Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
བདེ་མཆོག་ནཱ་རོ་ལྷ་ལྔ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་མཆོག་ནཱ་རོ་ལྷ་ལྔ་བསྡུས་པ།next

བདེ་མཆོག་ནཱ་རོ་ལྷ་ལྔ་བསྡུས་པ།


CMR023_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ནཱ་རོ་ལྷ་ལྔ་བསྡུས་པ་བཞུགས་སོ། །


CMR023_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཙཀྲ་སཾ་བྷ་ཝ་ར་ཡེ། བཅོམ་ལྡན་བདེ་བ་མཆོག་ལ་གུས་བཏུད་ནས། །ནཱ་རོ་ལྷ་ལྔའི་རྒྱུན་ཁྱེར་བ་སྡུས་པ་བྲི། །དཔའ་བོ་ཌཱཀིའི་བཀའ་གནོང་བྱིན་གྱིས་རློབས། །ནང་མཆོད་གཏོར་མ་ཅི་འཛོམ་བཤམས་བྱས་ནས། །མདུན་བསྐྱེད་ཚོམ་བུའམ་གཏོར་མ་དམིགས་བརྟེན་བྱ། །ཨ་ལས་ཐོད་པར་མཆོད་སྤྲིན་རྒྱ་མཚོ་དང་། །རླུང་མེ་ཐོད་སྐྱེད་སྟེང་དུ་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་དང་ཡི་གེ་གསུམ། །ཁོལ་ཞིང་ཞུ་བས་ཟག་མེད་བདུད་རྩིར་གྱུར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་ཧེ་རུ་ཀ་དཔལ་བསྒྲུབ། །རང་ཉིད་ལྷར་གསལ་འོད་ཀྱིས་ཚོགས་ཞིང་རྣམས། །ནམ་


CMR023_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སྤྱན་དྲངས་ཕྱག་འཚལ་མཆོད་ཚོགས་འབུལ། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་རྟག་པར་བཞུགས་གསོལ་འདེབས། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག །ཚོགས་ཞིང་རང་ཐིམ་མི་དམིགས་སྟོང་ཉིད་གྱུར། །ཨོ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། མེ་རི་རྡོ་ར་དུར་ཁྲོད་གཞལ་ཡས་དབུས། །ཧཱུྃ་ལས་རང་ཉིད་དྲྭ་བ་སྡོམ་པའི་སྐུ། །ཕྱག་རྒྱ་དྲུག་ལྡན་གཡས་བརྐྱང་སྟབས་ཀྱིས་བཞུགས། །རྡོར་


CMR023_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་འཛིན་པ་གང་ལ་འཛེག་པའི་ཡུམ། །རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པ་འཛེག །པད་ཉི་འཇིགས་དུས་འགྱེལ་བའི་གདན་ལ་རོལ། །གནས་གསུམ་འབྲུ་གསུམ་གནས་དྲུག་གོ་ཚར་བཅས། །ཕྱོགས་བཞིར་ཡུམ་བཞི་མཚམས་བཞིར་བུམ་པ་དང་། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་དྲངས། །དབང་ལྷས་དབང་བསྐུར་རིགས་བདག་གིས་མཚན་པའི། །ས་བོན་འོད་ལས་བྱུང་བའི་ལྷ་མོའི་ཚོགས། །ནམ་མཁའ་གང་བས་མཆོད་ཅིང་བསྟོད་པར་གྱུར། །ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་སརྦ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་རཾ་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་ལོངས་སྤྱོད་ཅིང་བཟའ་བཏུང་ཡང་བདུད་རྩིར་བསམས་ལ་ལོངས་སྤྱོད། གཙོ་བོ་ལྷ་མོར་བཅས་པ་ཡི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་གིས་བསྟོད་པར་བགྱི། །བདག་ལུས་རྩ་གསུམ་འཁོར་ལོ་བཞི་ལྡན་པ། །གསལ་བའི་ལྟེ་བར་ཨོཾ་ལས་མེ་འབར་བས། །སྙིང་ཁའི་ཧཱུཾ་དང་མགྲིན་པའི་ཨོ་བསྲེགས་པས། །སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་བབས་ཏེ། །ལུས་ཀུན་ཟག་མེད་བདེ་ཆེན་སྐྱེས་པར་གྱུར། །ཅེས་


CMR023_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་རྟགས་བཅུ་འཆར་བར་གསུངས་ཤིང་། བསྒོམ་ལ་སྐྱོ་ན། བདག་ཉིད་ཧེ་རུ་ཀ་མཆོག་གསལ་བ་ཡི། །སྤྲུལ་པའི་འཁོར་ལོ་པད་ལྟར་ནཱ་ད་ལས། །བཟླ་བའི་སྔགས་ཕྲེང་སྒོ་ཡི་ལམ་ནས་ཞུགས། །དཀྱིལ་འཁོར་བར་གྱུར་འགྲོ་དོན་མཛད་ནས་སྔགས། །གཟུགས་ཀྱི་ཡུམ་གྱི་ཞལ་ཞུགས་སྐུ་ལུས་བརྒྱུད། །པདྨའི་ལམ་ནས་ཡབ་ཀྱི་གསང་བར་ཞུགས། །སྤྲུལ་པའི་པད་ལྟར་ནཱ་དར་ཐིམ་པར་གྱུར། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱཀི་ནི་ཛཱ་ལ་སམྦྷ་རཾ་སྭཱ་ཧཱ། ཞེས་སྙིང་པོ་དང་། ཨོ་ཧཱི༔ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཉེ་སྙིང་དང་། ཨོཾ་སརྦ་བུདྡྷ་ཌཱཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ཡུམ་གྱི་སྙིང་པོའོ། །ༀ་བཛྲ་བེ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཉེ་སྙིང་། ཨོ་ཌཱཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོ་ལ་མེ་ཡེ་ཧཱུཾ་ཧཱུཾ་ཕཊ། །ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ༀ་རཱུ་པི་ཎི་ཡེ་ཧཱུཾ་ཧཱུྃ་ཕཊ། ཌཱ་ཀི་བཞི་ཡི་སྔགས་ཅི་ནུས་བཟླས། གྲངས་ཀྱི་བསྙེན་པ་གཙོ་བོར་འབུམ་འཁོར་ཁྲི་སྟེ་དུས་ཀྱི་དབང་གི་བཞི་འགྱུར་རོ། །བདག་བསྐྱེད་རྐྱང་པའི་སྐབས་སུ་འདིར་ཐུན་བསྡུ་བ་སོགས་བྱའོ། །མདུན་བསྐྱེད་ནི། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །ཐར་པ་ཆེན་པོའི་ཕོ་བྲང་རྣམ་སྣང་གི །རང་


CMR023_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རིན་ཆེན་སྣ་ཚོགས་ལས་གྲུབ་པ། །གྲུ་བཞི་སྒོ་བཞི་རྟ་བབས་དུར་ཁྲོད་དང་། རྡོ་རྭ་མེ་རི་བཅས་དབུས་པད་སྟེང་དང་། །བྷྲཱུཾ་ལས་བུམ་པའི་ནང་དུ་འདབ་བརྒྱད་དབུས། །ཧཱུྃ་ལས་དཔལ་ལྡན་དྲྭ་བ་སྡོམ་པའི་སྐུ། །ཕྱག་རྒྱ་དྲུག་ལྡན་གཡས་བརྐྱང་སྟབས་ཀྱིས་བཞུགས། །རྡོར་དྲིལ་འཛིན་པས་གང་ལ་འཛིག་པའི་ཡུམ། །རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པས་འཛེག །པད་ཉི་འཇིགས་དུས་བསྐྱེལ་བའི་གདན་ལ་རོལ། །གནས་གསུམ་འབྲུ་གསུམ་གནས་དྲུག་གོ་ཆར་བཅས། །ཕྱོགས་བཞིར་ཡུམ་བཞི་མཚམས་བཞིར་བུམ་པ་བཞི། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའི་དྲངས། །ཡེ། ཛཿཧཱུྃ་བཾ་ཧོས་གཉིས་མེད་གྱུར་པ་ལ། །དབང་ལྷས་དབང་བསྐུར་རིགས་བདག་མཚན་པར་གྱུར། །ཨོཾ་བཛྲ་སྨྲ་ར་ཎ་ཁཾ། མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་གང་བ། །ཆུ་བཞི་ཉེར་སྤྱོད་རྣམ་ལྔ་རོལ་མོ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ནང་གི་མཆོད་པ་རིག་མ་བཅུ་དྲུག་སོགས། །ཕྱི་ནང་གསང་བའི་མཆོད་པ་དུ་མས་མཆོད། །སྐྱེད་ཚལ་གཞལ་མེད་ཁང་དང་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་ཁྲུས་རྫིང་པདྨར་བཅས། །


CMR023_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྨན་རིན་ཆེན་རྩི་བཅུད་བང་མཛོད་དང་། །གོས་དར་ཁྲི་སྟན་བཞོན་པ་བྲན་ཁོལ་འབུལ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་སརྦ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤུ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་མ་ཏཾ་གི་ཨཱ༔ ཧཱུྃ། བཅོམ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། །བསྐལ་པའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་ཞལ། །དབུ་ལ་སྤྱན་གསུམ་གཟི་བརྗིད་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊཾ་མདུང་རྩེ་བསྣམས། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཁ་བགེགས་འདུལ་མཛད་ལ་འདུད། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་མ་ལུས། ཕམ་མཛད་མ། །སྐྱེ་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད།


CMR023_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཆོད་བསྟོད། དེ་ནས་བསྙེན་པ་བྱ། གཟུངས་ཐག་བརྒྱུད་ནས་སྔགས་ཀྱི་འོད་ཟེར་གྱིས། །བུམ་ལྷ་བསྐུལ་བས་སྦྱོར་མཚམས་བྱང་སེམས་བབས། །ཞེས་བུམ་བསྙེན་དང་། ལྷ་རྣམས་ཞུ་བ་བུམ་ཆུ་དང་རོ་གཅིག་པར་གྱུར། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། བཟླས། ལས་བུམ་ལྷ་ཡིས་བགེགས་རྣམས་བཟློག་པར་མཛོད། སྐབས་འདིར་དབང་ལེན་པ་དང་བསྐུར་བར་བྱའོ། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོའི་ཚོགས། །ས་གཞི་བར་སྣང་གང་བས་མཆོད་ཅིང་བསྟོད། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་བློལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་མདུན་བསྐྱེད་དམ་ཚིག་པ་རང་ལ་བསྡུས་ལ། དེ་ནས་བདག་བསྐྱེད་ཐུན་བསྡུ་སྟེ། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་སྣོད་བཅུད་ཞུ། །ཡུམ་ལ་ཐིམ་ཞིང་ཡུམ་ཡང་ཡབ་ལ་ཐིམ། །དེ་ཡང་ཧཱུྃ་དང་ཞབས་ཀྱུ་ཁོག་པ་མགོ །ཐིག་ལེ་ཟླ་ཚེས་ནཱ་ད་དེ་ལས་ཀྱང་། །འདས་པས་དམིགས་སུ་མེད་པའི་ངོ་བོ་སྟོང་། །སེམས་ཀྱི་རང་བཞིན་རིག་སྟོང་རྗེན་པར་བུད། །ཅེས་མཉམ་པར་བཞག་ལ། རྗེས་ཐོབ་ཆུ་ལ་ཉ་བཞིན་བདག་ཉིད་


CMR023_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དཔལ་ལྡན་སྡོམ་པ་སྒྱུ་མ་ལྟ་བུའི་སྐུ། །འཁོར་བ་ཇི་སྲིད་དེ་སྲིད་འགྲོ་དོན་མཛད། །བགོ་བའི་སྔགས་ཀྱིས་གོ་ཆར་མཚན་དཔེས་བརྒྱན། །འགྲོ་འདུག་དཀྱིལ་འཁོར་བ་ལ་བསྐོར་བ་སོགས། །སད་རྨི་གཉིད་དང་སྙོམས་འཇུག་གནས་སྐབས་རྣམས། །སྐུ་བཞིའི་རྣམ་ཐར་སྒྱུ་མའི་རྣལ་འབྱོར་རོ། །ཞེས་འདིའི་དོན་ལ་བསླབ་ཅིང་། རྣལ་འབྱོར་བདག་སོགས་འཆི་བའི་ཚེ། །དཔལ་ལྡན་ཁྲག་འཐུང་ལ་སོགས་པས། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །བདེ་ཆེན་ཞིང་དུ་ཁྲིད་པར་ཤོག །ཅེས་བསྔོ་སྨོན་བྱའོ། །ཞེས་པ་འདི་ནི་ནཱ་རོའི་རྒྱ་གཞུང་དང་། །རང་བྱུང་ཞབས་དང་མི་བསྐྱོད་རྡོ་རྗེ་དང་། །ཆོས་གྲགས་དཔལ་བཟང་བདུད་མོ་བཀྲ་ཤིས་པ། །དྭགས་རམ་པས་མཛད་སོགས་ཀྱི་དོན་བསྡུས་ཤིང་། །ཆོས་ཀྱི་དབང་ཕྱུག་གིས་མཛད་ལྷན་སྐྱེས་ཀྱི། །གཞུང་ཚིག་ཉིད་ནས་ཁོག་ཕུབ་ཕལ་ཆེར་ནི། །ཡབ་སྲས་གསུངས་རྣམས་བྱིན་རླབས་ཆེ་རྣམས་བསྒྲིགས། །ཅུང་ཟད་མཚམས་སྦྱར་གཞུང་གི་ཚིག་དོན་བསྡུས། །རང་ཉིད་ཁོ་ནའི་རྒྱུན་ཁྱེར་ལ་དམིགས་ནས། །ཆུ་སྟོད་ཟླ་བའི་ཡར་ཚེས་བཅུ་གཅིག་ཉིན། །རྫོགས་པར་བྲིས་འདིས་འགལ་འཁྲུལ་ཉེས་པའི་ཚོགས། །གང་མཆིས་འགྲོ་བའི་སྡིག་དང་ལྷན་ཅིག་བཤགས། །རྣམ་དཀར་གང་དེས་འགྲོ་ཀུན་བདེ་ཆེན་ཐོབ། །བདག་


CMR023_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འཕོ་ཚེ་ཧེ་རུ་ཀ་དཔལ་དང་། །དཔའ་བོ་ཌཱཀིས་བདེ་ཆེན་ཞིང་ཁྲིད་ཤོག །པདྨ་གར་དབང་མཆོད་པས་མཉེས་བྱེད་ཤོག །ཅེས་རཱ་གའི་མིང་ཅན་དེས་བྱས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབདེ་མཆོག་ནཱ་རོ་ལྷ་ལྔ་བསྡུས་པ།next