Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
དཔལ་སྒ་ལོ་དང་བདེ་མགོན་ལྷ་མོ་རྣམས་ཀྱི་ཚེ་སྒྲུབ་ཟབ་མོ་རྒྱུན་གྱི་ཉམས་ལེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་སྒ་ལོ་དང་བདེ་མགོན་ལྷ་མོ་རྣམས་ཀྱི་ཚེ་སྒྲུབ་ཟབ་མོ་རྒྱུན་གྱི་ཉམས་ལེན།next

དཔལ་སྒ་ལོ་དང་བདེ་མགོན་ལྷ་མོ་རྣམས་ཀྱི་ཚེ་སྒྲུབ་ཟབ་མོ་རྒྱུན་གྱི་ཉམས་ལེན།


CMR023_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྒ་ལོ་དང་བདེ་མགོན་ལྷ་མོ་རྣམས་ཀྱི་ཚེ་སྒྲུབ་ཟབ་མོ་རྒྱུན་གྱི་ཉམས་ལེན་བཞུགས་སོ།།


CMR023_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱབས་སེམས་སྔོན་དུ་སོང་ནས། རང་ཐ་མལ་པའི་སྤྱི་བོར་མདའ་གང་ཙམ་གྱི་ནམ་མཁར་པདྨ་དང་ཟླ་བའི་སྟེང་དུ། རང་གི་རྩ་བའི་བླ་མ་དང་དབྱེར་མེད་པའི་དཔལ་ཆེན་སྒྲ་ལོ་ཙཱ་དེ་ཉིད། རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་


CMR023_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མདངས་དང་ལྡན་པ་གྲི་ཐོད་འཛིན་པ་ལ་འཁྱུད་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་གི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྣམས་དང་། ཡི་དམ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས། ཡེ་ཤེས་ཀྱི་མགོན་པོ་དང་། དཔལ་ལྡན་ལྷ་མོ་ལ་སོགས་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས། བླ་མ་རྡོ་རྗེ་འཆང་ཡབ་ཡུམ་ལ་ཐིམ་པར་བསྒོམ་ཞིང་ངོག་ཏུ། ཆོས་སྐུ་རྡོ་རྗེ་འཆང་ལ་གསོལ་བ་


CMR023_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ། །བླ་མ་དཔལ་ཆེན་སྒ་ལོ་ལ་གསོལ་བ་འདེབས་སོ། །འགྲོ་མགོན་ཏི་ཤྲཱི་རས་པ་ལ་གསོལ་བ་འདེབས་སོ། །གསང་བ་ལུས་མེད་རྡོ་རྗེ་ལ་གསོལ་བ་འདེབས་སོ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །དྲིན་ཐོབ་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཡི་དམ་བདེ་མཆོག་ཡབ་ཡུམ་ལ་གསོལ་བ་འདེབས་སོ། །ཆོས་སྐྱོང་བྱ་རོག་མཚན་ཅན་ལ་གསོལ་བ་འདེབས་སོ། །མ་གཅིག་དཔལ་ལྡན་ལྷ་མོ་ལ་གསོལ་བ་འདེབས་སོ། །དབང་བཞི་བསྐུར་བར་མཛད་དུ་གསོལ། རྒྱུད་བཞི་སྨིན་པར་བྱིན་གྱིས་རློབས། །ནད་མེད་བདེ་བའི་བྱིན་ཕོབ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཁྱེད་དང་སྐུ་ཚེ་མཉམ་པར་བྱིན་གྱིས་རློབས། །དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདུད་རྩིའི་རྒྱུན་ན་ར་ར་བབས་པས་རང་གི་ཚངས་བུག་ནས་ཞུགས། ལུས་གང་ནད་གདོན་སྡིག་སྒྲིབ་ཚེ་ཡི་བར་ཆད་ཐམས་ཅད་འོག་སྒོ་དང་རྐང་མཐིལ་ནས་ནག་ནུར་གྱིས་ཕྱིར་ཐོན། དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམ་ཞིང་། ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཀུ་མ་ར་བཛྲ་སཏྭ་


CMR023_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཀཱ་ཡ་ཨཱ་ཡུ་ཛྷཱ་ན་སིདྡྷི་ཕ་ལ་ཧཱུྃ། ཞེས་པ་ཅི་འགྲུབ་བཟླས་རྗེས། བླ་མ་རྡོ་རྗེ་འཆང་ཡབ་ཡུམ་སྐད་ཅིག་གིས་གནས་གྱུར་ཏེ། བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དུ་གྱུར་པའི་ཕྱོགས་བཞིར། བདེ་མཆོག་དཀར་པོ། སེར་པོ། དམར་པོ། ལྗང་གུ་སྟེ་རིགས་བཞི་སོ་སོའི་ཐུགས་ཀར་ཧཱུྃ་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ་ལས་བདུད་རྩི་བབས་ཏེ། རང་གི་སྤྱི་བོར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་རྒྱ་ཆེ་བ་ལྟེ་བའི་ཨཱདཀར་པོ་འོད་ཟེར་སྣ་ལྔ་འཕྲོ་བ་དེ་ལས་བདུད་རྩི་བབས་པས་འཆི་མེད་བདུད་རྩིས་ཐོད་པ་གང་། འཕྱུར་ཞིང་ལུད་པ་རང་གི་ཚངས་བུག་ནས་ཞུགས་ལུས་ཐམས་ཅད་གང་བར་བསྒོམ་ཞིང་། ཨོཾ་ཧཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཨཱ་ཡུཛྙཱ་ན་སིདྡྷི་ཧཱུྃ། ཞེས་ཅི་འགྲུབ་བཟླས་རྗེས། མཐར་ཐོད་པ་བདུད་རྩི་དང་བཅས་པ་རང་ལ་ཐིམ། འཁོར་བཞི་གཙོ་བོ་ལ་ཐིམ། གཙོ་བོ་སྐད་ཅིག་གནས་འགྱུར་ཏེ། ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཁྲོ་ཞིང་འཛུམ་པ་ཕྱག་བཞི་གཡོན་པ། ཐོད་པ་བདུད་རྩིས་གང་བ་དང་། གཡས་རྡོ་རྗེ་རྩེ་ལྔ་བརྟ་ཏེ་འཛིན་པ། གཡས་འོག་མས་རལ་གྲི། གཡོན་འོག་མས་ཁཊཾ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ཐུགས་ཀར་


CMR023_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གདན་ལ་ཧཱུྃ་དཀར་པོ། དེའི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས། འཁོར་འདས་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་བསྡུས་ནས་སྐུ་དང་། ཕྱག་གི་ཐོད་པར་ཐིམ་པས། མགོན་པོ་ཐུགས་དགྱེས་ནས་བདུད་རྩི་ཚངས་བུག་ཏུ་བླུགས་པས་ལུས་གང་། སྡིག་སྒྲིབ་ཚེ་ཡི་བར་ཆད་ཐམས་ཅད་བ་སྤུའི་བུ་ག་ནས་ནག་ཉིལ་གྱིས་ཕྱིར་ཐོན། ལུས་ཚེ་ཡི་བདུད་རྩིས་གང་བར། བསྒོམ་ཞིང་ངག་ཏུ། ༀ་བཛྲ་ཀ་ཝུ་ཝ་ཝ་པ་མ་ཧཱ་ཀཱ་ལ་ཡ་ཨཱ་ཡུ་ཥེ་པུཎྚི་ཀུ་རུ་ཨོ། ཞེས་པ་ཅི་འགྲུབ་བཟླས་ཏེ། མགོན་པོ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཐ་མལ་གྱི་ལུས་པོ་འདི་གནས་འགྱུར་ནས་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་སྤྱན་གསུམ་ཞི་ཞིང་འཛུམ་པ། ཕྱག་གཡས་ཚེ་བུམ་དང་གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་བསྣམས་པ། གཡས་འོག་མས་ཁཊཾ་དང་། གཡོན་འོག་མས་བདུད་རྩི་འཁྱིལ་པའི་ཞགས་པ་འཛིན་པ། དར་དང་རིན་ཆེན་རུས་རྒྱན་ཅན། པད་ཟླའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཾ་དཀར་པོའི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འཆི་མེད་བདུད་རྩིས་རྒྱུན་བབས། ལུས་གང་བས་འཆི་བ་མེད་


CMR023_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་བསྒོམ་ཞིང་། ཨོཾ་ཨ་མཱ་ར་ཎི་ཛཱི་སྭཱ་ཧཱ། ཡང་སྔགས་འདྲ་མིན་གཅིག་ལ། ཨོ་ཨ་མཱ་ར་ཎ་འཛམ་སྭཱ་ཧཱ། སྔགས་དེ་གཉིས་ལ་ཅི་འགྲུབ་བཟླ༔ རང་ཉིད་མགོན་པོ་སྐད་ཅིག་ལ་གནས་འགྱུར་ཏེ། དཔལ་ལྡན་ལྷ་མོ་སྐུ་མདོག་དཀར་མོ་ཞལ་གཅིག་སྤྱན་གསུམ་ཞི་ཞིང་བཞད་པ། ཕྱག་བཞིའི་གཡས་པས་བདུད་རྩིས་གང་བའི་ཐོད་པ་དང་རལ་གྲི་གཡོན་ཏྲི་ཤུ་ལ་དང་ཤཀྟི་འཛིན་པ། ཞལ་དུ་མི་རོ་མེད་པ་གཞན་རྒྱན་ཆ་ལུགས་དང་ལྡན་ཞིང་། བོང་བུ་དཀར་པོའི་སྟེང་ཕྱེད་སྐྱིལ་དུ་བཞུགས་པ། དེའི་ཐུགས་ཀར་འོད་ཀྱི་གོང་བུའི་དབུས་སུ་ཧཱུྃ་གི་སྔགས་ཕྲེང་གཡོན་དུ་འཁོར་བ། ཧཱུྃ་གི་ཟླ་ཚེས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དབང་དང་དངོས་གྲུབ་ཐམས་ཅད་འབ་ཀྱིས་བསྡུས་ནས་རང་ལྷ་མོའི་ཐུགས་ཀར་ཐིམ་པས་རྐྱལ་གྲོད་འོ་མས་གང་བ་ལྟར་བསྟིམས་བསྟིམ་གང་བས་ཚེ་དང་བསོད་ནམས་ཀྱི་དངོས་གྲུབ་ཐོབ་པར་བསྒོམས་ལ། རང་གི་ཞལ་ནས་བདུད་རྩིའི་ཁ་ཕྲུ་ཉེ་དུ་དང་། གྲྭ་སློབ་ཡོན་བདག་གལ་ཆེ་


CMR023_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ལ་བཏབ་པས་ནད་གདོན་བར་ཆད་ཐམས་ཅད་དག་ནས་ཚེ་བསོད་དབང་ཐང་ཐམས་ཅད་འཕེལ་བར། བསྒོམས་ལ། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷོ། མ་མ་མ་ཧཱ་ཀཱ་ལི་ཨཱ་ཡུ༔ ཚེ་ཧཱུཾ་སྭཱ་ཧཱ། ཞེས་པ་ཅི་འགྲུབ་བཟླས་པ་ནི་བསྐྱེད་པའོ། །དེ་ནས་འདི་ལྟར་སྒོམ་མཁན་གྱི་སེམས་ལ་སེམས་ཀྱིས་བལྟས་པས་གཟུགས་ཁ་དོག་དངོས་པོ་ཅི་ཡང་མ་མཐོང་འཕགས་བཞི་སྐྱེད་བྱེད་ཡུམ་ཆེན་མོ་སྟེ་ཡེ་ཤེས་ཀྱི་ལྷ་མོ་ཡིན་ནོ། །ཅི་ཡང་མེད་པ་མ་ཡིན་སྣ་ཚོགས་ཅིར་ཡང་འཆར་བ་ནི་མ་རིག་ན་མ་མགོན་གྱི་འཁོར་གྱི་དྲེགས་པ་རྣམས་རིག་ན་རང་གི་ཡེ་ཤེས་ཀྱི་མགོན་པོ་སྟེ། འཁོར་བའི་སྡུག་བསྔལ་སྐྱོབ་པའི་མགོན་པོ་ཆེན་པོའི་ཡེ་ནས་རང་དང་ལྷན་ཅིག་སྐྱེས་པས་ལྷན་སྐྱེས། རང་བཞིན་གསལ་བ་ནི་ཡབ་ངོ་བོ་སྟོང་པ་ནི་ཡུམ། དེ་གཉིས་འབྲལ་བ་མེད་པར་ཞལ་སྦྱོར། བླ་མ་གྲུབ་ཐོབ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་དེ་ཉིད་ཡིན་པས། བླ་མ་རང་སེམས་དབྱེར་མེད། དེ་ལྟར་ཤེས་ན་སེམས་ཁོ་རང་ཅི་ལྟར་འདུག་པ་ལྟར་བཅོས་བསླད་མི་བྱེད་པར་རང་བབས་སུ་གློད་ལ་མ་ཡེངས་ཙམ་གྱི་དྲན་རྫི་བསྟེན་པ་ཉམས་ལེན་ནོ། །འདི་ལྟར་བསྒོམས་བཟླས་བྱས་པའི་


CMR023_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱིས། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ཕྱི་མ་བདེ་ཆེན་ཞིང་དུ་བརྫུས་སྐྱེས་ནས། །ས་བཅུ་ཐོབ་ནས་ཕྱོགས་བཅུའི་ཞིང་རྣམས་སུ། །སྤྲུལ་པས་འགྲོ་བ་མ་ལུས་འདྲེན་པར་ཤོག །དེ་དག་བཟླས་ཤིང་དམིགས་པ་ཁོ་ནས་ཆོག་སྟེ། སྒ་ལོའི་བླ་མའི་རྣལ་འབྱོར་ཚེ་སྒྲུབ་དེ་ནི་ཨུ་རྒྱན་གྱིས་མཛད་པའི་བླ་མ་སྤྱི་སྒྲུབ་ལས་བསྡུས་བདེ་མཆོག་གི་ཚེ་སྒྲུབ་དེ་ཡི་རྩ་རྒྱུད་ལེའུ་ལྔ་པ་ནས་གསུངས་པའི་དོན། མགོན་པོ་སྤྱི་བོར་བསྒོམ་པ་དེ་སྒ་ལོ་ཙཱའི་རྒྱ་གཞུང་གི་དོན། མགོན་པོའི་བདག་བསྐྱེད་དེ་ལ་མགོན་པོ་མངོན་འབྱུང་གི་རྒྱུད་ནས་གསུངས་པའི་དོན། ལྷ་མོའི་བདག་བསྐྱེད་དེ་ནི་ལྷ་མོའི་སྒྲུབ་སྐོར་ནས་འབྱུང་བའི་མན་ངག་སྟེ། གོ་བདེ་ལ་གབ་སྤྲད་པ་ཡིན་ཏེ། འདི་ནི་དོན་ལ་བླ་མའི་རྣལ་འབྱོར་ཡིན་པས། བདེ་མགོན་ལྷ་མོ་རྣམས་ཀྱི་དབང་ཐོབ་ནའང་ལེགས། མ་ཐོབ་ཀྱང་འདོན་རུང་། ཚངས་གསར་པའི་གདུང་རིགས་དང་། །གྲྭ་རིགས་རྣམས་ཀྱིས་གཞན་གང་བས་ཀྱང་འདི་ཉིད་ཉམས་ལེན་བྱས་ན་བྱིན་རླབས་ཆེ། ས་ཕྱོགས་དེ་དཔལ་སྒ་ལོའི་བྱིན་རླབས། གདུང་རིགས་དེ་ནི་བཀའ་བབས་བརྒྱུད་པ་ཡིན་པའི་ཕྱིར་རོ། །ཞེས་པ་འདི་ནི་ཚངས་གསར་གྱི་དཔོན་རྡོ་རྗེའི་མཚན་ཅན་དེ་དད་འདུན་ཆེ་ཞིང་མཇལ་འདོད་གསུང་བསྐུལ་ཡང་། ང་ནི་ཚེ་མཚམས་དང་ངག་ཙམ་ཡང་མི་གྲོལ་བའི་དམ་བཅའ་ཡིན་པས་མཇལ་བའི་དོད་པོ་མཛོད། བསྟན་སྐྱོང་ཁུ་དབོན་གཉིས་ལ་ངོས་གཏད་པ་ཡིན་པས་ཁྱེད་ཀྱིས་


CMR023_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ལེན་པའི་མོས་པ་མཛོད་ལ་དཔེ་འདི་ཡུད་ཙམ་སྤྱི་བོར་ཟུངས། དེས་ལུང་གི་གོ་ཆོད་པ་ཡིན། དེ་ལ་མཁའ་འགྲོའི་གཏད་རྒྱ་བརྒྱུད་པ་ཞེས་བྱ། དེ་ནས་ཟླ་གཅིག་ཙམ་སྟེ་མ་ཆག་པར་ཉམས་སུ་ལོངས། དེ་ནས་དཔོན་དང་། མ་གྲྭ་རིགས་རྣམས་ལ་ལུང་མཛད་ཀྱང་ཆོག །ཁྱེད་ཁུ་དབོན་གཉིས་ཀྱིས་ཐུན་རེར་མ་ཆག་པར་ཉམས་ལེན་མཛོད། སྔགས་གྲངས་ངེས་པ་མེད། དམིགས་པ་ཟིན་ཙམ་དེས་ཆོག །ཅེས་པ་རཱ་ག་ཨ་སྱས་མཚམས་ཁོང་དུ་སྨྲས་པའོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་སྒ་ལོ་དང་བདེ་མགོན་ལྷ་མོ་རྣམས་ཀྱི་ཚེ་སྒྲུབ་ཟབ་མོ་རྒྱུན་གྱི་ཉམས་ལེན།next