀྱང་གདོས་བཅས་ཀྱི་ལུས་སུ་གྲུབ་པ་མེད་དེ་ལུས་མེད་སེམས་ཀྱི་ཆོས་ཉིད་དེ་ལ་སྐུ་རང་རྒྱུད་དུ་གྲུབ་པ་ཅུང་ཟད་ཀྱང་མི་མངའོ། །མ་རུངས་འདུལ་ཕྱིར་ཁྲོ་བོར་སྟོན་ཡང་རྣམ་པར་རྟོག་པ་མི་མངའ་སྟེ་ཐ་མལ་གྱི་ཀུན་རྟོག་མ་ལུས་པ་སྤངས་པའི་ཕྱིར་རོ། །འཇིག་རྟེན་གྱི་མ་རིག་མི་ཤེས་པ་འཇོམས་པའི་ཕྱིར་ཡི་གེ་ལ་སོགས་པས་རིག་པ་དང་པོ་ལྷ་ཚངས་པས་བསྟན་པར་གྲགས་པ་ལྟར། འཁོར་བ་འཁོར་བྱེད་ཀྱི་རྩ་བ་མ་རིག་པ་ནི་རྡོ་རྗེ་ཡེ་ཤེས་སམ་ཕྱག་ན་རྡོ་རྗེ་འདིས་འཇོམས་པས་ན་ཚངས་པ་དང་ཆོས་མཚུངས་པ་སྟེ་ཞེས་སོ། །འདོད་ཆགས་དང་ཞེ་སྡང་གཏི་མུག་གི་དྲི་མ་མཐར་མཛད་པ་སྟེ་འབྱིན་པས་མེད་པར་བྱེད་དོ། །སྒྱུ་མ་མཁན་དང་ཁྱབ་འཇུག་གསུམ་སྟེ་གཟའ་ཁྱབ་འཇུག་དང་ལྷ་མ་ཡིན་ཁྱབ་འཇུག་དང་ལྷ་ཆེན་བརྒྱད་ཀྱི་ཡ་གྱལ་ལྷ་ཁྱབ་འཇུག་དང་། ལྷ་ཆེན་བརྒྱད་ཀྱི་དབང་པོ་སྟེ་བརྒྱ་བྱིན་ལག་ན་རྡོ་རྗེ་ཅན་དང་དྲག་པོ་མདུང་རྩེ་གསུམ་བསྣམས་པ་དང་། མུ་སྟེགས་ཀྱི་ལྷ་མོ་ཙཎྜི་ཀ་རྩེ་གསུམ་ཅན་དང་རྩེ་གསུམ་འཆང་བ་དབང་ཕྱུག་ཆེན་པོ་རྣམས་ཀྱི་སྟོབས་འཕྲོག་པར་བྱེད་པའོ། །འདོད་ཆགས་ཆེན་པོ་ཡི་དྭགས་ཀྱི་རྒྱུ་དང་ཞེ་སྡང་ཆེན་པོ་དམྱལ་བའི་རྒྱུ་དང་གཏི་མུག་ཆེན་པོ་དུད་


CMR023_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་རྒྱུ་དང་། སྲིད་པ་གསུམ་སྟེ་འཁོར་བ་དང་སྲིད་པ་མ་ཡིན། ཉན་རང་གི་མྱང་འདས་རྣམས་སྦྱངས་བའོ། །ཞི་བ་དང་དུལ་བ་དང་དགའ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་གནས་པའོ། །ས་བཅུའི་དབང་ཕྱུག་ནི་སངས་རྒྱས་ཉིད་སངས་རྒྱས་རྡོ་རྗེ་འཆང་གི་ངོ་བོ་རབ་ཏུ་རྟོགས་པའམ། གཞི་དུས་ཀྱི་ཡེ་ནས་སངས་རྒྱས་ཀྱི་ངོ་བོར་བཞུགས་པ་དེ་ལམ་བསྒོམས་པས་འབྲས་བུ་སངས་རྒྱས་མངོན་སུམ་དུ་རབ་ཏུ་རྟོགས་པའོ། ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་སོགས་ནས་ཕྱག་ན་རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པར་གསུངས་ལ་སངས་རྒྱས་སྤྲུལ་པའི་སྐུ་ཡང་ཡིན་ནོ། །དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལས་སྐྱེས་ཤིང་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པའོ། །དེ་ཉིད་སངས་རྒྱས་ཀུན་ཏུ་བཟང་པོའི་སྐུར་བཞུགས་པས་འཁོར་འདས་དབྱེར་མེད་དུ་ཁྱབ་པས་ཆེར་བཟང་བའོ། །མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་རྣམ་པ་དུ་མས་དེའི་སྐུ་རབ་ཏུ་བརྒྱན་པའོ། །བརྟན་གཡོ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཐམས་ཅད་ལ་ཆོས་སྐུའི་བདག་པོ་དེས་ཁྱབ་པར་བཞུགས་པ་པོ་ནི་ཀུན་བཟང་ཕྱག་ན་རྡོ་རྗེ་སྟེ། དེ་ལྟར་ན་ནི་ཐམས་ཅད་ཀྱང་རྡོ་


CMR023_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རང་བཞིན་དུ་གཙང་ཞིང་དག་གོ །གང་ཟག་གང་གིས་བསྟོད་པ་འདི་བྲིས་སམ་ཀློག་པར་ཀུན་ཆུབ་པར་གྱུར་ཏམ། རྟག་ཏུ་འདི་འདོན་པའམ་འཚང་བའམ་འཆད་དམ་ཉན་ནམ་དྲན་པར་བྱེད་ཀྱང་རུང་སྟེ། སྐྱོན་དང་སྒྲིབ་པ་ཐམས་ཅད་དག་ཅིང་། ཡོན་ཏན་དང་ཡེ་ཤེས་ཐམས་ཅད་རྒྱས་ནས་ཕྱག་ན་རྡོ་རྗེ་དང་འདྲ་བར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ། །ཞེས་པའི་དོན་ནོ། །ལས་བུམ་བསྟོད་པའི་གཞུང་ན་མེད་ཀྱང་། རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལའོ། །ཞེས་པ་སྦྱར་བ་མཐོང་བ་བརྒྱུད་པའོ། །གཞན་རྣམས་གཞུང་ལྟར་རོ། །ཐིག་ཚོན་བྱིན་རླབས་སོགས་གཞུང་ལྟར་ལས་གདན་གྱི་ཐིག་ལེའི་སྟེང་དུ་སྒྲའི་ཚོན་དཔུང་བཀོད་པ་ཕྱག་ལེན། ཐིག་བྱིན་རླབས་སྔགས་རྡོ་རྗེ་རྩེ་མོ་ལས་གསུངས་ཏེ། ཨོ་རྡོ་རྗེ་དམ་ཚིག་གིས་ཐིག་སྐུད་ཀྱི་རིམ་པ་ལས་མ་འདའ་ཧཱུྃ་ཞེས་སོ། །འདི་སྐབས་སློབ་མ་སྟ་གོན་བྱེད་ན་གཞན་ནས་ཁ་བཀང་སྟེ་འདིར་མི་བསྐྱོད་ཞབས་ཀྱིས་སློབ་མ་དུ་ཡོད་ཀྱིས་ཁྲུས་བྱས་ནས་གསུངས་པས། གྲངས་ངེས་མི་བཞེད་ལ། མཎྜལ་གསོལ་བཏབ་རྒྱུན་བཤགས་སེམས་བསྐྱེད། །


CMR023_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཞི་དང་ཉེར་གཉིས་བྱིན་རླབས་མཆོད་པ་སོ་ཤིང་ཀུ་ཤ་སྲུང་སྐུད། གཙུག་ཏོར་འཆིང་བ། ཆོས་བཤད། རྨི་ལམ་བརྟག་པ་རྣམས་བྱའོ། །སྟ་གོན་མི་བྱེད་གཞུང་ལྟར་རོ། །འདིར་རྡུལ་ཚོན་ལ་དཀྱིལ་འཁོར་རྒྱལ་ཆོག་བསྐྱེད་ལ་ཡེ་ཤེས་པ་བསྐྱེད་པ་སྤྱན་དྲངས་པ་དང་སྟ་གོན་ལྷ་གྲངས་གཉིས་དུས་གཅིག་ཏུ་དཀྱིལ་འཁོར་ལ་བསྟིམས་པ་བྱས་ཀྱང་རུང་གསུངས་སོ། །གང་ལྟར་ཡང་མདུན་བསྐྱེད་ལ་དབང་བསྐུར་ཕྱག་རྒྱ་བཞིའི་རྒྱས་བཏབ་པ་ལ། དེ་ཡང་བོ་དོང་པས་གར་སྔོན་དུ་འགྲོ་བའི་དམ་རྒྱ་ལས་རྒྱ་བྱེད་ཀྱང་མི་འཐད་དེ། དམ་རྒྱ་རྡོར་བསྡམ་ལས་འབྱུང་རྡོ་རྗེ་ཁུ་ཚུར་ཁ་སྦྱར་བ་གཉིས་སུ་བྱས་ནས་གར་བྱས་ནས་ཕྱག་མཚན་འཛིན་པའི་ཚུལ་ལས་རྒྱ་དང་། ཕྱག་ཆེན་བཅིངས་ནས། རང་རྡོར་སེམས་ང་རྒྱལ་གྱིས་ཕྲིན་ལས་བཅོལ་བ་ན་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ལྷ་རྣམས་ཀྱི་ཐུགས་དམ་ཚིག་གི་ཕྱག་རྒྱས་བསྐུལ་ནས་དམ་ཚིག་ལས་མི་འདའ་བར་ཕྲིན་ལས་བཅོལ་བ་ཡིན་ཏེ། བདག་བསྐྱེད་སྐབས་སུ་ཕྲིན་ལས་བཅོལ་བའི་ཕྱག་རྒྱ་ལས་རྒྱ་དང་། མདུན་བསྐྱེད་སྐབས་སུ་དམ་རྒྱུ། དེ་ཕྲིན་ལས་བཅོལ་བའི་ཕྱག་རྒྱར་འཐད་ཅེས་མི་བསྐྱོད་ཞབས་ཀྱིས་བཞེད་དོ། །འདི་


CMR023_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྒྱུད་གཞུང་རྣམས་སུ་མི་གསལ་བས་རྡོ་རྗེ་སྒྲུབ་པ་ནི་མ་བྱས་ཀྱང་རུང་གསུངས་སོ། །བཟླས་པ་ནི་ལྷ་སོ་སོའི་ཐུགས་ཀར་ཟླ་བ་རྡོ་རྗེ་ལ་རྩ་རིག་དང་། འཁོར་རྣམས་རང་རང་གི་སྙིང་། པོས་བསྐོར་བ་ལས་འོད་ཟེར་འཕྲོས་ཏེ། དམིགས་ཡུལ་ལ་སོགས་པ་ངན་སོང་གསུམ་གྱི་སྡིག་སྒྲིབ་སྦྱངས་ཏེ་སངས་རྒྱས་ཀྱི་ཕྲིན་ལས་མཛད་པར་བསམས་ལ། དང་པོ་རྩ་རིག་དེ་ནས་ལྷ་སོ་སོའི་སྔགས་བརྗོད་དོ། །གར་པད་དགུ་སྔོན་དུ་འགྲོ་བའི་སོ་སོའི་དམ་རྒྱ་བཅིངས་ནས་མཐར་སེ་གོལ་གཏོགས་ཏེ། ལྷ་སོ་སོའི་མཚན་གྱི་མཐར་ཕྲིན་ལས་བཅོལ་བར་བྱའོ། །དེ་ནས་མཆོད་པ་ནི། དཔུང་བཟང་ལས། གཡོ་ཞིང་མགུལ་བ་ཞེས་ནི་བྱ་བའི་བགེགས། །ཆུ་ནང་སྐྱེས་བུ་འཁྲུད་པའི་ཚེ་ན་འཛིན། །ཞེས་སོགས་མཆོད་པའི་ཡོ་བྱད་ལ་གནས་ནས་བར་ཆད་བྱེད་པའི་བགེགས་ཡོད་པ། རིག་པ་མཆོག་གི་རྒྱུད་ལས། ལོག་འདྲེན་ཆུ་ལྟར་གཡོ་བ་ཞེས་བྱེ་བ། དེ་དག་ནི་ཆུ་ལ་གནས་ཏེ། རིག་སྔགས་འཆང་ཁྲུས་བྱེད་པ་ནི་འཛིན་པར་བྱེད་དོ། །ཞེས་དང་། གྲྭ་ལྔ་སོགས་གཟུངས་རྣམས་ནས། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། བདུག་པ་ཟ་བ་དང་། སྦྱིན་སྲེག་ཟ་བ་དང་། གཏོར་མ་ཟ་བ་དང་


CMR023_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་བགེགས་རྣམས་རྡོ་རྗེ་གནོད་སྦྱིན་སྔགས་རྒྱས་བསངས་ལ། མི་གཙང་བའི་དངོས་པོ་མེའི་སྔགས་རྒྱས་བསྲེགས་ལ་གཟི་བརྗིད་བསྐྱེད། དངོས་པོ་མངོན་ཞེན་སྭ་བྷཱ་ཝས་སྦྱངས། སེམས་དཔའ་འབྱུང་བ་ལས། ཡི་གེ་ཨོ་ལ་རིན་པོ་ཆེ་སྣ་བདུན་དང་དཔག་བསམ་གྱི་ཤིང་དང་ཁ་ཟས་རོ་བརྒྱ་པས་མཆོད་པ་སྤྲུལ་ནས། ཨོཾ་སརྦ་བིད་པུ་ར་ཧོ། དེ་བཞིན་བརྗོད་ཅིང་དེ་དག་གིས་མཆོད་པར་བྱའོ། །ཞེས་པ་ལྟར་བྱིན་གྱིས་བརླབས། རྡོར་སེམས་སྒྲུབ་ཐབས་རྒྱ་གཞུང་ལས། ཨོ་ལས་གདུགས་དང་རྒྱལ་མཚན་དང་། བ་དན་གདུ་བུ་དང་རྣ་ཆ་དང་། དཔུང་རྒྱན་དང་གོས་དང་རྒྱན་དང་ཁ་ཟས་རོ་བརྒྱ་པ་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་སྤྲུལ་ཏེ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །ཞེས་པ་དང་ཕལ་ཆེར་མཐུན་པས་མཆོད་པ་ཉེར་ལྔ་ནི། ཚངས་པ་བརྒྱ་བྱིན་སོགས་འཇིག་རྟེན་གྱི་བསོད་ནམས་དཔག་ཏུ་མེད་པ་ལས་འབྱུང་བའི་ལྷའི་རྫས་སྣ་ཚོགས་ཀྱིས་ལྷ་ཡུལ་དུ་ཡོད་པའི་དེ་ལྟ་བུའམ། དེ་དག་དང་། འཇིག་རྟེན་ལས་འདས་པའི་དཔག་ཏུ་མེད་པའི་བསོད་ནམས་ཀྱིས་སྟོབས་སངས་རྒྱས་རྣམས་ཀྱི་བསོད་ནམས་དང་སྨོན་ལམ་བྱུང་བ། བདེ་བ་ཅན་དང་


CMR023_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དགའ་འོག་མིན་སྟུག་པོ་བཀོད་དུ་ཡོད་པའི། ལྷ་རྫས་ཀྱི་ལོངས་སྤྱོད་དེ་དག་བློས་བླངས་ཏེ་འབུལ་བའམ། དེ་ལྟ་བུ་ཡིད་ཀྱིས་སྤྲུལ་ཏེ་འབུལ་བ་སྟེ། དོན་ཚན་སོ་སོར་གོ་སླའོ། །ངོ་མཚར་མཆོད་པ་བཅོ་བརྒྱད་ནི། །གནས་འདི་འམ་ནི་གཞན་དག་ན། །ཞེས་སོགས་ཚིགས་བཅད་སྔགས་དང་བཅས་པ་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པ་ལ་སྔགས་ཐམས་ཅད་ཀྱི་མགོར། ཨོཾ་སརྦ་ཏ་ཐཱ་ག་ཏ། མཇུག་ཏུ་པཱུ་ཙ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་རྒྱུད་ལ་འདུག་གོ །འདིའི་ཚིག་གཞན་གོ་སླ་སྟེ། འཁོར་བ་མཐར་ཐུག་ཅེས་པའི་དོན་འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་འཇམ་དབྱངས་ཕྱག་རྡོར་གསུམ་ནི་བྱང་ཆུབ་སེམས་དཔའ་གཞན་ཐམས་ཅད་ལས་ཐུགས་རྗེ་ཆེ་བས་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་སངས་རྒྱས་ཚར་ན་ཡང་། ད་དུང་བརྩེ་བ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་ཤིང་། མ་འོངས་བསྐལ་པ་གྲངས་མེད་པའི་བར་དུ་ཡང་སེམས་ཅན་གྱི་དོན་མཛད་ཅིང་སངས་རྒྱས་ཚུལ་སྟོན་མོད་ཀྱང་། སླར་ཡང་སྤྲུལ་པ་གྲངས་མེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང་ལམ་ལ་སློབ་ཚུལ་སངས་རྒྱས་བསྟན་


CMR023_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དེ་ལྟ་བུས་སེམས་ཅན་གྱི་འཁོར་བ་ཇི་སྲིད་དུ་མཛད་ཅིང་། སངས་རྒྱས་ནས་སངས་རྒྱས་ཆོས་སྐུའི་རང་བཞིན་དུ་བཞུགས་ཆོས་སྐུ་ལ་གཟུགས་སྐུ་འབྱུང་ཞིང་དེ་ཡང་བྱང་ཆུབ་སེམས་དཔར་སྤྲུལ་ནས་འགྲོ་དོན་མཛད་པར་དེ་བཞིན་དུ་བདག་གྱུར་ཅིག་ཟེར་བ་ཡིན་གྱི། འབྲས་བུ་བླ་མེད་འདོར་བ་མིན་ནོ། །དེ་ནས་རྣལ་འབྱོར་དེ་ཉིད་ཀྱིས། །ཞེས་སོགས་ནས། ཙིཏྟ་བིརྱ་ཏ་ན་ཡང་མགོ་ན་ཨོ་དང་མཇུག་ཏུ་པཱུ་ཛ་མེ་གྷ་སྦྱར་བ་རྒྱུད་ལས་གསལ་ལོ། །ཀུན་རིག་གི་དཀྱིལ་ཆོག་རྒྱ་གཞུང་ལས། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །ཅེས་སོགས་བསྟོད་པ་འདི་ལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དག་པ་གཉིས་དང་ལྡན་ལ། དྲི་མ་ཐམས་ཅད་དང་བྲལ་བས་རྣམ་པར་གསལ་བའམ་སྣང་བར་མཛད་པའམ། ཁམས་གསུམ་སྐུ་གང་འདུལ་སྣ་ཚོགས་སུ་རྣམ་པར་སྣང་བར་མཛད་པ་དེ། མན་ངག་སྙེ་མར་དྲི་མ་ཐམས་ཅད་དང་བྲལ་བ་ལས། རྣམ་པར་སྦྱང་ཞིང་གསོལ་ཞེས་པས་རྣམ་པར་སྣང་མཛད་དོ་ཞེས་དང་། ཨ་བ་ཏ་རའི་འགྲེལ་པར། ཁམས་གསུམ་དུ་སྣ་ཚོགས་པར་རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །ཞེས་གསུངས་སོ། །སེམས་དཔའ་བཅུ་དྲུག་ཤོ་


CMR023_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀ་རྒྱུད་ལས་བྱུང་བ་ཚིག་ཅུང་ཟད་བསྒྱུར་བ་ཡིན་ལ། སྒེག་སོགས་བསྒོ་བའི་བསྟོད་པ་གཙུག་དགུའི་རྒྱུད་ནས་གསུངས་ལ། ཏ་ར་ཎའི་ཁྱམས་བར་ན་ཞེས་སོ། །མགྲོན་ཐབས་སོགས་ཀྱི་བསྟོད་པ་ནི་པཎྜི་ཏ་སྨི་ཏི་ཛྙཱ་ནས་མཛད་པའི་ཀུན་རིག་གི་ཆོ་ག་ནས་གསུངས་སོ། །དེ་དག་གི་དོན་ནི་གོ་སླའོ། །དེ་ནས་ཆ་གསུམ་ནི། སྦྱོང་རྒྱུད་ལས། དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་བྱ། །སེམས་ཅན་བཀྲེས་ཤིང་སྐོམ་པ་བཏུང་བ་དང་། །ཕྱོགས་ན་གནས་པ་རྣམས་ལ་རྣམ་པར་བརྟག །དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་དང་། །གཙུག་དགུའི་རྒྱུད་ལས་ཀྱང་། སྒྲུབ་མཆོད་ཚར་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱི་རོལ་གྱི་ལྷ་རྣམས་ལ་མཆོད་པ་དང་། གཏོར་མ་འབུལ་ལོ། །ཞེས་དང་། རྡོ་རྗེ་འབྱུང་བ་དང་ཁམས་གསུམ་རྣམ་རྒྱལ་དཀྱིལ་ཆོག་དང་པཎྜི་ཏ་ཡེ་ཤེས་རྡོ་རྗེ་དང་། ཤྭ་དྷ་ཀ་ར་སངས་རྒྱས་གསང་བ་རྣམས་ཀྱིས་ཆ་གསུམ་བཏང་ཚུལ་ཕྱག་ལེན་གཏན་ལ་ཕབ་བོ། །གཏོར་མའི་རྒྱུད་ནི། གཙུག་དགུའི་རྒྱུད་དང་། གསང་བ་སྤྱི་རྒྱུད་དུ། འབྲས་སྤོས་བཅས་ཤིང་ཏིལ་དང་བཅས་འབྲས་ཆེན་མེ་ཏོག་


CMR023_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་བཅས། སྲན་ཆེན་བཅས་ཤིང་མང་དུ་བྱ། སྣུམ་རྒུན་འབྲུམ་ཁུར་ལ་སོགས་བཟའ་བ་རྣམས་ཞེས་པ་ལྟར་ལས། ཕྱག་ལེན་ལྕོག་ཟླུམ་འདབ་མ་ཅན་ཏེ། །ཕྱོགས་སྐྱོང་ལ་འདབ་མ་བཅུ། འབྱུང་པོ་ལ་བརྒྱད། བགེགས་ལ་བཞི་བྱས་པ་ལ། ཆངས་བུ་སྟེ་མཐེའུ་ཆུང་གི་རྗེས་སྤངས་པ་དང་ཏིང་ལོ་མར་མེ་འབྲུ་རྣམས་བླུག །བགེགས་ལ་ལྷག་པར་ཆང་རྗེས་ཚང་སྤྲད་ཚང་བ་དང་། ཤ་དུམ་ཆང་ངམ་གླུམ་བླུགས་ལ། ལ་ཕུད་དམ་ཉུང་མ་དུམ་བུ་བཞག་པ་མཐོང་བ་བརྒྱུད་པའོ། །བཅོམ་ལྡན་རལ་གྲིས་ཀུན་རིག་ལ་འདས་གཏོར་། རྩ་རིག་ལ། ཨ་ཀཱ་རོ་བཏགས་པས་བསྔོས་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བར་བཤད་ན་ཡང་། གཞན་ཕན་འོད་ཟེར་དང་། རྣམ་རོལ་སྒོ་ཆེན་གཉིས་ཀར་མ་བཤད། །རྣལ་འབྱོར་རྒྱུད་ལ་འདས་གཏོར་མི་བྱེད་པར་འཐད་པར་བཞེད་དོ། །དེ་ཡང་ཆ་གསུམ་དཀྱིལ་འཁོར་ཁང་བའི་ཕྱི་རོལ་དུ་བྱ་ཞིང་མ་ལྕོགས་ན་དཀྱིལ་འཁོར་ལ་ཞལ་ཁེབ་བྱ་དགོས་ཏེ་ལྷ་ཡེ་ཤེས་པའི་གཟི་བརྗིད་ཀྱིས་འབྱུང་པོའི་གཏོར་མ་ཟ་མི་ནུས་ཞེས་ངག་རྒྱུན་ལས་ཐོས་ལ། ལེགས་སྒྲུབ་རྒྱུད་ལས། བསྙེན་པའི་དུས་ལ་བཟླས་པ་པོས། ཁང་བའི་ཕྱི་རོལ་འཁོར་ཡུག་


CMR023_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །ལྷ་རྣམས་ཀུན་ལ་འབྱུང་པོ་ཡི། །གཏོར་མ་གུས་པས་དབུལ་བར་བྱ། །ཞེས་གསུངས་སོ། །གཙུག་དགུའི་རྒྱུད་དང་རྡོ་རྗེ་འབྱུང་བ་ལས། སྒྲུབ་པའི་གྲོགས་ཡོད་ན་དལ་བུ་བཞག་སྟེ། རང་ཉིད་དལ་གྱིས་ཁང་པའི་ཕྱི་རོལ་དུ་ཕྱིན་ལ་གཏོར་མ་སྦྱིན་པར་བྱའོ། །ཞེས་གསུངས་སོ། །འདི་ཡི་གོ་བ་དཀྱིལ་འཁོར་གྱི་འཇིག་རྟེན་པའི་འཁོར་ཡུག་གི་ལྷ་དེ་དག་ནི་འཇིག་རྟེན་པ་དངོས་མིན་ཏེ་སྤྲུལ་པ་ཡིན་པས་ཡེ་ཤེས་པ་དང་མཉམ་དུ་ས་པ་རི་ཝཱ་རས་མཆོད་ནས། ཆ་གསུམ་ནི་ཕྱི་རོལ་འཇིག་རྟེན་ཁམས་འདིར་ཕྱོགས་སྐྱོང་དང་འབྱུང་པོ་བགེགས་ཆ་རྣམས་རང་རྒྱུད་པ་ཐ་མལ་པ་རྣམས་ལ་འབུལ་བ་ཡིན་ཞེས་ངག་རྒྱུན་ལས་ཐོས་སོ། །འོན་ཀྱང་འདིར་གོ་བ་མང་དུ་གདའ་བས་བརྟག་པར་བྱའོ། །རྣམ་སྣང་མངོན་བྱང་དང་འཆི་མེད་མཛོད་ཀྱི་རྗེས་སུ་འབྲངས་ནས་ཐམས་ཅད་ཀྱི་གཙོ་བོ་དབང་ཕྱུག་ཡིན་པ་ལ་དགོངས་ནས་ལོ་ཆེན་གྱི་དབང་ལྡན་ནས་མགོ་འཛིན་ཡང་། དེ་ནི་ཕྱོགས་བཅུ་སོ་སོར་གཏོར་མ་བཏང་བའི་དབང་ཡིན་པས། པཎྜིཏ་ཤ་དྷ་ཀ་རས་ཀུན་སྙིང་ལུགས་ཀྱིས་བརྒྱ་བྱིན་ནས་མགོ་བཟུང་བ་ཡིན་ནོ། །ཀུན་སྙིང་གིས་ཕྱོགས་སྐྱོང་སྤྱན་འདྲེན་མཆོད་ནས། འབྱུང་པོ་སྤྱན་འདྲེན་གཏོར་མ་


CMR023_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོས་ལ། སླར་ཤར་ཕྱོགས་རྡོ་རྗེ་ཅན་སོགས་མཛད། །བགེགས་གཏོར་མེད་ཀྱང་འབྱུང་གཏོར་ལ་ཚང་བ་དང་། ཡེ་ཤེས་རྡོ་རྗེ་ལས། འབྱུང་པོ་སྤྱན་འདྲེན་མཆོད་ཕྱོགས་སྐྱོང་སྤྱན་འདྲེན་གཏོར་མ་བསྔོས་ཏེ་མཆོད། །ཤར་ཕྱོགས་རྡོ་རྗེ་ཅན་སོགས་ཕྲིན་ལས་དང་། །འབྱུང་པོ་གང་དག་ལས་བགེགས་དང་འབྱུང་པོ་གཉིས་ལ་བསྔོས་ནས། རིགས་དྲུག་ལ་གཏོར་མ་སྦྱིན་པར་བྱེད་ཀྱང་། འདི་ཡི་གོ་རིམ་ནི་པཎྜི་ཏ་ཤ་དྷ་ཀ་ར་དང་ལོ་ཆེན་རིན་ཆེན་བཟང་པོའི་ཕྱག་ལེན་ནོ། །དེ་ལ་གཞན་གོ་སླ་སྟེ། ཐུགས་རྗེ་ཆེན་པོ་ནི་འགྲོ་བ་ལ་ཕན་པར་དགོངས་པ་སྟེ། དཔེར་ན་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་ཐབས་མཁས་པའི་སྒོ་ནས་ཐུགས་རྗེས་གང་ལ་གང་ཕན་སྒོ་སྐྱེལ་མཛད་པ་པོའི་ཞེས་པའི་དོན་ནོ། །དབང་པོ་རྡོ་རྗེ་འཆང་བའི་ལྷ་ཞེས་སོགས་ནི་རིག་པ་མཆོག་གི་རྒྱུད་ནས་གསུངས། ཤར་ཕྱོགས་རྡོ་རྗེ་ཅན་སོགས་ནི་དཔུང་བཟང་དང་གཙུག་དགུའི་གཞུང་ལས་གསུངས། ལས་ཀྱི་འབྲས་བུ་ནི་སོ་སོའི་ཕྲིན་ལས་ཏེ། དུས་ཀུན་དུ་སྲུང་བ་དང་ཕ་རོལ་གྱི་ཕྲུ་མ་གཞོམ་པ་དང་། དུས་དུས་སུ་ཆར་འབེབས་པ་ནི། བརྒྱ་བྱིན་གྱི་ཁྱད་པར་ཕྲིན་ལས་ཡིན་ལ། འབྲུ་དང་མེ་ཏོག་སྨིན་པ་


CMR023_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྷ། གཤིན་རྗེས་དུས་མིན་འཆི་བ་ཟློག་ཅིང་ཚེ་བསྲིང་། སྲིན་པོའི་ནད་གདོན་སོགས་འཇིགས་པ་སྐྱོབ། ཝ་རུ་ཎས་ཀླུའི་གནོད་པ་དུག་དང་སད་སེར་ཐོག་གི་གནོད་པ་བསྲུང་ངོ་། །རླུང་ལྷས་དུས་མིན་འཆི་བ་བཟློག་ཅིང་འབྲས་བུ་འཕེལ། ཀུ་བེ་རས་འབྲུ་ནོར་འཕེལ་ཞིང་མི་ཕྱུགས་སྲུང་། དབང་ཕྱུག་གིས་འདོད་པ་ཐམས་ཅད་བསྒྲུབ་ཅིང་གནོད་པ་ཐམས་ཅད་ཟློག །ཡུལ་འཁོར་སྐྱོང་ཞིང་འཇིགས་པ་ཐམས་ཅད་ནི་གཟའ་དང་རྒྱུ་སྐར་རྣམས་ཀྱིས་བཟློག་ལ། ཡུལ་ཁམས་བདེ་བ་དང་ལོ་ལེགས་པ་ས་བདག་གི་ཕྲིན་ལས་སོ། །སྔགས་དོན་ནི། ཨིནྡ་དབང་པོ་སོགས་གོ་སླའོ། །བླ་མ་ཧཱ་ཚངས་པ། སུརླ་ཉི་མ། ཙནྡ་ཟླ་བ། པྲ་ཐི་ཝི་བྷུ་ས་ཡི་ལྷ་མོ། ནཱ་ག་བྱཱ་སྭཱ་ཧཱ། ཀླུ་རྣམས་ལེགས་སྦྱིན། ན་མཿསརྦ་སོགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྒོ་སྣ་ཚོགས་ནས་ཕྱག་འཚལ་བ་རྣམ་པ་ཐམས་ཅད་གཅིག་ཏུ་ནམ་མཁར་འཕགས་ཤིང་ཁྱབ་པ་འདི་ནམ་མཁའི་དབྱིངས་སུ་གཏོར་མ་ལ་སོགས་འདི་ཉུང་བ་ཅེས་སོ། །ལྷ་དང་ལྷ་མིན་སོགས་ཚིགས་བཅད་འདི་ནི་གཙུག་དགུའི་རྒྱུད་དང་དཔུང་བཟང་གཉིས་ཀ་ལས་འབྱུང་ལ། འདི་དག་ནི་ཕྱིའི་ལྷ་སྲིན་སྡེ་བརྒྱད་དོ། །ལྟོ་འཕྱེ་ནི་ཀླུ་ས་བདག་


CMR023_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་དང་། ལུས་སྲུལ་པོ་ནི་ལུས་དྲི་ངན་ཤིང་། རེ་ལྡེ་གྱོན་པ་ཡི་དྭགས་ཀྱི་བྱེ་བྲག་སྟེ་གཞན་གོ་སླ། ཉི་ཟླའི་ཁྱིམ་ནི་ཁྱིམ་བཅུ་གཉིས་པ། ཤིང་རྟའི་འཁོར་ལོ་བཞི་དང་ལྡན་པས་བསྒྲོད་པ་ལམ་པོ་ཆེའོ། །སྔགས་དོན་ནི། ཨོཾ་དེ་ཝ་སོགས་ནི་ལྷ་ཀླུ་གནོད་སྦྱིན་སྲིན་པོ་དྲི་ཟ་ལྷ་མ་ཡིན་ནམ་མཁའ་ལྡིང་མིའམ་ཅི་ལྟོ་འཕྱེ་ཆེན་པོ། །མ་ནུ་ཁེ་མི། ཨ་མ་ནུ་ཥེ་མི་མ་ཡིན། ཨེ་ཧྱ་ཧི་ཚུར་བྱོན་ཚུར་བྱོན་པདྨ་སོགས་ནི་པདྨ་ལ་ཁྱོད་འདུག །ཅེས་དང་། གྷིཥྛ་འདི་ཟུང་། སརྦ་བིགྷཱན་བགེགས་ཐམས་ཅད་དོ། །གཞན་ནི་གོ་བར་ཟད་དོ། །ཌཀྐི་ཧཱུཾ་ཛཙནི་ཁྲོ་བོ་འདོད་པའི་རྒྱལ་པོའི་སྔགས་ཏེ་ཐམས་ཅད་འགུགས་པའི་མཆོག་གོ །ཡེ་ཤེས་རྡོ་རྗེ་ལས། སྲིན་པོ་རྣམས་ལ་གུང་ཀ་རི། ཤ་ཟ་རྣམས་ལ་པི་ཙི་པི་ཙི། འབྱུང་པོ་ལ་གུང་གུང་། ཐམས་ཅད་ན་མསརྦ་སོགས་ཀྱིས་བསྔོ་བར་གསུངས་སོ། །གང་ཞིག་ལ་འདི་ནི་རྣམ་སྣང་མངོན་བྱང་དང་གསང་བ་སྤྱི་རྒྱུད་ལས་འབྱུང་སྟེ། སེམས་ཅན་རྣམ་པ་སྣ་ཚོགས་པ་ནི་རིགས་མ་ངེས་གཟུགས་མ་ངེས་པ་སྣ་ཚོགས་གྲྭ་ལྔ་ལས་གསུངས་པ་རྣམས་སོ། །ཡིད་མ་ངེས་པ་ནི་མི་དྲན་དགུ་དྲན་པ་འདྲེ་ཡི་རིགས་ཐམས་ཅད་དོ། །ལྗོན་ཤིང་གེལ་པ་ནི་


CMR023_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཅིག་དང་དོན་གཅིག་གོ །སྤྱི་རྒྱུད་ལས། དེ་ལྟར་ཕྱོགས་ཀྱི་གཏོར་མ་དང་། །བྱིན་ནས་ལེགས་པར་ཁ་ལག་བཀྲུས། །ཉེ་རེག་བྱས་ནས་ཕྱི་རོལ་དུ། །མཁས་པ་ཡི་ནི་བདུག་སྤོས་སྦྱིན། །ཅེས་དང་། དཔུང་བཟང་ལས། ཆུ་ཡིས་རྐང་པ་ལག་པ་བཀྲུས་ནས་སུ། །པུས་མོ་ཕྱི་རོལ་དུ་ནི་བསྟན་བྱས་ཏེ། །བར་དུ་ལག་བཞག་ཙོག་པུར་འདུག་ནས་སུ། །སྒྲ་མེད་ལྦུ་བ་མེད་པས་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུང་ནས་སུ། །མཆུ་ལ་ལན་གཉིས་ཡང་ཡང་ཕྱི་བར་བྱ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་སོགས་ནས་ཀྱང་རྒྱ་ཆེར་གསུངས་ཏེ། གོ་དོན་ཕྱི་རོལ་ཏུ་འབྱུང་པོ་དང་སྨྲས་པའི་མ་དག་པ་དེ་བསངས་ཤིང་བཀྲུ་བའོ། །དཔེ་ལ་ཆ་གསུམ་པས་སྔོན་དུ་བདག་འཇུག་ཡོད་ཀྱང་ཕྱག་ལེན་ལ་ཆ་གསུམ་པས་རྒྱབ་ཏུ་བདག་འཇུག་བྱེད་མཁན་མང་སྟེ། རྡོ་རྗེ་འཛིན་མའི་སྔགས་རྒྱ་འདི་ནི་སྦྱོང་རྒྱུད་ཚེ་དཔག་མེད་ཀྱི་སྐབས་དང་གཙུག་དགུའི་རྒྱུད་ལས་བྱུང་སྟེ། །སྔགས་དོན་ནི་རིགས་ལྔའི་དམ་ཚིག་གི་རིམ་པ་ལས་མི་འདའ་བས་དེ་བཞིན་གཤེགས་པའི་དམ་ཚིག་འཛིན་པའི་བདག་ཉིད་ཅེས་སོ། །རྒྱུད་ལས། ཤི་བའི་རོའམ་གཟུགས་བརྙན་ནམ་


CMR023_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ལ་སོགས་པ་བྲིས་ཏེ་བཟླས་པ་དང་སྦྱིན་སྲེག་དབང་བསྐུར་བ་རྣམས་ཀྱིས་ངན་སོང་ཐམས་ཅད་ལས་གྲོལ་བར་བྱེད་དོ། །ཞེས་པའི་ལྷོ་སྒོ་ནི། སྤྱིར་ཐེག་པ་ཆུང་ངུའི་ལུགས། རང་གིས་བྱས་པའི་ལས་ཆུད་མི་ཟ། མིས་བྱས་པའི་ལས་དང་མི་འཕྲད། གཞན་གྱིས་བྱས་པ་བདག་ལ་མི་སྨིན་པར་འདོད་ཀྱང་། ཐེག་པ་ཆེན་པོའི་ལུགས་ལ། དེ་བཞིན་གཤེགས་པའི་སྦྱིན་སྟོབས། །ཆོས་ཀྱི་དབྱིངས་ཀྱི་བདེན་སྟོབས། བྱང་ཆུབ་སེམས་ཀྱི་བསམ་སྟོབས། རྟེན་འབྲེལ་ཟབ་མོའི་ཐབས་སྟོབས་ཀྱིས་ཚེ་འདས་རྗེས་སུ་དགེ་བ་བྱས་ཤིང་བསྔོས་པས་ཐོབ་སྟེ། ཚེ་འཕོ་ཇི་ལྟར་འགྱུར་བ་ཞུས་མདོ་ལས། ཚེ་འཕོས་པའི་ལས་གང་སྤྱད་པའི་རྣམ་པར་སྨིན་པ་ལས། འགྲོ་བ་རིགས་དྲུག་ཐ་དད་པ་གང་དུ་སྐྱེ་བ་དེ་ལ། །མི་དགེ་བ་དང་མ་འབྲེལ་བའི་བསོད་ནམས་སུ་གྱུར་པའི་དགེ་བ་སྣ་ཚོགས་པ་བཏང་ན་མཐོ་རིས་དང་ཐར་པར་ཡང་སྐྱེ་ལ། སྐྱེ་བ་བླངས་པ་ཞིག་ལ་བསོད་ནམས་སུ་གྱུར་པའི་ལས་དགེ་བ་དག་གིས་བཏང་ན་སྐྱེ་བ་བླངས་པ་དེས་རྙེད་པ་དང་ལོ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་གྱིས་མཆོད་ཅིང་བཀུར་བར་འགྱུར་བའི་ཕན་ཡོན་ཡོད་


CMR023_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེས་ན་རྗེ་མི་ལས། མདང་སུམ་ནོར་བུ་ཤོར་བ་ལ། །རྐུན་མའི་རྗེས་སུ་རྡོ་འཕངས་འདྲ། །གསུངས་པ་ནི་ཆོ་ག་སོགས་ཐབས་ཟབ་མོས་མ་ཟིན་པའི་བསྔོ་བས་རྒྱས་ཐེབས་ན་ཐོབ་ངེས་ཞེས་གསུངས་པ་ཡིན། ཆོ་ག་བདུན་ཚིགས་ནི་མི་ལས་བོན་པོ་གྲངས་རབ་རྒྱས་པར་འབྱུང་བས་ཆོ་ག་བགགས་པ་ཡིན་ནོ། །དེས་ན་རྨོངས་པ་ཁ་ཅིག་གིས་རོ་ལ་དབང་བསྐུར་བ་ལ་འཕྱ་བ་སོགས་ནི་མདོ་རྒྱུད་འདི་དག་སྤངས་པའི་ཆོས་སྤང་གི་ཉེས་པས་དམྱལ་བར་ལྟུང་བར་འགྱུར་བས་སྤང་བར་བྱའོ། །དེ་ལ་གཤིན་པོ་རྗེས་འཛིན་ལ་སྡིག་སྦྱང་གི་སྒོ་དྲུག་སྟེ། བཟླས་པ། ཕྱིར་ལྡོག །དབང་། སྦྱིན་སྲེག །ཕུང་པོ་སྲེག་པ། སཱཙྪ་འདེབས་པའི་སྒོ་ནས་སྡིག་པ་སྦྱངས་བའོ། ཁ་ཅིག་བྲབ་སྔགས་དེ་ཁོ་ན་བཟླས་པ་ལ་བསྟན་ནས་སྡིག་པ་སྦྱོངས་བ་ཡིན་ཟེར་ཡང་། རྗེ་བརྒྱད་པས་བདག་མདུན་བཟླས་པ་བྲབ་སྔགས་ཐམས་ཅད་ཡིན་པར་བཞེད། ཕྱིར་ལྡོག་ལ་ཡང་རྟེན་བསྐྱེད་པ། རྣམ་ཤེས་འགུགས་པ། བགེགས་སྦྱངས་བ། །སྡིག་པ་སྦྱངས་བ། སྔགས་ཀྱི་སྡིག་པ་སྦྱངས་བ། ཁྲུས་སྐྱབས་སུ་འགྲོ་བ། ལམ་སྟོན་པ་རྣམས་སུ་ཡོད་པ་ལས། རྟེན་ཡོངས་རྫོགས་རོ་ལ་བརྟེན་ནས་སྦྱངས་ཏེ། རྒྱུད་ལས། རོ་


CMR023_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་གིས་ནི་བཀྲུས་ནས་སུ། །ཞེས་གསུངས་ཤིང་། རྟེན་གྱི་ཆ་ཤས་རུས་པ་དང་རྟེན་གྱི་མཚན་མ་གོས་ལ་བརྟེན་པར་གསུངས་པ་ལ། དེ་མེད་ན་མཚན་བཟང་ལ་དེའི་གཟུགས་ནི་བྲིས་པའམ། གུར་གུམ་གྱིས་ནི་མིང་ཡང་རུང་། ཞེས་གསུངས་སོ། །སྨྱུག་རྒོད་གཙང་མ་ལ་བཏགས་པས་བླ་འཁོར་སླ་བ་དང་། གདུགས་དང་དར་དཔྱངས་དངོས་སུའམ་གཟུགས་བྲིས་པས་སྐྱབས་དང་འཁྲི་ས་ལྟ་བུར་མཐོང་ནས་རྣམ་ཤེས་འཁོར་སླ་བ་ཡིན་ནོ། །དེ་ཡང་དྲི་གོས་གཟུགས་བརྙན་ལུས་ཀྱི་རྟེན་དང་། མིང་བྱང་ངག །མེ་ལོང་ས་བོན་སེམས་ཀྱི་རྟེན། གསོན་པོ་ལ་དབང་སྟེགས་ཀྱི་དོད་དུ། གཤིན་པོ་ལ་སྦྱངས་སྟེགས། འབྱུང་བ་ལྔས་བྱུག་པའི་སྟེགས་བུ་དཀར་པོ་འདབ་བརྒྱད་ཀྱི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་བྲིས་པའི་ལྟེ་བར་གཟུག་གོ། །མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་དང་ནི་ཡིག་གང་རུང་ལ་བསྐྱེད་ལ། འགུགས་པ་ནི་རྒྱུད་ལས། དེ་ནས་འོད་ཟེར་གྱི་སྣང་བ་ཡིས། སེམས་ཅན་ཐམས་ཅད་ངན་སོང་སོགས་ལས་སྔགས་ཀྱི་འོད་ཀྱིས་བཀུག་ནས་ནི། ཞེས་གསུངས་པས། རང་ཉིད་ལྷ་ཡི་ང་རྒྱལ་གསལ་བས་བྱམས་པ་ཚད་


CMR023_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསྒོམས་ནས་བྱམས་པའི་ངོ་བོ་ལྷ་མོ་ལྕགས་ཀྱུ་མ་འཕྲོ་བའམ། བྱམས་པའི་ངོ་བོ་འོད་ཟེར་ལྕགས་ཀྱུ་དཔག་མེད་འཕྲོས་པས། རྣམ་ཤེས་དེ་ཁམས་གསུམ་སྲིད་པ་བར་མ་དོར་གང་དུ་ཡོད་ཀྱང་རང་དབང་མེད་པར་བཀུག་པར་བསྒོམ་སྟེ། དེ་ཡང་གཤིན་པོ་དེ་འཆི་བདག་གཤིན་རྗེའི་དབང་དུ་སོང་བས། གཤིན་རྗེ་ལྷོ་ཕྱོགས་སུ་ཡོད་པས་དཀྱིལ་འཁོར་གྱི་ལྷོའི་སྒོ་དེར་བཀུག་ནས་སྡིག་པ་སྦྱང་བའི་ཕྱིར་ལྷོ་སྒོའི་ཆོ་ག་ཞེས་བྱའོ། ཁ་ཅིག་གིས་བགེགས་སྦྱངས་རྗེས་རྟེན་བསྐྱེད་པ་དང་། བོ་དོང་པས། ཁམས་གསུམ་རྣམ་རྒྱལ་གྱི་སྔགས་རྒྱས་སྡིག་པ་བཀུག་ནས་རྟེན་ལ་བསྟིམ་པར་བསྐྱེད་ཀྱང་དེ་ནས་མི་དགོས་ཏེ་སྡིག་པ་དེའི་རྒྱུད་ལ་འབྲེལ་བ་མེད་པའི་ཕྱིར་རོ། །བགེགས་དེ་ཡང་དེ་ཡི་རྗེས་སུ་འབྲང་བ་ཡིན་པས་ལོགས་སུ་བཀུག་གཞུག་མི་དགོས་སོ། །རྟེན་ལ་དང་པོ་ནས་གནས་ཡིག་བརྟག་པར་ནི་བཤད་དོ། །རྣམ་ཤེས་དེ་ཡང་ཨ་ཐུང་གི་གཟུགས་སུ་བཀུག་ནས་རྟེན་ཞུགས་པར་བསམ་པ་འདི་ཡི་ལུགས་ཡིན་ལ། གཞན་སྤྱི་ལ་ཚེ་འདས་དེའི་སྙིང་ཁ་ནས་འོད་ཟེར་གྱིས་བཟུང་ནས་མདུན་དུ་དངོས་སུ་འོང་བར་བསྒོམ་པ་ཡང་བཤད་ལ་དེ་ལ་སེམས་ཉམས་སམ་མཐོང་ཉམས་སུ་ཁུག་པའི་མཚན་མ་འབྱུང་བར་


CMR023_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མའི་གཞུང་དང་ཡང་དགོན་ནས་ཀྱང་གསུངས་སོ། །དེ་ཡང་བྱམས་པ་ཆེན་པོའི་ཏིང་འཛིན་གྱིས་བཀུག་ནས་ཚེ་འདས་དེ་དགའ་ཞིང་མྱུར་དུ་འོངས་ལ། ཉོན་མོངས་པའི་སེམས་ཀྱིས་བཀུག་ཀྱང་མི་ཁུག་པར་བཤད་དོ། །རྩ་རྒྱུད་དུ་ངན་སོང་ན་གནས་པ་ཐམས་ཅད་རི་རབ་ཀྱི་ཁ་ཡི་ཕྱི་རོལ་དུ་བཀུག་ནས་སྡིག་པ་སྦྱོང་བའི་ལོ་རྒྱུས་རྒྱ་ཆེར་གསུངས་པ་ལྟར། འདིར་ཡང་ལྟུང་བ་སློང་བའི་སྔགས་རྒྱས་ཚེ་འདས་ངན་སོང་ལྟུང་བ་ལས་བསླངས་ནས། དཀྱིལ་འཁོར་ལྷོ་སྒོའི་འགྲམ་དུ་བཀོད་པའོ། །རྡོ་རྗེ་བསྡམས་པ་དང་ནི་དམ་བཅས་ཏེ། གུང་མོ་གཉིས་ནི་ངོས་སྦྱར་ནས། །མཐའ་མ་བཞི་ཡི་རྩེ་སྤྱད་པ། །སྐད་ཅིག་དུ་ནི་སྡིག་བྲལ་ལོ། །ཞེས་དང་། སྦྱོང་རྒྱུད་ལས། སྔགས་དང་ཕྱག་རྒྱས་བྲལ་བར་བྱས། །ཅེས་གསུངས་པ་ལྟར། སྔགས་རྒྱ་བྱ་སྟེ། ཨོཾ་སརྦ་བིད་ཏྲཊ་ཞེས་པ་ནི་ཀུན་རིག་མི་དགེ་བ་གྲོལ་ཅིག་ཅེས་དོན་འགྱུར་དང་། གོང་གི་སྔགས་ནི་ཀུན་རིག་སྡིག་པ་ཐམས་ཅད་རྣམ་པར་སྦྱངས་ཤིག་གོ །འདིར་སློབ་དཔོན་པདྨའི་མན་ངག་ཚེ་འདས་དེ་མེ་ཆུ་གྲི་ཐབས་སུ་ཤི་བའམ་ལྕེབས་པ་ཡིན་ན། དེའི་བག་ཆགས་ངན་པས་འཁྲུལ་ཚབ་ཆེ་བས། དེའི་གྲིབ་གྲོལ་བ་ནི་ཚེ་


CMR023_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེའི་ལུས་ཡི་གེ་ནི་སྔོ་སྐྱའི་དྲྭ་བས་འབྲེལ་པ་ཀེང་རུས་ཀྱི་ལུས་ལྟ་བུའི་སྙིང་ཁར་རྣམ་ཤེས་ཨ་དཀར་པོ། རང་གི་ཐུགས་ཀ་ནས་ཧཱུྃ་དཀར་པོའི་འོད་ཟེར་འཕྲོས་པས་ཧཱུཾ་དེས་ནི་ཡིག་དྲུ་བ་དེ་བཤིགས་པས་སྔ་མའི་ལུས་ཀྱིས་བག་ཆགས་ངན་པ་དང་བྲལ། ཐུགས་ཀ་ནས་ཕཊ་དམར་སེར་མང་དུ་འཕྲོས་པས་ཁོ་ཡི་བག་ཆགས་ཀྱི་ལྷག་མ་ཀྵ་ཡིག་གི་རྣམ་པར་ཡོད་པ་ཐམས་ཅད་གཏོར་ནས་སྔ་མའི་ལུས་ཀྱི་བག་ཆགས་འཇིགས་སྐྲག་གི་སྣང་བ་དེ་སངས་ཀྱིས་ཡལ་བར་བསྒོམས་ལ། ཨ་ནི་ཀ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྗོད་ཅིང་ཏིལ་ལམ་ཡུངས་དཀར་བྲབ་པ་དང་ཟློབཀོར་ཞིང་མེ་ཆུ་དོར་ལ། ཧཱུཾ་དང་ཕཊ་ཀྱིས་ཚྭ་དང་ཀླུ་སྦྱངས་རྣམ་ཤེས་ཨ་ཡིག་དངུལ་ཆུ་ལྟ་བུར་གྱུར་པར་བསམ་མོ། །ཚེ་འཕོ་བ་ཇི་ལྟར་འགྱུར་བའི་མདོ་ལས། འཇིག་རྟེན་པ་དག་གིས་མཐོང་བ་དང་། ཕ་མ་ལ་སོགས་རྨི་ལམ་དུ་རྨིས་ཏེ། ཚེ་འཕོས་པ་ལ་བསྔོས་པས་གཤིན་པོ་དེ་བཟའ་བཏུང་གིས་མགུའོ། །བཞོན་པ་ཞོན། གོས་གྱོན། རྒྱུན་ཐོག་སོ། ཞེས་སྨྲ་བ་དང། དེ་ལྟར་སྣང་བ་དང་། བཟའ་བཏུང་གིས་མ་མགུའོ། །བཞོན་པ་མེད་དོ། །གོས་མི་གྱོན། རྒྱུན་མི་ཐོགས། ཞེས་སྨྲ་ཞིང་། དེ་ལྟར་སྨྲ་བ་དག །དྲི་ཟ་འཆི་ཀ་


CMR023_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སེམས་ལ་ཉེ་བར་འཇུག་པ་དང་། མི་མ་ཡིན་པ་དག་གིས་དེ་ལྟར་སྣང་བར་བྱེད་པ་ཡོད་དོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་ཚེ་འཕོས་ཁ་ནས་ཕ་མ་དང་སྤྱན་ནམ་བུ་ལ་སོགས་པ་ལ་གཏམ་བྱས་པ་དང་ཚིག་གང་སྨྲས་པ་དང་། གཟུགས་བྱད་ཅི་འདྲ་བ་དག་ཚེ་འཕོས་ནས་ཕྱིས་ཕ་མ་སྤུན་ཟླའམ་བུ་ལ་སོགས་པ་ལ། དེ་སྔོན་ཚེ་མ་འཕོས་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དག་གཟུགས་དང་བྱ་བྱེད་སྟོན་ཏེ། དེ་ལྟ་བུའི་དན་རྟགས་འཇིག་རྟེན་པ་གང་དག་སྨྲ་བ་ནི་དྲི་ཟ་ཁྱབ་བྱེད་བྱ་བས་བྱེད་དེ། དཔེར་ན་ཀླུང་ཆེན་པོའི་ཐང་དང་ཀླུང་ཡང་འདི་མ་མཛད་དག་ཅིག་པར་རླུང་བཞིན་དུ། ཤི་འཕོས་པ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་དྲི་ཟ་པི་ཤ་ཙ་ན་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། །འབྱུང་པོ་ས་ར་ཧ་ཏི་ཀུན་ཏུ་རྒྱུ་རྟོགས་འདོད་ཅེས་བྱ་བ་དག་མི་གང་གིས་དགེ་བ་བསྒྲུབ་པ་མི་མ་ཡིན་པ་དེ་དག་གིས་ཤི་བ་དེ་སྔོན་གཏམ་བྱས་པ་དང་། ཆ་ལུགས་ཀྱི་དན་རྟགས་འཇིག་རྟེན་པ་དག་བསླ་ཕྱིར་སྟོན་ཞིང་སྨྲ་བ་ཡིན། ཅེས་གསུངས་སོ། །རྒྱ་ནག་ལུགས་ཀྱི་རྩིས་གཞུང་འཇམ་དབྱངས་ཀྱིས་གསུངས་པ་ལ་ཡང་། ཚེ་འདས་ཀྱི་རྣམ་ཤེས་ནི་ལས་དགེ་སྡིག་གི་རྗེས་སུ་


CMR023_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འབྲངས་ལ། བླ་ནི་ཚེ་འདས་དེ་ཡི་ཆ་ལུགས་བཟུང་ནས་རུས་པ་དེར་གནས་ལ། བླ་དེ་དགའ་ཞིང་བདེ་ན་གསོན་པོ་ལ་མགོན་བྱེད་དེ། མ་བདེ་ཞིང་སྡུག་བསྔལ་ན་གསོན་པོ་ལ་སྐྱབས་འཚོལ། དེ་ལ་སྐྱབས་མ་ཐུབ་པས་ན་ཚ་འོངས་པ་ལ། ཚེ་འདས་དེའི་ལྷན་ཅིག་སྐྱེས་པའི་འདྲེ་དེས་ཀྱང་གཤིན་པོའི་གཟུགས་བཟུང་ནས་གནོད་པ་བྱེད་པར་གསུངས་སོ། །མི་འཁྲུགས་པའི་སྦྱིན་སྲེག་གི་མན་ངག་ལ་ཡང་། ཚེ་འདས་དེའི་སྲོག་ཟ་འདྲེ་དེས་ཚེ་འདས་སུ་རྫུས་ནས། ཚེ་འདས་འདྲེ་ལ་སྐྱེས་སོ་ཞེས་མི་ལ་འབབ་པ་སོགས་འོང་བར་བཤད་པ་དང་། གསང་སྔགས་རྙིང་མའི་ལུགས་ལ་ཡང་། བླ་ནི་གཤེད་མ་བདུད་ཀྱིས་ཁྱེར། །ཞེས་པས་བླ་ནི་ལྷ་འདྲེ་དང་བགེགས་ཀྱིས་བཟུང་བས། དེ་མ་བསླུས་ན་ཤི་གསོན་གཉིས་ཀར་གནོད་པར་བཤད་པ་དང་། དེ་དང་མཚུངས་པར་བླ་མ་དག་གི་གསུང་རྒྱུན་ལ། ཚེ་འདིས་གཤེད་དང་མ་ཕྲལ་ན་དགེ་བ་རྗེས་ནས་བྱས་པ་དེ་ཚེ་འདས་ཀྱིས་མི་ཐོབ་པར་བྱེད་པ་དང་། ཚེ་འདས་ཐོར་པ་ཐོབ་པ་ལ་བགེགས་ཀྱིས་བར་ཆད་བྱེད་པ་དང་ལམ་ངན་པར་ཁྲིད་པ་བར་དོ་ཐོས་གྲོལ་སོགས་བར་དོའི་བཤད་པ་དུ་མ་ལས་འབྱུང་བའི་ཕྱིར་བགེགས་དེ་སྦྱངས་དགོས་ལ། གདོན་ཐམས་


CMR023_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མདོར་བསྡུས་ན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ་དུ་འདུས་པས། ཀླུ་གདོན་ཞི་བ་དང་། མོ་གདོན་ཞི་དྲག་ཕྱེད་མ་དང་། ཕོ་གདོན་དྲག་པོས་སྦྱངས་པའོ། །ཞི་བས་ལན་ཆགས་འཇལ། དེ་མི་ལེན་པ་སྔགས་ཀྱིས་ཅུང་ཟད་བསྡིག་པར་བྱེད་པ་ཞི་དྲག་ཕྱེད་མ་དང་། དེས་མ་ཐུབ་པ་དྲག་པོས་བསླད་དེ་ཚར་བཅད་དེ། བསམ་སྦྱོར་གདུག་རྩུབ་ནུས་མཐུ་དང་བྲལ་ནས་ལེགས་པར་བཏུལ་ནས་ཕྱིན་ཆད་བ་སྤུ་ཙམ་ལ་ཡང་གནོད་མི་ནུས་ཤིང་། ཚེ་འདས་དེ་མཐུ་སྟོབས་རྫུ་འཕྲུལ་ཕུན་སུམ་ཚོགས་པར་བསམ་མོ། །འདི་ནི་གཤིན་པོ་གནས་བདེ་ཞིང་། གསོན་པོ་ཤི་ཁ་ཆད་ཅིང་བཀྲ་ཤིས་པའི་ཐབས་ཟབ་མོ་ཡིན་གསུངས་ཏེ། རང་ཡི་དམ་དུ་གསལ་བས་གདོན་དེ་ལ་ཤེས་པ་གཏད་དེ་སེམས་དང་དཀྲུག་གིས་བསྲེས་ནས་བཞག་པ་ཤེས་པས་ཤེས་པ་རྩུབ་རི་བྱུང་ན་མ་བྲལ་བའི་རྟགས་དང་། ཤེས་པ་བདེ་སེང་ངེ་འགྲོ་ཞིང་བྱམས་པའི་ཏིང་ངེ་འཛིན་ལ་བཞག་ན་བྱམས་པ་སྟོབས་ཆེན་པོས་སྐྱབས་ན་གཤེད་དང་བྲལ་བ་ཡིན་པར་བཀའ་བརྒྱུད་རྣམས་ཀྱིས་གསུངས་སོ། །རྒྱུད་ལས། དེ་ནས་དེ་ལ་སྔགས་འདི་ནི། །དེ་དང་དེ་ལས་ཆུ་ལ་གཏད། །ཅེས་དང་། སྦྱོང་རྒྱུད་


CMR023_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ཡི་ལུས་ཅན་སྡིག་སོགས་དང་། །བགེགས་རྣམས་གཞོམ་པར་བྱ་བའི་ཕྱིར། །ཞེས་གསུངས་པས། སྡིག་པ་ཆེན་པོ་བསྲེགས་ཤིང་ཆུས་སྦྱངས་བ་ཁོ་ན་རྒྱུད་ཀྱི་དངོས་བསྟན་ཡིན་པས་འཐུས་ལ། མེ་རྡོ་རྗེ་མཁའ་འགྲོ་བསྐྱེད་པ་བླ་མེད་རྒྱུད་ཀྱི་ལུགས་ཏེ་མི་རུང་བ་མེད་ཀྱང་། རྒྱུད་དོན་རང་གི་དེ་ལ་མ་ཚང་བའི་སྐྱོན་མེད་གསུངས་སོ། །གཙུག་དགུའི་གཞུང་ལས། དེ་ལས་ཕྱིར་ལྡོག་བྱ་བ་ནི། །ཉུངས་དཀར་མེ་ཏོག་དང་ལྡན་པའི། །གསང་སྔགས་བཟླས་ཤིང་བརྡེག་པར་བྱ། །ཞེས་དང་། སྦྱོང་རྒྱུད་ལས། བྲབ་སྔགས་བཅོ་ལྔ་གསུངས་ནས། ཐལ་བ་ཡུངས་ཀར་ཕྱེ་མ་སོགས། །རང་གི་མིང་སྨོས་སྔགས་ཀྱིས་གདབ། །བཟླས་པ་བྱས་ཏེ་སོང་ནས་ཀྱང་། །རྒྱ་མཚོར་འབབ་པའི་ཆུ་བོར་དོར། །ཞེས་པ་ལྟར་བྱ་སྟེ། ལྷ་རྣམས་ཀྱི་འོད་ཟེར་བྱེ་མའམ་ཡུངས་ཀར་ལ་ཕོག་པས་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་ཏེ། དེས་བྲབས་པས་ཡེ་ཤེས་ལྔ་ཡི་འོད་ཟེར་དེས་ལས་སྒྲིབ་ཐམས་ཅད་བྱ་སྒོ་མེས་བསྲེགས་པ་ལྟར་སོང་ནས་དུང་གི་རྡུལ་ཕྱེས་པ་ལྟར་སངས་ཀྱིས་དག་པར་བསམ་ཞིང་། ཁྱད་པར་མན་ངག་གི་དམིགས་པ་ནི། ཚེ་འདས་དེའི་སྤྱི་མགྲིན་སྙིང་ལྟེ་བཤང་གཅིའི་བར་རྐང་


CMR023_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་རྣམས་སུ་ཟླ་བའི་གདན་ལ་རིགས་དྲུག་གི་ས་བོན། ཨ་སུ་ཎི་པྲ་ཏྲི་དུརྣམས་དཀར་སེར་སྔོ་དམར་ལྗང་ནག་ཕོ་མོའི་རྟེན་འབྲེལ་ཡི་གེ་གཉིས་རེ་བསྒོམས་ལ། དེ་དག་གི་གཡས་གཡོན་དུ་སྤྱི་བོར་ཏཱཾ་སེར་པོ་གཉིས། མགྲིན་པར་ཨ་ལྗང་གཉིས། སྙིང་ཁར་ཏཱཾ་སེར་པོ། ལྟེ་བར་ཧཱིདམར་པོ། བཤང་གཅིའི་བར་དུ་ཨོཾ་དཀར་པོ། རྐང་མཐིལ་དུ་ཧཱུྃ་མཐིང་ནག་གཉིས་རེ་དེ་དག་གི་མཐར་རྩ་རིག་འཁོར་བ། རིགས་དྲུག་ཏུ་སྐྱེ་བའི་ལས་སྒྲིབ་དང་བག་ཆགས་ཐམས་ཅད་ཡིག་འབྲུའི་རྣམ་པར་སྣང་བ་དེ་དག་སྦྱར་བར་བསམ་ཞིང་སྔགས་ཀྱི་བྱེ་མས་བྲབ་ནས། རིགས་དྲུག་སྡུག་བསྔལ་དང་ལས་སྒྲིབ་བྱང་ནས་ཡིག་འབྲུ་ཞུ་བ་ཕྱག་མཚན་དུ་གྱུར་པ་ལས། འོད་འཕྲོས་རིགས་དྲུག་ཏུ་སྐྱེ་བའི་ཡིད་བག་ཆགས་དང་ཡིད་ཀྱི་སྡུག་བསྔལ་སྦྱངས་ནས། ལྷ་དང་མི་སྦྱངས་ན་རྒྱལ་མཆོག་རིན་ཆེན། དམྱལ་བ་སྦྱངས་ན་སྦྱོང་རྒྱལ། ཡི་དྭགས་སྦྱངས་ན་ཤཱཀྱ་རི་དབང་། དུད་འགྲོ་སྦྱངས་ན་ཀུན་རིག །ལྷ་མ་ཡིན་མེ་ཏོག་ཆེར་རྒྱས། བྱས་ཏེ་གནས་སོ་སོར་དེ་དག་སྐུར་གྱུར་ཅིང་། གཞིའི་ལུས་རྡོར་སེམས་སུ་གྱུར་ནས་ཕུང་ཁམས་ལྷའི་ངོ་བོར་གྱུར་པར་བསྒོམ། ཡང་ན་རིགས་དྲུག་གི་ས་བོན་གོང་ལྟར་


CMR023_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་རྩ་རིག་གིས་བསྐོར་བ་ལ་ཐམས་ཅད་ཀུན་རིག་ཏུ་གྱུར་པར་བསྒོམས་པས་འཐུས་སོ། །བསྡུ་ན་འོད་ཟེར་གྱིས་སྒྲིབ་པ་གསལ་བར་དམིགས་པ་གཞུང་གི་དོན་ནོ། །སྦྱོང་རྒྱུད་གཙུག་དགུ་གཉིས་སུ། ཐལ་བ་ཡུངས་ཀར་ཕྱེ་མ་སོགས། །རང་གི་མིང་སྨོས་སྔགས་ཀྱིས་གདབ། །བཟླས་པ་བྱས་ཏེ་སོང་ནས་ཀྱང་། །རྒྱ་མཚོར་འབབ་པའི་ཆུ་བོར་དོར། །ཞེས་གསུངས་པ་ལྟར། །བྱེ་མ་ཁྲུས་ཆུ་སོགས་ཆུ་བོར་དོར་བ་ནི། རྩ་རྒྱུད་དང་། རྡོ་རྗེ་རྩེ་མོ་སོགས་ནས་ཕྱག་ན་རྡོ་རྗེས་ངན་སོང་གི་སེམས་ཅན་ཐམས་ཅད་ལྟུང་བ་སློང་བའི་སྔགས་རྒྱས་བཀུག །སྡིག་པ་ཕྲལ་བའི་སྔགས་རྒྱས་སྡིག་པ་དང་བྲལ་ནས་ཤི་འཕོས་ཏེ། སེམས་ཅན་དེ་དག་རྣམ་སྣང་གི་དྲུང་དུ་སྐྱེས་ཏེ། རྟེན་གྱི་ལུས་དེ་དག་བ་ཚྭ་ཅན་གྱི་རྒྱ་མཚོར་དོར་བར་བཤད་པས། འདིར་ཡང་དེའི་ཚུལ་ཡིན་སློབ་དཔོན་དག་གིས་གསུངས་པ་ཐོས་སོ། །ལྷ་ཁྲུས་ནི་ཡེ་ཤེས་ཀྱི་ལྷ་ལ་དྲི་མ་དང་ཉེས་སྐྱོན་མི་མངའ་ཡང་། འདིར་དད་པས་ཁྲུས་དང་ན་། བཟའ་ཕུལ་བས་ཚེ་འདས་ཀྱི་ཉོན་མོངས་པའི་སྒྲིབ་པ་དག་ཅིང་གྲང་བའི་སྡུག་བསྔལ་ལས་གྲོལ་ཞེས་བཟོད་པའི་གོས་དང་ལྡན་པའི་སྐལ་པ་ཅན་དུ་འགྱུར་ཏེ་གོ་སླ་ལ། ཕྱི་རོལ་པ་རྣམས་ཆུ་


CMR023_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གངྒཱ་ནི་ལྷའི་ཡུལ་ནས་བྱོན་པའི་ཆུ་སྟེ་འདིའི་དབུས་ན་ཡན་ལག་བརྒྱད་ལྡན་གྱི་ཆུ་གཉའ་ཤིང་ཙམ་འབབས་པས། དེས་ཁྲུས་བྱས་ན་སྒྲིབ་པ་དག་པ་དང་དེས་ཕ་མྱེས་ཀྱི་རུས་པ་བཀྲུས་ན་སྡིག་པ་དག་པར་འདོད་པ། དེ་ལྟ་བུ་ནི་འུ་ཅག་གི་སྟོན་པས་མི་བཞེད་དོ། །ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །ཞེས་དང་། མུ་སྟེགས་མ་ཁོལ་གྱིས་སྡིག་པ་དག་པའི་ཆེད་དུ་ཆུ་གཙང་གིས་ལུས་བཀྲུས་པ་ལ། ཨཱརྱ་དེ་བས་གསེར་བུམ་མི་གཙང་བས་བཀང་སྟེ་ཕྱི་ནས་བུམ་པ་བཀྲུས་པའི་སུན་འབྱིན་མཛད་པ་ཡིན་ལ། དེ་ལྟར་རང་གིས་ཁྲུས་བྱས་པ་གངྒཱའི་ཆུས་བཀྲུས་ཀྱང་སྒྲིབ་པ་མི་དག་མོད་ཀྱི། གཟུངས་སྔགས་ཟབ་མོའི་རྟེན་འབྲེལ་བུམ་པའི་ཆོ་ག་ཕུན་སུམ་ཚོགས་པའི་ཆུས་བཀྲུས་ན་སྡིག་པ་དག་སྟེ། སྔགས་ཅན་ཆུ་ཡིས་ཁྲུས་བྱས་ན། །ལུས་ཅན་སྡིག་པ་དག་པར་འགྱུར། །ཅེས་དང་། རྒྱུད་ལས། ཆུ་མཆོག་གིས་ནི་བཀྲུས་ནས་སུ། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །ཞེས་དང་། གཙུག་དགུའི་རྒྱུད་ལས། རུས་པའམ་གོས་སམ་མིང་ལ་ནི། །དེ་རྗེས་ཆུ་ཡིས་བཀྲུ་བར་བྱ། །སྡིག་པ་བཀྲུ་བའི་སྔགས་ཀྱིས་ནི། །སྲིད་གསུམ་དྲི་མ་བཀྲུ་བར་བྱ། །ཞེས་དང་། བཀྲུ་


CMR023_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱང་རྩ་རིག་ཉིད་དུ་བཤད་ལ། སྦྱོང་རྒྱུད་ལས། སྦྱིན་པའི་ཕ་རོལ་ཕྱིན་པ་ལྡན། །ཚུལ་ཁྲིམས་རྒྱུད་དང་རབ་ལྡན་ཞིང་། །བཟོད་པ་བརྩོན་འགྲུས་བསམ་གཏན་དང་། །ཤེས་རབ་ཐམས་ཅད་རྒྱུད་བསྒོམ་པའི། །འཇིག་རྟེན་བསོད་ནམས་ལྡན་ཅི་སྨོས། །མྱུར་དུ་ངན་སོང་ཐམས་ཅད་ནི། །བཅོམ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་པའི་དོན་ནོ། །ཕར་ཕྱིན་དྲུག་གི་ཁྲུས་ཚིག་འདི་དག་ནི། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་དང་། ཇོ་བོ་རྗེའི་མི་འཁྲུགས་པའི་དཀྱིལ་ཆོག་དང་། རིན་ཆེན་འབར་བར་གསུངས་སོ། །དུག་བཅོམ་ཚིག་འདི་དག་གཞོན་ནུ་མ་བཞིན་སྐྱེས་ཀྱིས་བཅོམ་ལྡན་འདས་ཀྱི་ཞལ་ཟས་ལ་དུག་བཤམས་པ་དག་བྱེད་ཀྱི་བདེན་ཚིག་གསུངས་པའོ། །དུག་གསུམ་སྦྱོང་བའི་ཚིགས་བཅད་འདི་རྣམས་ནི། ཐམས་ཅད་གསང་བའི་རྒྱུད་དང་། ཡུམ་ཆེན་མོ་དང་། རྨ་བྱ་ཆེན་མོ་དང་། སྟོང་ཆེན་རབ་འབྱམས་ནས་འབྱུང་ལ། སྦྱོང་རྒྱུད་ཉིད་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །སྔགས་དང་ཕྱག་རྒྱའི་ཚིག་ལ་སོགས། །ཐབས་དང་ཤེས་རབ་མེད་ན་ནི། །སྡིག་ཅན་དེ་དག་ཐར་མེད་ཅེས། །བདེ་གཤེགས་རྒྱལ་བ་ཉིད་ཀྱིས་


CMR023_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཞེས་པའི་དོན་ནོ་།དེ་ལ་ཉོན་མོངས་འཇིག་རྟེན་རྨོངས་ཤིང་བརྒྱལ་བར་བྱེད་པའི་དུག་གོ །འབྱུང་བཞིའི་སྒྲིབ་སྦྱངས་བྱ། ཞེས་གསུངས་པ་ལྟར། འབྱུང་བཞིའི་ཚིགས་བཅད་འདི་རྣམས་སྟོང་ཆེན་རྣམ་འཇོམས་ནས་འབྱུང་ངོ་། །དེ་ཡང་དུག་གསུམ་དེ་ཡང་ས་ཆེན་འབྱུང་བཞིའི་རྒྱུ་བྱས་པ་ལས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །གཙུག་དགུའི་གཞུང་ལས། སླར་ཡང་བཀྲ་ཤིས་ཚིགས་བཅད་ཀྱི། དུས་གསུམ་དུ་ནི་ཁྲུས་བྱའོ། །ཞེས་གསུངས་པ་ལྟར་བུམ་ཆུ་གཏོར་ཞིང་བརྗོད་དོ། གང་སེར་མི་འདི་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ལས་གསུངས་ཏེ། འདི་ལ་དང་པོ་བདེན་པ་བརྗོད་པ་དང་། གཉིས་པས་བྱབ་སྲུང་བ་དང་། ཕྱི་མ་སྨོན་ལམ་སྟེ་ཁྲུས་ཀྱི་ཡན་ལག་གོ །རྩ་རྒྱུད་དེ་ཉིད་བསྡུས་པ་ལས་ངུ་འབོད་དང་། ངུ་འབོད་ཆེན་པོ་ལ་སོགས་པ་ངན་སོང་ན་གནས་པ་ཐམས་ཅད་རི་རབ་ཀྱི་ཕྱི་རོལ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་འདི་ལས་བསྐྱབ་ཏུ་གསོལ། བདག་ཅག་རྣམས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །སྔོན་རྒྱུད་གསུངས་པ་ལྷའི་བུ་ངན་སོང་གི་འཇིགས་པ་ལ་སྐྲག་ཅིང་དཀོན་མཆོག་


CMR023_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སྐྱབས་སུ་སོང་བས་མྱུར་དུ་ཐར་བའི་གླེང་གཞི་དང་མཐུན་པར་སྐྱབས་འགྲོ་བྱ་སྟེ། ཚིག་གཙོ་རྒྱལ་མ་འདི་སྔོན་སྟོན་པ་ཚོང་དཔོན་དུ་གྱུར་དུས་ཚོང་པ་ལྔ་བརྒྱ་དང་བཅས་པ་དུག་སྦྲུལ་གྱིས་བསྐོར་དུས་མཛད་པས་དུག་སྦྲུལ་གྱི་འཇིགས་པ་ལས་ཐར་བའི་ལོ་རྒྱུས་འབྱུང་ཞིང་སྤྱོད་འཇུག་གི་རྒྱ་གཞུང་ནའང་ཚིག་འདི་ཡོད་དོ།། ༈ དེ་ནས་དབང་བསྐུར་བ་ལ་བསྟེན་ནས་སྡིག་པ་སྦྱངས་བའམ་སློབ་མ་གཞུག་པ་སྟེ། གསང་བ་སྤྱི་རྒྱུད་ལས། མཁས་པའི་སློབ་མ་གཅིག་གམ་གསུམ། །ལྔའམ་བདུན་ནམ་ཡང་ན་ནི། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་བཟུང་། །དེ་བས་མང་བའི་སློབ་མ་དག །ཡོངས་སུ་བཟུང་བར་མི་ཤེས་སོ། །ཞེས་གསུངས་པའི་དོན་ས་སྐྱ་པཎྜི་ཏའི་རྗེས་འབྲང་དང་བཅས་པས་ནི། སྤྱོད་རྒྱུད་མ་གཏོགས་རྒྱུད་སྡེ་ཐམས་ཅད་ལ་གྲངས་ངེས་འདི་ཁོ་ན་དགོས་པར་བཞེད་དོ། །སྡོམ་གསུམ་ལས། སྔགས་ཀྱི་དབང་ཕྱུག་བྱེད་པ་ན། །གྲངས་ངེས་མེད་པར་དབང་བསྐུར་བྱེད། །འདི་ནི་རྡོ་རྗེ་འཆང་གི་བཀའ། །སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མའི་གྲངས་ངེས་མེད་པར་གསུངས། །ལྷག་མ་དམིགས་བསལ་མི་མཛད་པར། །སློབ་མ་ལ་ནི་གྲངས་ངེས་


CMR023_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ཅེས་གསུངས་པས་ཉེར་ལྔ་བས་མང་ན་ནུབ་གཅིག་ལ་ཆོ་ག་རྫོགས་པར་མི་ནུས། དེ་མ་རྫོགས་ན་ཆོ་ག་ཉམས་པའི་སྐྱོན་འཇུག་པར་འཆད་ཀྱང་། ས་སྐྱ་པ་རྣམས་ཀྱིས་ཉིན་རེ་ལ་ཉེར་ལྔ་པ་ཚན་མང་པོ་ལ་དབང་བཤད་པར་འདུག་པས་ཉེར་ལྔ་བས་མང་ལ་རྫོགས་མི་ནུས་གསུངས་པ་ཡང་གྱི་ན་ཙམ་མོ། །བཀའ་བརྒྱུད་རིན་པོ་ཆེས་ནི་རྣལ་འབྱོར་རྒྱུད་ཡན་ཆད་ལ་གྲངས་ངེས་མི་བཞེད། རྗེ་མི་བསྐྱོད་ཞབས་ཀྱིས་སྦྱོང་རྒྱུད་འགྲེལ་པར་ཡང་སློབ་མ་དུ་ཡོད་ཀྱིས་ཁྲུས་བྱས་ནས། ཞེས་གསུངས་པ་དང་། གསང་བ་སྤྱི་རྒྱུད་ནས་གསུངས་པ་བྱ་རྒྱུད་སྤྱིའི་དབང་དུ་ཡིན་གྱིས། བྱ་བ་དང་རྣལ་འབྱོར་པ་ཐུན་མོང་པ་རྣམ་སྣང་མངོན་བྱང་ལས། སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དད། །དཔལ་ལ་ཡི་དམ་བསྟེན་པ་ནི། །བཅུའམ་བརྒྱད་དམ་བདུན་དགུ་ལྔ། །གཅིག་གཉིས་བཞི་པར་ལྷག་ཀྱང་རུང་། །དཔྱད་མི་དགོས་པར་གཟུང་བར་བྱ། ཞེས་དང་། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཅན་གྱིས་སེམས་ཅན་གྱི་ཚོགས་མ་ལུས་པ་བསྒྲལ་བར་དམ་བཅས་པ་ཁོ་ན་བྱ་སྟེ། དེས་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་དངོས་


CMR023_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཟུང་བར་བྱའོ། །ཞེས་དང་རྣལ་འབྱོར་རྒྱུད་ཆེན་རྡོ་རྗེ་རྩེ་མོ་ཅན། དཀྱིལ་འཁོར་ཆེན་པོ་འདིར་ནི་མ་ལུས་ཤིང་། ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་འཇུག་ཏུ་རུང་ངོ་། །སྣོད་དང་སྣོད་མ་ཡིན་པར་བརྟག་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་མོད་ལས་ཕྱིར་མི་ལྡོག་པར་ཉིད་དུ་འགྱུར་བས་སོ། །དད་པ་མེད་པ་དང་། ཐེ་ཚོམ་ཟ་བ་དང་། དགེ་བའི་རྩ་བ་མ་བསགས་པ་སྟེ། གང་ཟག་བཞི་པོ་འདིས་ཀྱང་དཀྱིལ་འཁོར་ཆེན་པོ་འདི་མཐོང་བ་ཙམ་གྱིས་མོད་ལ་ངན་སོང་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཞེས་དང་། གཙུག་དགུའི་རྒྱུད་དང་དེ་ཉིད་བསྡུས་པ་ལས། དཀྱིལ་འཁོར་འདིར་འཇུག་པ་ལ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་པར་མི་འཚལ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིས་པ་ཡང་མཆིས་ཏེ། དེ་དག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན་ངན་སོང་ཐམས་ཅད་ལས་བྲལ་བར་འགྱུར་རོ། །ཞེས་དང་། འདོད་པའི་ཡོན་ཏན་ལ་ཆགས་པ་དང་། དམ་ཚིག་ལ་མི་དགའ་བ་དང་། སྔགས་སྤྱོད་པ་ལ་སོགས་པ་མི་ནུས་པའི་སེམས་ཅན་དག་མཆིས་པ་


CMR023_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁ་ཅིག་གིས་གླུ་གར་དང་རྩེད་མོ་དང་ཁ་ཟས་ལ་སོགས་ལ་དགའ་བ་དང་། བླ་ན་མེད་པའི་ཐེག་པ་དེར་ནི་བསླབ་པའི་གཞི་ལ་འཇིགས་ཤིང་སྐྲག་ནས་མི་འཇུག་ལ། ངན་སོང་གི་ལམ་དུ་འཇུག་པ་ཁ་བལྟས་པ་དེ་དག་ངན་སོང་གི་ལམ་ལས་བཟློག་པར་བགྱི་བའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པར་བྱའོ། །ཞེས་གསུངས་ཕྱིར་འདིར་འཇུག་རུང་བའི་གོ་དོན་ལ་རྗེ་ཙོང་ཁ་པ་སོགས་མཁས་པ་ཁ་ཅིག་གིས་ནི། སྣོད་མ་ཡིན་པ་དེ་དག་འབྲེལ་པ་ཐོབ་ཕྱིར་དཀྱིལ་འཁོར་དུ་གཞུག་ནས་དབང་བསྐུར་བར་སྡོམ་པ་སྦྱིན་པར་མི་བྱེད་༔ དབང་བསྐུར་བར་མི་བྱེད་པར་ལྷ་ངོ་བསྟན་ནས་མེ་ཏོག་ཕྲེང་དབང་ཙམ་བྱིན་ནས་བཏང་བས་འབྲེལ་པ་ཐོབ་པ་ཡིན་གྱི། སྡོམ་པ་དམ་ཚིག་མི་བསྲུང་བ་ལ་སྦྱིན་པ་དང་དབང་བསྐུར་བར་མི་རུང་ཞེས་བཤད་མོད་ཀྱི། དེ་ནི་བཤད་པ་ཙམ་ལ་རྗེ་ཉིད་ཀྱི་རྗེས་འབྲང་དང་བཅས་པས་ཀྱང་དབང་མི་བསྐུར་དམ་ཚིག་མི་སྦྱིན་ནས་དཀྱིལ་འཁོར་དུ་ཞུགས་ཙམ་བྱེད་སྲོལ་མི་སྣང་བའི་ཕྱིར་རོ། །དེ་ཡང་ཕྱག་ལེན་ལ་ཐམས་ཅད་ལ་དབང་བསྐུར་ཏེ་དལ་དུ་ཞུགས་པས་གོ་བ་དམ་ཚིག་སྦྱིན་ཞེས་དབང་བསྐུར་བ་ཡིན་ཏེ། དགོངས་གཅིག་ལས་ཉམས་ལས་མ་ཐོབ་


CMR023_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཆེ་བས་དམ་པའི་ཆོས་ལ་འབྲེལ་པ་ཐོབ། མནར་མེད་དམྱལ་བར་རྡོ་རྗེ་སྒྲིབ་སྦྱོངས་སློབ་དཔོན་མཐུས་ནི་མྱུར་ཐར་འགྱུར། ཞེས་པས་འབྲེལ་པ་མ་ཐོབ་ན་འཁོར་བ་མཐའ་མེད་ཡིན་ལ། ཐོབ་ན་ཉམས་པའི་ཉེས་པས་རེ་ཞིག་ངན་སོང་དུ་ལྟུང་ཡང་སྡུག་བསྔལ་དལ་དྲག་ཡུན་ཐུང་བར་མྱོང་སྟེ། རྡོ་རྗེ་སློབ་དཔོན་གྱི་ཐུགས་རྗེས་མྱུར་དུ་ཐར་ནས་ཆོས་དེ་ལ་སྤྱོད་པའི་སྐལ་པ་ཅན་དུ་བྱས་ནས་སྐྱེས་ནས་བྱང་ཆུབ་ཐོབ་པར་འགྱུར་བས་འཁོར་བ་མཐའ་ཅན་ཡིན་གསུངས་སོ། །འདི་ལ་བཅོམ་ལྡན་འདས་རིག་པའི་རལ་གྲིའི་ཞལ་ནས་ཀྱང་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་རྒྱུད་དུ་སློབ་མའི་གྲངས་སུ་ཡིན་པ་དང་། ཐེག་ཆེན་ལ་དགའ་བ་དང་མི་དགའ་བ་དང་རིགས་རུས་ངན་པ་ཐམས་ཅད་ཀྱང་འཇུག་ཏུ་རུང་བ་ཁོ་བོས་སེམས་སོ། །ཞེས་གསུངས་སོ། །དེས་ན་སྤྱོད་རྒྱུད་ཡན་ལ་གྲངས་ངེས་མེད་ཅིང་། རྣལ་འབྱོར་རྒྱུད་ཡན་རིགས་དང་གཟུགས་ངན་ཡང་རུང་བར་བཤད་དོ། །སྔོན་འགྲོ་འཇུག་ཆོག །དངོས་གཞི་དབང་བསྐུར༔ མཐའ་བསྟན་དམ་ཚིག་སྦྱིན་པ་གསུམ་ལས། དགའ་ཆེན་སོགས་ཚིག་འདི་གཙུག་དགུའི་རྒྱུད་ལས་བྱུང་སྟེ། སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སེམས་ཅན་གྱི་དོན་བྱེད་པ་


CMR023_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགགའ་བ་ཆེན་པོ་ཅན་ཁྱོད་སྟོན་པ་རྡོ་རྗེ་སེམས་དཔའ་དང་མཉམ་པ་ཞེས་སོགས་དང་། བྱང་ཆུབ་ཆེན་པོ་ཐོབ་པའི་ལམ་གྱི་ཚུལ་སྟོན་པའི་བསྟན་པ་གང་ཡིན་པ་དེ་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུར་གྱུར་པའི་དམ་ཚིག་དང་ཕྱག་རྒྱུ་དེ་ཁོ་ན་ཉིད་བདག་ལ་བསྩལ་བར་འཚལ་ལོ། །གཞན་གོ་སླ་ལ། རྒྱུན་བཤགས་དབང་མེད་མ་ནི།། རྒྱུད་སྟོང་ཕྲག་བརྒྱ་པ་ལས་གསུངས་པ་རྡོ་རྗེ་འབྱུང་བར་བཀོད་པ་སྟེ། སེམས་རང་དབང་མེད་པར་ཉོན་མོངས་པ་དབང་ཆེ་བས། ཞེས་གསུངས་ཏེ། བཤགས་པ་ཡི་རང་སྐྱབས་འགྲོ་སྨོན་འཇུག་གི་སེམས་བསྐྱེད། སྔགས་ཀྱི་ལམ་བསྟན་པ་རྣམས་རིམ་བཞིན་འབྱུང་ངོ་། །བློ་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགའ་བ་བགྱི་བའི་གནས་ཡིན་པས་ཀུན་དགའ་ར་བ་དམན་པ་ཉན་རང་གི་ཐེག་པར་ལྟུང་བའི་འཇིགས་པ་བྱེད་པ་རྣམས་ལ་མི་འཇིགས་པ་སྦྱིན་པའི་རྒྱལ་བྱེད་ཚལ། སྲིད་པ་འཁོར་བའི་འབྱོར་པ་ལ་ཆགས་པ་ཟིལ་གྱིས་གནོན་པའི་མཆོག་གསུང་མཆོག་རྡོ་རྗེ་ཐེག་པའོ། །དུག་གསུམ་ནི་སྦྲུལ་གྱི་དུག་དང་འདྲ་ཞེས་པའོ། །བརྟུལ་ཞུགས་དབང་པོ་ནི་བྱང་སེམས་འཕགས་པའོ། །བདེ་གཤེགས་སྔགས་ལ་མཁས་པའི་ཆོས་ཀྱི་


CMR023_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་འགྲོ་བ་མཐའ་ཡས་པ་འདི་རྣམས་ཀྱིས་ཐོབ་པའི་ཕྱིར། ཁྱད་འཕགས་གསང་སྔགས་ཀྱི་ཚུལ་ལ་ད་ལྟ་ཉིད་དུ་བདག་གནས་པར་བགྱི་ཞེས་པ་སྟེ་གཞན་གོ་སླའོ། །འདི་ནི་རྡོ་རྗེ་འབྱུང་བ་སོགས་སུ་ལན་གསུམ་བརྗོད་དགོས་པར་བཤད་དོ། །རྒྱུད་ལས། འགྲོ་ལ་ཕན་ཕྱིར་བྱང་ཆུབ་བར། །དེ་དག་ཚོགས་སུ་སེམས་བསྐྱེད་གཞུག །ཞེས་པ་དང་། གཙུག་།དགུར་། དེའི་རྗེས་ལ་བྱང་ཆུབ་སེམས་མ་བསྐྱེད་པ་རྣམས་བསྐྱེད་པར་བྱ་ཞིང་། སྐྱེས་པ་སླར་ཡང་དྲན་པར་བྱ། ཞེས་པས། རིགས་ལྔའི་སྡོམ་བཟུང་གི་ཚིག་འདི་དག་གཙུག་དགུའི་རྒྱུད་དང་རྡོ་རྗེ་རྩེ་མོ་ནས་ཅུང་ཟད་ཚིག་ཟུར་མི་འདྲ་ཙམ་དུ་གསུངས་སོ། །དམ་པ་བསྐྱེད་པ་ནི། སྨོན་པ་དང་ཚུལ་ཁྲིམས་གསུམ་བཟུང་བ་འཇུག་པ་སངས་རྒྱས་རྣམ་སྣང་གི་རྣལ་འབྱོར་ལས་སྐྱེས་པས་མི་དགེ་བ་ལས། ལུས་ངག་ཡིད་གསུམ་སྡོམ་པ་སྟེ་གཞན་གྱི་བར་ཟད་ལ། འདི་ལན་གསུམ་བརྗོད་པའི་མཐར་སྔགས་སྡོམ་མ་ཐོབ་པ་གསར་དུ་བསྐྱེད། ཉམས་ན་སོར་ཆུད་མ་ཉམས་ན་འཕེལ་བར་འགྱུར་ཞེས་བཅོམ་ལྡན་རལ་གྲི་སོགས་མཁས་པ་དུ་མ་དང་བླ་བརྒྱུད་རྣམས་ཀྱིས་གསུངས་སོ། །དེ་ཡང་འཇུག་པའི་ཆོས་བཅུ་བདུན་ནི། རྒྱུན་བཤགས་སྔོན་


CMR023_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བའི་སེམས་བསྐྱེད་དང་གཅིག །བྱིན་རླབས་དང་གཉིས། སྨོན་ལམ་བཏབ་པ་དང་གསུམ། ཆོས་བཤད་པ་དང་བཞི། སྲུང་བ་དང་ལྔ། གདོང་གཡོགས་བཅིངས་པ་དང་དྲུག །ཕྱག་རྒྱ་བཅིངས་ནས་འཇུག་པ་དང་བདུན། ཡེ་ཤེས་དབབ་པ་དང་བརྒྱད། བརྟན་པར་བྱ་བ་དང་དགུ། མེ་ཏོག་འདོར་བ་དང་བཅུ། མེ་ཏོག་མགོར་བཅིངས་བ་དང་བཅུ་གཅིག །གདོང་གཡོགས་བསལ་བ་དང་བཅུ་གཉིས། ལྷ་ངོ་བསྟན་པ་དང་བཅུ་གསུམ། དམ་ཚིག་བརྟན་པར་བྱ་བ་དང་བཅུ་བཞི། དམ་ཚིག་བརྟེན་པ་དང་བཅོ་ལྔ། དམ་ཚིག་བསྒྲིག་པ་དང་བཅུ་དྲུག །སྡོམ་པ་སྦྱིན་པ་དང་བཅུ་བདུན་ནོ། །དེ་ཡང་གསང་བ་སྤྱི་རྒྱུད་ལས། རྣམ་བརྒྱད་དང་པོ་ས་གཞི་བཟུང་། །གཉིས་པ་ལ་ནི་སྟ་གོན་བྱ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་རྡུལ་ཚོན་ལ་དེ་ལྟར་དགོས་ཀྱང་། འདིར་རས་བྲིས་ལ་མི་དགོས་པས་ས་ཆོག་མི་དགོས་ལ། སྟ་གོན་འཇུག་ཆོག་ཕྱོགས་གཅིག་ཏུ་བྱས་ཏེ་དངོས་གཞི་དང་སྦྲེལ་ནས་ཉིན་གཅིག་ལ་འགྲུབ་པར་བྱེད་པ་ཡིན་ནོ། །སྔོན་བྱང་ཆུབ་སེམས་དཔའ་དོན་གྲུབ་དེའི་ཐུགས་ཀར་ཟླ་བ་རྡོ་རྗེ་སོགས་ཀྱི་སེམས་དངོས་སུ་གཟིགས་ཤིང་


CMR023_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཡོ་ག་སོགས་ཀྱི་སྔགས་བརྗོད་ནས་བྱང་ཆུབ་རྙེད་པ་ལྟར་འདིར་ཡང་སྔགས་ཀྱིས་སེམས་བསྐྱེད་པར་བྱ་བ་སྟེ། ལོ་རྒྱུས་རྩ་རྒྱུད་སོགས་སུ་རྒྱ་ཆེར་འབྱུང་ངོ་། །རྒྱུད་ལས། དེ་རྣམས་བྱིན་རླབས་བྱང་ཆུབ་སྨོན་ལམ་གདབ། །ཅེས་པ་ལྟར་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོས་མཚན་པ་ལས་ལུས་དེ་བཞིན་གཤེགས་པའི་སྐུ་མཚན་དཔེ་བྱད་ཀྱིས་བརྒྱན་པའི་ངོ་བོ། མགྲིན་པར་ཨཱལས་པདྨ་དམར་པོས་མཚན་པས་ངག་དེ་བཞིན་གཤེགས་པའི་གསུང་དབྱངས་དྲུག་ཅུ་དང་ལྡན་པའི་ངོ་བོ་དང་། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོས་མཚན་པ་སེམས་སངས་རྒྱས་ཀྱི་ཐུགས་ཤེས་བྱ་ཇི་ལྟ་ཇི་སྙེད་མཁྱེན་པའི་ངོ་བོར་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་། རྡོ་རྗེའི་སྔགས་རྒྱ་འདི་ནི་གཙུག་དགུའི་རྒྱུད་ལས་གསུངས་ཏེ། གནས་ཉེར་གཉིས་སུ་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་རེ་རེས་མཚན་པས་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པར་བསམ་མོ། །དགེ་བ་བསྔོ་བ་རྒྱ་ཆེར་གཙུག་དགུ་ལས་གསུངས་པའི་དོན་བསྡུས་གཞུང་ཚིག་འདི་ཡིན་ཏེ། བྱས་པ་ཆུད་མི་ཟ་ཞིང་འཕེལ་བའི་གདམས་པའོ། །རྒྱུད་ལས། །ཟབ་ཅིང་རྒྱ་ཆེའི་ཆོས་བསྒྲག་ལ། །ཞེས་གསུངས་པ་ལྟར། ཆོས་བཤད་ཀྱིས་ཚིག་འདི་དག་ནི་རྣམ་


CMR023_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མངོན་བྱང་ལས་གསུངས་ཤིང་། དོན་ནི་གོ་བར་ཟད་དོ། །རྒྱུད་ལས། སྲུང་བ་བྱས་ནས། ཞེས་གསུངས་པས་ལམ་ཟབ་མོ་ལ་འཇུག་པའི་གང་ཟག་དེ་ལ་བགེགས་དང་བར་ཆད་བསྲུང་བའི་ཕྱིར་སློབ་མ་རྣམས་ཀྱིས་གནས་གསུམ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་སྔགས་རྒྱས་རེག་པས་ལུས་ངག་ཡིད་གསུམ་གྱི་བར་ཆད་ཐམས་ཅད་བསྲུང་བར་བསྒོམ་སྟེ་སྔགས་རྒྱུ་ནི་རྒྱུད་ལས་གསུངས། འདི་ཡན་སློབ་མ་སྟ་གོན་གྱི་ཆོས་ཡིན་ལ། རྒྱུད་ལས། དར་ལ་སོགས་པས་མིག་གཉིས་གཡོགས་ནས་ནི། །ཞེས་གསུངས་པས་སྔོན་ཆད་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་རས་དམར་པོ་བཅིངས་བ། ཡི་དམ་དང་མཇལ་བའི་ཕྱག་རྟེན་དང་དངོས་གྲུབ་བརྟག་པའི་ཆེད་དུ་མེ་ཏོག་བྱིན་ཏེ། རྒྱུད་ལས། ཡོན་གྱིས་ལག་པ་བཀང་སྟེ་གཞུགས་པར་བྱ། །ཞེས་སོ། །ཨ་དྷིཥྛ་ནའི་སྔགས་ཀྱིས་སློབ་མ་རྡོར་སེམས་སུ་བྱིན་གྱིས་བརླབས་ཏེ། སྔགས་དོན་ནི། ཡི་དམ་རྡོ་རྗེ་ལྷག་པར་གནས་པའོ། །སློབ་མ་མཆོད་པ་ལྔས་མཆོད། རྒྱུད་ལས། རྡོ་རྗེ་འཛིན་མའི་པདྨར་ལག་གཉིས་བྱ། །རིན་ཆེན་མེ་ཏོག་ལ་སོགས་དེས་བརྒྱན་ལ། །ཡོན་གྱིས་ལག་པ་བཀང་སྟེ་གཞུག་པར་བྱ། །


CMR023_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། སྔགས་རྒྱ་རྒྱུད་ལས་འབྱུང་ལྟར། རྡོ་རྗེ་བསྡམས་ལ་གུང་མོ་གཉིས་བརྐྱང་བའི་བར་དུ་མེ་ཏོག་གི་ཕྲེང་བ་བཟུང་སྟེ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ནས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ཏེ། །སྔགས་དོན་རྡོ་རྗེ་དམ་ཚིག་སྟེ་ཞུགས་ནས་ལྷ་རྣམས་ལ་འཁོད་པར་བསྒོམ་མོ། །དེ་ཉིད་འདུས་པ་དང་། རྡོ་རྗེ་རྩེ་མོ། གཙུག་དགུ་རྣམས་ལས། རྡོ་རྗེ་ཡེ་ཤེས་བླ་མེད་ནི། །ད་ལྟ་ཉིད་དུ་འབབ་པར་ཤོག །ཅེས་དང་། སྦྱོང་རྒྱུད་ལས། དབབ་སྔགས་འདི་གསུངས་ལ། སྔགས་དོན་རྡོ་རྗེ་རབ་ཏུ་ཕོབ་ཅིག་པའོ། །བླ་མ་དང་དཀྱིལ་འཁོར་ལྷ་ལ་མོས་འདུན་དྲག་པོ་བྱས་པས། དེ་རྣམས་ཀྱིས་ཐུགས་གཉིས་སུ་མེད་པ་སོ་སོར་གཞུང་ལྟར་རོ། །ཨ་ས་མེའི་སྔགས་ནི་སྦྱོང་རྒྱུད་ལས་གསུངས་ཏེ་ཡེ་ཤེས་པ་བརྟན་པར་བྱ་བ་དང་། དམ་བཞག་གཉིས་ཀ་ཡིན་ཏེ། མཉམ་མེད་གསུམ་གྱི་དམ་ཚིག་ཆེན་པོའི་ཞེས་སོ། །སྙིང་ཁར་ཟླ་དཀྱིལ་ལ་ཡེ་ཤེས་པ་དེ་ཧཱུྃ་གི་རྣམ་པར་བཞུགས་པ་དེ་བསྟན་ཅིང་དམ་ལ་བཞག་པར་བསམ་མོ། །དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་རང་གི་ལྷ་སྐལ་གང་ཡིན་བརྟག་པའི་ཕྱིར་ཧཱུྃ་ལས་རིན་པོ་ཆེའི་མེ་ཏོག་གིས་ཆུན་འཕྱང་རིན་ཐང་དཔག་ཏུ་མེད་པར་མོས་ལ། །


CMR023_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཚིགས་བཅད་དང་སྔགས་རྒྱུད་ཉིད་ནས་གསུངས་སོ། །ལྷ་གང་ལ་བོབ་པའི་ལྷ་དེ་ཚེ་རབས་ལས་ཀྱི་ལྷར་གྱུར་པས། མེ་ཏོག་གི་ཕྲེང་བ་དེ་དངོས་གྲུབ་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཏེ། ཚིགས་བཅད་དང་སྔགས་འདི་རྒྱུད་ནས་བྱུང་ངོ་། རྒྱུད་ལས། སྔགས་འདིས་གདོང་གཡོགས་དགྲོལ་བར་བྱ་སྟེ། ཞེས་སྔགས་འདི་གསུངས་ཏེ། །ཞགས་པས་སྒོ་ཕྱེས་ཤིག །ཅེས་པ་སྟེ། ཚིགས་བཅད་འདི་ནི་རྒྱུད་གཞན་ནས་འབྱུང་བ་ཡིན་ནོ། །ལས་ཀྱི་རྡོ་རྗེ་དེ་ཉིད་ཀྱི་ཕྱག་གིས་ལས་ཀྱིས་སྒྲིབ་པའི་ལིང་ཐོག་དང་གདོང་རས་ལྷན་ཅིག་བསལ་བར་བསམས་ལ། ལྷ་ངོ་བསྟན་པ་ནི། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དངོས་གྲུབ་རང་། །ཞེས་གསུངས་པས་འདིར་ལྷ་དང་དཀྱིལ་འཁོར་གྱི་རྣམ་དག་དང་དེ་ཁོ་ན་ཉིད་རྒྱས་པར་བཤད་པ་མཁས་པས་བྱེད་ཆོས་སུ་བྱེད་ལ། མི་བསྐྱོད་ཞབས་ཀྱིས་ནི་འཁོར་ཡུག་ནས་གཙོ་བོའི་བར་ལྷ་ངོ་བསྟན་ལ་མེ་ཏོག་ཕོག་པའི་ལྷ་ངོ་སྤྱད་ལ། ཁྱོད་ཀྱིས་འདི་ནས་བཟུང་སྟེ་བྱང་ཆུབ་བར་གྱི་ལྷ་འདི་ཉིད་ཡིན་པས་བསྒྲུབ་པར་གྱིས་ཤིག །ཅེས་བརྗོད་ནས་ཡི་དམ་གྱི་ལྷ་དེ་ཉིད་ཡིན་པར་བསྟན་པར་བྱའོ། །ཞེས་གསུངས་སོ། །རྒྱུད་


CMR023_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ནས་སྔགས་ལ་མཁས་པ་ཡིས། །སྔགས་འདི་དམ་ཚིག་སྦྱིན་པར་བྱ། །ཞེས་སྔགས་འདི་གཉིས་སུ་གསུངས་ཏེ། རྣམ་སྣང་གི་དམ་ཚིག་རྒྱུད་ལ་བསྐྱེད་ཅིང་བསྟན་པར་མོས་ལ། ས་མ་ཡའི་རྗེས་ཟློས་དང་། སྔོན་མ་གོ་སླ། དམ་ཚིག་སྙིང་བདག་ལ་ཕོབ་ཅིག །གནས་ལ་བསྟན་པ། ཞེས་པ་སྟེ་རྡོ་རྗེའི་ཕྱག་རྒྱ་སྙིང་ཁར་རེག་ལ་སྙིང་ཡེ་ཤེས་པ་ཧཱུཾ་གི་རྣམ་པ་དེ་རྣམ་སྣང་གི་སྐུར་གྱུར་ནས་བྱང་ཆུབ་ཀྱི་བར་བརྟན་པར་བྱས་པར་མོས་ལ། ཧྲི་ད་ཡ་མི་བརྗོད་དེ་འདིའི་རྗེས་ཟློས་དགོས་པ་འདྲ་བར་འདུག་སྟེ་སྔགས་དོན་གྱིས་གསལ་ལོ། །བསྡུ་ན་སློབ་མའི་སྙིང་ལ་དམ་ཚིག་གནས་པར་བསམས་པས་འཐུས་སོ། །དམ་ཆུ་སྦྱིན་ཞིང་དམ་བསྒྲག་པ་འདི་ནི་རྡོ་རྗེ་རྩེ་མོ་དང་སྦྱོང་རྒྱུད་གཉིས་ཀ་ནས་གསུངས་ཏེ་དམ་ལས་འདས་ན་དམྱལ་བའི་ཆུ་བོ་རབ་མེད་དེ་ཚར་གཅོད་པས་རྡོ་རྗེ་དང་། དམ་ཚིག་སྲུང་ན་ཕུན་སུམ་ཚོགས་པའི་བདེ་བ་སྟེར་བས་བདུད་རྩིས་བཀང་ནས་ཞེས་པའི་སྙིང་པོ་དང་། འདུལ་བ་མེ་ཏོག་གི་ཕྲེང་རྒྱུད་ལས། མ་དང་ཕ་དང་མའི་ཕར། ཉེ་བར་བཟུང་ནས་བདུན་བརྒྱུད་ནི། །མཁྱེན་བརྩེ་ཁྱོད་ཀྱིས་ཉེ་དུར་གསུངས། །དེ་ལས་གཞན་ནི་ཉེན་ཆེས་ཉིད། །ཅེས་གསུངས་པས།


CMR023_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་ཕ་ལས་གྱེས་པའི་སྤུན། མྱེས་པོ་དང་ཡང་སྐྱེས་སོགས་ནི། བདུན་བརྒྱུད་རིགས་ཡིན་པར་མཁས་པ་རྣམས་བཞེད་ཀྱང་། གསང་སྔགས་རྙིང་མ་བ་རྣམས་དང་། བསྒྲལ་ལས་སྐབས་སུ་ཁོ་རང་དེ་དང་དེའི་བུའམ་ཚ་བོ་ནས་བཟུང་སྟེ་ཁོ་རང་མི་རབས་བདུན་བརྒྱུད་ཚུན་ཆད་ཅེས་འབྱུང་ངོ་། །ཤ་ལ་སོགས་པའི་སྒྲས་སྒོག་བཙོང་སོགས། དྲི་མི་ཞིམ་པ་དང་མི་གཙང་བའི་བཟའ་བཏུང་སོགས་སྤང་བ་དང་། ཉོན་མོངས་ཞེ་སྡང་སོགས་ཀྱི་དབང་གིས་སེམས་ཅན་གདོན་གྱིས་ཟིན་པའི་ལས་མི་བྱ་བ་དང་། བརྣབ་སེམས་ཀྱིས་མུ་སྟེགས་ཅན་ལ་མི་སྨོད་པ་དང་། ལྷ་སྔགས་དང་དམ་སྡོམ་ལ་ཐེ་ཚོམ་མི་བྱ་སྟེ། གཞན་གོ་སླའོ། །སྦྱོང་རྒྱུད་ལས། སྔགས་མཁན་གཞན་ལ་ཕན་བརྩོན་ཞིང་། སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །ཞེས་པས་སེམས་བསྐྱེད་དང་ལྡན་པས་དབང་བསྐུར་རོ། །གཙུག་དགུའི་རྒྱུད་ལས། མོས་པ་བསྟན་དང་བཅས་པ་དམ་བཅས་ནས། །སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །བུམ་པ་ལ་སོགས་ཇི་སྙེད་མཆོག་རྣམས་ཀྱིས། །དབང་བསྐུར་བཅུ་པོ་ཇི་ལྟར་འདོད་བཞིན་སྐུར། དེ་ནས་ལག་ཏུ་རྡོ་རྗེ་དྲིལ་བུ་སྦྱིན། །འཁོར་ལོ་ལ་སོགས་རིན་


CMR023_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བདུན་ཐོགས་ལ། །འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ཐོབ་ཆེད་དང་། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །སྔགས་བསྒྲུབ་ཕྱིར་ན་མོས་ལྡན་སློབ་མ་ལ། །སྔགས་པས་བཀའ་ནི་རབ་ཏུ་བསྒོ་བར་བྱ། །ཞེས་པས། རིག་པའི་དབང་བསྐུར་བ། སློབ་དཔོན་གྱི་དབང་རིགས་ལྔའི་རྗེས་གནང་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། མཐའ་རྟེན་རྒྱལ་སྲིད་སྣ་བདུན་དང་། བཀའ་བསྒོ་བའི་དབང་། རིག་མ་སོགས་རྗེས་གནང་དམ་ཚིག་ཕན་ཡོན་གདམས་པའོ། །དང་པོ་དཀྱིལ་འཁོར་གྱི་ཤར་ཕྱོགས་དབང་སྟེགས་ལ་སློབ་མ་མེ་ཏོག་ཐོགས་པའི་ལྷར་བསྐྱེད་མཆོད་པའམ་མ་བྱས་ཀྱང་རུང་གསུངས་པས། ཡིག་འབྲུ་གསེར་བཙོ་མའི་མདོག་ཅན་སློབ་མའི་སྤྱི་བོར་ཐིམ་པར་བསམས་པས་སྔགས་དབང་བསྐུར་ཏེ། །ཉོན་མོངས་ལྔ་དག །ཕུང་པོ་ལྔ་གནས་གྱུར་། ཡེ་ཤེས་ལྔ་ཡི་ས་བོན་རྒྱུད་ལ་བཞག །ཁམས་ལྔའམ་བཞི་བྱིན་གྱིས་བརླབས་པ་དང་ལྷ་སོ་སོའི་ཕྲིན་ལས་བྱ་བའི་ནུས་པ་སློབ་མའི་རྒྱུད་ལ་བཞག་པའོ། །སྔགས་དབང་མི་འཐད་པར་སྨྲ་བ་དང་སྔགས་དབང་བུམ་དབང་གི་ཁོངས་སུ་བསྡུ་བར་བཞེད་པ་འགའ་འབྱུང་ཡང་། འདིར་ནི་སྔགས་དག་སྔོན་སོང་གི་བུམ་པ་དང་


CMR023_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དབུ་རྒྱན་གཉིས། རིན་པོ་ཆེའི་ཅོད་པན་གསུམ། དར་དཔྱངས་བཞི། ཕྱག་རྒྱ་ལྔ། མིང་དྲུག །རྒྱ་གྲམ་བདུན། འཁོར་ལོ་བརྒྱད། བདག་པོ་གསང་དབང་དང་བཅུ། ཡང་ན་བུམ་པ་མི་བསྒྲང་བར་རིན་ཆེན་མེ་ཏོག་དང་དར་དཔྱངས་སོ་སོར་བསྒྲངས། གཞན་ཕན་འོད་ཟེར་ལས་བཅུ་དགུ་དང་། གཞན་བཅོ་བརྒྱད་དུ་བསྒྲངས་ན་རྒྱལ་སྲིད་སྣ་བདུན་རྡོར་དྲིལ་གྱི་དབང་ཤེས་རབ་ཡེ་ཤེས་སུ་བྱས་ཡང་མི་འགལ་ཏེ་སོ་སོར་བསྒྲུང་ལུགས་ཙམ་ཡིན་ནོ། དེ་དག་བསྡུས་ན་རྡོ་རྗེ་སློབ་མའི་དབང་དང་། རྡོ་རྗེ་སློབ་དཔོན་དབང་དང་མཐའ་བསྟན་ནོ། །དེ་ཡང་ཀུན་སྙིང་གི་སྦྱོང་རྒྱུད་འགྲེལ་པར། བུམ་པ། རིགས་ལྔའི་ཅོད་པན། རིན་ཆེན་ཅོད་པན། དར་གྱི་ཅོད་པན། ཕྱག་རྒྱ་ལྔ། མིང་༔ ཕྲིན་ལས། ཆོས་ཀྱི་འཁོར་ལོ་བདག་པོ་བཟུང་། གསང་དབང་སྟེ་བཅུར་གསུངས་པ་ཉིད་ལེགས་སོ། །བཅུ་དགུ་བྱེད་པ་གཙུག་དགུ་ལས་གསུངས་པའོ། །སྦྱོང་རྒྱུད་ལས། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །སྔ་མ་བཞིན་དུ་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ན་ནི། །དབང་བསྐུར་བ་ནི་རབ་ཏུ་བསྔགས། །ཅེས་གསུངས་ཤིང་སྔགས་


CMR023_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་དབང་ནས་བཟུང་སྟེ་དེའི་པྲ་ཛྙཱ་ཨུ་པའི་བར་གྱི་སྔགས་འདི་ཐམས་ཅད་སྦྱོང་རྒྱུད་དང་གཙུག་དགུ་གཉིས་ཀ་ལས་གསུངས་ལ། དབང་གི་ཚིགས་བཅད་འདི་དག་ནི་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་དཀྱིལ་ཆོག་བཞུགས་ཅེས་ལོ་ཆེན་རིན་ཆེན་བཟང་པོས་གསུངས་སྐད། བླ་མ་དང་རྣམ་སྣང་དབྱེར་མེད་པའི་རིམ་པ་ལྟར་དབང་བསྐུར་བའི་ཚིགས་བཅད་ལས་བྱུང་བ་ལྟ་བུའི་དོན་གྲུབ་བསྒོམ་ལ་དབང་བསྐུར་ཏེ། ལྷ་གྲངས་ཀྱིས་བུམ་པ་རྣམ་རྒྱལ་གང་བུམ་པ་ཡོད་ན་དང་པོ་སོར་གང་བུམ་དེ་ནས་ལྷ་བུམ་དེ་རྗེས་རྣམ་རྒྱལ་གྱིས་བསྟན་པར་བྱེད། །དེ་ཙམ་མེད་ན་ལྷ་གྲངས་རྩ་ལྷའི་གྲངས་ཡོད་ན་ནི། རིགས་ལྔ་ཡུམ་བཞི་བསྐུར་རྗེས། ལྕགས་ཀྱུའི་བུམ་པ་ནས་མས་ནས་ཡར་རིམ་བཞིན་བསྐུར། ལྔ་ཡིན་ཤར་ལྷོ་ནུབ་བྱང་དབུས་སོ། །རྣམ་རྒྱལ་གཅིག་པུ་ནི་གཞུང་ལྟར་རོ། །དེ་ལ་དབང་བསྐུར་ཞེས་པ་དྲི་མ་བག་ཆགས་འཁྲུད་པའི་ཐབས་ཡིན་ཏེ། མ་རིག་པའི་དྲི་མ་འཁྲུད་པའི་ཕྱིར་བུམ་ཆུའི་བྱ་བ་འཇུག་ཕྱིར་བུམ་དབང་། རྒྱས་འདེབས་ཀྱི་ལྷ་དང་གཙུག་ཏོར་བསྐྱེད་ཕྱིར་དབུ་རྒྱན་དབང་། འགྲོ་བའི་རེ་འདོད་བསྐང་བར་བྱ་ཕྱིར་རིན་ཆེན་ཕྲེང་བ། ཉོན་མོངས་པའི་དགྲ་རྩད་ནས་གཅོད་པ་ལ་


CMR023_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཕྱིར་དཔའ་བོའི་དར་དཔྱངས། ཡེ་ཤེས་ལྔ་རྟོགས་ཕྱིར་རིགས་ལྔའི་ཕྱག་མཚན་ཏེ། སྤང་བྱ་ཉེས་པ་ཐམས་ཅད་འཇོམས་ཤིང་ཚུར་མི་ཚུགས་པའི་རྡོ་རྗེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང་འཁོར་བའི་འཁོར་ལོ་རྒྱུན་གཅོད་ཕྱིར་འཁོར་ལོ། །བདག་གཞན་གྱི་རེ་འདོད་བསྐང་ཕྱིར་རིན་པོ་ཆེའི་སྙིང་རྗེས་སེམས་ཅན་ལ་ཚིགས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པདྨ། ཕྲིན་ལས་སྣ་ཚོགས་འགྲོ་བ་འདུལ་ཕྱིར་སྣ་ཚོགས་རྒྱ་གྲམ་རྣམས་མཚོན། མ་འོངས་པ་སངས་རྒྱས་པའི་མཚན་བསྟན་ཕྱིར་མིང་དབང་། དེ་རྣམས་ནི་སློབ་མའི་དབང་ངམ་རིག་པའི་དབང་ངོ་། །དེ་ནས་སློབ་དཔོན་གྱི་དབང་ལ་སློབ་མ་མེ་ཏོག་ཕོག་པའི་རྡོར་སེམས་བསྐྱེད་ལ། ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་གྱིས་བརླབ་ཅེས་པས་སྐུའམ་དམ་རྒྱ་སྤྱི་བོར་བཞག་པའམ། རྒྱས་པར་ན་སེམས་དཔའ་ལུས་བསྒྲུབ་ལྟར་བསྐྱེད་བསྟིམ་གནས་གསུམ་བྱིན་རླབས་མཆོད་བསྟོད་བྱེད་པར་གསུངས། སླར་ཡང་ལྷ་སོ་སོའི་སྔགས་ལ་ཨ་བྷི་ཥིཉྩ་བཏགས་པས་བུམ་དབང་བྱེད་པའོ། །དེ་ནས་ལས་བཞིའི་འགྲོ་དོན་མཐར་ཕྱིན་སྣ་ཚོགས་རྡོ་རྗེ་རིགས་ལྔའི་ཆོས་འཆད་པའི་རྗེས་གནང་སྟེ། ས་བཅུའི་སེམས་དཔའ་ལ་སངས་རྒྱས་ཐམས་ཅད་


CMR023_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དབང་བསྐུར་བ་ལྟར་སེམས་ཅན་དཔག་ཏུ་མེད་པ་ལ་ཆོས་འཁོར་བསྐོར་ཕྱིར་གསེར་གྱི་འཁོར་ལོའོ། ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་དབང་གི་དོན་དུ་བདག་པོའི་དབང་ངོ་། །སྔགས་དོན་སངས་རྒྱས་རིགས་ཀྱི་འཁོར་ལོས་སྒྱུར་བ་ཞེས་སོགས་སོ། །གསང་དབང་ནི་མི་བརྗེད་པའི་གཟུངས་ཐོབ་ཅིང་སྔགས་མཐའ་དག་ཤེས་ཤིང་སྟོན་པའི་ཕྱིར་ཡུམ་ལྔས་སོ། །སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་སློབ་མའི་རྒྱུད་དབྱེར་མེད་དུ་བསྲེ་བའི་ཐུགས་གསང་བ་སྟེ་སྤྱི་བོར་རིགས་ལྔ་དང་ཡུམ་ལྔའི་ཕྱག་མཚན་གཅིག་ལ་གཅིག་རེག་པས་བདེ་བ་སྐྱེ་བར་མཐོང་བར་བསམ་ལ། སངས་རྒྱས་ཀུན་གྱིས་སོགས་རྒྱུད་ལས་གསུངས་པའི་ཚིགས་བཅད་བརྗོད། འདིར་དཀྱིལ་འཁོར་དང་ལྷ་དང་སློབ་དཔོན་གྱི་དག་པ་དང་དེ་ཁོ་ན་ཉིད་བརྗོད་ན་ལེགས་ཞེས་བཅོམ་ལྡན་རལ་གྲིས་གསུངས་སོ། །རང་གཞན་གྱི་དོན་བྱེད་པ་ལ་ཐབས་ཤེས་རབ་ཟུང་འབྲེལ་དགོས་པས། ཐབས་ཤེས་རྡོར་དྲིལ་དབང་ནི། རྡོ་རྗེ་རྡོ་རྗེ་སེམས་དཔའ་དང་དྲིལ་བུ་སྙེམས་མར་བསྐྱེད་ནས་གཏད་ལ། རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་ཐུགས་


CMR023_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་བསྣོལ་ནས་སྐུའི་དམ་ཚིག་ནི་ཕྱག་རྒྱའི་དམ་ཚིག་སྟེ། ཐབས་སྙིང་རྗེ་ཤེས་རབ་སྟོང་ཉིད་དེ་བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་ལ་གནས་པའི་དབང་བསྐུར་བར་བསམ་སྟེ། སྔགས་དོན། ཐབས་དང་ཤེས་རབ་དཀྱིལ་འཁོར་གཅིག་ཏུ་དབང་ཐོབ་པའི་རྡོ་རྗེ་སྤུན་དང་སྲིང་མོ། བླ་མའི་བཙུན་མོ་ནི་རྡོ་རྗེ་མའོ། །བཅུག་པ་ནི་ཧ་ཅང་མཛའ་ཐལ་བའོ། །གཞན་གོ་སླའོ། །མཉམ་པར་སྦྱོར་བའི་དབང་བསྐུར་ཞེས་སོ། །མཐའ་རྟེན་ནི་གནས་སྐབས་སུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་མཐར་ཐུག་ཆོས་ཀྱི་རྒྱལ་པོ་རྣམ་སྣང་ཆེན་པོའི་གོ་འཕང་ཐོབ་ཕྱིར་རིན་ཆེན་སྣ་བདུན་དབང་བསྐུར་རོ། །བཀའ་བསྒོ་བའི་དབང་ནི་དམ་ཚིག་འདི་ལྟར་བསྲུང་ཞེས་བཀའ་བསྒོ་བའི་ཆིངས་དེ་རྒྱུད་ལས་སོ། །འདིར་རྒྱས་པར་སྤྲོ་ན་མིག་སྨན་མེ་ལོང་མདའ་གཞུ་ལུང་བསྟན་པར་དབུགས་དབྱུང་གཟེངས་བསྟོད་སོགས་བྱས་ན་ཡང་ལེགས། འདིའི་གཞུང་ནས་མ་གསུངས་པས་མ་བྱས་ཀྱང་རུང་གསུངས་སོ། །དེ་ནས་ཡོན་ཕུལ་བའི་རྒྱུད་ལས། དེས་ཀྱང་མོས་པས་སྤྱི་བོས་ཕྱག་འཚལ་ཏེ། །ཅི་སྟེ་ནོར་ཡོད་བླ་མར་འབུལ་བར་བྱ། །ནོར་དང་གཏེར་དང་འབྲུ་དང་གསེར་དང་དབྱིག །བཞོན་དང་ཁྱིམ་


CMR023_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དོང་བུ་དང་བུ་མོ་དང་། །སྐྱེས་པ་གང་དང་བུད་མེད་གང་ན་ནི། །གྲོང་དང་གྲོང་ཁྱེར་དེ་ལྟར་ཅི་བཞེད་རྣམས། །རང་གི་ཡིད་ནི་རབ་ཏུ་དད་པ་ཡིས། །ཡོན་གྱི་མཆོག་ནི་འབུལ་བ་བྷཉིད་དུ་བྱ། །མྱུར་དུ་འགྲུབ་ཕྱིར་མོས་པས་བླ་མ་ལ། །མདོར་ན་རང་གི་ལུས་ཀྱང་འབུལ་བར་བྱ། །ཞེས་པས་མཎྜལ་འབུལ། འདི་ཉིད་དངོས་བསྟན་ལྟར་བསྡུས་ཏེ་བསྐུར་བའི་ཚུལ་ནི་ཐུན་མོང་རྣམས་དང་བཀའི་དབང་ཡན་ཆད་ཀྱི་ཚིགས་སུ་བཅད་པ་རྣམས་དོར་ནས་དབང་གི་དོན་ཡིད་ལ་དྲན་བཞིན་པས་སྔགས་གཅིག་པུས་དབང་བསྐུར་བར་བྱའོ། །ཞེས་མི་བསྐྱོད་ཞབས་ཀྱིས་གསུངས་སོ། །ཚེ་འདས་ལ་དབང་བསྐུར་དུས་གསོལ་གདབ་རྗེས་ཟློས་དང་མཎྜལ་སོགས་གཤིན་པོས་བྱེད་པར་བསམས་ལ། གཞན་ཡང་དབང་མི་བསྐུར་བར་ལམ་སྦྱངས་བསྟན་ཡང་རུང་བར་གསུངས་སོ། །འདོད་ཡོན་ནི་སྒྲོན་གསལ་ལས་སེམས་ཅན་ཐམས་ཅད་ཀྱིས་འདོད་ཅིང་དོན་དུ་གཉེར་བྱ་ཡིན་པས་ན་འདོད་པའོ། །སངས་རྒྱས་ཉིད་རབ་ཏུ་སྟེར་བའི་ཡོན་ཏན་དང་ལྡན་པས་ན་ཡོན་ཏེ། འདོད་པ་ཡང་ཡིན་ལ་ཡོན་ཏན་ཡང་ཡིན་པས་འདོད་པའི་ཡོན་ཏན་ནོ། །གཟུགས་སོགས་ལྔ་པོ་དེ་དག་དབང་པོ་ལྔའི་སྤྱོད་ཡུལ་དུ་གྱུར་པ་ལ། ལོངས་


CMR023_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཐམས་ཅད་དུ་བསྟེན་ཅིང་རྟག་ཏུ་བསླབ་པར་བྱའོ། །ཞེས་དང་། དེ་ཉིད་སྣང་བར། འདོད་པར་བྱ་བ་ཡིན་པས་ན་འདོད་པ་སྟེ། གཟུགས་སྒྲ་དྲི་རོ་རེག་བྱ་མངོན་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ནི་གོམས་ཤིང་འདྲེས་པར་བྱས་པས་ན་ཡོན་ཏན་ནོ། །ཞེས་གསུངས་པ་ལ། བཀའ་གསར་རྙིང་མཐའ་དག་གི་བར་དོའི་བཤད་པ་ཐམས་ཅད་ནས་བར་དོའི་སེམས་ཅན་རྣམས་ལ་ཟས་མ་བསྔོས་ན་ལྟར་མེད་བསྔོས་ན་ཐོབ་པར་བཤད་པས་གང་བསྔོས་ཐོབ་པས། མོའུ་འགལ་གྱིས་མ་དྲངས་པའི་ལོ་རྒྱུས་མདོ་ཉུང་བ་ལས། འཛམ་བུ་གླིང་དུ་མིང་དང་མཁན་ཆེན་ནོར་ནས་ཁྲིད་པ་རྣམས་བར་དོར་འདུག་དགོས་པར་བཤད་པ་དང་། ཐེག་དམན་ལུགས་ཚེ་ཚད་མ་ཚང་བར་དུ་བར་དོར་འདུག་དགོས་པར་བཤད། ཐེག་ཆེན་ལུགས་ཞེ་དགུ་ཕན་མི་སྡོད་པར་བཤད་པས་དེ་བར་ཟས་བསྔོས་ན་ཐོབ་ལ། འཕགས་པ་ཡོངས་སུ་སྐྱོབ་པའི་སྡེ་སྣོད་ཅེས་བྱ་བའི་མདོ་ལས། ད་ལྟར་གྱི་ཕ་མ་ནས་རབས་བདུན་ཚུན་ཆད་ཀྱི་ཕ་མ་ལ་དྲིན་ལན་བསག་འདོད་ན་སྟོན་ཟླ་ར་བའི་ཉ་ལ། རོ་བརྒྱ་དང་ལྡན་པའི་ཟས་རྣམས་ཀྱིས་སྣོད་བཀང་སྟེ་ཕྱོགས་བཅུའི་དགེ་འདུན་དང་སངས་རྒྱས་མཆོད་ན་


CMR023_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བཤད་པ་དང་། མོའུ་འགལ་གྱི་མ་ཡི་དྭགས་སུ་སྐྱེས་ནས་ཟས་གང་བྱིན་པ་དེ་མིད་པར་གྱུར་པ་ལ་ཡང་དེ་ལྟར་བྱས་པས་ཐར་ནས་ལྷར་སྐྱེས་ཕྱི་རབས་ལ་ཡང་དེ་ལྟར་བྱ་བར་གསུངས་སོ། །མོའུ་འགལ་མདོ་འཆང་བ་ལས། མོའུ་འགལ་གྱི་བུས་གསོལ་བ། བདག་འཛམ་བུ་གླིང་གི་སེམས་ཅན་གྱིས་ཕ་མ་འདས་པའི་དྲིན་བསལ་བའི་ཕྱིར། སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་གདུགས་ལ། དཀོན་མཆོག་གསུམ་སྤྱན་དྲངས་ལ་མེ་ཏོག་དང་ཞལ་ཟས་ཀྱིས་མཆོད་པ་ཕུལ་ཏེ་དེའི་བསོད་ནམས་ཀྱི་ཚོགས་ཀྱི་གང་ཟག་དེའི་ཉི་མ་གཞུང་པའི་ནང་དུ་ཟན་ཕུལ་ཏེ་འདས་པའི་ཕ་མ་ལ་བསྔོས་ན་ཟས་དེ་ཐམས་ཅད་ཐོབ་པར་འགྱུར་རོ། །དེའི་ཉི་མ་ལ་བསོད་ནམས་དེའི་ཚོགས་ཀྱིས་གཤིན་རྗེ་རྣམས་ས་འོག་གི་འདྲེ་གདོན་ཐམས་ཅད་རང་གི་ཁྱིམ་དུ་འགྲོ་བར་གནས་ཏེ། གསོན་མའམ་ཁྲིའམ་འོག་ཏུ་ལུས་སྦས་ནས་ཀུན་ཀྱང་ཟས་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཐམས་ཅད་ཐོབ་པར་བྱེད་པ་ཡང་མོའུ་འགལ་གྱི་བུ་ཁྱོད་ཀྱིས་སྲི་ཞུའི་བསོད་ནམས་ཚོགས་ཐོབ་པར་གྱུར་ཅིག །ཅེས་གསུངས་པ་དང་། སྔོན་རྒྱལ་པོ་ཁྲིའུ་སྲོང་གི་དུས་བོན་ལུགས་བང་སོ་མཆོད་པ་དང་། གཏད་


CMR023_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་རྣམས་དར་ཆེ་བས། བན་ལུགས་ལ་ཡང་དེ་དང་ཆ་འདྲ་བ་གཅིག་མེད་མ་བཏུབ་ནས། ལོ་པཎ་རྣམས་ཀྱིས་མདོ་རྒྱུད་ལས་བཏུས་པའི་དཀར་ཆོག་ཟས་གཏད་རྒྱས་པར་མཛད་དེ། དེ་ལས་བཏུས་པ་རྗེས་ནས་མང་ཉུང་དུ་མ་བྱུང་སྟེ། དེའི་ལོ་རྒྱུས་བསྡུ་ནི། སྔོན་དགའ་ལྡན་ཁྱེའུ་བསམ་དུ་མེད་པ་ཚེ་ལས་འདས་པ་ལ་ལྷ་ཚངས་པས་དྲི་མེད་ཀྱི་དོར་གྱི་ལྡིང་ཁང་ཕུབ་པ་ལྟར་བྱང་བུ་ལ་གདུགས་བྲིས་པ་དང་། རྒྱལ་སྲས་དྲི་མེད་གྲགས་པ་ལ་གདན་མེད་པ་ལ་ཉན་ཐོས་རྣམས་ཀྱིས་རྫུ་འཕྲུལ་གདན་བཏིང་བ་ལྟར་བྱང་གདན་ལ་པདྨ་བྲིས་པ་དང་། སྔོན་ཝཱ་རཱ་ཎ་སཱའི་རྒྱལ་ས་དགའ་འཛིན་དམྱལ་བར་ལྟུང་བ་ལ་གྲོགས་པོ་རྒྱལ་བུ་དོན་གྲུབ་ཀྱིས་ཟས་སྐོམ་བྱིན་པ་དང་། བྲམ་ཟེའི་བུ་མོ་ཡི་དྭགས་སུ་སྐྱེས་པ་ལ་སྲས་སྤྱན་རས་གཟིགས་ཀྱིས་ན་བཟའ་བྱིན་གྱིས་བརླབས་ཏེ་བྱིན་པ་ལྟར། བྱང་བུ་ལ་དར་སྣའི་པན་བྲིས་པ་དང་བྱང་བུར་དར་གྱིས་བཀབ་པའོ། །རྒྱལ་པོ་སྣང་གསལ་འོད་ཚེ་ལས་འདས་པ་ལ་སྲས་འཁོར་ལོ་སྟོང་ལྡན་གྱིས་ཟས་གཏད་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ཚེ་ལས་འདས་པ་ལ་བུ་མོ་སྣང་བའི་སྒྲོན་མས་ཟས་གཏད་པ་དང་། རྒྱལ་པོ་མ་སྐྱེས་དགྲ་ཚེ་ལས་འདས་པ་ལ་


CMR023_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བོ་ཤཱ་རིའི་བུས་ཟས་གཏད་པ་དང་། མོའུ་འགལ་གྱི་བུས་མ་ལ་བསོད་སྙོམས་ཀྱི་ཟས་དཀོན་མཆོག་ལ་བསྔོས་ཏེ་བྱིན་པས་ཡི་དྭགས་ལས་ཐར་བ་སོགས་ཀྱི་ལོ་རྒྱུས་ལྟར་ཟས་བསྔོ་བ་ནི། །ཚེ་འདས་ལྷར་བསྒོམས་པས་བགེགས་དང་བར་ཆད་མི་ནུས་དེ་མིན་ན་ཟ་འདྲེས་འཕྲོག་ཅེས་སློབ་དཔོན་གྱི་གསུང་རྒྱུན་ལས་ཐོས་ལ། གོང་དུ་དབང་བསྐུར་ན་ལྷར་བསྐྱེད་ཡོད་པས། དེས་ཆོག་ཅིང་ཁ་དོག་དབྱིབས་ལེགས་མ་འདི་འཇམ་དཔལ་ཡོན་ཏན་འབྱུང་བའི་ཆོ་གའི་རྒྱ་གཞུང་ལས་འབྱུང་སྟེ་འདིར་བཤམས་པ་དང་། ཕྱོགས་བཅུ་དུས་གསུམ་གྱི་འདོད་ཡོན་ཐམས་ཅད་ཚེ་འདས་རྡོར་སེམས་དབྱེར་མེད་ལ་བསྔོས་ལ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཡོད་པར་གསུངས་སོ། །གནས་སྐབས་བར་དོ་དེ་ཡང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་ཡིན་ལ། ཆེ་རབས་གཞན་དུ་ཡང་ལོངས་སྤྱོད་དང་ལྡན་པའི་རྟེན་འབྲེལ་ལ་ཡིན་གྱིས། རྡོ་རྗེ་རྣམ་འཇོམས་བཤད་རྒྱུད་སོགས་ནས་མཚུངས་ཟེར་བ་བཤད་པ་ནི། ཚེ་འདས་བླ་རྟགས་ཀྱི་བླ་དེས་ཚེ་འདས་ཀྱི་གཟུགས་བཟུང་ནས་གསོན་པོ་ལ་མགོན་བྱེད་ཅིང་ཡུལ་ལྷ་དང་བསྡོངས་ནས། དེ་མཆོད་ན་གསོན་པོ་བཀྲ་ཤིས་ཤིང་ཚེ་འདས་ལ་


CMR023_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་གནོད་ཅི་ཡང་མེད་ལ། བོན་ལུགས་ལས་བྱུང་བ་བང་སོ་ཞེས་རོ་དང་མཉམ་དུ་ནོར་རྫས་སྣ་ཚོགས་སྦས་ཏེ་དུས་སུ་མཆོད་ཅིང་། དེ་ཉིད་དུའམ་ལྟས་མཁན་གྱི་་ཉམས་རྨི་ལམ་དུ་ཚེ་འདས་ཀྱི་གཟུགས་ཀྱིས་ཟས་ཐོབ་མ་ཐོབ་སོགས་སྨྲས་ལ། ནོར་དེ་དག་གཞན་གྱིས་ཁྱེར་མི་བཏུབ་པ་དང་། མོ་མཆོད་ན་བཀྲ་མི་ཤིས་པར་བྱེད་པ་ནི་ཚེ་འདས་ཀྱི་རྣམ་ཤེས་མ་ཡིན། དྲི་ཟ་པེ་ཤ་ཙི་སོགས་ནག་ཕྱོགས་ཀྱི་ལྷ་འདྲེས་དེ་ལྟར་བྱེད་དོ། །དེ་ལྟར་མཆོད་ཀྱང་ཚེ་འདས་ལ་ཕན་པ་མེད་དོ། །ཚེ་འཕོ་བ་ཇི་ལྟར་འགྱུར་ཞེས་པའི་མདོ་ལས། གསོལ་པ་བཅོམ་ལྡན་འདས་དེ་ལྟར་ལགས་ན་ཚེ་འཕོས་པ་ལ་འདི་ནས་ཕན་འདོགས་པའི་བཟའ་བཏུང་དང་། བཞོན་པ་དང་གོས་རྒྱན་གཏད་པ་འདི་དག་དོན་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་ཚེ་འཕོས་པ་དེ་ལ་གང་སྤྱད་པའི་རྣམ་པར་སྨིན་པ་ལ་འགྲོ་བ་རིགས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ། མི་དགེ་བ་དང་མ་འདྲེས་པ་བསོད་ནམས་སུ་གྱུར་པ་ལས་དགེ་བ་སྣ་ཚོགས་པས་བཏང་ན་མཐོ་རིས་དང་ཐར་པ་ཡང་སྐྱེ་ལ། གལ་ཏེ་སྐྱེ་བ་བླངས་པ་ཞིག་ལ་བསོད་ནམས་སུ་གྱུར་པ་ལས་དགེ་བ་དག་གིས་


CMR023_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ན། སྐྱེ་བ་བླངས་པ་དེས་ནོར་རྙེད་པ་དང་། ལོ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བའི་ཕན་ཡོན་ཡོད་ཀྱི། ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཞན་གྱི་འཇིག་རྟེན་དུ་ཡོད་ན་བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་རྒྱན་དང་། བདག་པོ་བྱེད་པ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་གང་གིས་མཐོང་བ་དང་། ཕ་མ་ལ་སོགས་པའི་རྨི་ལམ་དུ་རྨིས་ཏེ། ཚེ་འཕོས་པ་ལ་བསྔོས་པའི་གཤིན་པོ་དེ་བཟའ་བཏུང་གིས་མགུའོ། །བཞོན་པ་ཞོན། །གོས་གྱོན་ནོ། །རྒྱན་ཐོགས་སོ་ཞེས་སྨྲ་ཞིང་། དེ་ལྟར་སྣང་བ་དང་། བཟའ་བཏུང་གིས་མ་མགུའོ། །བཞོན་པ་མེད་དོ། །གོས་མི་གྱོན་ནོ། །རྒྱུན་མི་འདོགས་པ་ཞེས་སྨྲ་ཞིང་༔ དེ་ལྟར་སྨྲ་བ་དག་གིས་དྲི་ཟ་འཆི་བའི་སེམས་ལ་ཉེ་བར་འཇུག་པ་དང་། མི་མ་ཡིན་པ་དེ་དག་གིས་དེ་ལྟར་སྣང་བར་བྱེད་པ་ཡོད་དོ། །ཞེས་གསུངས་སོ། །དེས་ཆོས་མ་དར་བའི་ཡུལ་དུ་བང་སོ་མཆོད་པ་དང་། བོན་ལུགས་གཏད་ཡར་བྱ་རུ་བཅིངས་བ་དང་། ཕ་མཚུན་མཆོད་པ་སོགས། ཚེ་འདས་ལ་མི་ཕན་ཅིང་། ཚེ་འདས་ལྷའི་ངོ་བོར་བྱོན་ནས་འདོད་


CMR023_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་མཆོད་པས། གནས་སྐབས་ཁྱེད་སྙིང་ཕྲུ་བ་ལ་ཆགས་པ་ལྟར་འདོད་ཡོན་ཟས་ལ་ཆགས་ནས་ཞིང་ཁམས་སུ་མི་འགྲོ་བའི་གེགས་བསལ་ཞིང་། སྐྱེ་བ་གཞན་དུ་ལོངས་སྤྱོད་དང་ལྡན་པའི་རྟེན་འབྲེལ་བསྒྲིགས་པ་གཉིས་ཁྱད་པར་ཤེས་པར་བྱའོ། །གལ་ཏེ་སྐྱེ་བ་དམྱལ་བ་ཡི་དྭགས་སོགས་སུ་བླངས་ཚར་ན་ཟས་ཐོབ་རྒྱུ་ཡོད་ཅིང་། མི་དང་དུད་འགྲོ་སོགས་སུ་སྐྱེས་ཟིན་ན་ཡང་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་དུ་འགྱུར་བ་སྔ་མའི་ལུང་དེ་དག་གིས་གྲུབ་བོ། །འདིར་ཁ་ཅིག་རྣམ་ཤེས་སྤར་ནས་མ་བསྲེགས་ན་ལྷ་བསྲེགས་པའི་ཉེས་པ་འོང་ཟེར་ཡང་། དེ་ལྟར་ན་གསོན་ཅིག་སོགས་དོན་མེད་པ་དང་། སྦྱིན་སྲེག་དུས་ཀྱང་ལྷ་བསྲེགས་པར་འགྱུར་བ་དང་། རྣམ་ཤེས་མེད་ན་ཕུང་པོ་ལྔ་མི་ཚང་ལ། རོ་ལ་ཡང་རྣམ་ཤེས་འགུགས་དགོས་པས། སྒྲིབ་པ་རྣམ་ཤེས་རྗེས་འབྲེལ་ཡིན་པའི་ཕྱིར་མེ་སྦར་ཚིག་འདི་འཇམ་དཔལ་ཡོན་ཏན་འབྱུང་བའི་ཆོ་ག་དང་ནག་པོའི་རོ་སྲེག་ཆོ་ག་ནས་འབྱུང་སྟེ། དེའི་ཕུང་ཁམས་སྐྱེ་མཆེད་ཀྱི་མ་དག་པའི་ཆ་བསྲེགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམ་སྟེ་ཚིག་དེ་དག་གོ་སླ་ལ། ཚེ་འདས་དེའི་ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་བག་


CMR023_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ལྟ་བའི་ངང་ནས་གཟུགས་མེད་སོགས་བརྗོད་ལ་བསྲེགས་པ་ནི། དོན་དམ་པའི་སྦྱིན་སྲེག་ཡིན་ནོ། །ལམ་སྦྱོང་བའི་ཚིག་འདི་གཙུག་དགུའི་རྒྱུད་ལས་འབྱུང་སྟེ་ལམ་ལྔ་བསྟན་ནས་འདི་ལྟར་སྡིག་པ་སྦྱངས་ཤིང་ཞེས་གདམས་ངག་འབོགས་པ་ལྟ་བུ་ཡིན་ལ། ཡང་ན་འཆི་བ་དེ་ཆོས་སྐུར་བར་དོ་ལོངས་སྐུར་ངོ་སྤྱོད་པས་ལམ་ལྔ་ཚང་བར་ངོ་སྤྱོད་པ་ནི། ཚོགས་ལམ་རྨི་ལམ་ལྟ་བུ་སྟེ། གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་གློག་ཏུ་ཁྱོད་ཀྱིས་མཐོང་། །བཞི་པ་མར་མེ་ལྟ་བུ་སྟེ། །ལྔ་པ་ཐམས་ཅད་སྟོང་པ་སྟེ། །སངས་རྒྱས་པ་ཉིད་འདི་ཡིན་ཏེ། །སྲིད་པ་བར་དོ་འདི་ཉིད་དུ། །ཁྱོད་ཀྱི་ལམ་ལྔ་མཐར་ཕྱིན་པས། །ཕུང་པོ་ལྔ་ཉིད་སངས་རྒྱས་ལྔ། །ཉོན་མོངས་ལྔ་ནི་མཁའ་འགྲོ་ལྔ། རྣམ་ཤེས་བརྒྱད་ནི་ཡེ་ཤེས་ལྔ། །འབྱུང་བ་བཞི་ནི་ལྷ་མོ་བཞི། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་ཡང་བསྐོར་ཏེ། །འཁོར་བ་མྱ་ངན་འདས་པར་འགྱུར། ཞེས་གཞུང་བུམ་པ་ནས་གསུངས་སོ། །སྦྱོང་རྒྱུད་གཙུག་དགུ་གཉིས་ཀ་ནས་བསང་སྦྱངས་སྔགས་གསུངས་ཏེ། ཨོ་དཀོན་མཆོག་རིན་ཆེན་རིན་ཆེན་ཆེ། །རིན་ཆེན་ལས་བྱུང་རིན་ཆེན་


CMR023_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འོད། །རིན་ཆེན་ཕྲེང་བ་རྣམ་དག་པ། །སྡིག་པ་ཐམས་ཅད་སྦྱོང་བར་གྱིས། །བྲལ་བར་གྱིས། །ཞེས་གསུངས་སོ། །ལམ་བསྟན་གྱི་སྔགས་ཀྱང་རྒྱུད་ལས་ཏེ། ། ཨོ་པདྨར་པདྨ་ལས་བྱུང་བའི། །བདེ་བ་ཅན་དུ་འགྲོ་བར་ཤོག །ཅེས་པ་སྟེ། ལམ་སྦྱངས་བའི་སྔགས་ཀྱིས་ནི། མེ་ཏོག་ཆར་ནི་དབབ་པར་བྱ། །ཞེས་གསུངས་སོ། །འདིར་རྣམ་ཤེས་སྤར་ལུགས་བླ་མེད་སོགས་སུ་མི་འདྲ་བ་མང་དུ་ཡོད་ཀྱང་། རྣལ་འབྱོར་རྒྱུད་རང་ལུགས་ལ་བདག་གི་སྣ་བུག་ནས་རླུང་ཞིག་དྲག་ཏུ་བུས་པས་བར་དོའི་ཡིད་ཀྱི་ལུས་དེ་ལུས་སེམས་དང་བྲལ་ནས། རྣམ་ཤེས་ཨ་ཐུང་གི་ཚུལ་དུ་རྒྱང་ནས་ཐོན་པའི་འོག་ཏུ་ཟླ་དཀྱིལ་གཅིག་བསམ། ཡང་རླུང་གཅིག་བུས་ཟླ་བ་རླུང་གིས་བཏེགས་ནས་བར་སྣང་ལ་གནས། ཡང་རླུང་ཞིག་བུས་པས་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་ཟེར་འཕྲོས་པས་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྦྱངས། ཡང་རླུང་ཞིག་བུས་པས་ཨ་ཟླ་བ་རླུང་གིས་བཏེགས་ནས་གཙོ་བོའི་ཐུགས་ཀར་ཐིམ། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་དབྱེར་མེད་པར་བྱས་པ་ཆོས་སྐུར་སངས་རྒྱས་པར་བསྒོམ་མོ། །ཡང་རླུང་ཞིག་བུས་པས་ཐུགས་རྒྱུད་བསྐུལ་ཏེ་ཆོས་སྐུ་སྤྲོས་པ་མེད་


CMR023_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་ཐུགས་རྗེ་ཆེན་པོ་གཟུགས་ཀྱི་སྐུར་བཞེངས་ནས། གཙོ་བོའི་སྐུ་ཆུང་ལ་ཡན་ལག་དོད་པ་གཅིག་ཏུ་གྱུར་ནས་གཙོ་བོའི་གཡོན་ཕྱོགས་སུ་བཞུགས་ཏེ། བདེ་བ་ཅན་དུ་ལམ་བསྟན་ཏེ། བྱ་ངང་པའི་རྒྱལ་པོ་རླུང་གི་ཤུགས་ལྟར་ལག་པ་བརྐྱང་བསྐུམ་ལ་ཞིང་དེར་སོང་ནས་བརྫུས་ཏེ་སྐྱེ་བར་བསྒོམ་པ་སོགས་གཞུང་ལྟར་རོ། །དམིགས་རིམ་འདི་རྒྱལ་བ་ཡང་དགོན་པའི་གསུངས་ལྟར་ཏེ། རྗེ་བརྒྱད་པའི་ཊི་ཀ་ལས་གཞུང་དོན་ཇི་ལྟ་བ་ལྟར་ལྷག་པས་མ་གསུངས་སོ། །ལམ་ཞིང་དེར་བསྟན་པ་ནི་སྐྱེ་སླ་བ་སོགས་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་ཞིང་། མ་གཅིག་ལབ་སྒྲོན་གྱིས་མངོན་དགའ་སོགས་དག་པའི་ཞིང་ཁམས་སུ་ས་དང་པོ་མ་ཐོབ་པ་སྐྱེ་མི་སྲིད་པ་དང་། འཐུག་པོ་བཀོད་སོགས་ཞིང་ཁམས་ཆེན་པོ་རྣམས་སུ་ས་བརྒྱད་པ་མ་གཏོགས་མི་སྐྱེ་བ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དགའ་ལྡན་སོགས་ཞིང་ཁམས་ཆུང་ངུ་རྣམས་སུ་སྐྱེ་རུང་ཙམ་ཡིན་ཀྱང་། སླར་མི་ལྟུང་བའི་ངེས་པ་མེད་གསུངས་སོ། །བདེ་བ་ཅན་དུ་ནི་དམ་པའི་ཆོས་སྤངས་པ་དང་མཚམས་མེད་པ་ལྔ་བྱས་པ་མ་གཏོགས་པའི་སེམས་ཅན་སུ་ཡང་རུང་བ་བསོད་ནམས་བསགས་ཤིང་དེར་སྨོན་ལམ་བཏབ་པས་སྐྱེ་བ་འོད་དཔག་མེད་ཀྱི་སྨོན་ལམ་


CMR023_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁྱད་པར་ཡིན་པ་འོད་དཔག་མདོ་ལས་གསུངས་ཤིང་། ཞིང་དེར་སྐྱེས་ནས་སེམས་ཅན་གྱི་དོན་དུ་བསམ་ཞིང་འབྱོན་ནས་མ་གཏོགས་འཁོར་བར་མི་ལྟུང་། སངས་རྒྱས་ཀྱི་ཞིང་གཞན་ཐམས་ཅད་རྫུ་འཕྲུལ་གྱིས་བསྒྲོད་ནུས་པ་དང་། སྡུག་བསྔལ་མེད་ཅིང་བདེ་བ་ཕུན་སུམ་ཚོགས་ལ་ཚེ་དཔག་ཏུ་མེད་པ་དང་ཚེ་འཕོས་མ་ཐག་ནས་སངས་རྒྱས་པ་སོགས་ཕན་ཡོན་ཆེ་ཕྱིར་རྣམ་སྣང་གི་ཞིང་དུ་ལམ་མི་སྟོན་པར་བདེ་བ་ཅན་དུ་སྟོན་པའི་རྒྱུ་མཚན་དེ་ལྟར་རོ། །རྒྱུད་ལས་ཀྱང་བདེ་བའི་ལམ་བསྟན་པར་བགྱིའོ། །ཞེས་གསུངས་སོ། །སྔོན་ལྷའི་བུ་ནོར་བུ་དྲི་མེད་ངན་སོང་ལས་གྲོལ་ནས་དྲིན་ལན་མཆོད་པ་དང་ཆེད་དུ་བརྗོད་པ་བྱས་པའི་ལོ་རྒྱུས་དང་མཚུངས་པར་འདིར་ཡང་དྲིན་ལན་མཆོད་པ་རྒྱ་ཆེར་གསུངས་པ་དང་། ཆེད་དུ་བརྗོད་ཚིག་རྒྱུད་འགའ་རེ་ཞིག་ནས་གསུངས་སོ། །རྗེས་མཆོད་བསྟོད། རྣམ་པར་སྣང་མཛད་རིགས་བཞི་ཡུམ་དང་བཅས། །སེམས་དཔའ་བཅུ་དྲུག་མཆེད་བརྒྱད་སྒོ་བ་བཞི། །སྐལ་བཟང་དཔེ་བྲལ་ཉན་རང་ཁྲོ་བོའི་ཚོགས། །ཕྱིའི་འཁོར་ཡུག་ལ་གནས་ཕྱག་འཚལ་བསྟོད། །བསྟོད་པ་འདི་སྦྱར་བ་སློབ་དཔོན་རྣམས་ཀྱི་གསུང་རྒྱུན་མཐོང་བ་བརྒྱུད་པ་ཡིན་ནོ། །


CMR023_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་བྱས། གོང་དུ་རྒྱས་འདེབས་བྱས་ན་འདིར་དམ་རྒྱུ་འཆིང་ཞིང་བཛྲ་མུདང་སེ་གོལ་གྱིས་དཀྲོལ། བསྡུ་ན་རྡོ་རྗེ་ཁུ་ཚུར་གྱིས་དམ་རྒྱ་དཀྲོལ་ཞིང་གཤེགས་གསོལ་བྱས་པ་ཙམ་གྱིས་ཆོག་གསུངས་སོ། །གཙུག་དགུའི་རྒྱུད་ལས། དྲིལ་བུ་བཀྲོལ་ཞིང་རྣམ་པར་སྣང་མཛད་ལ་བསྐོར་བ་ལན་བདུན་བྱས་ཏེ་ལྷག་ཆད་ཀྱི་ཉེས་པ་བྱང་བའི་ཕྱིར་ཞེས་གསུངས་པས། ཡིག་བརྒྱ་བརྗོད་ཅིང་བསྐོར་བ་ལན་བདུན་བྱས་པར་བསམ། ཆད་ལྷག་བཟོད་གསོལ་ཚིག་འདི་མངོན་བརྗོད་བླ་མེད་རྒྱུད་ལས་གསུངས་ལ། གཤེགས་གསོལ་གྱི་ཚིག་འདི་དེ་ཉིད་འདུས་པར་གསུངས་ཏེ། སངས་རྒྱས་ཀྱི་ཡུལ་ནི་ཆོས་ཀྱི་དབྱིངས་དང་སེམས་ཅན་དོན་ཡིན་ལ་གཞན་གོ་བར་ཟད་དོ། །ཡེ་ཤེས་པ་གཤེགས་ནས་དམ་ཚིག་རང་གིས་སྤོས་པ་ཡིན་ཕྱིར་རང་ལ་བསྡུ་བའོ། །གདོད་ནས་མ་སྐྱེས་པའི་དོན་དྲན་པའི་ཨ་ཀཱ་རོས་རྡུལ་ཚོན་ཕྱག །རས་བྲིས་ཡིན་ན་བརྟན་བཞུགས་བྱའོ། །བཀྲ་ཤིས་སྟོན་མཆོག་དམ་པ་སོགས་སྟོང་ཆེན་རབ་འཇོམས་ནས་གསུངས་སོ། །འདིར་སེམས་དཔའ་བཞིས་སྲུང་བར་བཤད་ཀྱང་། ཁམས་གསུམ་རྣམ་རྒྱལ་གྱི་སྔགས་རྒྱས་སྲུང་བ་ཕྱག་ལེན་ནོ། །ཞེས་རིག་པའི་རལ་གྲིས་གསུངས་སོ། །གསང་བ་


CMR023_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་རྒྱུད་ལས། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་བརླབས་བར་བསྡུ། །ཉི་མ་ཤར་བར་མ་གྱུར་བར། །མཆོད་ནས་གཤེགས་སུ་གསོལ་བར་ཤིས། །ཞེས་པ་འདི་ས་སྐྱ་པས་བླ་མེད་རྒྱུད་ཚུན་ཆད་ལ་ངེས་པར་མཐའ་གཅིག་ཏུ་བྱེད་ཅིང་། གསང་སྔགས་རྙིང་མ་བས་སྒྲུབ་པ་མ་ཚར་བར་མདུན་བསྐྱེད་མི་གཤེགས་པ་ལུགས་འདི་བླ་མེད་ཐམས་ཅད་ལ་འཐད་པར་མི་བསྐྱོད་ཞབས་ཀྱིས་བཞེད་ཅིང་། རྣལ་འབྱོར་རྒྱུད་ལ་ཚར་གཅིག་གི་རྗེས་ཡེ་ཤེས་པ་གཤེགས་པ་ལེགས་གསུངས་ཤིང་སྒྲུབ་མཆོད་སྦྲེལ་མ་ལ་མདུན་བསྐྱེད་གཤེགས་བསྡུ་མི་བྱ་བར་བརྟན་བཞུགས་བྱས་ལ། ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་གོང་དུ་སློང་བའི་སྔགས་རྒྱས་དཀྱིལ་འཁོར་ནམ་མཁར་བཏེགས་ལ་མདུན་བསྐྱེད་སྒྲུབ་སྟེ་ནམ་མཁའི་དཀྱིལ་འཁོར་སླར་དགུག་གཞུག་བྱ་བ་རྡོར་དབྱིངས་དང་མཐུན་ལ། བུ་སྟོན་གྱིས་སྐུ་ཚེའི་སྟོད་ལ་རྗེས་ཆོག་སྐབས་སུ་ནམ་མཁར་དཀྱིལ་འཁོར་བཏེགས་པ་ལ། སྐུ་ཚེ་སྨད་དུ་ཤར་ནུབ་བཏེག་པས་དཀྱིལ་འཁོར་བཀྲག་ཉམས་པར་འདུག་པའི་ནང་པར་རྡུལ་ཚོན་བསྒྲུབ་པའི་གོང་དུ་བཏེགས་ནས་མདུན་བསྐྱེད་སྒྲུབ་རྗེས་བསྟིམ་པར་མཛད་ཅིང་། འདི་གང་བྱས་ཀྱང་མི་འཐད་པ་མེད་དེ་བུ་སྟོན་


CMR023_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འདི་ལ་ཡིད་ཆེས་པའི་བྱང་ཆུབ་པའི་སློབ་དཔོན་ཡིན་པའི་ཕྱིར་རོ། །ཞེས་མི་བསྐྱོད་ཞབས་ཀྱིས་གསུངས་ཤིང་། ཡང་མདུན་བསྐྱེད་དཀྱིལ་འཁོར་ནམ་མཁར་མི་བཏེག་པར་བསངས་སྦྱངས་བྱས་ཏེ། མདུན་བསྐྱེད་སྒྲུབ་ཀྱང་རུང་གསུངས་སོ། །ངོར་པས་དབང་བཞི་སྐབས་འདིར་མདུན་བསྐྱེད་གཤེགས་པ་མི་འཐད་ཚུལ་མང་དུ་སྨྲས་ཀྱང་། རས་བྲིས་དཀྱིལ་འཁོར་ལ་ས་ལུགས་སོགས་ཁ་ཅིག་སྟ་གོན་བྱེད་ལ། རས་བྲིས་ཀྱི་མདུན་བསྐྱེད་གཤེགས་གསོལ་བྱས་ལ་སྔར་གྱི་རབ་གནས་ཀྱིས་ཡེ་ཤེས་འདི་གཤེགས་པར་མི་འགྱུར་བར་བཞེད་དོ། །འདི་སྐབས་སུ་རྩོད་རིགས་མང་དུ་བྱུང་ཡང་རུང་། ཧ་ཅང་གལ་ཆེ་བར་མི་འདུག་པས་སྤྲོས་པ་སྐྱུང་སྟེ། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་གའི་འཕྲོས་པ་ཡན་ལག་གི་རྒྱུད་ཀྱི་དཀྱིལ་འཁོར་མཐའ་དག་གི་ཕྱོགས་མཐོང་བར་འགྱུར། ཞེས་གསུངས་སོ། །དེ་ལ་དེ་ལྟར་མཚན་ཉིད་ཀྱི་གྲྭ་ས་འགའ་ཞིག་ཏུ་མཚན་ཉིད་ཀྱི་སློབ་གཉེར་ལ་བློ་འཇུག་དགོས་ཕྱིར་ཆོ་ག་དང་ཉམས་ལེན་གྱི་དཔེ་ལྟ་དབང་མེད་པར་དཔེ་སྡུད་པའི་སྲོལ་ལྟར་རོ། །ཆོ་ག་ལ་སོགས་ལ་ངན་པ་ལྟར་བརྗོད་སྲོལ་དར་བ་ནི། ཆོ་ག་ནི་ཉེ་བར་མཁོ་བས་ནུབ་དོགས་མེད་ལ། མཚན་ཉིད་ནི་


CMR023_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཞིང་ཉེ་བར་མི་མཁོ་བས་ནུབ་དོགས་ལ། དེ་ནུབ་ན་སངས་རྒྱས་བསྟན་པའི་གཞུང་ཆེན་པོ་ཡིན་པས་མི་རུང་བ་ལ་དགོངས་པ་ཡིན་ཀྱང་། དེའི་དགོངས་དོན་མ་རྟོགས་པར་ཀུན་རིག་བཟུང་བ་དང་ཤ་ཁྱི་གསོས་པ་དང་འདྲ། དྲིལ་བུའི་སྒྲ་ཐོས་ཚད་དམྱལ་བར་འགྲོ་ཟེར་བ་བབ་ཅོལ་དུ་སྨྲ་བ་ནི། ཀྱེ་མ་ཆོས་སྤང་ཆེན་པོར་འགྲོ་བ་ཇི་ལྟར་འགྱུར་སྙམ་དུ་ཡང་ཡང་བསམ་པས་རྗེས་ཟློས་ཀྱང་མི་བྱའོ། །ཡང་ལ་ལ་ངག་འཁྱལ་རྒྱུན་ལ། རྗེ་མི་བསྐྱོད་རྡོ་རྗེ་ཡར་འབྲོག་ལ་ཕེབས་དུས། ཆིབ་ཆུང་བས་ཞུས་ནས་ཉ་པ་འདི་དག་ཐར་དུས་ཨི་ཡོད་ཞུས་པ་ལ། འདི་བས་གྲོང་ཆོག་མཁན་ཡང་ཐར་དུས་ཡོད་གསུངས། ཟེར་བའི་ངག་རྒྱུན་སྨྲ་མོད་ཀྱང་། དེ་ལྟ་བུའི་གསུང་དེ་རྣམ་ཐར་དང་། གསུང་འབུམ་དང་གསུང་སྒྲོས་ཀྱི་ཟིན་བྲིས་གང་ལ་ཡང་མི་སྣང་བས། དེ་ལྟར་གསུངས་པའི་ངེས་པ་མེད་ལ། གལ་ཏེ་གསུངས་ན་ཡང་གསུངས་པའི་དྲུང་སྐོར་དེ་གྲོང་ཆོག་གི་རློམ་སེམས་དྲག་པོ་དེ་འགོགས་པའི་ཆེད་དམ་ཆོ་ག་ཚུལ་བཞིན་མ་བྱས་པ་དང་། དམ་ཚིག་སྡོམ་པ་མེད་པར་ཡོད་པ་ལྟར་འཆོས་ནས་དཀོར་ཟ་བ་དང་། དབང་མ་ཐོབ་པ་དང་། བསྙེན་པ་མ་བྱས་པ་དང་། སྔགས་ཕྱག་རྒྱ་ཏིང་ངེ་


CMR023_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྣམས་མ་ཚང་བར་གཞན་བསླུ་བ་ལ་དགོངས་པ་ཡིན་གྱི། ཆོ་ག་རྣམས་ལ་བཀའ་བཀྱོན་པ་ག་ལ་ཡིན། དེ་ཡིན་ན་རྗེ་ཉིད་ཀྱིས་སྡིག་རྩ་བཙུགས་པར་མི་འགྱུར་རམ། ཀུན་རིག་གི་མཇུག་ཏུ་རྗེ་མི་བསྐྱོད་ཞབས་ཉིད་ཀྱིས་བླ་རབས་དང་ཡབ་ཡུམ་འབྲེལ་ཐོགས་ཐམས་ཅད་ཀྱི་དོན་དུ་བསྔོ་སྦྱོང་མཛད་པ་ལ་བསམ་པར་བྱའོ། །དེ་བཞིན་དུ་རྗེ་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་བས་ཀྱང་གྲོང་ཆོག་པ་ལ་བཀའ་བཀྱོན་མང་དུ་གསུངས་པ་ནི། རྗེ་མི་ལ་ལྟར་ཚེ་འདི་བློས་བཏང་། ལྟོ་གོས་ལ་གྱོང་བསྐུར་ན་ཚེ་གཅིག་ལུས་གཅིག་སངས་རྒྱས་སྒྲུབ་རྒྱུ་འདི་སྐྱུར་ནས་གྲོང་ཆོག་གིས་ཁ་སྣུམ་བརྡའ་བ་འཕོང་གསུངས་ནས། བཀའ་བཀྱོན་པ་ཡིན་གྱི། ཀུན་རིག་ཆོས་མིན་གསུངས་པ་མིན་པའི་ཕྱིར་ཉིད་ཀྱི་བྱང་བུ་མཛད་ཚད་ཆོ་ག་འདིའི་སྒོ་ནས་མཛད་དེ་བྱང་བུ་མང་དུ་བསོགས་ནས་བཞུ་སྟེ། ཀུན་རིག་འདིའི་ང་ལ་རབ་བུ་བཀྱག་མི་གཅིག་ཀྱང་མེད་དེ་མཚར་གསུངས་སྐད། དུས་ཕྱིས་ཀྱི་རྗེ་བཙུན་སྒམ་པོ་པ་གཉིས་པ་འབྲུག་ཆེན་ཀརྨ་བསྟན་འཕེལ་གྱིས་སྒོམ་སྡེར་ཕེབས་དུས་ཁྲོམ་ལ་ཀུན་རིག་སྟོང་ཆོག་མི་བྱེད་པའི་ཁས་ལེན་བྱེད་མི་ཨེ་ཡོད་གསུངས་ཟེར་བ་ནི། འབྲོག་པའི་སྟོང་ཆོག་རེར་སྲོག་གཅོད་ཉི་ཤུ་སུམ་ཅུ་ཙམ་


CMR023_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། དེ་ལྟ་བུའི་དགེ་བ་དེ་ཚེ་འདས་ལ་མི་ཐོབ་པར་སྡིག་པ་དེ་ཐོབ། ཆོ་གའི་དགེ་བ་དེ་བཤས་བྱས་པའི་སྲོག་ཆགས་དེ་ལ་ཐོབ་པར་བཤད་པ་ལ་དགོངས་ནས། བཤས་མི་བྱེད་པར་ཀར་གྲོའི་ངོས་ནས་ཆོ་ག་རྣམ་དག་ཅིག་བྱེད་མི་བྱུང་ན་དགོངས་པ་ཡིན་པ་ལ། དེ་ཡི་དྲུག་པས་མེ་ལྷ་བཏང་ལུགས་མ་ཤེས་པས་དེ་ཕྱིས་སྟོང་ཆོག་གི་དར་སྲོལ་ཆུང་དུ་སོང་འདུག་པ་ནི་བསྟན་པ་དང་སེམས་ཅན་ལ་ཤིན་ཏུ་གནོད་པར་བྱུང་འདུག་གོ །ཕ་དམ་པས་ཁྱིམ་པའི་ར་ཚང་ནང་དཀྱིལ་འཁོར་ཁྲ་ལྟེམ་མེ་བཞེངས་ནས་ཤིན་ཏུ་གཉན་པ་སྐད་གསུངས་པ་སོགས། དེ་བཞིན་དུ་རྗེ་སངས་རྒྱས་དབོན་གྱིས། ར་ཚང་ནང་ན་དཀྱིལ་འཁོར་བཞེངས། །རྡོ་རྗེ་འཆང་ལ་སྙིང་རེ་ཚིམས། །ཞེས་གསུངས་པ་ཡང་གསང་སྔགས་ནི་དབེན་པའི་གནས་སུ་ཉམས་སུ་ལེན་རྒྱུ་ལ། གྲོང་ནག་ཏུ་བཞེངས་པ་ཤིན་ཏུ་འཕངས་པ་ཞེས་གསུངས་པའི་དོན་ཡིན་གྱིས། ཆོ་ག་འདི་དག་ཆོས་མིན་གསུངས་པ་མིན་ནོ། །དེ་བཞིན་དུ་ཁྲིད་འཛུགས་པའི་བླ་མ་མང་པོས་གྲོང་ཆོག་པ་ལ་བཀའ་བཀྱོན་པ་ནི། དཔེར་ན་ཀུན་རིག་ཤེས་ན་ཡང་དེ་རང་དོན་དང་པོ་ཉམས་ལེན་རྟགས་ཐོན་པར་བྱེད་དགོས། དེ་བྱེད་པ་ལ་ཚེ་བློས་


CMR023_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ནས་སྒྲུབ་པ་བྱེད་དགོས། དེ་མི་བྱེད་པར་གཞན་དོན་ལྟར་སྣང་ཟས་ནོར་ལ་དམིགས་ནས་གསང་སྔགས་ཟོང་དུ་འཚོང་པ་འདི་ཕངས་གསུངས་པ་ཡིན་གྱི། ཀུན་རིག་འདི་ཆོས་མ་ཡིན་གསུངས་པ་མ་ཡིན་ཀྱང་། དེ་ལ་གོ་བར་ལོག་པར་གོ་ནས་གྲོང་ཆོག་པ་ལ་བཙོག་ལྟ་བར་བྱེད་པ་འདི་ནི་མི་རུང་སྟེ་ཆོས་སྤང་གི་ལས་སོ། །ཡང་བླ་མ་དམ་པ་རྣམས་དགོངས་ཞག་བཟུང་བ་ལ་བཀའ་བཀྱོན་པ་ནི། བར་དོ་ཐོས་གྲོལ་ཆེན་པོ་སོགས་ནས་ཆོ་ག་ཚུལ་ཁྲིམས་མི་གཙང་བ་དང་། སེམས་ཉོན་མོངས་པ་དང་འདྲེས་པ་དང་། ཟས་ནོར་ལ་རློམ་སེམས་བྱེད་པ་དང་། ཆོ་ག་མ་དག་པ་དང་། ཏིང་ངེ་འཛིན་མི་གསལ་བ་དང་། དེ་རྣམས་ཚེ་འདས་དེས་ལས་དབང་གིས་མངོན་ཤེས་ཕྲའུས་མཐོང་ནས། ཀྱེ་མ་འདིས་བདག་བསླུས་སོ། །ཟས་ནོར་འཕྲོ་བརླག་གོ་སྙམ་དུ་ཞེ་སྡང་སྐྱེས་ནས་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་གསུངས་པ་ལ་དགོངས་པ་ཡིན་གྱི། སྡོམ་པ་དང་ལྡན་ཞིང་ཆོ་ག་རྣམ་པར་དག་པ་ལ་སེམས་བསྐྱེད་བཟང་པོ་ཏིང་ངེ་འཛིན་གསལ་ཅིང་བསྙེན་པ་ཐོན་པས། དགོངས་ཞག་བཟུང་ན་ཕན་ཡོན་ཆེ་སྟེ། ཚེ་འདས་ངན་སོང་ལ་འགྲོ་རྒྱུ་ཡང་མཐོ་རིས་སུ་སྐྱེ་བར་གསུངས་ལ། དེར་སྐྱེས་ན་འགྲོ་དོན་


CMR023_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། སེམས་ཅན་གྱི་དོན་འགྲུབ་ན་སངས་རྒྱས་མཉེས། སངས་རྒྱས་མཉེས་པ་དང་སེམས་ཅན་བདེ་བ་ལ་བཀོད་ནུས་ན་རང་གི་ཚོགས་བསགས་སྒྲིབ་སྦྱོང་ཡང་དེ་བས་ལྷག་མེད་པས་དགོངས་ཞག་དོན་གཉིས་ལྷུན་གྱིས་གྲུབ། ཟས་ནོར་བྱུང་བ་ཁ་ལྷག་ཡིན་ཏེ། གྲོང་ཆོག་གཞན་ཡང་དེས་རིགས་འགྲེས་ཏེ། སྟོང་ཆོག་ལ་བརྟེན་ནས་རང་གཞན་གྱི་དོན་།གཉིས་ཕུན་སུམ་ཚོགས་པ་ཨེ་ཡོང་དང་། རང་ངན་སོང་དུ་འགྲོ། སྦྱིན་བདག་གི་དངོས་པོ་ཆུད་ཨེ་གསན་གཉིས་རང་ལ་རགས་ལས་ཀྱི་ཀུན་རིག་གི་ཆོ་གས་ལན་པ་མིན་པས་གོ་བར་བྱའོ། །འདིའི་དོན་མ་གོ་བར་ད་ལྟ་མཁས་བླུན་ཕལ་ཆེར་གྱིས་དགོངས་ཞག་མང་དུ་བཟུང་ན་བཙོག་ལྟ་བ་ཆོས་སྤང་གི་ལས་ཚབས་ཆེན་པོ་བསག་ཅིང་ཚེ་འདས་ལ་དགོངས་ཞག་མ་བཟུང་ན་ཐབས་ཆག་པར་གལ་ཆེན་དུ་བྱེད་པ་ཡང་རང་ཚིག་དང་འགལ་ཏེ་བཞད་གད་ཀྱི་གནས་ཏེ། དགོངས་ཞག་ལ་ཉེས་པ་དེ་ཙམ་ཡོད་ན་ཚེ་འདས་ཀྱི་རྗེས་ལ་སྡིག་པ་དེ་བསགས་ནས་ཅི་བྱེད། གལ་ཏེ་དགོངས་ཞག་དེ་ལ་བསོད་ནམས་ཡོད་ན་ནི་བསོད་ནམས་མང་དུ་བསགས་པ་ལ་འཕྱ་བ་དང་བཙོག་ལྟ་བྱེད་པ་སྨོན་པའི་སྤྱོད་ཚུལ་ལོ། །གལ་ཏེ་ཆོ་གའི་བསོད་ནམས་ཚེ་འདས་ཀྱིས་


CMR023_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ལ་དགོངས་ཞག་ལ་དཀོར་སྒྲིབ་ཡོད་སྙམ་ན། དེ་ལྟ་བུའི་བསོད་ནམས་ཀྱི་ཚོགས་དེ་དངོས་པོ་རྗེ་ཚོང་བྱས་པ་ལྟ་བུ་ག་ལ་ཡིན། ཆོ་ག་འདོན་མཁན་དེ་ལ་ཆོ་ག་བགྱིས་པས་ཕན་ཡོན་ཡོད་ལ། ཆོ་ག་འདོན་བཅུག་མཁན་དེ་ལ་བགྱིད་དུ་བསྩལ་བའི་ཕན་ཡོན་ཡོད་དེ། ཚེ་འདས་ལ་བགྱིད་དུ་བསྩལ་བའི་ཕན་ཡོན་ཐོབ་སྟེ། དེའི་སྐྱོན་གྱིས་བསྐུལ་བའི་ཕྱིར་ཡིན་ལ། གསོན་པོ་ལ་ཡོན་ཕུལ་བའི་ཕན་ཡོན་དང་རྗེས་སུ་ཡི་རང་བའི་ཕན་ཡོན་ཐོབ་སྟེ་ཆོ་ག་བཏོན་པས་གསོན་པོ་དགའ་ཞིང་མགུ་བའི་ཕྱིར་རོ། །དེས་ན་སྤྱིར་ཆོས་ཐམས་ཅད་སྙིང་པོ་གསང་སྔགས་ཡིན་ཀྱང་། གྲུབ་མཐའ་ལ་ལས་ཟབ་ཆོས་སུ་བླ་མེད་བྱེད་པ་གྲུབ་མཐའ་ལ་ལས་ཆོས་ལོག་ཏུ་བརྩི་བ་མང་དུ་ཡོད་པས་ཁ་མི་འཆམས་ན་ཡང་། ངན་སོང་སྦྱོང་རྒྱུད་འདི་ནི་རྒྱ་བོད་ཐམས་ཅད་དུ་ཐམས་ཅད་ཀྱིས་ཚད་ལྡན་སྤྱི་བོར་ལེན་པ་ཉི་མའི་དཀྱིལ་འཁོར་ལྟར་ཐམས་ཅད་ཞལ་འཆམས་པས་ཡིད་ཆེས་ལ་འདི་ཉིད་ཉམས་སུ་ལེན་ཚུལ་བཞེད་པ་དུ་མ་བྱུང་ཡང་ཆོ་ག་འདི་ནི་རྒྱ་གཞུང་ཚད་ལྡན་དང་རྒྱུད་ཚིག་ཁོ་ན་བསྒྲིགས་པས་བྱིན་རླབས་ཆེ། འགྲེལ་ཆེན་ཐམས་ཅད་དུ་ཡང་མི་འགལ་ཞིང་མཐུན་པར་འདུག་པས་ཁུངས་བཙུན། ཡབ་སྲས་གཉིས་ཀས་


CMR023_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་བྱིན་རླབས་བརྒྱུད་པ་གཙང་བ་ཡིན་ནོ། །དེས་ན་འདི་ལྟ་བུ་གསེར་རིལ་མའམ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཆོས་ལ་ངག་འཁྱལ་སྐུར་འདེབས་བྱས་ན་སྡིག་པ་ཤིན་ཏུ་ལྗི་སྟེ། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས་བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕེབ་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་གྱི། འདི་ནི་རང་བཟོ་ཅན་གྱིས་བྱས་པ་ཡིན་ནོ། །ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོས་མི་བླུན་པ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱའོ། །གཉིས་གང་ཞེ་ན། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། གང་ཞིག་ཆོས་མཆོག་གཙོ་བོ་འདི། །རྒྱལ་བས་མཆོད་པའི་ཆོས་ཀྱི་མཛོད། །ས་སྟེང་མིས་ནི་སྤང་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། །ཞེས་དང་། ཡུམ་རྒྱས་མར། ཤེས་རབ་འཆལ་བར་གྱུར་པའི་ལས་བྱས་ཤིང་བསགས་པ་དེ་དག་གིས། ཤེར་ཕྱིན་དང་ཆོས་སྤངས་བར་འགྱུར་ཏེ། དེ་དག་གིས་ཆོས་སྤངས་པས། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་ཉིད་སྤངས་བར་འགྱུར་ཏེ། རྣམ་


CMR023_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཡང་དག་པའི་ཆོས་བརླག་པར་འགྱུར་ཞིང་། དེའི་ལས་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་མང་བར་སེམས་ཅན་དམྱལ་བར་བསྲེག་པར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ནས་ཐར་ན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་སུ་སྐྱེ་ལ་དམྱལ་བ་དེ་དག་ཞིག་ཀྱང་། འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་འཕོ་ཞིང་བརྡེག་གོ །དེ་ནས་བྱོལ་སོང་གི་གནས་སུ་སྐྱེ་ཞིང་། དེ་དག་གི་ལས་ཟད་ནས་རྒྱ་ལ་མིར་སྐྱེས་ཀྱང་། ཆོས་སྤངས་པའི་ལས་བྱས་པ་དང་སྒྲིབ་པ་ཚང་བ་དང་རྫོགས་པའི་རྣམ་སྨིན་གྱིས་མིའི་སྐྱེ་བ་གང་དུ་ཡང་། དམུས་ལོང་དང་ཕྱགས་དར་དང་གདོལ་བ་དང་རྨིག་མ་མཁན་གྱི་རིགས་དང་། ཞར་བ་དང་སྣ་དང་ལྕེ་དང་རྐང་ལག་མེད་པ་དང་། མཛེ་ཤུ་བཀྲ་ཅན་དང་རྒུར་པོ་དང་དཀོན་མཆོག་གསུམ་གྱི་སྒྲ་མེད་སར་སྐྱེ། ཞེས་གསུངས་པ་དང་། མཚམས་མེད་ལྔ་ནི་ཆོས་སྤངས་པ་འདིའི་གཟུགས་བརྙན་ཙམ་དུ་ཡང་མི་སྤྱོད་དོ། །ཞེས་གསུངས་པ་དང་། རྒྱུད་བླ་མར་ཡང་། གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །གང་ཞིག་ཕ་མ་དགྲ་བཅོམ་གསོད་དང་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་


CMR023_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་བསམ་ན་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །ཅེས་གསུངས་སོ། །དེས་ན་ཀུན་རིག་གི་ཆོས་དང་གང་ཟག་ལ་གཤེ་བར་མི་བྱའོ། །དེས་ན་སྡོམ་པ་དང་དམ་ཚིག་ལ་གནས་ཤིང་ཆོ་ག་ཚང་མ་ངག་གི་སྒོ་ནས་དབང་ཕྱིར་ལྡོག་སོགས་བྱེད་ན་ཕན་ཡོན་ཆེ་སྟེ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ལས། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་སྐབས་ནས་ལྷའི་དབང་པོ་ཉོན་ཅིག །སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་བྱེད་པ་སྡིག་པ་ཆེན་པོ་བྱེད་པ་དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་ནས་གྲོལ་བར་བྱེད་དོ། །ཉོན་ཅིག་དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །སྔ་མ་བཞིན་ཏུ་བུམ་པ་ལ། །བརྒྱ་རྩ་བརྒྱད་ནི་བཟླས་ནས་ནི། །དབང་བསྐུར་བ་ནི་རབ་ཏུ་བརྟག །དེ་ནས་སྡིག་པ་ཀུན་སྦྱངས་ཏེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་རྣམ་པར་ཐར། །སྡིག་ལས་རྣམ་གྲོལ་བདག་ཉིད་དེ། །དག་པར་འགྱུར་བའི་ལྷ་རྣམས་ཀྱི། །རིགས་སུ་སྐྱེ་བར་འགྱུར་ནས་ཀྱང་། །དེ་ནི་རྟག་ཏུ་སངས་རྒྱས་དང་། །ཆོས་སྒོ་བ་ནི་ཐོབ་པར་འགྱུར། །


CMR023_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པའི་ཚིག་དེ་སྦྱོང་རྒྱུད་གཙུག་དགུ་གཉིས་ཀ་ནས་གསུངས་ལ། སྦྱོང་རྒྱུད་ཀུན་རིག་གི་སྐབས་ནས། སྐྱེས་པའམ་བུད་མེད་དམ་ལྷའམ་ཀླུའམ་གནོད་སྦྱིན་ནམ་སྲིན་པོའམ། ཡི་དྭགས་སམ། སེམས་ཅན་དམྱལ་བ་ལ་སོགས་པ་གང་ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་ཏེ་དབང་བསྐུར་བ་ནི། སེམས་ཅན་དམྱལ་བར་སྐྱེས་ན་ཡང་དེ་མ་ཐག་རྣམ་པར་ཐར་ནས་ལྷའི་རིགས་སུ་སྐྱེ་བར་འགྱུར་རོ། །ལྷའི་རིགས་དེར་སྐྱེས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཉིད་མངོན་དུ་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་ལ་སོགས་པ་ཡང་བྱེད་དོ། །ཕྱིར་མི་ལྡོག་པ་ཡང་འགྱུར་རོ། །རྒྱུད་ངེས་པ་ཅན་ཏུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་སུ་ཡང་སྐྱེའོ། །སྒྲིབ་པ་རྣམས་རབ་ཏུ་སྤངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སམ་ལྷའི་རིགས་སམ་གཞན་གང་ཡང་རུང་བར་བདེ་བ་མྱོང་བར་འགྱུར་རོ། །མདོར་ན་ལྷའི་དབང་པོ་འཇིག་རྟེན་ནས་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ། །ཞེས་དང་། གཙུག་དགུའི་གཞུང་ལས། སེམས་


CMR023_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་བཀུག་ནས་ནི། །དཀྱིལ་འཁོར་དུ་ནི་གཞུག་པར་བྱ། །གནས་དང་ཆུ་ལ་སོགས་པ་ཡི། །དབང་བསྐུར་བ་ནི་རིམ་བཞིན་སྦྱིན། །དེ་ལྟར་དབང་བསྐུར་ཙམ་གྱིས་ནི། ཁམས་གསུམ་གྱི་ནི་སེམས་ཅན་ཀུན། །སངས་རྒྱས་སྲས་དང་མཉམ་མཐོང་བས། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །ཅེས་དབང་བསྐུར་བའི་ཕན་ཡོན་དང་། མིང་ཡིག་དང་གཟུགས་བརྙན་ལ་དབང་བསྐུར་བའི་ཕན་ཡོན་ནི། སྦྱོང་རྒྱུད་ཀུན་རིག་གི་སྐབས་ནས། དེ་ཡིས་གཟུགས་བརྙན་བྲི་བ་ཡི། །གུར་གུམ་གྱིས་ནི་མིང་ཡང་རུང་། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་གྲོལ་བའི་ཕྱིར། །སྔགས་མཁན་གཞན་ཕན་བརྩོན་བྱ་ཞིང་། །སྙིང་རྗེ་ཅན་གྱིས་དབང་སྐུར་རོ། །དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེར་དབང་བསྐུར། །ཞེས་དང་། རོ་མེད་པར་བྱང་བུ་སོགས་བྱེད་པའི་ཕན་ཡོན་ནི། རྒྱུད་ལས། ཀུན་རིག་སྐབས་སུ། ཡང་ན་མེད་པར་གྱུར་ན་ཡང་། །བཟླས་ཤིང་བསྒོམ་པའི་ཚུལ་གྱིས་སུ། །མིང་ནི་ལེགས་པར་བྲིས་ནས་ཀྱང་། །མཆོད་རྟེན་ཕྲེང་བ་བྱས་པ་དང་། །ཡང་ན་གཟུགས་སུ་བྲིས་ཀྱང་


CMR023_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། །སྦྱིན་སྲེག་མངོན་པར་དབང་བསྐུར་བ། །གདོན་མི་ཟ་བར་མཐོ་རིས་སྐྱེ། །ཞེས་དང་། བྱེ་མས་བྲབ་པའི་ཕན་ཡོན། སྦྱོང་རྒྱུད་ཀུན་རིག་སྐབས་སུ། ཐལ་བ་ཡུངས་ཀར་བྱེ་མ་སོགས། །དེ་ཡི་མིང་སྨོས་སྔགས་བརྗོད་ནས། །བཟླས་བརྗོད་བྱས་ཏེ་བསགས་ནས་ཀྱང་། །རྒྱ་མཚོར་འབབ་པའི་ཀློང་དུ་དོར། །ཞེས་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བརྒྱ་བྱིན་གྱིས་ཆོ་ག་བྱས་པས་ལྷའི་བུ་ནོར་བུ་དྲི་མེད་ངན་སོང་ལས་ཐར་བ་དང་མཚུངས་པར་རྗེས་འཇུག་གིས་ཚེ་འདས་དོན་དུ་ཆོ་ག་བྱས་ན་ཚེ་འདས་ངན་སོང་ལས་ཐར་བ་སྟེ། རྒྱུད་དེར་ཀུན་རིག་སྐབས་སུ། བརྒྱ་བྱིན་གཞན་ལ་ཕན་བརྩོན་པས། །འདི་ཡིས་ཇི་ལྟར་གསོལ་བ་གདབ། །དེ་བཞིན་ཤཱཀྱ་མགོན་གྱིས་གསུངས། །བདེན་པ་ཉིད་དུ་བྱས་གྱུར་ན། །དེ་ནས་དེ་ཡིས་དམྱལ་བ་ཡི། །སྡུག་བསྔལ་དེ་ལས་ཐར་ནས་སུ། །དགའ་ལྡན་གནས་སུ་སེམས་ཅན་ཀུན། །ཕན་ཕྱིར་བདེ་གཤེགས་འགྲོ་བར་སྐྱེ། །ཞེས་དང་། སྔགས་བཟླས་པའི་ཕན་ཡོན་ནི་སྦྱོང་རྒྱུད་ཀུན་རིག་སྐབས་ནས། དེ་ཡི་མིང་ཡང་བརྗོད་ནས་ནི། །དེ་ལྟར་གསུངས་པའི་སྔགས་བཟླས་ཤིང་། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། །བརྒྱ་ཕྲག་


CMR023_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དུ་ཚངས་པ་དང་། །བྱེ་བ་སྙེད་དུ་རབ་བཟླས་ན། །ལྷ་ཡི་རིགས་ཀྱི་ནང་དུ་སྐྱེ། །ཞེས་གསུངས་སོ། །ཆོ་ག་འདི་བྱ་སྤྱོད་རྒྱུད་ལྟར་གཙང་སྦྲ་དང་ཤ་ཆང་སྤངས་བ་སོགས་ཇི་སྙེད་བྱ་བ་ལྟར་གྲུབ་ན་ལེགས་ཀྱི། མ་གྲུབ་ཀྱང་བྱ་སྤྱོད་ལྟར་དངོས་གྲུབ་མི་ཐོབ་པ་དང་ཕན་ཡོན་མི་འབྱུང་བའི་རྒྱུར་མི་འགྱུར་བས་སྟབས་ཀྱང་འདི་བདེ་སྟེ། ཇོ་བོ་རྗེས། བོད་གཙང་སྦྲ་ཆུང་བས་བྱ་སྤྱོད་མི་འགྲུབ། རྣམ་རྟོག་མང་བས་བླ་མེད་འགྲུབ་དཀའ། བོད་འདིར་རྣལ་འབྱོར་རྒྱུད་འདི་འགྲུབ་པར་གདའ་གསུངས་ཟེར་བའི་ངག་རྒྱུན་ལྟར། སྦྱོང་རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་ཟོས་ཏེ་ཀུན་བྱས་ནས། །འགྲུབ་འགྱུར་ཉེས་པས་མི་གོས་ཏེ། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་ཅི་བདེར་རྒྱུད་འདི་འགྲུབ་པར་གསུངས་སོ། །ད་ལྟར་འཇིག་རྟེན་པའི་ཁ་ངག་ངན་པར་འཇིགས་པའི་བླུན་ཚིག་ལས། ཆོས་མ་གོ་དགོས་རྒྱུ་ཀུན་རིག །སྒྲ་མ་གོ་དགོས་རྒྱུ་དྲིལ་བུ། །མགྲོན་མ་བོས་དགོས་རྒྱུ་བརྗེ། ཟེར་བ་ནི་གང་ལྟར་ཆོས་སྤངས་ཚིག་སྡིག་ཆེན་པོ་སྟེ་རྗེས་ཟློས་ཀྱང་མི་རུང་ལ། ཀུན་རིག་ཆོ་ག་བྱས་པས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་སྲུང་ཞིང་བཀྲ་ཤིས་


CMR023_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལེགས་འབྱུང་བར་གསུངས་པའི་ཕྱིར་རོ། །ཁྱད་པར་དུ་ཡང་ནད་པ་སོགས་ལ་ཀུན་རིག་གི་ཆོ་ག་དང་དབང་བསྐུར་བྱས་ན་མི་དགའ་ཞིང་འཆི་རྒྱུ་ཡིན་སྙམ་པ་འདི་ཡང་ཤིན་ཏུ་བླུན་ཏེ། ཀུན་རིག་གི་ཆོ་ག་དང་དབང་བསྐུར་བྱས་ན་དེ་རིམ་གྲོའི་མཆོག་ཡིན་ལ། སློབ་དཔོན་རང་ཉིད་ཀྱི་སྲུང་བ་ཡང་ཀུན་རིག་གི་ཆོ་ག་མཆོག་ཡིན་ཏེ། འདིའི་སྟོང་ཆོག་སོགས་སྒྲུབ་མཆོད་བྱས་ན་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ལེགས་པ་དང་། ཕ་རོལ་གྱི་དམག་ཚོགས་སུ་འཁྲུག་པ་ཞི་བ་རྣམས་འབྱུང་བས་རིམ་གྲོའི་མཆོག་ཡིན་ཏེ། སྦྱོང་རྒྱུད་ཀུན་རིག་སྐབས་སུ་བརྒྱ་བྱིན་བློདང་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་དང་རྒྱལ་པོ་ཆེན་པོ་བཞི་དང་ཕྱོགས་སྐྱོང་བཅུ་འཇིག་རྟེན་སྐྱོང་བ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོ་དང་ནོར་བུ་བཟང་པོ་ཆེན་པོ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ས་ལ་རབ་ཏུ་གནས་པ་རྣམས་དང་། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་དང་། འཕྲོག་མའི་བུ་ལྔ་བརྒྱས་བསྐོར་བ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་པཎ་ཙི་ཀ་ཆེན་པོ་ལ་སོགས་པ་དང་། གང་གཞན་དག་ཀྱང་རྒྱ་ཆེ་བའི་ལྷ་དང་ཀླུ་དང་


CMR023_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་དང་སྲིན་པོ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་དྲི་ཟ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། འབྱུང་པོ་དང་ཡི་དྭགས་དང་འདྲེ་དང་རིམས་དང་གདོན་དང་དུག་དང་ཀརྨ་ལ་སོགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འདུས་ཤིང་འཚོགས་པ་ཐམས་ཅད་ཀྱིས། སྐྱེས་བུ་དམ་པ་ཀུན་རིག་བྱེད་པའི་སློབ་དཔོན་ཆེན་པོ་དེའི་རྐང་པ་གཉིས་ལ་མགོ་བོས་བླངས་བར་བགྱིའོ། །མདོར་ན་རྟག་རྒྱུན་དུ་ཐམས་ཅད་བསྲུང་བ་དང་། སྐྱབས་པ་དང་། སྦ་བར་བགྱིའོ། །བཅོམ་ལྡན་འདས་གང་དུ་བརྟག་པའི་རྒྱལ་པོ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དད་པས་འཚང་ངམ་ཀློག་གམ་གཞན་ལ་རྒྱ་ཆེར་ཡང་དག་པར་འཆད་པར་འགྱུར་རམ། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་མཆོད་པར་ཡོན་བདག་གམ་འགྱུར་རམ། རྒྱལ་རིགས་སམ་བྲམ་ཟེའི་རིགས་སམ་རྗེའུ་རིགས་སམ་དམངས་རིགས་སམ། གཞན་ཡང་རྒྱལ་པོའི་བུའམ་། རྒྱལ་པོའི་འཁོར་རམ་རྒྱལ་པོའི་འཁོར་མོ་སུ་གང་ཡང་རུང་བས་འཆང་ཞིང་ཀློག་པར་གཞན་ལ་རྒྱ་ཆེར་ཡང་དག་པར་འཆད་ཅིང་སྟོན་པའི་བར་དུ་བགྱི་ན། བཅོམ་ལྡན་འདས་


CMR023_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅིག་འདུས་ཤིང་འཚོགས་པ་ཐམས་ཅད་དེའི་བྲན་དུ་འགྱུར་བ་ལགས་སོ། །རང་གི་སྐྱེ་བོ་དང་གཉེན་གྱི་སྐྱེ་བོ་དང་། ཡོངས་ཀྱི་སྐྱེ་བོ་དང་། གྲོང་དང་གྲོང་ཁྱེར་དང་གྲོལ་བརྡལ་དང་ལྗོངས་དང་རྒྱལ་པོའི་ཕོ་བྲང་དང་འཁོར་རྣམས་ཡོངས་སུ་བསྐྱང་བར་བགྱིའོ། །དུས་དུས་སུ་ཆར་འབེབས་པར་བགྱི། འབྲུ་ལ་སོགས་པ་བསྐྱེད་པར་བགྱིའོ། །སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་སླད་དུ་རྗེས་སུ་བསྒྲུབ་པར་བགྱི། ཕ་རོལ་གྱི་ཕྲུ་མ་གཞོམ་པར་བགྱིའོ། །སེམས་ཅན་མ་རུངས་པ་གནོད་ཅིང་འཚེ་བ་པོས་དེ་ལ་མི་ཕན་པའི་སེམས་བསྐྱེད་པ་གང་ཡིན་པ་དེ་དག་བརླག་པར་བགྱི་བའི་སླད་དུ་བསྒྲུབ་པར་བགྱིའོ། །མ་རུངས་པར་བགྱིའོ། །དེ་ལ་བདུད་ཀྱི་ལས་ཀྱང་བགྱིའོ། །གནོད་པར་བགྱི་བ་ལ་ཉེ་བར་གནས་པར་བགྱིའོ། །བཅོམ་ལྡན་འདས་མདོར་ན་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་བརྟག་པའི་རྒྱལ་པོ་འདི་ནི་སངས་རྒྱས་ཀྱི་མཛད་པ་ལྟ་བུར་ཀུན་གནས་པ་ལགས་པས་བཅོམ་ལྡན་འདས་བུ་བཞིན་དུ་བདག་ཅག་གིས་སྐྱོང་བར་བགྱིའོ། །ཞེས་འཇིག་རྟེན་སྐྱོང་བའི་མཐུ་བོ་ཆེ་རྣམས་ཀྱིས་སངས་རྒྱས་ཀྱི་སྤྱན་སྔར་དམ་བཅས་པའི་ཕྱིར། འདིའི་དབང་དང་ཆོ་ག་བརྩོན་པར་བྱས་ན་བར་ཆད་ཐམས་ཅད་


CMR023_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བ་དང་བདེ་བླག་འགྲུབ་པ་དང་མཐུ་ཡང་བསྒྲུབ་ཀྱང་ཞོར་ལ་འབྱུང་བ་ཡིན་ནོ། །དེར་མན་ཆད་ཀུན་རིག་གི་ཆོ་ག་འདི་རྣ་ལམ་དུ་ཐོས་པ་ཙམ་ཡང་སྐྱེ་བ་མང་པོར་ཚོགས་བསགས་པ་ཡིན་གྱི། ཚོགས་མ་བསགས་པས་ཆོ་ག་འདི་རྣ་ལམ་དུ་ཡང་མི་ཐོས་སོ། སྦྱོང་རྒྱུད་ཀུན་རིག་གི་སྐབས་སུ། ལྷའི་བུ་རྣམས་དགེ་བ་བཅུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་གྱི། སེམས་ཅན་མ་རབས་རྣམས་ཀྱིས་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མོས་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཉེ་བར་འགྱུར་གྱི། །སེམས་ཅན་ཕལ་པ་རྣམས་ཀྱིས་མ་ཡིན་ནོ། །སེམས་ཅན་བསམ་པ་ངན་པ་རྣམས་དང་ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་ལ་མངོན་པར་འདོད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་འགྱུར་གྱིས། མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསྟེན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །དེར་མ་ཟད་རྩ་རིག་ལ་སོགས་པའི་སྔགས་འདི་དག་ཅུང་ཟད་བརྗོད་པ་དང་འདྲ་བ་དང་། སྔགས་སྒྲ་གཞན་གྱིས་ཐོས་ན་ཡང་དུས་མ་ཡིན་པའི་འཆི་བ་བརྒྱད་དང་རྨི་ལམ་ངན་པ་སོགས་ཞི་བར་གསུངས་ན་ཆོ་ག་དང་དབང་


CMR023_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བྱས་ན་རྐྱེན་བཟློག་པ་དང་སྒྲིབ་པ་དག་པ་སྨོས་ཅི་དགོས་ཏེ། སྦྱོང་རྒྱུད་ཉིད་ལས། ལྷ་ཡི་དབང་པོ་གཞན་ཡང་མདོར་ན་དྲན་པ་ཙམ་གྱིས་ཀྱང་བསོད་ནམས་ཆུང་བའི་སེམས་ཅན་ངན་སོང་གི་རྒྱུད་ཐམས་ཅད་ལས་བདེ་བླག་ཏུ་རྣམ་པར་གྲོལ་བར་འགྱུར་བ་ནི་འདི་ཡིན་ནོ། །ན་མོ་བྷ་ག་སོགས་རྩ་རིག་དང་སྙིང་པོ་སོགས་གསུངས་ནས། ལྷའི་དབང་པོ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་གསང་བའི་སྙིང་པོ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་རུང་བས་མིང་ཙམ་ཉན་ཏམ། བཅངས་སམ་ཀློག་གམ་བྲིས་ནས་ཀྱང་མགོའམ་གཙུག་ཕུད་དམ། དཔུང་པའམ་མགུལ་དུ་བཏགས་ཏེ་འཆང་ན་ཚེ་འདི་ཉིད་ལ་དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་དམ། དུས་མ་ཡིན་པར་འཆི་བ་བརྒྱད་དང་འབྲེལ་བ་རྨི་ལམ་གྱི་རྣམ་པའམ། ངན་སོང་དུ་འབྲེལ་བའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་ཙམ་དུའང་མི་འབྱུང་ན། དཀྱིལ་འཁོར་དུ་ཇི་ལྟ་བ་ཙམ་དུ་ཞུགས་ནས་ཀྱང་དབང་བསྐུར་ནས་སྙིང་པོ་བཟླས་བརྗོད་བྱེད་ཅིང་། སྔགས་ཀྱི་དོན་ཡང་བསྒོམ་པ་ལྟ་ཅི་སྨོས་ཀྱང་ཅི་དགོས་ཏེ། དེ་དག་སྡིག་པ་གང་ཡང་ཉེ་བར་མི་འགྱུར་ནི་ངན་སོང་དུ་འགྲོ་བར་མི་


CMR023_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །།ཞེས་གསུངས་སོ། །དེ་ལྟར་ན་དགོངས་ཞིག་མང་དུ་བཟུང་བ་རྣམས་དམྱལ་བར་འགྲོ་ཞེས་ཅལ་སྒྲོག་རྗེས་རྒྱུག་སྨྲ་ཞིང་། དེ་ལ་སྒྲོ་བཏགས་ནས་མཐོང་བ་མཁན་རྫུན་མ་རྣམས་རྫུན་སྨྲ་སྟེ། ཆོ་ག་མཁན་ཆེ་གེ་མོ་འགྲོ་ས་ལྕགས་མཁར་བརྡུང་ཡོད་ཟེར་བ་སོགས་རྫུན་ཆེན་པོ་སླ་བས་དམ་པའི་ཆོས་སུན་འབྱིན་པའི་ཕྱིར་ཁ་ལ་བདུད་སྡིག་ཆེན་ཞུགས་པ་ཡིན་ཏེ། ལྕགས་མཁར་སོགས་ནི་རང་གི་ལས་ཀྱིས་དེ་གྲུབ་ཅིང་སྣང་བ་མ་གཏོགས་གཞན་གྱིས་བཟོས་དགོས་པ་མིན་ཏེ། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་སུ་ཡིས་བྱས། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སྤྱོད་འཇུག་ལས་གསུངས་སོ། །གལ་ཏེ་ཏིང་ངེ་འཛིན་དང་ཡང་མི་ལྡན་ཡང་མི་ཚེར་ངན་སོང་སྦྱོང་བའི་གཟུངས་དང་ཆོ་ག་བཀླགས་པ་དེ་ངན་སོང་དུ་སོང་བ་བཅོམ་ལྡན་འདས་ཀྱི་གསུང་དང་འགལ་ལ། ཇི་ལྟ་བ་བཞིན་ཆོ་ག་རྣམ་དག་གི་སྒོ་ནས་གཞན་དོན་བྱེད་པ་ནི་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་པར་ཐུབ་པས་གསུངས་ཏེ། སྦྱོང་རྒྱུད་ཀྱི་ཀུན་རིག་སྐབས་སུ། བཅོམ་ལྡན་འདས་བརྟག་པའི་རྒྱལ་པོ་འདིས། སེམས་ཅན་གྱི་དོན་བགྱིད་པས་


CMR023_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལགས་པའི་སྐྱེས་བུ་དམ་པ་དེ་དག་གི་འབྲས་བུ་ནི་ཇི་ལྟར་འགྱུར། རྣམ་པར་སྨིན་པ་ནི་ཇི་ལྟར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེ་དག་ནི་སྐྱེས་བུ་དམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཡང་དག་པ་རྫོགས་པའི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ། །ལྷའི་དབང་པོ་གང་གི་ཕྱིར་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་ནས་མཚམས་མེད་པ་ལྔ་ལ་སོགས་པའི་དམྱལ་བ་ཆེན་པོར་སྐྱེ་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྣམ་པ་སྣ་ཚོགས་རབ་ཏུ་སྤང་བར་བྱེད་པ་དང་། བྱང་ཆུབ་ལས་གདོན་མི་ཟ་བར་བསྟན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ལ་རབ་ཏུ་འཇོམས་པའི་ཕྱིར་ཏེ། ལྷའི་དབང་པོ་ཁྱོད་ཀྱིས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་དོན་བྱས་པ་བཞིན་ནོ། །ལྷའི་དབང་པོ་དེ་ལྟར་གཞན་ཡང་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་སེམས་ཅན་དེ་དག་ཅི། སོ་སོའི་སྐྱེ་བོ་ཡིན་སྙམ་སེམས་སམ། གསོལ་བ་བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ། །ལྷའི་དབང་པོ་སེམས་ཅན་དེ་དག་ནི། སྐྱེས་བུ་དམ་པ་ཆེན་པོ་གཞན་ལ་ཕན་འདོགས་པ་སྟེ། དེ་


CMR023_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཕྱག་བྱ་བ་མཆོད་པ་དང་བརྗོད་པ་བསྟི་སྟང་དུ་བྱ་བ་འཕགས་པ་ལ་བཀུར་བར་བྱ་བ་ཡིན་ན། ལྷར་བཅས་པའི་འཇིག་རྟེན་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཞེས་བཀའ་བསྩལ་ཏོ། །དེ་ལྟར་ངན་སོང་སྦྱོང་བའིརྒྱུད་ཉིད་དང་། ཀུན་རིག་ཆེན་པོ་ཆོས་གྲགས་རྒྱ་མཚོས་མཛད་པའི་འགྲེལ་ཆེན་རྗེ་མི་བསྐྱོད་ཞབས་ཀྱིས་བསྩལ་བའི་ཐར་འདོད་གྲོལ་སྡེར་གྲགས་པའི་ཊིཀ་ཆེན་པོ་ལ་གཞིར་བྱས། གཞན་ཕན་འོད་ཟེར་གྱི་འགྲེལ་ཆེན་བཅོམ་ལྡན་རིག་པའི་རལ་གྲིས་མཛད་པ་དང་། སྦྱོང་རྒྱུད་ཀྱི་སྤྱི་དོན་ས་སྐྱ་གྲགས་ལྷཔ་རྒྱལ་མཚན་གྱིས་མཛད་པ་སོགས་དང་། ཀུན་རིག་ཆེན་པོའི་ཆོ་ག་སྦྱོང་རྒྱུད་བཤད་པ་ཉུང་ངུ་མང་པོ་གོ་བསྟུན་ཏེ་རྗེ་མི་བསྐྱོད་ཞབས་ཀྱིས་བཞེད་པ་གཙོ་བོར་བྱས་ནས། ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་འགྲེལ་པ་སྤྱི་དོན་ཏེ་ས་བཅད་རྣམས་བཀོད་པས་མཁས་པ་རྣམས་མཉེས་ཀྱང་རྨོངས་པ་རྣམས་མི་གོ་བའི་སྐྱོན་དུ་འགྱུར་བས། ས་བཅད་གཞུང་གི་ཡིག་ཆུང་ན་ཡོད་ཕྱིར་མ་བྲིས་ལ། མང་དོགས་སུ་བཀྲོལ་ན་ཧ་ཅང་ཡི་གེར་འཇིགས་པས་གོ་སླ་བ་རྣམས་མ་བཀྲོལ། གོ་དཀའ་བ་ཐམས་ཅད་རྒྱས་པར་བཀྲོལ། དོན་དེ་དང་དེ་རྒྱུད་གཞུང་དང་མི་མཐུན་པའི་


CMR023_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསལ་ཕྱིར་དང་། ཡིད་ཆེས་ཕྱིར་རྒྱུད་ལུང་མང་དུ་དྲངས། ཁུངས་བཙུན་པར་ཤེས་ཕྱིར་གཞུང་ཚིག་རྣམས་རྒྱུད་གཞུང་འདི་ནས་གསུང་གི་ལུང་ཁུངས་སྨོས། ལོག་རྟོག་བསལ་ཕྱིར་ཕྱོགས་ཟུར་ཙམ་སྨོས། འདི་སྒྲུབ་པ་ལྷུར་ལེན་པ་ཡིན་ཕྱིར་བཀག་བཞག་རྣམས་མ་སྨོས་ལ། སྤྲོ་བ་འཕེལ་ཕྱིར་ཕན་ཡོན་བཀོད་པས་མཐའ་བརྒྱན་ཏེ། རང་གཞན་རྣམས་ལ་ཕན་པའི་བསམས་པས་ཀུན་ནས་བསླངས་ཏེ། རྗེ་ཐམས་ཅད་མཁྱེན་པ་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་ཞབས་རྡུལ་སྤྱི་བོས་བླངས་ཤིང་གསུང་གི་བདུད་རྩིའི་ཆ་ཤས་མྱོང་བ་ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པའི། དགེ་སློང་ཀརྨ་ཨ་རཱ་གས་སྦྱར་བའོ། །འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་པ་ཐམས་ཅད་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་ལྷན་ཅིག་ཏུ་བཤགས་སོ། །འདི་བྲིས་པའི་དགེ་བའི་རྩ་བ་དེས་བདག་དང་བདག་ལ་འབྲེལ་པ་ཐོབ་ཚད་སྐྱེ་བ་གཞན་གྱིས་བར་མི་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་བྱང་ཆུབ་མངོན་དུ་བྱེད་པར་གྱུར་ཅིག །དམ་པའི་ཆོས་སྐྱོང་བ་ཐམས་ཅད་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་དཔེ་འདི་བདག་ཏུ་ཟུང་ལ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཕྲིན་


CMR023_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དམ་པ་མཛོད་ཅིག །མངྒ་ལཾ། བཀྲ་ཤིས། དགེའོ། །ཤུ་བྷཾ།། །།བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྣམ་གྲོལ་སྒོ་ཆེན་གྱི་བཤད་པ་ཐར་འདོད་གྲོལ་སྡེ་ལས་བསྡུས་པ་རྣམ་གྲོལ་སྒོ་འབྱེད།next