Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
རྗེ་བརྒྱད་པས་མཛད་པའི་བདེ་མཆོག་ལྷ་ལྔའི་ཆོ་ག་ཚིགས་སུ་བཅད་པའི་ཟིན་བྲིས་ཚིགས་སུ་བཅད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བརྒྱད་པས་མཛད་པའི་བདེ་མཆོག་ལྷ་ལྔའི་ཆོ་ག་ཚིགས་སུ་བཅད་པའི་ཟིན་བྲིས་ཚིགས་སུ་བཅད་པ།next

རྗེ་བརྒྱད་པས་མཛད་པའི་བདེ་མཆོག་ལྷ་ལྔའི་ཆོ་ག་ཚིགས་སུ་བཅད་པའི་ཟིན་བྲིས་ཚིགས་སུ་བཅད་པ།


CMR023_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བརྒྱད་པས་མཛད་པའི་བདེ་མཆོག་ལྷ་ལྔའི་ཆོ་ག་ཚིགས་སུ་བཅད་པའི་ཟིན་བྲིས་ཚིགས་སུ་བཅད་པ་བཞུགས་སོ།།


CMR023_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཙཀྲ་སམྦ་རཱ་ཡེ། །བླ་མ་འཁོར་ལོ་སྡོམ་པ་ཌཱཀིའི་ཚོགས། །སྤྱི་བོའི་རྒྱན་དུ་བཀོད་ནས་ཕྱག་འཚལ་ཏེ། །ཟིན་བྲིས་བྲི་ལ་བཀའ་གནང་བྱིན་གྱིས་རློབས། །ཐོག་མར་དབང་གི་ལོ་རྒྱུས་མདོར་བསྡུས་ནི། །འོ་ན་ད་ལམ་བདེ་མཆོག་འཁོར་ལོའི་རྒྱུད། །དངོས་གྲུབ་འབྱུང་གནས་མ་རྒྱུད་ཀུན་གྱི་བླ། །བྱིན་རླབས་མངའ་བདག་ཕྲིན་ལས་རྒྱལ་པོ་ཆེ། །ལྷ་མིའི་བདེ་བ་ཟིལ་གནོན་བདེ་བའི་མཆོག །མཚན་ཐོས་ཙམ་གྱིས་སྡིག་པ་གྲངས་མེད་འཇོམས། །དཀྱིལ་འཁོར་མཐོང་བས་འཁོར་འདས་ཡོན་ཏན་འཐོབ། །ཉམས་སུ་བླངས་ན་ཚེ་གཅིག་སངས་རྒྱ་བའི། །ཐུགས་


CMR023_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བདེ་མཆོག་ལྷ་ལྔའི་དབང་བསྐུར་ལ། །ལྷ་ཡི་ངོས་བཟུང་རྒྱུད་ཀྱི་གསུང་ཚུལ་དང་། །རྒྱ་གཞུང་ངོས་བཟུང་བརྒྱུད་པའི་རྣམ་གྲངས་དང་། །ཕན་ཡོན་དགོས་ཆེད་བཤད་པོ་རྣམ་གྲངས་སོ། །ལྷ་ཡི་ངོ་བོ་དང་པོའི་སངས་རྒྱས་ཏེ། །ཀུན་བཟང་ཆོས་སྐུ་རྡོ་རྗེ་འཆང་ཆེན་ཉིད། །ཧེ་རུ་ཀ་ཡི་སྐུར་བཞེངས་བདེ་མཆོག་ཡིན། །དེ་དོན་སྔ་འགྱུར་གསང་འདུས་རྒྱུད་ཆེན་ལས། །བདེ་མཆོག་ཀྱེ་རྡོར་ཆེ་མཆོག་དོན་གཅིག་གསུངས། །རྡོར་ཕྲེང་དབང་ཆོག་བདེ་མཆོག་བསྟོད་པར་ཡང་། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །གསུངས་ཕྱིར་ངོ་བོ་ཀུན་ཏུ་བཟང་པོ་ཉིད། །ཐོག་


CMR023_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པའི་སངས་རྒྱས་ཀུན་གྱིས་ཀྱང་། །འཁོར་ལོ་སྡོམ་པའི་རྒྱུད་རྣམས་རྒྱ་ཆེར་གསུངས། །བདག་ཅག་སྟོན་པ་ཤཱཀྱ་ཐུབ་པ་ཡང་། །ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཏེ། །དེ་མ་ཐག་ཏུ་སྡོམ་པའི་རྒྱུད་རྣམས་གསུངས། །འོན་ཀྱང་སེམས་ཅན་བསོད་ནམས་ལས་དབང་གིས། །ལ་ལར་དར་ཞིང་ལ་ལར་ནུབ་པར་གྱུར། །བསྐལ་པ་འདི་ཉིད་དང་པོ་ཆགས་པའི་སྐབས། །དབང་ཕྱུག་ཆེན་པོ་དྲག་པོ་འཇིགས་བྱེད་ཀྱིས། །འཛམ་གླིང་དབང་བྱས་ལོག་པའི་ལམ་ལ་བཀོད། །དེ་ཚེ་འོག་མིན་གནས་ནས་བདེ་མཆོག་གི །དཀྱིལ་འཁོར་གཅིག་བྱོན་འཇིགས་བྱེད་ཡབ་ཡུམ་གཉིས། །ཞབས་འོག་མནན་ཅིང་ཐིམ་དང་ལོངས་སྤྱོད་དང་། །བདག་པོའི་ཚུལ་གྱིས་འཁོར་བཅས་དབང་དུ་བསྡུས། །ཡུལ་ཆེན་ཉེར་བཞི་གནས་ཆེན་སུམ་ཅུ་གཉིས། །དབང་ཕྱུག་གནས་ཀུན་བདེ་མཆོག་གནས་སུ་བྱས། །རི་རབ་རྩེར་བྱོན་རྩ་རྒྱུད་ཉུང་ངུའང་གསུངས། །སླར་ཡང་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཉིད། །མྱ་ངན་འདས་ཁར་འབྲས་སྤུངས་མཆོད་རྟེན་དུ། །དུས་འཁོར་གསུངས་རྗེས་བདེ་མཆོག་རྒྱུད་ཀྱང་གསུངས། །དེ་ནས་རྒྱུད་ཀྱི་རྣམ་གྲངས་མདོར་བསྡུས་ནི། །རྩ་རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་དང་། །


CMR023_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་རྒྱ་མཚོ་དང་། །ཡེ་ཤེས་རྒྱ་མཚོ་སྡོམ་པ་རྒྱ་མཚོ་དང་། །དེ་ཁོ་ན་ཉིད་རྒྱ་མཚོ་བྱ་བ་དང་། །ཧེ་རུ་མངོན་འབྱུང་སྡོམ་པ་འབྱུང་བ་དང་། །ཕག་མོ་མངོན་འབྱུང་རྩ་བ་ཕྱི་མ་གཉིས། །རྩ་རྒྱུད་ཉུང་ངུ་བཤད་རྒྱུད་ཨ་བྷི་དྷ། །ར་ལི་ཉེར་བཞི་རྣལ་འབྱོར་མའི་ཀུན་སྤྱོད། །དེ་སོགས་བདེ་མཆོག་རྒྱུད་སྡེ་མཐའ་དག་གི །སྙིང་ནཱ་རོ་པཎ་ཆེན་གྱིས་བསྡུས་པ། །བདེ་མཆོག་ལྷ་ལྔ་འདི་ཉིད་ཡིན་ནོ་ཞེས། །དུལ་མོ་བཀྲ་ཤིས་འོད་ཟེར་སོགས་ཀྱིས་བཞེད། །རྩ་བའི་རྒྱུད་ལས་ལྷ་གྲངས་མི་གསལ་ཏེ། །བཤད་རྒྱུད་ངེས་བརྗོད་བླ་མའི་རྒྱུད་སྡེ་ལས། །ལྷ་གྲངས་དྲུག་ཅུ་པ་དང་བཅུ་གསུམ་པ། །ལྷ་ལྔ་ལྷན་སྐྱེས་ལ་སོགས་དུ་མ་གསུངས། །དེ་ཡི་རྗེས་འབྲང་དྲིལ་བུ་ལྷ་ལྔ་སྟེ། །དེ་ཡི་རྗེས་འབྲང་ནཱ་རོས་མཛད་པའང་བཞེད། །གཞན་ཡང་མེ་ཏྲི་ལུགས་ཀྱི་ལྷ་ལྔའང་ཡོད། །ཁྲག་འཐུང་མངོན་འབྱུང་རྒྱུད་ཀྱི་ལག་མཆོད་སྐབས། །ལྷ་ལྔ་གསུངས་པར་བརྟེན་ནས་ནཱ་རོ་པས། །མཛད་ཅེས་པཎ་ཆེན་ལུང་རིགས་ཉི་མས་གསུངས། །སྐུ་གསུང་ཐུགས་དང་དམ་ཚིག་ཡེ་ཤེས་ཀྱི། །འཁོར་ལོ་ལྔ་ཡི་དཀྱིལ་འཁོར་སོ་སོ་ལས། །བདེ་བ་ཆེན་པོ་ཡེ་ཤེས་འཁོར་ལོ་ཡི། །ལྷ་


CMR023_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་འདི་ཉིད་ནཱ་རོ་པ་ཉིད་ཀྱིས། །ཁོལ་དུ་ཕྱུངས་ནས་མཛད་པ་ཡིན་ནོ་ཞེས། །ཟུར་མང་བཀའ་བརྒྱུད་རྣམས་ཀྱིས་གསུང་སྒྲོས་ཐོས། །བརྒྱུད་པ་རིང་བརྒྱུད་རྡོ་རྗེ་འཆང་ཆེན་ནས། །ཕྱག་རྡོར་ས་ར་ཧ་དང་ཀླུ་སྒྲུབ་དང་། །ལཱུ་ཧི་པ་དང་དཱ་རི་ཀ་པཱ་དང་། །དྲིལ་བུ་པ་དང་རུས་སྦལ་ཞབས་ཅན་དང་། །ཛ་ལེནྡཱ་ར་ནག་པོ་སྤྱོད་པ་དང་། །རོལ་པའི་ཟླ་བ་དགེ་བའི་མགོན་པོ་དང་། །གུ་རྒྱ་པ་གསུམ་ནག་པོའི་སློབ་མ་སྟེ། །གསུམ་ཀར་རྣམ་པར་རྒྱལ་བའི་ཞབས་ཀྱིས་གསན། །དེ་ནས་ཏེ་ལོ་ནཱ་རོར་བརྒྱུད་པར་བཤད། །ཉེ་བརྒྱུད་རྡོ་རྗེ་འཆང་ནས་ཐང་ལོ་པ། །ཤིང་ལོ་པ་དང་ཀཎྜ་རི་པ་དང་། །ཨིནྡྲ་བྷུ་ཏི་ཏེ་ལོ་ནཱ་རོར་བརྒྱུད། །འོན་ཀྱང་བྱིན་རླབས་སྙན་བརྒྱུད་གཙོར་བཟུང་ནས། །རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོར་བརྒྱུད། །དེ་ཕྱིར་སྙན་བརྒྱུད་དབང་བསྐུར་མ་ཐོབ་ཀྱང་། །འདི་ཡི་དབང་བསྐུར་ཐོབ་པས་གོ་བཅད་ནས། །སྙན་བརྒྱུད་ཕྱི་སྒྲུབ་རྒྱུན་ཁྱེར་ཉམས་ལེན་དང་། །དེ་དོན་བཤད་པ་ལུང་རིགས་ཉི་མས་གསུངས། །འོན་ཀྱང་འདི་ནི་སྙན་བརྒྱུད་དངོས་མིན་ཏེ། །འདི་ཡི་རྒྱ་གཞུང་ནཱ་རོས་མཛད་པའི་སྐོར། །བཀའ་བརྒྱུད་ཆོས་སྐོར་གླེགས་བམ་གྲྭ་རུ་བཞུགས། །དེ་ལ་བསྟེན་པའི་བདེ་


CMR023_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྷ་ལྔ་འདི། །ཤངས་པ་བཀའ་བརྒྱུད་འབའ་རོམ་བཀའ་བརྒྱུད་སོགས། །བཀའ་བརྒྱུད་སྤྱི་ལའང་རྒྱ་ཆེར་དར་མོད་ཀྱི། །དུས་མཁྱེན་ནས་བཟུང་ད་ལྟའི་བར་ཉིད་དུ། །ཞལ་གཟིགས་རྒྱུན་མི་ཆད་པས་བྱིན་རླབས་ལྡན། །ཤིན་ཏུ་ཉེ་བརྒྱུད་མི་བསྐྱོད་རྒྱལ་བས་གསུངས། །མི་བསྐྱོད་རྡོ་རྗེ་བཅོམ་ལྡན་འཁོར་ལོ་སྡོམ། །གསུངས་ཕྱིར་བླ་མ་ཡི་དམ་དབྱེར་མེད་ཕྱིར། །རྒྱུད་སྡེའི་ནང་ནས་མཁར་གྱི་རྩེ་མོ་དང་། །མར་གྱི་ཡང་ཞུན་ལྟ་བུ་ཡིན་པར་གསུངས། །མར་པའི་ཐུགས་དམ་མ་རྒྱུད་སྐོར་བཞི་ལས། །ཡང་སྙིང་འཁོར་ལོ་སྡོམ་པ་ཞེས་སུ་གྲགས། །འདི་ཡི་དབང་བསྐུར་ལེགས་པར་མ་ཐོབ་ན། །ཕྱག་ཆེན་ཆོས་དྲུག་སོགས་ཀྱང་བསྒོམ་མི་རུང་། །ཅི་ཕྱིར་ཕྱག་ཆེན་བདེ་མཆོག་རྒྱུད་ལ་བརྟེན། །དེ་དོན་བདེ་མཆོག་ཨ་བྷི་དྷ་ན་ལས། །གང་ཡང་དབང་བསྐུར་མེད་པ་ལ། །གཞན་དུ་དེ་ཉིད་མ་བསྟན་ཅིག །ངེས་བརྗོད་རྒྱུད་ལ་བླ་མ་ཡི། །དབང་བསྐུར་སློབ་མ་དག་ལ་སྦྱིན། །གཞན་དུ་སློབ་མ་སྐྱོ་བ་དང་། །བརྒྱལ་དང་རྨོངས་པ་དག་ཏུ་འགྲོ། །མནར་མེད་འཇིགས་པ་ཆེན་པོ་དང་། །ངེས་པར་དེ་ནི་ལྟུང་བར་འགྱུར། །དཀྱིལ་འཁོར་མཐོང་དང་དབང་ཐོབ་པའི། །


CMR023_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་རྒྱུད་སྡེ་དེ་ཉིད་ལས། །མཐོང་བ་དང་ནི་རེག་པ་དང་། །དད་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཏེ། །དེ་ལྟར་འདི་ལ་ཐེ་ཚོམ་མེད། །རྣལ་འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིགས་བྱེད་པ། །བཟླས་དང་བསམ་གཏན་དག་ལས་ཀྱང་། །སྐྱེ་བ་འདི་ལ་དངོས་གྲུབ་འབྱུང་། །ཞེས་གསུངས་ཁྲག་འཐུང་མངོན་འབྱུང་ལས། །དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་ནི། །དངོས་གྲུབ་ཅི་སྟེ་སྐྱེ་མི་འགྱུར། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཅེས་གསུངས་འདི་ཉིད་སྒོམ་བཟླས་དང། །མཆོད་བསྟོད་ཕན་ཡོན་རྒྱུད་དེ་ལས། །བདག་གིས་དང་འགྲོ་རབ་ཏུ་བསྐུལ། །བཀླགས་པས་ལས་ནི་ཐམས་ཅད་བྱེད། །འཆི་བའི་དུས་ཀྱི་དངོས་གྲུབ་ནི། །འཆི་བ་ལས་ནི་བརྗོད་པར་འགྱུར་། །དངོས་གྲུབ་འདི་ཡི་བྱེ་བྲག་སྟེ། །ཉི་མ་གཅིག་གིས་དངོས་གྲུབ་ཆེ།། །འཇིག་རྟེན་གསུམ་བསྒྲུབ་བསྒོམ་པར་བྱ། །སྒྲུབ་པའི་དཔའ་བོའི་ཆོ་ག་ཤེས། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །བརྟུལ་ཞུགས་ལ་ནི་ནུབ་གསུམ་གནས། །ལྷ་ཡི་གནས་སུ་སྐྱེ་བར་འགྱུར། །ལྷ་ཡི་ཡེ་ཤེས་ཐོབ་འགྱུར་ཏེ། །དེ་བཞིན་ལྷ་ཡི་གཟུགས་སུ་འགྱུར། །རྩོད་པ་ཀུན་ལས་


CMR023_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དང་། །རྒ་དང་འཆི་བ་རྣམ་པར་སྤང་། །སངས་རྒྱས་བཞིན་དུ་ལྷ་མོར་བརྟེན། །དཔའ་བོ་བཞིན་དུ་ས་སྟེང་བརྩེ། །ཕྱག་རྒྱ་དང་ནི་བཅས་ཉིད་དུ། །ཉི་མ་གསུམ་གྱིས་འགྱུར་བ་ཉིད། །ཅེས་གསུངས་ཁྱད་པར་བདེ་མཆོག་འདི། །འགྲན་ཟླ་མེད་ཚུལ་རྩ་རྒྱུད་ལས། །དེ་ཉིད་བསྒྲུབ་པའམ་བདེ་མཆོག་གམ། །གསང་བའི་རྡོ་རྗེ་འཇིགས་བྱེད་ལས། །དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །རྒྱུད་འདི་རུ་ནི་དབང་བསྐུར་ན། །ཐམས་ཅད་ཀྱི་ནི་སྒྲུབ་པོར་གསུངས། །གསང་སྔགས་འདི་ནི་མི་ཤེས་པར། །རྣལ་འབྱོར་པ་ནི་རྣལ་འབྱོར་འདོད། །དེ་ནི་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །གསང་སྔགས་འདི་ནི་འདོད་སྤྱོད་པའི། །བདེ་བར་གཤེགས་པས་བསྔགས་པ་ཡི། །གསང་སྔགས་གང་གིས་ཤེས་གྱུར་པ། །སྒྲུབ་པོ་སྔགས་དང་ཕྱག་རྒྱ་འགྲུབ། །བཟའ་དང་བཏུང་བ་ལ་སོགས་པའི། །ཟས་ཀྱི་མཆོག་དང་བཅུད་ལ་སོགས། །དངོས་གྲུབ་ཐམས་ཅད་སྦྱིན་བྱེད་ཅིང་། །ཞེས་གསུངས་ནམ་མཁའ་མཉམ་རྒྱུད་ལས། །སྙིང་པོ་ཉེ་སྙིང་ཕན་ཡོན་ནི། །གསང་སྔགས་རྒྱལ་པོ་འདི་དག་ནི། །བསྐལ་པ་


CMR023_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པུས་དག་བྱེད་ཆུ། །ཞེས་གསུངས་ངེས་བརྗོད་བླ་མ་ལས། །གསང་སྔགས་འདི་ནི་གསང་སྔགས་ཆེ། །ལས་རྣམས་ཐམས་ཅད་བྱེད་པའི་མཆོག །འདི་ནི་བཀླགས་པ་ཙམ་གྱིས་འགྲུབ། །གསང་སྔགས་ཀུན་གྱི་གསང་སྔགས་མཆོག །ཐོད་པ་དུམ་བུ་ལ་སོགས་པ། །དཔའ་བོ་ཀུན་གྱི་སྙིང་གནས་མཆོག །གསང་སྔགས་དེ་དག་མཆོག་དམ་པ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །ཅེས་གསུངས་དེ་བཞིན་རྩ་རྒྱུད་ལས། །མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་པ་ཐམས་ཅད་རྣམ་པར་དག །དེ་བཞིན་གཤེགས་པའི་ས་ཐོབ་ཅིང་། །སྐྱེ་དང་སྐྱེ་བར་བདེ་གཤེགས་ཀྱི། །རིགས་སྐྱེས་རྒྱལ་པོ་ཆོས་ལྡན་འགྱུར། །ཇི་ལྟར་སྔོན་བདག་སྡིག་པ་ཡི། །བག་ཆགས་ཀུན་ཟད་མཚན་ཉིད་ཡིན། །གང་ཞིག་འདི་ནི་རྟགས་སྒོམ་པ། །ས་ལ་འདོད་པ་ཀུན་དབང་ཕྱུག །དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་སུ་བཞག་ནས་ནི། །མར་གསར་སྟེང་དུ་ཞུ་འགྱུར་ཞིང་། །སྣོད་ཀྱི་དྲི་མ་འཇིག་པ་ལྟར། །དེ་བཞིན་ཤི་ཧེ་རུ་ཀའི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །བསམ་གཏན་སེམས་པ་ཙམ་གྱིས་སམ། །ཀློག་ཅིང་འདོན་དང་བྲིས་པ་


CMR023_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་བའམ། །ཡང་ན་འཁོར་ལོས་སྒྱུར་བ་ཐོབ། །རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །དཔལ་ལྡན་ཁྲག་འཐུང་མཁའ་ལ་འགྲོ་།ལག་ན་མེ་ཏོག་སྣ་ཚོགས་ཐོགས། རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་ཀླུ་ཡི་མཆོད་པས་མཆོད། །འཆི་བ་ཞེས་བྱའི་རྣམ་རྟོག་འདི། །མཁའ་ལ་འགྲོ་བའི་གནས་སུ་ཁྱེར། །ཞེས་གསུངས་དེ་ལྟར་རྒྱུད་སྡེ་མཐོ། །ནཱ་རོའི་རྒྱ་གཞུང་ཁུངས་བཙུན་ཞིང་། །བཀའ་བབས་བརྒྱུད་དང་བྱིན་རླབས་ལྡན། །དེ་འདྲའི་དབང་བཞི་ཡོངས་རྫོགས་པ། །ཞུ་ཕྱིར་མཎྜལ་ཕུལ་བར་མཛོད། །ལོ་རྒྱུས་ལེའུ་སྟེ་དང་པོའོ།། །།དེ་ནས་དབང་ཐོབ་བསྙེན་པ་བྱེད་ཐབས་ནི། །དབེན་པའི་གནས་སུ་མཚམས་ནི་དམ་པོར་བཅད། །གཏོར་མ་ཟླུམ་པོ་འཁོར་བཞི་ཟུར་གསུམ་སྟེ། །དཀར་དམར་རྒྱན་ལྡན་འདས་གཏོར་ལེགས་པ་གཅིག །སྣོད་གཙང་ནང་དུ་འཇིག་རྟེན་གཏོར་མ་ནི། །དཀར་གཏོར་ཆེ་ཞིང་ལེགས་པ་གཅིག་དང་སྟེ། །དེ་དག་གསོ་བའི་མཐེབ་སྐྱུ་མང་པོ་དང་། །ཆུ་བཞི་སྔོན་དུ་འགྲོ་བའི་རྣམ་ལྔ་བཤམས། །ཌཱ་དྲིལ་ཙམ་ལས་བཅའ་ཚོགས་གཞན་མི་


CMR023_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །ནངས་སྔ་སྔོན་འགྲོ་རེ་རེ་བཏང་བྱ་སྟེ། །ཐུན་གཞན་གསུམ་ལ་སྔོན་འགྲོ་གཏོང་མི་དགོས། །ཞོགས་པ་ཉིན་གུང་དགོང་མོ་མཚན་དང་བཞི། །བདག་བསྐྱེད་ཐུན་བཞི་ཝིག་པར་བྱ་བ་སྟེ། །བསྙེན་པ་ཅི་ནུས་འབད་རྗེས་ཐུན་བསྡུས་ལ། །གཏོར་མ་གཉིས་པོ་གསོ་བྲན་བྱས་ལ་བསྔོ། །མགྲོན་གཤེགས་ཆོ་ག་བགོས་ལ་ཐུན་མཚམས་དེར། །ངག་ནི་བཏང་དགོས་བྱུང་ན་གཏོང་ཡང་རུང་། །ཆོས་སྤྱོད་ལ་སོགས་ཆག་མི་རུང་བ་ཡི། །དགེ་སྦྱོར་གང་དགོས་ཐུན་མཚམས་རྣམས་སུ་བྱ། །དེ་ནས་བསྙེན་པ་བྱེད་ཚེ་དམིགས་རིམ་ནི། །རང་གི་ཐུགས་ཀར་སྣ་ཚོགས་པདྨ་དང་། །ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ནི། །ཉལ་ཐབས་གནས་པའི་ལྟེ་བ་ཡངས་པའི་སྟེང་། །ཉི་མའི་སྟེང་དུ་ཧཱུྃ་མཐིང་འགྲེངས་ཏེ་གནས། །དེ་མཐར་སྔགས་ཕྲེང་ཡི་གེ་བདུན་པ་དང་། །དེ་རྒྱབ་ཡི་གེ་ཉེར་གཉིས་པ་གཉིས་པོ། །ཡིག་ངོ་ནང་བསྟན་གཡས་སུ་བསྐོར་ཏེ་གནས། །ཡུམ་གྱི་ཐུགས་ཀར་ཆོས་འབྱུང་གདན་ཐབས་སྟེང་། །བཻ་གྱི་མཐའ་མར་ཡུམ་སྔགས་གནས་པ་དང་། །རྣལ་འབྱོར་མ་བཞིའི་ཐུགས་ཀར་ཉི་མའི་སྟེང་། །རང་རང་ས་བོན་་་་མཱཾ་ལཱཾ་པཾ་ཏཱཾ་གཡས་རིམ་དུ། ཐ་མར་རང་སྔགས་བསྐོར། །དང་པོ་དེ་


CMR023_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དག་གསལ་བཏབ་ཅུང་ཞིག་བཟླ། །དེ་ནས་སྔགས་རྣམས་ཀློག་པའི་ཚུལ་དུ་བཟླ། །དེ་ནས་ཡིག་འབྲུ་མི་འཁོར་སྔགས་ཕྲེང་ལས། །འོད་ཟེར་རང་མདོག་གཡོན་དུ་། འཁོར་བར་དམིགས། །དེ་ནས་སྔགས་ཕྲེང་དལ་བུས་འཁོར་བ་ལས། །དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པ་ལས། །སྔ་དྲོ་འོད་ཟེར་དཀར་པོ་བྱུང་བ་སྟེ། །ཡབ་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས། །ཡུམ་གྱི་ཐུགས་ཀའི་སྔགས་འཁོར་ལ་ཕོག་པས། །སྔགས་ཕྲེང་དྲག་འཁོར་ཡུམ་གྱི་ཐུགས་རྒྱུད་བསྐུལ། །ཡུམ་གྱི་སྔགས་ལས་འོད་ཟེར་དཀར་པོ་བྱུང་། །བྷ་ག་ནས་ཐོན་རང་གི་གསང་སྦུག་ཞུགས། །ཐུགས་ཀའི་ཧཱུྃ་ཐིམ་ནད་གདོན་བར་ཆད་ཞི། །རང་གི་སྤྱི་བོའི་ཨོཾ་ཡིག་དཀར་པོ་ལས། །འོད་ཟེར་དཀར་པོ་དཔག་མེད་འཕྲོས་པ་ཡིས། །ས་འོག་སོང་སྟེ་ས་འོག་ཡན་ཆད་ཀྱི། །སེམས་ཅན་ཐམས་ཅད་དཔའ་བོ་མཁའ་འགྲོར་གྱུར། །ས་འོག་སྐུ་ཡི་འཁོར་ལོའི་ལྷ་ཚོགས་ཀུན། །འོད་དེས་རེག་པས་ཐུགས་རྒྱུད་བདེ་བས་ཚིམས། །ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་བསྡུས། །རང་གི་སྤྱི་གཙུག་ཨོ་ཡིག་ལ་ཐིམ་པས། །སྐུ་ཡི་འཁོར་ལོའི་ལྷ་ཚོགས་འགྲུབ་པར་འགྱུར། །དེ་ནས་སྐད་ཅིག་རང་གི་


CMR023_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་རུ། །ཡེ་ཤེས་སེམས་དཔའ་རང་འདྲ་གཅིག་བསྒོམ་སྟེ། །དེ་ཡི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པ། །དེ་དབུས་མ་རེག་ཙམ་དུ་ཟླ་བའི་སྟེང་། །ཧཱུཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར་བར་བསྒོམ། །འཁོར་ལོ་རྩིབས་བཞིའི་རྩིབས་མཚམས་རྩིབས་རྩེའི་ཐད། །ལྷ་བུའི་བདུད་ཀྱི་ངོ་བོ་བི་ནག་བཞི། །དེ་ལ་རང་ཉིད་བྱང་ཆུབ་མ་ཐོབ་བར། །བདུད་ཀྱི་བསླུ་བ་གེགས་དང་གོལ་ས་དང་། །ང་རྒྱལ་ཞེན་ཆགས་ཐམས་ཅད་ཐིམ་པར་བསམ། །འཁོར་ལོའི་རྩེ་མོ་སྤུ་གྲིའི་སོ་འདྲ་བས། །ཁཾ་ཡིག་ཐུལ་ཐུལ་བཅད་པས་རྗེས་མེད་སོང་། །ལྷ་ཡི་བུ་ཡི་བདུད་ནི་བཅོམ་པར་བསྒོམ། །དེ་རྗེས་འཁོར་ལོ་ཡེ་ཤེས་སེམས་དཔའ་རྣམས། །གནས་འགྱུར་སྔར་ལྟར་སྣ་ཚོགས་རྡོ་རྗེ་དང་། །སྔགས་ཕྲེང་རྣམས་ལས་འོད་ཟེར་དཀར་པོ་བྱུང་། །ཐུར་དུ་སོང་བས་རང་གི་གསང་སྒྲུབས་ནས། །ཡུམ་གྱི་བྷ་གར་ཞུགས་ཤིང་སྐུ་ལུས་བརྒྱུད། །ཡུམ་ཞལ་ནས་ཐོན་ཡབ་ཀྱི་ཞལ་དུ་ཞུགས། །གསལ་ཞིང་བདེ་བའི་ཉམས་རྟོགས་འཆར་བར་བསྒོམ། །།དེ་ནི་སྔ་དྲོའི་ཐུན་གྱི་དམིགས་པའོ། །ཉིན་གུང་སྔགས་ཕྲེང་སྔོན་དང་འདྲ་བ་ལས། །འོད་ཟེར་སེར་པོ་འཁོར་བས་ཚེ་བསོད་རྒྱས། །རང་གི་ལྟེ་བར་ཧོ་


CMR023_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་སེར་པོ་ལས། །འོད་ཟེར་སེར་པོ་ཁམས་གསུམ་ཁྱབ་པར་སྤྲོས། །སེམས་ཅན་ཐམས་ཅད་དཔའ་བོ་མཁའ་འགྲོར་གྱུར། །འོད་དེས་ཡེ་ཤེས་འཁོར་ལོའི་ལྷ་ཚོགས་མཆོད། །ཐམས་ཅད་མཉེས་ནས་ཚུར་འདུས་ལྟེ་བར་ཐིམ། །ཡེ་ཤེས་འཁོར་ལོའི་ལྷ་ཚོགས་འགྲུབ་པར་བསམ། །ཡང་ནི་སྔོན་ལྟར་ཡེ་ཤེས་སེམས་དཔའ་དང་། །རྩིབས་བཞིའི་རྩིབས་སྣེར་པཾ་ཡིག་ནག་པོ་བཞི། །ཕུང་པོའི་བདུད་ཀྱི་ངོ་བོར་དམིགས་བྱས་ལ། །ལུས་ཀྱི་ནད་གདོན་ཐམས་ཅད་དེ་ལ་བསྟིམ། །འཁོར་ལོས་གཏུབ་ཅིང་རྗེས་མེད་སྟོང་པར་ཡལ། །ཕུང་པོའི་བདུད་བཅོམ་ན་ཚ་མེད་པར་བསྒོམ། །དེ་ནས་སྔོན་ལྟར་སྔགས་ཕྲེང་གསལ་བྱས་ལ། །འོད་ཟེར་སེར་པོ་ཐུར་སོང་གསང་སྦུབས་ནས། །ཡུམ་ཞུགས་ཞལ་བརྒྱུད་རང་གི་ཐུགས་ཀར་ཐིམ། །རྟོག་མེད་བདེ་བའི་ཏིང་འཛིན་འཆར་བར་བསྒོམ། །རང་གི་མགྲིན་པའི་ཨཱཿཡིག་དམར་པོ་ལས། །འོད་ཟེར་དམར་པོ་ས་སྟེང་ཁྱབ་པར་འཕྲོས། །ས་སྟེང་གནས་པའི་སེམས་ཅན་ཐམས་ཅད་ཀུན། །དཔའ་བོ་རྣལ་འབྱོར་མ་ཡི་ངོ་བོར་གྱུར། །ས་སྤྱོད་གསུང་གི་འཁོར་ལོའི་ལྷ་ཚོགས་ཀུན། །འོད་དེས་རེག་པས་བདེ་བ་ཆེན་པོས་མཉེས། །


CMR023_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཚུར་བསྡུས་མགྲིན་པའི་ཨཱལ་ཐིམ། །གསུང་གི་འཁོར་ལོའི་ལྷ་ཚོགས་འགྲུབ་པར་བསྒོམ། །དེ་ནས་དགོང་མོའི་ཐུན་གྱི་དམིགས་པ་ནི། །སྔགས་ཕྲེང་བཀོད་ལུགས་འཁོར་ལུགས་སྔོན་ལྟར་ལས། །འོད་ཟེར་དམར་པོ་ཡབ་ཞལ་ཡུམ་ཞལ་ཞུགས། །རླུང་སེམས་སྣང་སྲིད་དབང་དུ་བསྡུས་པར་བསྒོམ། །རང་གི་ཐུགས་ཀའི་ཧཱུྃ་ཡིག་མཐིང་ཀ་ལས། །འོད་ཟེར་མཐིང་ཀ་ནམ་མཁའ་ཁྱབ་པར་འཕྲོས། །བར་སྣང་ཡན་ཆད་གནས་པའི་སེམས་ཅན་ཀུན། །ཐམས་ཅད་དཔའ་བོ་མཁོའ་འགྲོའི་རྣམ་པར་གྱུར། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་ལྷ་ཚོགས་ཀུན། །འོད་དེས་རེག་པས་བདེ་སྟོང་མཆོད་པར་གྱུར། །ཐམས་ཅད་ཚུར་བསྡུས་ཐུགས་ཀའི་ཧཱུཾ་ལ་ཐིམ། །ཐུགས་ཀྱི་འཁོར་ལོའི་ལྷ་ཚོགས་འགྲུབ་པར་བསྒོམ། །དེ་ནས་གནས་འགྱུར་ཐུགས་ཀའི་ཡེ་ཤེས་སེམས། །འཁོར་ལོ་དང་བཅས་གསལ་བའི་རྩིབས་རྩེ་རུ། །ཉོན་མོངས་བདུད་ཀྱི་ངོ་བོ་ཀླུ་དམར་ནག །དེ་ལ་དུག་ལྔ་སེར་སྣ་བཅས་པ་བསྟིམ། །འཁོར་ལོའི་རྩིབས་རྩེས་གཏུབ་ཅིང་སྟོང་པར་ཡལ། །ཉོན་མོངས་བདུད་བཅོམ་དུག་ལྔ་མི་སྐྱེ་བསམ། །སླར་ཡང་གནས་འགྱུར་སྔགས་ཕྲེང་སྔོན་ལྟར་ལས། །འོད་ཟེར་དམར་པོ་གསང་


CMR023_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྦུབས་ནས་སོང་འཁོར། །བདེ་བ་ཆེན་པོའི་ཏིང་འཛིན་འཆར་བར་བསྒོམ། །དེ་ནས་མཚན་མོའི་ཐུན་གྱི་དམིགས་པ་ནི། །ས་བོན་སྔགས་ཕྲེང་ལ་སོགས་སྔོན་ལྟར་ལས། །འོད་ཟེར་མཐིང་ཀ་ཡབ་ཞལ་ཡུམ་ཞལ་བརྒྱུད། །ཕྱི་ནང་བར་ཆད་ཐམས་ཅད་ཚར་བཅད་བསམ། །རང་གི་གསང་གནས་ཀ་ཡིག་ལྗང་གུ་ལས། །འོད་ཟེར་ལྗང་གུ་ཕྱོགས་མཚམས་བརྒྱད་དུ་འཕྲོས། །ཕྱོགས་མཚམས་འགྲོ་ཀུན་དཔའ་བོ་ཌཱ་ཀིར་གྱུར། །འོད་དེས་སྒོ་མཚམས་ལྷ་མོ་བརྒྱད་ལ་མཆོད། །ཐམས་ཅད་མཉེས་ནས་ཚུར་འདུས་གསང་བར་ཐིམ། །དམ་ཚིག་འཁོར་ལོའི་ལྷ་ཚོགས་འདུ་བར་བསྒོམ། །སླར་ཡང་ཡེ་ཤེས་སེམས་དཔའི་འཁོར་ལོ་བཅས། །འཆི་བདག་བདུད་ནི་ཀྵ་ཡིག་དམར་ནག་གཟུགས། །དེ་ལ་ཚེ་སྲོག་ལ་གནོད་ཐམས་ཅད་བསྟིམ། །འཁོར་ལོ་འཁོར་ཞིང་གཏུབས་པས་སྟོང་པར་ཡལ། །འཆི་བདག་བདུད་བཅོམ་འཆི་མེད་འགྲུབ་པར་བསམ། །དེ་ནས་སྔགས་ཕྲེང་སྔོན་ལྟར་དམིགས་བྱས་ནས། །འོད་ཟེར་མཐིང་ག་རྡོ་རྗེའི་སྦུབས་ནས་ཐོན། །ཡུམ་བརྒྱུད་རང་གི་ཞལ་ཞུགས་ཐུགས་ཀར་ཐིམ། །གསལ་སྟོང་ཕྱག་རྒྱ་ཆེན་པོ་འཆར་བར་བསྒོམ། །དེ་ནས་ཐུན་བཞི་རྫོགས་


CMR023_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་པ་ནི། །ཐུགས་ཀའི་སྔགས་འཁོར་ས་བོན་སྔོན་བཞིན་ལས། །འོད་ཟེར་ཁ་དོག་ལྔ་ལྡན་ཡབ་ཞལ་ནས། །ཡུམ་ཞལ་ཞུགས་པས་ཡུམ་ལས་འོད་ཟེར་འཕྲོས། །འཁོར་གྱི་རྣལ་འབྱོར་མ་བཞིའི་ཐུགས་རྒྱུད་བསྐུལ། །བྱིན་རླབས་བསྡུས་ནས་ཡུམ་གྱི་ཐུགས་ཀ་ནས། །འོད་ཟེར་སྐུ་བརྒྱུད་བྷ་ག་ནས་བྱུང་སྟེ། །ནོར་བུ་ནས་ཞུགས་ཐུགས་ཀའི་ཧཱུཾ་ལ་ཐིམ། །བདེ་ཆེན་ཡེ་ཤེས་འཁོར་ལོ་འགྲུབ་པར་བསྒོམ། །དེ་ནས་ཉལ་ཁའི་དུས་ཀྱི་དམིགས་པ་ནི། །རང་གི་ཐུགས་ལས་འོད་ཟེར་ཁ་དོག་ལྔ། །འཕྲོས་པས་འགྲོ་ཀུན་བདེ་མཆོག་ཡབ་ཡུམ་གྱུར། །ཀུན་ཀྱང་ཚུར་འདུས་འོད་ཞུ་བདག་ལ་ཐིམ། །བདག་ཀྱང་ཧཱུྃ་ཐིམ་ཧཱུྃ་ཡང་གྱེན་རྫོགས་ཡལ། །ཉམས་ལེན་ངང་དུ་ཉལ་ན་འོད་གསལ་ཟིན། །དེ་ནི་གཉིད་པའི་རྣལ་འབྱོར་མཆོག་ཡིན་གསུངས། །དེ་ལྟར་ཞག་བདུན་བཅུ་བཞི་ཉེར་གཅིག་དང་། །ཟླ་གཅིག་ཟླ་དྲུག་ལ་སོགས་དུས་བསྙེན་ཏེ། །ཡབ་ཀྱི་སྙིང་པོ་ཉི་ཤུ་རྩ་གཉིས་པ། །བསྙེན་ན་འབུམ་ཕྲག་བཞི་ཡིས་ཆོག་པ་སྟེ། །ཡིག་བདུན་བསྙེན་ན་འབུམ་ཕྲག་བཅུ་གཉིས་དགོས། །ཡུམ་སྔགས་རྣལ་འབྱོར་མ་བཞིའི་སྔགས་རྣམས་ནི། །དུས་ཀྱི་དབང་གིས་ཁྲི་ཕྲག་བཞི་རེ་བཟློས། །


CMR023_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རྒྱུད་ནས་དངོས་སུ་གསལ་བ་ཡིན། །རྫོགས་ལྡན་དུས་སུ་གཙོ་འབུམ་འཁོར་ཁྲི་སྟེ། །སྙིགས་དུས་བཞི་འགྱུར་དགོས་པ་གསར་མའི་ལུགས། །ཡུམ་སྔགས་བཟླ་ཚེ་ཡུམ་གྱི་སྔགས་འཁོར་ལས། །དམིགས་པ་རྩེ་གཅིག་གཏད་པར་བྱ་བ་དང་། །འཁོར་བཞིའི་བཟླས་པ་བྱེད་ཚེ་སྔ་དྲོའི་ཆ། །རང་གི་ཐུགས་ལས་འོད་ཟེར་མཐིང་སྐྱ་བྱུང་། །མཁའ་འགྲོ་མ་ཡི་ཞལ་ཞུགས་སྔགས་དྲག་འཁོར། །མཁའ་འགྲོའི་ཐུགས་ལས་འོད་ཟེར་མཐོང་སྐྱ་བྱུང་། །རང་གི་ཐུགས་ཀར་ཐོན་པས་ནད་དང་གདོན། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཞི་བར་བསྒོམ། །ཉིན་གུང་དུས་སུ་འོད་ཟེར་སེར་པོ་ནི། །གཡས་ཕྱོགས་གཟུགས་ཅན་མི་ཡི་ཐུགས་ཀར་བརྒྱུད། །ཚེ་དང་ཤེས་རབ་ལོངས་སྤྱོད་རྒྱས་པར་བསྒོམ། །དགོང་མོའི་དུས་སུ་འོད་ཟེར་དམར་པོ་འཕྲོས། །རྒྱབ་ཕྱོགས་དུམ་སྐྱེས་ཞལ་བརྒྱུད་ཚུར་ཐིམ་ནས། །རླུང་སེམས་སྣང་སྲིད་དབང་དུ་འདུས་པར་བསྒོམ། །མཚན་མོ་འོད་ཟེར་ལྗང་གུ་གཡོན་ཕྱོགས་འཕྲོས། །ལཱ་མའི་ཞལ་ཞུགས་ཐུགས་བརྒྱུད་ཚུར་ཐིམ་ནས། །གདུག་པའི་བར་ཆད་ཐམས་ཅད་ཚར་བཅད་བསྒོམ། །དེ་ལྟར་རྣལ་འབྱོར་མ་བཞི་ཐུན་བཞིར་བཅད། །ཕྲེང་སྐོར་རེ་རེའི་དབུ་ན་


CMR023_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ནི། །ཡབ་ཡུམ་སྔགས་ཀྱང་རེ་ཟུང་ཙམ་རེ་སྦྱར། །དེ་ནི་རྒྱུད་དང་གྲུབ་མཐའ་སྤྱི་ཡི་ལུགས། །ཕྲེང་སྔགས་ཞེས་བྱ་ཡབ་ཡུམ་རྐང་བརྒྱད་ནི། །སྐུ་ཡི་སྔགས་ཡིན་ཐུན་རེར་རེ་རེས་ཆོག །ཡིག་བདུན་ཐུགས་ཀྱི་སྔགས་ཡིན་བཟླ་མི་དགོས། །ཏིང་ངེ་འཛིན་ནི་བསྒོམས་པས་འཐུས་པ་ཡིན། །གསུང་གི་སྙིང་པོ་ཡི་གེ་ཉེར་གཉིས་པ། །བསྙེན་རྒྱུའི་གཙོ་བོ་འདི་ཉིད་ཡིན་ནོ་ཞེས། །འབྲི་གུང་ཞབས་དྲུང་གསུང་རྒྱུན་ལ་སོགས་པ། །མཁས་པ་འགའ་ཡི་གསུང་ལས་དངོས་སུ་ཐོས། །དེ་ནི་རྒྱུད་གཞུང་རྣམས་ཀྱི་དགོངས་པར་སྣང་། །མན་ངག་སྙན་བརྒྱུད་ལུགས་ཀྱི་དགོངས་པ་ནི། ༈ རྗེ་སྐྱོབས་པ་རིན་པོ་ཆེ་ནས་བཟུང་རིག་འཛིན་ཆོས་ཀྱི་གྲགས་པའི་བར་དུའོ།། །།ཨོ་ནི་བཅོམ་ལྡན་འཁོར་ལོ་སྡོམ་པ་ཉིད། །བྷིནི་བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །ཧ་ཡིག་དང་པོ་རྣལ་འབྱོར་མ་བཞི་སྟེ། །གཉིས་པ་ས་འོག་སྐུ་ཡི་འཁོར་ལོ་ཡི། །དཔའ་བོ་དཔའ་མོ་ཡབ་ཡུམ་བཅུ་དྲུག་ཡིན། །ཧཱུྃ་ཡིག་དང་པོ་གསུང་གི་འཁོར་ལོ་ཡི། །དཔའ་བོ་དཔའ་མོ་ཡབ་ཡུམ་བཅུ་དྲུག་ཚང་། །གཉིས་པ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ཡི། །དཔའ་བོ་དཔའ་མོ་ཡབ་ཡུམ་བཅུ་དྲུག་ཚང་། །ཕཊ་ནི་སྒོ་མཚམས་ལྷ་མོ་བརྒྱད་


CMR023_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། །ཡུམ་དང་འཁོར་གྱི་སྔགས་ནི་བཟླ་མི་དགོས། །ཡིག་བདུན་ཁོ་ནར་བཟླ་བ་སྙན་བརྒྱུད་ལུགས། །ཡིན་ཅེས་ཟུར་མང་ནང་སོའི་གསུང་ལས་ཐོས། །དེ་ཟལྟར་སྔགས་ཀྱི་བཟླ་ལུགས་གང་འདོད་རུང་། །རྟགས་ནི་རྟགས་ཡིག་སྤྱི་དང་མཚུངས་པ་ཡིན། །འོན་ཀྱང་ཡིག་བདུན་བདུན་འབུམ་བཟླས་པའི་སར། །མཁའ་འགྲོ་མ་རྣམས་བྲན་གཡོག་བྱེད་གསུངས་ལྟར། །མཁའ་འགྲོ་འདུ་བའི་རྨིས་ལྟས་མང་དུ་འབྱུང་། །ཉམས་རྟོགས་གསར་དུ་སྐྱེའམ་བོགས་ཐོན་པ། །དེ་ནི་མཆོག་གི་རྟགས་སུ་ངེས་པ་ཡིན། །མཇུག་ཏུ་ཁ་སྤྱི་བཀང་སྦྱིན་སྲེག་འགྲུབ་ན་ལེགས། །མ་འགྲུབ་ན་ཡང་ཆད་པའི་སྐྱོན་མེད་དེ། །བཟའ་བཏུང་ནང་གི་སྦྱིན་སྲེག་བསྒོམས་པས་འཐུས། །དེ་ནི་བདེ་མཆོག་བསྙེན་པའི་ཞལ་ཁྲིད་དེ། །ཕྱི་སྒྲུབ་ཅེས་བྱའི་མིང་ནི་བཏགས་ཀྱང་རུང་། །བསྙེན་པའི་ལེའུ་སྟེ་གཉིས་པའོ།། །།གསུམ་པ་མདུན་བུམ་སྒྲུབ་མཆོད་བྱ་བའི་ཐབས། །དུས་ནི་ཡར་མར་ཚེས་བཅུ་ཞིག་ལ་བརྩམས། །གནས་ནི་ཨ་བྷི་དྷ་ནའི་རྒྱུད་ཉིད་ནས། །གནས་ནི་བརྟགས་པར་བྱེད་ནས་ཀྱང་། །ཡིད་ནི་གང་དུ་དགའ་བ་དེར། །ལྷ་ཚོགས་བདེ་མཆོག་དམ་པ་ནི། །དེ་རུ་སྒྲུབ་


CMR023_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ན་དངོས་གྲུབ་འགྱུར། །གསུངས་ཕྱིར་བྱིན་རླབས་ལྡན་པའི་གནས་ནི་རབ། །མིན་ནའང་ཡིད་མཐུན་དབེན་པའི་གནས་སུ་རུང་། །རྒྱས་པར་ས་སློང་རྡུལ་ཚོན་བྲི་ཐབས་རྣམས། །དཀྱིལ་ཆོག་ཉིད་ནས་འབྱུང་བ་ལྟར་བྱ་སྟེ། །དེ་མཐར་དེ་ལས་དམའ་ཙམ་མཆོད་སྟེགས་ནི། །གྲུ་བཞི་འདོམ་སྐོར་དཔངས་སུ་ཁྲུ་གང་བྱ། །འབྲིང་ནི་རས་བྲིས་དཀྱིལ་ཐང་བཏིང་བ་ཡིན་། །ཐ་མ་ལྷ་གྲངས་ཚོམ་བུས་ཆོག་པ་ནི། །དུལ་མོ་འོད་ཟེར་པ་ཡི་གཞུང་གིས་གསལ། །དེ་དབུས་མཉྫི་འམ་ནི་ཁྲིའུ་སྟེང་། །བུམ་པ་ལྔ་པོ་ཕྱོགས་བཞི་དབུས་ལྔར་བཀོད། །དེ་དོན་བདེ་མཆོག་རྩ་བའི་རྒྱུད་ཉིད་ནས། །བརྒྱད་ནི་སྒོ་རུ་རྣམ་པར་དགོད། །གོས་ཟུང་གིས་ནི་ལེགས་དཀྲིས་པའི། །བུམ་པ་དགུ་པོ་དབུས་སུ་བཞག །དེ་དོན་དུལ་མོ་བཀྲ་ཤིས་འོད་ཟེར་པས། །བུམ་པ་དཀྱིལ་འཁོར་དབུས་སུ་བཞག་པར་བཤད། །གལ་ཏེ་བུམ་པ་གཉིས་ལས་མེད་ན་ནི། །རྣམ་རྒྱལ་བུམ་པ་ཤར་སྒོའི་གཡས་སུ་དང་། །ལས་བུམ་གཡོན་ནས་བྱང་ཤར་མཚམས་སུ་བཞག །བུམ་པའི་སྟེང་དུ་ཁྲིའུ་བྱས་པའི་ཁར། །ཐོད་པ་མཚན་བཟང་ནང་དུ་ཟས་སྣ་དང་། །རིན་ཆེན་སྣ་ཚོགས་བདུད་རྩི་རིལ་བུས་བཀང་། །མེད་ན་ཆང་ལ་


CMR023_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་རིལ་བུ་བཏབ། །དར་དམར་བཀབ་སྟེང་མེ་ལོང་སིནྡྲ་བྱུག །ཆོས་འབྱུང་དབུས་སུ་འདབ་བཞི་དབུས་དང་ལྔ། །ཡབ་ཡུམ་རྣལ་འབྱོར་མ་བཞིའི་ས་བོན་བཀོད། །དེ་སྟེང་གཟུངས་ཐག་རྡོ་རྗེར་རིན་ཆེན་བཏགས། །དེ་དོན་བདེ་མཆོག་རྩ་བའི་རྒྱུད་ཉིད་ནས། །དེ་ནས་བུམ་པ་བྱ་བ་ནི། །རྩ་བ་ནག་པོ་ལ་སོགས་མེད། །མུ་ཏིག་གསེར་དང་རིན་ཆེན་དང་། །བྱི་རུ་དངུལ་དང་ཟངས་མ་སྟེ། །བཟའ་བ་ཀུན་གྱིས་རབ་བཀང་བའི། །སྣོད་ནི་སྟེང་དུ་བཞག་པར་བྱ། །མགྲིན་པར་སྲད་བུས་དཀྲིས་པ་དང་། ཁ་ནི་འདབ་མས་བརྒྱན་པར་བྱ། །ཞེས་གསུངས་དོན་ཡིན་འདི་ལ་འཁྲུལ་པ་མེད། །ཟངས་སོགས་རིན་ཆེན་སྡེར་གྱི་ནང་དུ་ནི། །ཤར་དུ་བླ་མ་ལྷོ་རུ་བདེ་མཆོག་ཉིད། །ནུབ་ཏུ་ཕག་མོ་བྱང་དུ་ཕྱག་བཞི་པ། །མཚམས་བཞིར་རྣལ་འབྱོར་མ་བཞིའི་གཏོར་མ་བཤམས། །འཇིག་རྟེན་པ་ཡི་གཏོར་མ་འདིར་མི་བཤམ། །ཆ་གསུམ་དུས་ལྟར་འཕྲལ་དུ་ཕྱི་རོལ་ཕུལ། །འབྱོར་པ་། མེད་ན་དཀྱིལ་འཁོར་མཐའ་མ་རུ། །མདུན་བསྐྱེད་ལྷ་ལྔ་བུམ་བསྐྱེད་ལྔ་དང་བཅུ། །བླ་མ་ཆོས་སྐྱོང་ལས་བུམ་དང་བཅས་པའི། །ཆུ་བཞི་ཉེར་སྤྱོད་ལྔ་དང་རོལ་མོ་རྣམས། །ཚར་


CMR023_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བཅུ་གསུམ་དེ་ལས་ཉུང་ཐབས་མེད། །འབྱོར་ན་མདུན་བུམ་གཙོ་བོ་ཡབ་ཡུམ་བཞིའི། །རེ་རེ་ལའང་མཆོད་པ་ཚར་བཅུ་རེ། །ཤར་ནས་གཡོན་སྐོར་མཆོད་པ་བསྐོར་བཤམས་ཡིན་། །དེ་རྒྱབ་མཆོད་སྟེགས་སྟེང་དུ་ཕྱོགས་བཞི་ནས། །མདུན་བསྐྱེད་ཕྱག་གཡས་ཕྱོགས་ནས་མགོ་བཟུང་སྟེ། །མཆོད་པ་ཆ་རེ་མདུན་བུམ་ལྷ་མོ་བརྒྱད། །ལྷ་རེ་ལའང་ཚར་ནི་བཅུ་རེ་བཤམས། །དེ་དག་ཕྱོགས་བཞི་ནས་ནི་འཕྲེད་ལ་སྟེ། །མཚམས་བཞིའི་ནང་ནས་མགོ་བཟུང་ཐུར་དུ་ནི། །ཆ་བཞི་བཤམས་པ་བླ་མ་ཆོས་སྐྱོང་དང་། །ལས་བུམ་བདག་བསྐྱེད་མཆོད་པའང་ཚང་བ་ཡིན། །དེ་བས་རྒྱས་པར་འབྱོར་པས་ཆོག་ན་ནི། །ཟུར་བཞི་བུམ་པ་མགུལ་ཆིངས་ཁ་རྒྱན་ཅན། །ཡང་ན་གཤའ་དམ་ལ་སོགས་དམ་བེའང་རུང་། །ཀུ་ཤ་ཤིང་ལོའམ་མེ་ཏོག་བརྒྱན་པ་བཞག །དེ་ནི་རྟ་བུམ་བྱ་མ་བུམ་ཞེས་བྱ། །ཕྱོགས་བཞིར་རྒྱུན་འབར་རམ་ནི་མཚན་ཐུབ་བཞི། །སྟེང་དུ་གདུགས་སམ་བླ་རེ་བྲིས་པ་སྟེ། །དེ་ནས་ཟུར་བཞིར་རྒྱལ་མཚན་བཞི་དང་ནི། མཆོད་སྟེགས་མཐའ་སྐོར་རེས་ཁྲའི་སྒྲུབ་སྐོར་བཀབ། །འཕྲེད་དུ་ཚོན་སྐུད་དྲ་བ་བྲིས་པ་ནི། །རྙིང་མའི་མིག་ལྟོས་བྱས་པ་མ་ཡིན་ཏེ། །རྔོག་དཀྱིལ་


CMR023_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དང་སྨན་བླའི་ཟིན་བྲིས་གསལ། །དེ་དག་མེད་ཀྱང་ཆད་པའི་སྐྱོན་ནི་མེད། །དཀྱིལ་འཁོར་མདུན་དུ་ཅོག་ཙེ་སོགས་ཀྱི་སྟེང་། །སྟག་གཟིག་པགས་པའམ་ནི་རྟེན་ཁེབས་སྟེང་། །རས་ལ་བྲིས་སམ་ཡང་ན་ཚོམ་བུ་ཡི། །དབུས་སུ་ཆོས་འབྱུང་ཟུར་དྲུག་བྲིས་པའི་སྟེང་། །འབྲུ་ཡིས་སྣོད་བཀང་སྟེང་དུ་ནང་མཆོད་བཞག་།གཡས་སུ་དགའ་འཁྱིལ་བྲིས་སྟེང་ཚོགས་དང་ཤ། །གཡོན་དུ་གཡུང་དྲུང་བྲིས་སྟེང་ཚོགས་ཆང་བཞིག །རབ་ཏུ་མཆོད་པ་དེ་དག་ཐུན་རེར་བརྗེ། །འབྲིང་དུ་ཉིན་རེ་རེ་རེ་བརྗེ་བ་སྟེ། །ཐ་མ་ཉིན་རེ་ཕྲེང་རེ་བརྗེ་བྱ་ཞིང་། །ཐུན་རེར་ནས་དང་ཡོན་ཆབ་ཁ་གསོ་བྱ། །དེ་དོན་བདེ་མཆོག་རྩ་བའི་རྒྱུད་ཉིད་ལས། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ནི་འབུལ་བར་བྱ། །གལ་ཏེ་དངོས་གྲུབ་འདོད་ན་ནི། །དྲི་དང་མེ་ཏོག་བདུག་སྤོས་དང་། །མར་མེ་བརྒྱ་ཡང་འབུལ་བར་བྱ། །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་ནས། །དཔའ་བོ་རྣལ་འབྱོར་མ་མཆོད་བྱ། །ཞེས་གསུངས་དོན་ཡིན་གལ་ཆེ་སྟེ། །མཆོད་པ་མུག་ཚུལ་རྒྱུན་སྲིང་ན། །ཡི་དྭགས་སྐྱེ་བའི་རྒྱུ་རུ་གསུངས། །དེ་བཞིན་གྱེར་དབྱངས་རོལ་མོ་སོགས། །སྤྲོས་པ་ཇི་


CMR023_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྒྱུས་རྒྱས་བྱ། །དེ་དོན་རྒྱུད་ལས་རྡོ་རྗེའི་གསུངས། །ཤིན་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ། །སྒྲུབ་པ་པོ་ཡིས་རྔ་བརྡུང་ཞིང་། །ཧ་ཧ་ཞེས་ནི་བརྗོད་པར་བྱ། །དེ་དག་སྟ་གོན་རིམ་པ་སྟེ། །འདོན་བྱ་བདག་མདུན་བུམ་པ་གསུམ། །ཐུན་རེ་ལ་ཡང་ཚར་རེ་སྟེ། །ཉིན་ཐུན་གསུམ་དང་མཚན་ཐུན་གཅིག །ཐུན་མཚམས་ཚོགས་དང་གཏོར་བསྔོས་བྱ། །ཐུན་བཞིར་ཚོགས་བཞི་མ་འབྱོར་ན། །དགོང་མོའི་ཐུན་ལ་ཚོགས་བྱ་སྟེ། །དེ་སྐབས་མགོན་པོའི་གཏོར་བསྔོས་བྱ། །མདུན་བསྐྱེད་མཆོད་པའི་སྐབས་དེ་རུ། །ཉིན་མོ་སྐར་ཆུང་རེ་རེ་སྦར། ། མཚན་མོ་ཐམས་ཅད་སྦྱར་བ་སྟེ། །མ་འབྱོར་བཅུ་རེ་ཙམ་སྦར་ཆོག །དེ་ནས་དམིགས་པའི་གནད་འགག་ནི། །བདག་བསྐྱེད་ཚར་རྗེས་སྟོང་པར་བསྡུས། །དེ་ནས་ལྷན་སྐྱེས་ཕྱག་གཉིས་པར། །རང་ཉིད་གསལ་བས་མདུན་བསྐྱེད་ཀྱི། །ཤར་སྒོའི་དྲུང་དུ་འདུག་དམིགས་ལ། །དེ་ནས་མདུན་བུམ་འདོན་པ་སྟེ། །མདུན་བསྐྱེད་འདོན་ལུགས་གཞུང་དང་མཚུངས། །འདི་ནི་མདུན་བུམ་དབྱེར་མེད་མིན། །བུམ་པ་དཀྱིལ་འཁོར་སྟེང་བཞག་ཀྱང་། །སྟེང་དུ་བསྒོམ་པ་མ་ཡིན་ཏེ། །གཙོ་བོའི་མདུན་དང་ཕྱོགས་བཞིར་བསྒོམ། །གཉིས་ལས་མེད་ན་


CMR023_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་སྒོའི་གཡས། །ཡོད་ལྟར་བསྒོམ་པ་གཞུང་དང་མཐུན། །དེ་ནས་བདག་མདུན་བུམ་པའི་ལྷ། །སོ་སོའི་ཐུགས་ཀར་པད་ཉིའི་སྟེང་། །སོ་སོའི་ས་བོན་སྔགས་ཀྱིས་བསྐོར། །ཁྱད་པར་བདག་མདུན་ཡབ་གཉིས་ཀྱི། །ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་པད་ཉིའི་སྟེང་། །སྣ་ཚོགས་རྡོ་རྗེ་གདན་ཐབས་ཀྱི། །ལྟེ་སྟེང་ཉི་དབུས་ཧཱུྃ་མཐིང་མཐར། །བཟླ་བྱའི་སྔགས་ཕྲེང་གཡོན་དུ་འཁོར། །དེ་དག་གསལ་བཏབ་བཅུ་བཞི་བཟླ། །དེ་ནས་རང་གི་ཐུགས་ཀ་ཡི། །སྔགས་ཕྲེང་འཁོར་བའི་འོད་ཟེར་ལས། །འོད་ཟེར་མཐིང་གསལ་ཤས་ཆེ་ལ། ཁ་དོག་ལྔ་ཡི་མདངས་ལྡན་འཕྲོས། །ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན། །རང་ཉིད་དམ་ཚིག་སེམས་དཔའ་ཡི། །ཞལ་ནས་ཐོན་ཏེ་མདུན་བསྐྱེད་ཀྱི། །སེམས་དཔའ་གཉིས་ཀའི་ཞལ་ནས་བརྒྱུད། །ཐུགས་ཀའི་ས་བོན་སྔགས་ཕྲེང་ལ། །ཐིམ་པས་དྲེག་འཁོར་ཐུགས་རྒྱུད་བསྐུལ། །།འོད་ཟེར་འཕྲོས་པས་གསང་སྦུབས་ནས། །ཕྱི་ནང་ཡབ་ཡུམ་སྦྱོར་མཚམས་ཐོན། །བདག་བསྐྱེད་ཕྱི་ནང་སྦྱོར་མཚམས་ནས། །ཞུགས་ཏེ་ཐུགས་ཀའི་སྔགས་འཁོར་ཐིམ། །ཕར་ལ་མཆོད་པ་ཕུལ་བའི་ཚུལ། །


CMR023_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་ལ་དངོས་གྲུབ་གནང་ཚུལ་ཏེ། །བེཟླུའི་ཕྲེང་བ་འཁོར་བ་བཞིན། །རྒྱུན་དུ་འཁོར་དམིགས་བཟླས་པ་བྱ། །དེ་ཡན་ནང་སྒྲུབ་བསྙེན་པ་དང་། །ཉེ་བར་བསྙེན་པ་གཉིས་ཀ་ཚང་། །དེ་ནས་སྔགས་ཕྲེང་འཁོར་བཞིན་ལས། །འོད་ཟེར་ཕྱོགས་བཅུ་ཁྱབ་པར་འཕྲོས། །མཐའ་ཡས་ཞིང་བཞུགས་རྒྱལ་བ་ཀུན། །འོད་ཟེར་མཆོད་པའི་སྤྲིན་གྱུར་མཆོད། །དེ་དག་ཀུན་གྱི་གནས་གསུམ་ནས། །བདེ་མཆོག་ལྷ་ལྔའི་སྐུ་ཆེ་ཕྲ། །སྔགས་ཕྲེང་རྡོ་རྗེ་རྩེ་ལྔ་སོགས། ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །བདག་མདུན་རྣམས་ལ་སིབ་སིབ་ཐིམ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །དེ་ནི་སྒྲུབ་པའི་དམིགས་པའོ། །སླར་ཡང་སྔགས་འཁོར་འོད་ཟེར་ནི། །ས་འོག་ས་སྟེང་ས་བླ་ཁྱབ། །ས་འོག་མན་ཆད་སེམས་ཅན་ཀུན། །བདེ་མཆོག་ཡབ་ཡུམ་དཀར་པོར་གྱུར། །ས་སྟེང་སེམས་ཅན་བདེ་མཆོག་དམར། །བར་སྣང་ཡན་ཆད་བདེ་མཆོག་མཐིང་། །སྐུ་གསུང་ཐུགས་ཀྱི་འཁོར་ལོར་གྱུར། །ཀུན་གྱིས་རང་གི་རམ་བུ་བཀྱགས། །སྔགས་སྒྲ་འུར་ཆེམས་སྣང་སྲིད་གཡོ། །སྒྲུབ་པ་ཆེན་པོའི་དམིགས་པའོ། །དེ་ནས་ཚོགས་དང་གཏོར་བསྔོས་ཏེ། །མདུན་བསྐྱེད་འཇིག་རྟེན་གཏོར་བསྔོས་


CMR023_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས། །འདི་ཡི་སྤྱན་འདྲེན་དམིགས་པ་ནི། །འབར་བའི་ཕྱག་རྒྱུས་ཕེ་བརྗོད་པས། །ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཀུན། །བདེ་མཆོག་ལྷ་རུ་བསྒོམ་དེ་དང་། །ཕྱོགས་སྐྱོང་ལ་སོགས་འཇིག་རྟེན་སྐྱོང་། །ཐམས་ཅད་སྤྲིན་བཞིན་ནམ་མཁར་བྱོན། །ཛཧཱུྃ་བཾ་ཧོབརྗོད་པའི་སྐབས། །མགྲོན་ཀུན་དུམ་བུ་བརྒྱད་དུ་གྱུར། །མདུན་བསྐྱེད་དུར་ཁྲོད་བརྒྱད་ཀྱི་དབུས། །བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་ནི། །ཆ་ཚང་བརྒྱུད་དུ་གྱུར་ནས་བཞུགས། །རང་ཉིད་གཙོ་རྐྱང་ཕྱག་མཐིལ་གཉིས། །ཨཱ་ལི་ཀཱ་ལི་ཡོངས་གྱུར་ཉི་ཟླས་མཚན། །ལག་ལྕིབས་ཚུལ་བྱས་གཏོར་མ་བཏེག་པར་བསྒོམ། །ལྷ་རྣམས་ལྗགས་ལས་འོད་ཀྱི་སྦུ་གུ་ནི། །གཏོར་མར་ཟུག་ནས་བདུད་རྩི་དྲངས་གསོལ་བསམ། །བཛྲ་མུཡིས་འཇིག་རྟེན་པ་གཤེགས་ཤིང་། །ཡེ་ཤེས་པ་ནི་མི་གཤེགས་མི་བསྡུའོ། །དེ་ལྟར་ཐུན་བཞི་ཀུན་ལ་རིགས་འགྲེས་ཏེ། །ཞག་བདུན་ཡན་ཆད་འགྲུབ་ན་ནང་སྒྲུབ་ཚང་། །ཞག་གསུམ་ཞག་ལྔ་བྱས་ན་སྒྲུབ་མཆོད་ཡིན། །ཞག་བདུན་བྱེད་ན་ཞིག་དྲུག་ཕྱིར་ནངས་ལ། །སྔ་དྲོའི་ཆ་ལ་རང་གི་ཐུགས་ཀ་ནས། །སྔགས་ཕྲེང་དཀར་ལ་སྔོ་བའི་མདངས་ཆགས་པ། །


CMR023_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཞལ་ནས་བྱུང་ནས་མདུན་བསྐྱེད་ཀྱི། །མཁའ་འགྲོ་ཚུར་ལ་ཞལ་གྲུའི་ཞལ་དུ་ཞུགས། །མཁའ་འགྲོའི་ཐུགས་ལས་འོད་ཟེར་ཚུར་འཕྲོས་ནས། །བདག་ཉིད་ཡབ་ཡུམ་སྦྱོར་བའི་ཐུགས་ཀར་ཐིམ། །ཞི་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསམ། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །དེ་ལས་འོད་ཟེར་དཀར་མཐིང་ཕྱོགས་བཅུར་འཕྲོས། །བདག་དང་བསྲུང་བྱའི་ནད་གདོན་བར་ཆད་དང་། །འགྲོ་བ་ཀུན་གྱི་སྡིག་སྒྲིབ་སྡུག་བསྔལ་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་ཞི་བར་བསྒོམ། །བདེ་མཆོག་ཡབ་ཡུམ་སྔགས་ནི་ཅུང་ཟད་རྗེས། །ཌཀི་ནཱི་ཡེ་སྔགས་དེ་ཅི་ནུས་བཟླ། །དེ་རྗེས་མཁའ་འགྲོའི་ཞལ་ཡང་ཕར་ལ་བསྒྱུར། །ཉིན་གུང་ཐུན་ལ་འོད་ཟེར་སེར་པོ་འཕྲོས། །མདུན་གཡས་གཟུགས་ཅན་མ་ཡི་ཞལ་དུ་ཞུགས། ཐུགས་ཀ་བརྒྱུད་ནས་བདག་གི་ཐུགས་ཀར་ཐིམ། །དེ་ལས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །སྤོས་ཤེལ་ཕྲེང་བ་སྐོར་བཞིན་ཀྱི་ལི་ལི། །དེ་ལས་འོད་ཟེར་ཛམ་བུ་ཆུ་གསེར་མདོག །སྤྲིན་མེད་ཉི་མ་ཤར་བའི་འོད་བཞིན་འཕྲོས། །བདག་དང་བསྲུང་བྱའི་ཚེ་དཔལ་ལོངས་སྤྱོད་དང་། །འགྲོ་བ་ཀུན་གྱི་ཡོན་ཏན་ཡེ་ཤེས་ནི། །པདྨར་ཉི་ཟེར་ཕོག་ལྟར་རྒྱས་པར་བསྒོམ། །


CMR023_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཅུང་ཟད་བསྙེན་རྗེས་རཱུ་པི་བསྙེན། །གཟུགས་ཅན་མ་འདི་ནོར་རྒྱུན་མ་ཡིན་ཕྱིར། །ནོར་དང་ལོངས་སྤྱོད་རྒྱས་པའི་མཆོག་ཡིན་ནོ། །དེ་ནས་དགོང་མོར་འོད་ཟེར་དམར་པོ་འཕྲོས། །རྒྱབ་ཀྱི་དུམ་སྐྱེས་མ་ཡི་ཞལ་དུ་བརྒྱུད། །རང་ལ་ཐིམ་པས་དབང་གི་དངོས་གྲུབ་ཐོབ། །དེ་ནས་འོད་ཟེར་སྔགས་ཕྲེང་དམར་པོར་གྱུར། །བྱི་རུའི་ཕྲེང་བ་སྐོར་བཞིན་ཀྱི་ལི་ལི། །དེ་ལས་འོད་ཟེར་གློག་བཞིན་ཕྱོགས་བཅུར་འཕྲོས། །རང་དང་བསྲུང་བྱའི་འདོད་དགུ་དབང་དུ་འདུས། །འགྲོ་ཀུན་རླུང་སེམས་རང་དབང་ཐོབ་བྱས་བསམ། །དེ་ནས་སྲོད་ཐུན་རང་ཐུགས་འོད་ཟེར་ནི། །ལྗང་གུ་མདུན་གཡོན་ལཱ་མཱའི་ཞལ་བརྒྱུད་ནས། །རང་ཐུགས་ལ་ཐིམ་དྲག་པོའི་དངོས་གྲུབ་ཐོབ། །འོད་ཟེར་སྔགས་ཕྲེང་གཡུ་ཕྲེང་བཞིན་དུ་འཁོར། །དེ་ལས་འོད་ལྗང་ཚ་བའི་རེག་བྱ་ཅན། །འཕྲོས་པས་བདག་དང་བསྲུང་བྱའི་ནད་གདོན་བསྲེགས། །འགྲོ་བ་ཀུན་གྱི་ཉོན་མོངས་ཚར་བཅད་བསྒོམ། །བསྙེན་པ་ནས་བཟུང་ལས་སྦྱོར་འདི་ཡི་བར། །བུམ་བསྐྱེད་སྐབས་སུ་བསྙེན་པ་ཕྲེང་སྐོར་ཙམ། །དེ་ཚེ་བུམ་ནང་ལྷ་ཡི་འོད་ཟེར་ལས། །སིནྡྷ་ར་ཡི་སྟེང་དུ་ལྷ་ལྔ་ནི། མེ་ལོང་གཟུགས་བརྙན་བཞིན་དུ་


CMR023_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་དམིགས། །བུམ་ལྷའི་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །ཕྱོགས་བཅུའི་དཔའ་བོ་རྣལ་འབྱོར་ཐམས་ཅད་ཀྱི། །སྦྱོར་མཚམས་བྱང་སེམས་དཀར་དམར་སྤྱན་དྲངས་ནས། །སིནྡྷ་ར་ཡི་ལྷ་ཚོགས་ལ་ཐིམ་པས། །བྱང་སེམས་བདུད་རྩིའི་རྒྱུན་བབས་ཐོད་པ་གང་། །ཚངས་བུག་ནས་བབས་བུམ་པའི་ལྷ་ལ་ཐིམ། །བདེ་བ་རྒྱས་པས་སྐུ་ལས་བྱང་སེམས་རྒྱུན། །བབས་པས་བུམ་ཆུ་དང་འདྲེས་བུམ་པ་གང་། །སྒྲུབ་པ་མ་གྲོལ་བར་དུ་ལྷ་མི་བཞུ། །འདི་ལྟར་མཚམས་བྱས་གཅིག་གིས་སྒྲུབ་པ་ནི། །དཔའ་བོ་གཅིག་སྒྲུབ་ཅེས་ནི་བྱ་བ་ཡིན། །དབང་ཐོབ་དམ་ཚིག་ལྡན་པ་མང་པོ་འཚོགས། །ཐུན་བཞིར་ཆ་བགོས་ཆོ་ག་རེས་མོས་འདོན། །དབང་ཐོབ་དམ་གཙང་ཆོ་ག་མི་ཤེས་རྣམས། །དམིགས་པ་སྤྱོད་ལ་ཡིག་བདུན་འུར་འདོན་བཅུག །མཚན་ཡང་ཐུན་བགོས་མ་ཆད་ན་ནི་རབ། །དེ་རུ་འཚོགས་རྣམས་ཆོ་ག་མི་ཤེས་ཀྱང་། །ཀུན་གྱིས་སྒྲུབ་པ་ཐེམ་པར་འགྱུར་བ་ཡིན། །ཇི་ལྟར་ཚོགས་པ་མང་བཞིན་སྟོབས་ནུས་ཆེ། །དབང་མ་ཐོབ་དང་དམ་ཚིག་མི་གཙང་བ། །ཡོད་ན་སྤྱི་ལ་གནོད་ཅིང་བར་ཆད་རྒྱུ། །ཀུན་ཀྱང་ནུབ་མོ་དཀྱིལ་འཁོར་དྲུང་ཉལ་ལེགས། །དྲིལ་བུའི་སྒྲ་ནི་


CMR023_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཐོས་ཕན་ཆད་དང་། །འགྲོ་བར་མི་བྱ་ཀུན་ཀྱང་མཚམས་ཀྱི་ཚུལ། །སྒྲུབ་པ་པོ་དང་སྒྲུབ་གཡོག་པ་རྣམས་ལས། །མི་གཞན་སྒྲུབ་ཁང་ནང་དུ་འོང་མི་བཅོལ། །དེ་ལྟར་བྱེད་པ་ནང་མི་སྒྲུབ་པ་ཡིན། །དེ་དག་ཁྲག་འཐུང་མངོན་འབྱུང་རྒྱུད་ཉིད་ལས། །དཀྱིལ་འཁོར་དབུས་སུ་ཧེ་རུ་ཀ །སྤྱན་དྲངས་ནས་ནི་མཆོད་པ་འབུལ། །རྟག་ཏུ་རྣལ་འབྱོར་དབང་ཕྱུག་ལ། །མཆོད་པས་དབུལ་པོར་མི་འགྱུར་རོ། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །འདི་ནི་དཔའ་བོའི་སྲིང་མོ་ཡིན། །འདོད་པའི་དོན་ཀུན་སྒྲུབ་པ་ཡིན། །དེ་ལྟར་ལྷ་གྲངས་བཅས་པ་གསུངས། །སྒྲུབ་ཡུན་ཐུང་བས་ཆོག་པ་ཡང་། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །བརྟུལ་ཞུགས་ལ་ནི་ནུབ་གསུམ་གནས། །ལྷ་ཡི་ལུས་སུ་སྐྱེ་འགྱུར་གསུངས། །བཅའ་ལུགས་འདོན་ལུགས་དམིགས་པ་འདྲ་བ་ལས། །མཚམས་མི་སྡོམ་ཞིང་ཀུན་གྱིས་ལྟ་ཆོག་པ། །དེ་ནི་སྒྲུབ་མཆོད་ཡིན་ཏེ་ཀུན་ལ་དར། །མཇལ་མཁན་བྱུང་ན་བུམ་ཆུ་སྦྱིན་སྲོལ་གདའ། །སྒྲུབ་པ་གྲོལ་ཁ་རང་གིས་བདག་འཇུག་ལེན། །དེ་ཡིས་དམ་ཚིག་ཆག་ཉམས་ཐམས་ཅད་སྐོང་། །འདི་སྐབས་སློབ་མ་ཡོན་བདག་ལ་སོགས་


CMR023_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དབང་བསྐུར་བྱས་ན་སྒྲུབ་དབང་ཞེས་བྱ་སྟེ། །མགྱོགས་དབང་བརྒྱ་རྩ་བསྐུར་ལས་དེ་ཉིད་ལྷག །དེ་ནས་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་རྗེས། །གཉེར་པ་ཡོན་བདག་ལ་སོགས་ཀུན་བོས་ལ། །བསྔོ་བའི་མཐུན་འགྱུར་བྱེད་དུ་བཅོལ་བ་ཡིས། །སྐབས་དེར་བསྔོ་བ་སྨོན་ལམ་གང་བྱས་འགྲུབ། །དེ་དོན་བདེ་མཆོག་སྡོམ་པ་འབྱུང་བ་ལས། །དེ་ནས་དཀྱིལ་འཁོར་མདུན་ཉིད་དུ། །སྙིང་ཁར་ཐལ་མོ་སྦྱར་བྱས་ནས། །སྦྱིན་བདག་གིས་ནི་སྨོན་ལམ་དང་། །ཡོངས་སུ་བསྔོ་བ་ཉིད་དུ་བྱ། །གསུངས་ཕྱིར་འདི་སྐབས་བསྔོ་སྨོན་གནད་ཆེའོ། །དེ་ནས་རྗེས་ཆོག་རྣམས་ནི་གཞུང་ལྟར་ལས། །སིནྡྷ་ར་ནི་རང་གི་གནས་གསུམ་བྱུག །བུམ་ཆུ་གཏོར་མ་བདུད་རྩིའི་ཕུད་རྣམས་ལ། །ཕྱི་རབས་སྒྲུབ་པ་བྱེད་པའི་རུ་རྩི་བྱ། །ལྷག་མ་གྲྭ་སློབ་ཀུན་གྱིས་དངོས་གྲུབ་བྱས། །རྡུལ་ཚོན་ཡིན་ན་ཆུ་བོར་བསྐྱལ་བ་དང་། །ཚོམ་བུ་ཡིན་ན་བསྲུང་བར་འདོགས་རྒྱུ་སྦྱིན། ཁ་སྐོང་སྦྱིན་སྲེག་གྲུབ་བཟང་མེད་ཀྱང་ཆོག །དེ་ནི་བདེ་མཆོག་ལྷ་ལྔའི་ནང་སྒྲུབ་སྟེ། །སྒྲུབ་མཆོད་ཅེས་གྲགས་ལེའུ་གསུམ་པའོ།། །།དེ་ནས་གྲུབ་ཆེན་ཀརྨ་པཀྵི་ལ། །མཁའ་འགྲོའི་ལུང་བསྟན་བྱུང་བའི་གདམས་ངག་


CMR023_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །བདེ་དགྱེས་གསང་གསུམ་གདན་བཞི་མཱ་ཡཱ་སོགས། །བླ་མེད་སྤྱི་ལ་སྦྱར་བའི་གསང་སྒྲུབ་འདི། །བསྐྱེད་རིམ་གཙོ་བོར་སྟོན་ན་གསང་སྒྲུབ་ཡིན། །རྫོགས་རིམ་གཙོ་བོར་སྟོན་ན་གཏུམ་མོ་ཡིན། །འདི་ནི་གསང་སྒྲུབ་སྒོམ་བཟླས་བྱ་ཚུལ་ཏེ། །དཀྱིལ་འཁོར་སྟ་གོན་ཐམས་ཅད་ནང་སྒྲུབ་ལྟར། །མཆོད་པ་བརྒྱ་རྩ་མི་དགོས་ཅི་འབྱོར་ཆོག །གྱེར་དབྱངས་མཆོད་གཏོར་ཧ་ཅང་གཟབ་མི་དགོས། །ཐུན་བཞིར་བདག་མདུན་བུམ་གསུམ་འདོན་པ་དང་། །བུམ་བསྐྱེད་ཅུང་ཟད་བསྙེན་ཚུལ་ནང་སྒྲུབ་ལྟར། །མདུན་བསྐྱེད་ཚར་རྗེས་ངག་གིས་སྔགས་བཟླ་ཞིང་། །སེམས་ཀྱིས་དམིགས་པ་འདི་དག་རྩེ་གཅིག་བསྒོམ། །བདག་མདུན་གཙོ་བོ་གཉིས་ཀྱི་སྐུ་ཡི་ནང་། །རྩ་གསུམ་འཁོར་ལོ་ལྔ་པོ་ཆོས་དྲུག་ལྟར། །རྩ་མདུད་ལྔ་དབུས་ཨོ་ཧྲིཧཱུྃ་ཧཱུྃ་ཨཱཿ དུག་ལྔའི་ས་བོན་ཉིད་དུ་བསམ་བྱ་སྟེ། །བདག་གི་འབྲུ་ལྔར་བདག་གི་དུག་ལྔ་དང་། །མདུན་གྱི་འབྲུ་ལྔར་འགྲོ་བའི་དུག་ལྔ་བསྟིམ། །དབུ་མའི་མར་སྣེ་གསང་གནས་འཁོར་ལོའི་འོག །ངོ་བོ་ཨ་ཐུང་གཏུམ་མོའི་རང་བཞིན་ལ། །རྣམ་པ་མེ་ཡི་ཐིག་ལེ་ཟུར་གསུམ་པ། །རྩེ་མོ་རྣོ་ཞིང་རེག་བྱ་ཚ་བར་བསྒོམ། །དེ་ལས་མེ་འབར་


CMR023_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་གནས་ལྔ་ཡི། །དུག་ལྔའི་ས་བོན་ཡིག་འབྲུ་བཅུ་པོ་བསྲེགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེ་མཆོག་ལྔ། །ཡབ་ཡུམ་དཀར་དམར་མཐིང་སེར་ལྗང་གུ་གྱུར། །ཐུགས་ཀར་རང་མདོག་ཧཱུཾ་མཐར་སྔགས་ཀྱིས་བསྐོར། །རྩ་འདབ་རྣམས་སུ་ཌཱཀི་གྲི་ཐོད་ཅན། །སྤྱི་བོར་དཀར་མོ་སོ་གཉིས་ཐུགས་ཀར་ཧ། །མགྲིན་པར་དམར་མོ་བཅུ་དྲུག་སྙིང་ཁར་ནི། །སྙིང་ཁར་སྔོན་མོ་བརྒྱད་ཀྱི་ཐུགས་ཀར་ཧཱིཿ ལྟེ་བར་སེར་མོ་རེ་བཞིའི་ཐུགས་ཀར་རི། །གསང་བར་ལྗང་མོ་ཉེར་བརྒྱད་ཐུགས་ཀར་ས། །དེ་ནས་བར་རླུང་ཅུང་ཙམ་བཟུང་བ་ཡིས། །སླར་ཡང་གཏུམ་མོའི་མེ་ཡིས་ལུས་ཀུན་ཁེངས། །ལྷ་རྣམས་འོད་ཞུ་རང་མདོག་ཐིག་ལེར་གྱུར། །སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན། །དེ་ལས་བདུད་རྩི་བྱང་སེམས་ཆར་ཟིམ་ལྟར། །བབས་པས་ལྷ་རྣམས་སྔར་ལྟར་གསལ་བ་ལ། །སྔོན་ལས་བཀྲག་མདངས་གཟི་བརྗིད་ལྷག་པར་རྒྱས། །བདག་གི་ཐུགས་དབུས་སྔགས་ཕྲེང་འཁོར་བ་ལས། །འོད་ཟེར་ཁ་དོག་ལྔ་ལྡན་སྟོང་སྐུད་བཞིན། །གྱེན་དུ་འཕྲོས་ནས་བདག་གི་ལུས་ལྷ་བརྒྱུད། །ཞལ་ནས་ཐོན་ཏེ་མདུན་བསྐྱེད་ཞལ་དུ་ཞུགས། །གནས་ལྔའི་ཡབ་བརྒྱུད་སྦྱོར་མཚམས་ནས་


CMR023_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ཏེ། །རང་གི་སྦྱོར་མཚམས་ནས་ཞུགས་ལུས་ལྷ་བརྒྱུད། །ཐུགས་ཀའི་ཧཱུྃ་ཐིམ་མཆོག་ཐུན་དངོས་གྲུབ་ཐོབ། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །དེ་ཡང་རྒྱུན་དུ་འཁོར་བའི་ནུས་པ་ཡིས། །བདག་མདུན་གནས་ལྔའི་སྔགས་ཕྲེང་བཅུ་པོ་འཁོར། །དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་ཞིང་བཞུགས་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་ཌཱཀི་ཐམས་ཅད་མཆོད་པས་མཉེས། །དེ་ཀུན་བདེ་མཆོག་རིགས་ལྔའི་ལྷར་གྱུར་ནས། །ཆར་ཆེན་བབ་བཞིན་ལྷུག་ལྷུག་ཆིལ་ཆིལ་བྱོན། །བདག་ན་སོ་སོའི་གནས་ལྔར་སིབ་སིབ་ཐིམ། །སླར་ཡང་བདག་མདུན་གནས་ལྔའི་སྔགས་འཁོར་ལས། །འོད་ཟེར་སྣ་ཚོགས་སྟེང་འོག་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །ལམ་རྒྱུད་ལྔ་པོ་བདེ་མཆོག་རིགས་ལྔའི་ལྷ། །དུད་འགྲོ་བདེ་མཆོག་དཀར་པོ་ཡི་དྭགས་དམར། །དམྱལ་མཐིང་ལྷ་མི་སེར་དང་ལྷ་མིན་ལྗང་། །ཀུན་གྱིས་སྔགས་སྒྲ་འུར་འུར་ཆེམས་ཆེམས་སྒྲོགས། །དེ་ལྟར་བསྒོམ་ཞིང་ཡིག་བདུན་ཅི་ནུས་འབད། །དེ་ནས་ཐུན་མཚམས་གཏོར་བསྔོས་བྱ་བ་དང་། །ཞག་བདུན་ལ་སོགས་སྒྲུབ་པའི་དུས་གྲངས་


CMR023_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བདག་འཇུག་ལ་སོགས་རྗེས་ཀྱི་བྱ་བ་རྣམས། །ཐམས་ཅད་ནང་སྒྲུབ་ཉིད་དང་ཁྱད་པར་མེད། །འདི་ནི་གྲུབ་ཆེན་པཀྵིའི་ཁྱད་ཆོས་ཏེ། །བཀའ་བརྒྱུད་གཞན་ལ་མེད་པའི་གདམས་པའོ། །དེ་ཡང་བདེ་མཆོག་སྡོམ་འབྱུང་ལས། །དབང་པོ་དམན་པས་བསྐྱེད་རིམ་གྱི། །དཀྱིལ་འཁོར་བསྒོམ་ཞིང་བསམ་པར་བྱ། །གསུངས་པའི་དོན་དང་མཚུངས་པ་ཡིན། །ལྷ་ལྔའི་གསང་སྒྲུབ་ལེའུ་བཞི་པའོ།། །།དེ་ནས་ཡང་གསང་ལུས་ཀྱི་དཀྱིལ་འཁོར་ནི། །བདག་བསྐྱེད་འདོན་པའི་ཆར་ཙམ་མ་གཏོགས་པ། །དཀྱིལ་འཁོར་མཆོད་པ་གཞན་ནི་མི་དགོས་སོ། །ད་ནངས་བདག་བསྐྱེད་ཚར་གཅིག་བཏོན་པའི་རྗེས། །སྟོང་པར་བསྡུས་ནས་ཟུང་འཇུག་སྐུར་བཞེངས་སྐབས། །རང་ཉིད་གཙོ་རྐྱང་རྒྱན་དང་ཆ་ལུགས་རྫོགས། །ཡབ་ཡུམ་སྣང་སྟོང་ཕྲུ་མ་ཕུས་བཏབ་ལྟར། །དེ་ཡི་གནས་ལྔར་འདབ་བརྒྱད་ཉི་མའི་སྟེང་། །སྤྱི་བོར་བུདྡྷ་ཧེ་རུ་ཀ་དཀར་པོ། །འཁོར་ལོ་དྲིལ་འཛིན་མཁའ་འགྲོ་དཀར་སྔོན་འཁྲིལ། །འཁོར་གྱི་མཁའ་འགྲོ་མ་བཞི་དཀར་སྔོན་ཏེ། །མགྲིན་པར་པདྨ་ཧེ་རུ་ཀ་དམར་པོ། །པདྨ་དྲིལ་འཛིན་དུམ་སྐྱེས་དམར་མོ་འཁྲིལ། །ཕྱོགས་བཞིར་དུམ་སྐྱེས་དམར་མོ་བཞི་དང་


CMR023_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ཐུགས་ཀར་གཞུང་ལྟར་བདེ་མཆོག་ལྷ་ལྔ་སྟེ། །ལྟེ་བར་རཏྣ་ཧེ་རུ་གསེར་གྱི་མདོག །རིན་ཆེན་དྲིལ་འཛིན་གཟུགས་ཅན་སེར་མོ་འཁྲིལ། །ཕྱོགས་བཞིར་གཟུགས་ཅན་སེར་མོ་བཞི་དང་བཅས། །གསང་བར་ཀརྨ་ཧེ་རུ་ཨིནྡྲའི་མདོག །རྒྱ་གྲམ་དྲིལ་འཛིན་ལཱ་མ་ལྗང་མོ་འཁྲིལ། །ལཱ་མ་བཞིས་བསྐོར་གནས་ལྔའི་མཚམས་བཞི་རུ། །བུམ་སྟེང་ཐོད་པ་བཞག་པ་བཞི་བཞིའོ། །ལུས་ཀྱི་རྩ་གནས་ཉི་ཤུ་རྩ་བཞི་རུ། །རྩ་མདུད་ཡིག་འབྲུའི་གཟུགས་གནས་དཔའ་མོ་སྟེ། །དེ་ནང་བྱང་སེམས་གནས་པ་དཔའ་བོའོ། །དེ་ཉིད་ཡིན་པར་ཤེས་པས་ཆོག་པ་སྟེ། །ཡིག་འབྲུའམ་སྐུ་གཟུགས་བསྒོམས་ཀྱང་རུང་བར་བཤད། །འོག་མིན་བཞུགས་པའི་ལྷ་ཚོགས་དེ་རྣམས་དང་། །ཕྱི་ཡི་གནས་དང་ཡུལ་ལ་གནས་པ་དང་། །ནང་གི་ལུས་གནས་རྩ་ཐིག་ལ་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དབྱེར་མེད་བསམ། །ལུས་ཀྱི་སྤྱི་བོར་པུ་ལླི་ར་མ་ལར། །དཔའ་བོ་ཐོད་དུམ་དཔའ་མོ་རབ་གཏུམ་མ། །སྤྱི་གཙུག་གནས་མཆོག་ཛ་ལནྡྷ་ར་རུ། །དཔའ་བོ་ཀེང་རུས་དཔའ་མོ་གཏུམ་མིག་མ། །རྣ་བ་གཡས་པ་ཨོ་རྒྱན་གནས་མཆོག་སྟེ། །དཔའ་བོ་ཀངྐ་ལ་དང་འོད་ལྡན་


CMR023_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ལྟག་པ་ཨརྱ་ཏ་ཡི་གནས་མཆོག་ན། །དཔའ་བོ་མཆེ་བ་རྣམ་གཙིགས་སྣ་ཆེན་མ། །རྣ་གཡོན་གོ་དཱ་ཝ་རིའི་གནས་མཆོག་ན། །དཔའ་བོ་ཆང་འཐུང་དཔའ་མོ་བློ་གྲོས་མ། །སྨིན་མའི་དབུས་ནི་ར་མི་ཤ་རིའི་གནས། །དཔའ་བོ་འོད་དཔག་མེད་དང་མི་ཐུང་མ། །མིག་གཉིས་དེ་ཝཱི་ཀོ་ཊིའི་གནས་གཉིས་ན། །རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། །དཔུང་མགོ་གཉིས་པོ་མཱ་ལ་ཝ་ཡི་གནས། །དཔའ་བོ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ། །དེ་ལྟར་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ཡི། །ཡབ་ཡུམ་བརྒྱད་པོ་སྐུ་མདོག་སྔོན་པོ་སྟེ། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཁྱུད། །དེ་དག་གནས་དང་ཉེ་བའི་གནས་ཡིན་ནོ། །མཆན་ཁུང་གཉིས་པོ་ཀཱ་མ་རཱུ་པའི་གནས། །དཔའ་བོ་མྱུ་གུ་ཅན་དང་ས་སྲུང་མ། །ནུ་མ་གཡས་གཡོན་ཨོ་ཊའི་གནས་གཉིས་ན། །རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་མ། །ལྟེ་བ་ཏྲི་ཤ་ཀུ་ནེའི་གནས་མཆོག་ཏུ། །དཔའ་བོ་ཆེན་པོ་དང་ནི་རླུང་ཤུགས་མ། །སྣ་ཡི་རྩེ་མོ་ཀོ་ས་ལ་ཡི་གནས། །རྡོ་རྗེ་ཧཱུྃ་མཛད་དང་ནི་ཆང་འཐུང་མ། ཁ་ནི་ཀ་ལིངྐ་ཡི་གནས་མཆོག་ན། །རབ་ཏུ་བཟང་པོ་དང་ནི་སྔོ་སངས་མ། །མགྲིན་པ་ལཾ་པ་ཀ་ཡི་གནས་མཆོག་ན། རྡོ་རྗེ་


CMR023_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མོ་ཤིན་ཏུ་བཟང་མོ་གཉིས། །སྙིང་ཁ་ཀཉྩི་ཞེས་བྱའི་གནས་མཆོག་ན། །དཔའ་བོ་འཇིགས་བྱེད་ཆེན་པོ་རྟ་རྣ་མ། །འདོམས་བར་ལྷང་པ་ཧི་མ་ལ་ཡི་གནས། །དཔའ་བོ་མིག་མི་བཟང་དང་བྱ་གདོང་མ། །ས་སྤྱོད་གསུང་གི་འཁོར་ལོའི་ལྷ་བརྒྱད་དམར། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཁྱུད། །དེ་དག་ཞིང་དང་ཚནོ་ཧ་ཞེས་བྱ། །མཚན་མ་སྲེ་ཏ་པུ་རིའི་གནས་མཆོག་ན། །སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། །བཤང་ལམ་གྲི་ཧ་དེ་ཝའི་གནས་མཆོག་ནས། །དཔའ་བོ་རིན་ཆེན་རྡོ་རྗེ་དུམ་སྐྱེས་མ། །བརླ་གཉིས་སོ་རཱཥྛ་ཡི་གནས་མཆོག་ནས། །དཔའ་བོ་རྟ་མགྲིན་དཔའ་མོ་ཚང་འཚོང་མ། །བྱིན་པ་གཉིས་ནི་སུ་བརྫ་དྲིའི་གནས། །ནམ་མཁའི་སྙིང་པོ་འཁོར་ལོའི་གོ་ཆ་མ། །སོར་མཛུབ་བཅུ་དྲུག་ནཱ་ག་ར་ཡི་གནས། །ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་བཞུགས། །བོལ་གོང་གཉིས་ནི་སིནྡྷ་ར་ཡི་གནས། །དཔའ་བོ་པདྨ་གར་དབང་སྟོབས་ཆེན་མ། །མཐེ་བོང་བཞི་པོ་མ་རུའི་གནས་ཆེན་ན། །རྣམ་པར་སྣང་མཛད་འཁོར་ལོས་སྒྱུར་མ་གཉིས། །པུས་མོ་གཉིས་པོ་ཀུ་ལུ་ཏ་ཡི་གནས། །རྡོ་རྗེ་སེམས་དཔའ་བརྩོན་འགྲུས་ཆེན་མོ་བཞུགས། །ས་འོག་


CMR023_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་སྐུ་ཡི་འཁོར་ལོ་རྣམས། །སྐུ་མདོག་དཀར་པོ་རྡོར་དྲིལ་གྲི་ཐོད་འཁྱུད། །འདུ་བ་དང་ནི་དུར་ཁྲོད་ཅེས་བྱའོ། །ལུས་ཀྱི་སྒོ་མཚམས་བརྒྱད་དུ་ཧཱུཾ་རིང་བརྒྱད། ཁ་དང་ལྟེ་བའི་རྩ་ལ་ཁཱ་གདོང་ནག །སྣ་གཡོན་བྱང་གི་སྒོ་དེ་འུག་གདོང་ལྗང་། །བཤང་ལམ་རྩ་ནི་ནུབ་སྒོ་ཁྱི་གདོང་དམར། །སྣ་བུག་གཡས་རྩ་ལྷོ་སྒོ་ཕག་གདོང་སེར། །རྣ་བ་གཡས་ཀྱི་རྩ་ནི་ཤར་ལྷོ་མཚམས། །གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་མདོག །རྣ་བ་གཡོན་པའི་རྩ་ནི་ལྷོ་ནུབ་མཚམས། །གཡས་སེར་གཡོན་དམར་གཤིན་རྗེ་ཕོ་ཉ་མོ། །མིག་གཡས་རྩ་ནི་ནུབ་བྱང་མཚམས་ཡིན་ཏེ། །གཡས་དམར་གཡོན་ལྗང་གཤིན་རྗེ་མཆེ་བ་མོ། །མིག་གཡོན་རྩ་ནི་བྱང་ཤར་མཚམས་ཡིན་ཏེ། །གཡས་ལྗང་གཡོན་སྔོ་གཤིན་རྗེ་འཇོམས་པ་མོ། །ཀུན་ཀྱང་གྲི་ཐོད་ཁ་ཊཾ་པད་ཉི་རོའི། །སྟེང་བཞུགས་རང་འོད་ཡེ་ཤེས་མེ་དཔུང་འབར། །དེ་ལྟར་ལུས་ལྷ་མེ་ལོང་གཟུགས་བཞིན་བསྒོམ། །དེ་ལྟར་དཔའ་བོ་ཡབ་ཡུམ་སུམ་ཅུ་བདུན། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་གྱི། །ངོ་བོ་ལྷ་དང་དབྱེར་མེད་རྣམ་པར་དག །བསམ་པར་བྱས་ལ་སྔགས་འདི་ལན་གཅིག་བརྗོད། །ཨོཾ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནི་ཀཱ་ཡ་ཝཱཀ་ཙིཏྟ་


CMR023_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། འོག་མིན་གནས་བཞུགས་ལོངས་སྐུའི་ལྷ་ཚོགས་དང་། །འཛམ་གླིང་བཞུགས་པའི་སྤྲུལ་སྐུའི་ལྷ་ཚོགས་དང་། །བདག་གི་ལུས་ལ་བསྒོམ་པའི་ལྷ་ཚོགས་རྣམས། །ཡེ་ནས་དབྱེར་མེད་རྡོ་རྗེའི་རང་བཞིན་དུ། །ང་རྒྱལ་བསྐྱེད་ལ་སྔགས་འདི་ལན་གཅིག་བརྗོད། །ཨོཾ་བཛྲ་ཤུདྡྷསརྦ་དྷརྨ་བཛྲ་ཤུདྡྷོཉཧཾ། དེ་ནས་གནས་ལྔའི་ཡབ་ལྔའི་ཐུགས་ཀ་རུ། །རིང་མདོག་ཧཱུཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར། །དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་པ། །རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། །ཡུམ་གྱི་སྔགས་ཕྲེང་དྲག་འཁོར་འོད་ཟེར་ནི། །བྷ་ག་ནས་ཐོན་རང་གི་ནོར་བུར་ཞུགས། །རང་གི་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ་སྟེ། །རང་ལུས་བརྒྱུད་ཚེ་ཡབ་ལྔའི་སྐུ་ལུས་བརྒྱུད། །དེ་ལྟར་རྒྱུན་དུ་འཁོར་དམིགས་ཡིག་བདུན་བཟླས། །བདེ་སྟོང་ཆེན་པོ་གཅིག་ཆར་འཆར་བར་གསུངས། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །དེ་ལས་འོད་ཟེར་ནམ་མཁའ་ཁྱབ་པར་སྤྲོས། །འོག་མིན་གནས་བཞུགས་བདེ་མཆོག་ལྷ་ཚོགས་དང་། །འཛམ་གླིང་བཞུགས་པའི་བདེ་མཆོག་ལྷ་ཀུན་མཆོད། །དེ་དག་སྐུ་ལས་སོ་སོའི་སྐུ་ཆེ་ཕྲ། །གསུང་ལས་སྔགས་ཕྲེང་ཨཱ་ལི་ཀཱ་ལི་


CMR023_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཐུགས་ལས་རྡོ་རྗེ་རྩེ་ལྔ་དཔག་མེད་འཕྲོས། །རང་གི་ལུས་ལྷ་སོ་སོར་ཐིམ་པར་བསྒོམ། །དེ་ནས་ཡབ་ཡུམ་བར་གྱི་སྔགས་ཕྲེང་བསྡུས། །རང་གི་གནས་ལྔའི་སྔགས་འཁོར་འོད་ཟེར་ལས། །འོད་ཟེར་དཀར་པོ་སྣ་བུག་གཡས་ནས་ཐོན། །བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྲངས་མེད་འཕྲོས། །རིགས་དྲུག་སེམས་ཅན་ཐམས་ཅད་ཚར་བཅད་ཅིང་། །རྗེས་སུ་བཟུང་ནས་སངས་རྒྱས་སར་བཀོད་དེ། །སྤྲུལ་པའི་དཀྱིལ་འཁོར་དེ་དག་རང་ཐིམ་བསྒོམ། །སླར་ཡང་རང་གི་ཐུགས་ཀའི་འོད་ཟེར་གྱིས། །རིགས་དྲུག་སེམས་ཅན་གཅིག་ཀྱང་མ་ལུས་པ། །བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དཔག་མེད་གྱུར། །ཀུན་གྱིས་སྔགས་སྒྲ་འུར་འུར་བཟླས་བྱས་པས། །ཐམས་ཅད་འོད་ཞུ་ཚུར་འདུས་རང་ཉིད་ཀྱི། །སྣ་བུག་གཡོན་ཞུགས་ཐུགས་ཀའི་ཧཱུཾ་ལ་ཐིམ། །འདི་དག་བསྒོམ་ཚེ་ཡིག་བདུན་བཟླས་པ་ཡིན། །དེ་ནས་བཟླས་པ་ལ་སོགས་མི་ལྕོགས་ན། །ཡིག་འབྲུའི་གཟུགས་སུ་མི་བསྒོམ་སྒྲར་མི་བརྗོད། །རླུང་ནི་ནང་དུ་འཇུག་པ་ཡི་གེ་ཨོཾ། །ཁོག་ཏུ་གནས་པ་ཡེ་ནས་ཡི་གེ་ཨཱཿཕྱི་རུ་དབྱུང་བ་ཧཱུྃ་དུ་ཤེས་བྱ་སྟེ། །དེ་ཉིད་ཤེས་ཤིང་སྒོམ་པར་བྱེད་པ་སྟེ། །འབྲུ་གསུམ་རྡོ་རྗེའི་བཟླས་པ་


CMR023_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །ཞི་གནས་སྐྱེ་བའི་མཆོག་ཀྱང་ཡིན་པ་དང་། །བརྩི་མི་ཁོམ་ཡང་ངེས་ཤེས་བསྐྱེད་པ་ན། །ཞག་གཅིག་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་རླུང་། །དེ་ཡི་གྲངས་བསྙེན་སྔགས་བཟླས་པ་དང་མཉམ། །ལུས་དཀྱིལ་འདི་ལ་རྡོར་བཟླས་འདི་ཀ་གཙོ། །དགོང་མོ་ད་ནངས་བདག་བསྐྱེད་འཇུག་གི་ནི། །གཏོར་བསྔོས་དེ་ཉིད་གྲུབ་ན་ལེགས་པ་སྟེ། །མ་གྲུབ་ན་ཡང་རྒྱུན་གྱི་བཟའ་བཏུང་ཀུན། །བྷནྡྷའི་སྣོད་དུ་ཡེ་ཤེས་བདུད་རྩིར་དམིགས། །ལག་པ་ཡེ་ནས་རང་བྱུང་དགང་གཟར་བླུགས། །ཕོ་བའི་མེ་དྲོད་མེ་སྟེ་ཁ་ཐབ་ཁུང་།དེ་ཡི་གཟུགས་སུ་བསྒོམ་པ་མ་ཡིན་ཏེ། །ཡེ་ནས་རང་བྱུང་ཉིད་དུ་ཤེས་བྱས་ལ། །ལུས་ལྷ་མཆོད་ཕྱིར་བཟའ་བཏུང་སྦྱིན་སྲེག་བྱ། །འདི་ནི་རྒྱུན་ཁྱེར་ཡུན་རིང་བྱས་ན་ལེགས། །ཡང་གསང་བླ་ན་མེད་པའི་སྒྲུབ་ཐབས་ཏེ། །ལྷ་ལྔའི་ལུས་དཀྱིལ་ལེའུ་ལྔ་པའོ།། །།དེ་དོན་སྡོམ་པ་འབྱུང་བ་ལས། །ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། །ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ། །རྫོགས་པའི་བྱང་ཆུབ་རིམ་བགྲོད་གནས། །ལུས་ཀྱི་དཀྱིལ་འཁོར་ཞེས་གསུངས་སོ། །དེ་ནས་རྫོགས་པའི་རིམ་པ་བསྒོམ་ལུགས་ལ།


CMR023_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་ཕྱི་ནང་གསང་གསུམ་སྒྲུབ་པ་ལ། །རྟགས་ཐོན་བསྐྱེད་རིམ་གསལ་སྣང་ཐོབ་པ་དང་། །དེ་ནས་རྫོགས་རིམ་ཉིད་ལ་འཇུག་དགོས་ཏེ། །སྐས་ཀྱི་རིམ་པ་ལྟ་བུ་ཡིན་ནོ་ཞེས། གྲུབ་མཐའ་སྤྱི་ཡི་ལུགས་ལ་དེ་ལྟར་བཞེད། །མཁས་པ་ནཱ་རོ་པཎ་ཆེན་ཁྱད་ཆོས་ནི། །དང་པོ་བསྐྱེད་རིམ་སྐབས་ནས་རྫོགས་རིམ་གྱི། །ཐུན་རེ་ཐུན་གྲངས་མཉམ་པར་མ་བསྒོམས་ན། །བསྐྱེད་རྫོགས་ཡ་བྲལ་བླ་མེད་ལམ་མིན་གསུངས། །དེ་ཕྱིར་རང་གཞུང་ཆོ་ག་འདི་ཉིད་ཀྱི། །བཟླས་པའི་སྔོན་དུ་རྫོགས་རིམ་དམིགས་པ་ཡོད། །དེ་ལ་ཅི་གནས་བར་དུ་མཉམ་བཞག་ནས། །མི་གནས་འཕྲོ་ཚེ་བཟླས་པ་བྱ་རྒྱུ་ཡིན། །དེ་ལྟར་བྱས་པས་ཡ་བྲལ་སྐྱོན་ཁེགས་ཀྱང་། །ཕུར་ཚུགས་རྫོགས་རིམ་ཁོ་ན་མ་བསྒོམས་ན། །བདེ་དྲོད་སྐྱེ་བའི་ནུས་པ་མི་ཐོན་པས། །རྗེས་ནས་འདི་ཉིད་ཁོ་ན་བསྒོམ་དགོས་སོ། །ཅི་ཕྱིར་མཆོག་སྒྲུབ་གཙོ་བོ་རྫོགས་རིམ་ཡིན། །བཀའ་བབས་བཞི་ལས་བདེ་དགྱེས་ལ་བརྟེན་ནས། །ཙརྱ་པ་ནས་ཏེ་ལོ་ན་རོ་ལ། །གཏུམ་མོའི་བཀའ་ནི་བབས་པར་བཤད་པའི་ཕྱིར། །ཆོས་དྲུག་ཉིད་དང་དོན་ལ་གཅིག་མོད་ཀྱང་། །ཅུང་ཟད་མི་འདྲའི་ཁྱད་པར་ཡོད་པ་ནི། །ལྷ་ལྔའི་བདག་བསྐྱེད་ཚང་


CMR023_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམས་པའམ། །ཡང་ན་དྲན་རྫོགས་གཙོ་རྐྱང་བསྒོམ་ཡང་རུང་། །ཕྱི་ནི་དར་སྔོན་གུར་ཕུབ་ལྟ་བུ་ལ། །།ནང་ནི་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། །རྩ་གསུམ་འཁོར་ལོ་བཞི་པོ་ཆོས་དྲུག་ལྟར། །གསལ་བཏབ་རླུང་ནི་འབུད་པ་དགུ་ཕྲུག་དང་། །སྦྱོར་བ་བཞི་ལྡན་བསྒོམ་ཞིང་བུམ་ཅན་བཟུང་། །དེ་ཚེ་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་བྱ། །དེ་ཚེ་རླུང་ནི་ཟིན་པར་གྱུར་པའི་ཚེ། །སྐྱིལ་ཀྲུང་བཅས་ནས་ལེགས་པར་རླུང་བཟུང་སྟེ། །ལག་གཡས་པུས་མོ་གཉིས་དང་དཔྲལ་བར་རེག །དེ་ནས་སེ་གོལ་ལན་དྲུག་བརྡབས་པ་གཅིག་ཏུ་བརྩི། །དེ་འདྲ་སུམ་ཅུ་རྩ་དྲུག་བར་དག་ཏུ། །རླུང་ནི་ནང་དུ་བཟུང་ཐུབ་ཐ་མ་སྟེ། །གཉིས་འགྱུར་འབྲིང་ཡིན་བརྒྱ་རྩའི་བར་ཐུབ་རབ། །དེ་དོན་སྡོམ་པ་འབྱུང་བའི་རྒྱུད་ཉིད་ནས། །བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། །ལག་པས་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་སུམ་ཅུ་རྩ་དྲུག་བར། སུམ་འགྱུར་ཆེན་པོའི་གཞོལ་བ་ནི། །བརྒྱ་ལས་རྩ་བརྒྱད་ལྷག་པས་སོ། །ཞེས་གསུངས་ལྟར་དུ་རླུང་ལ་རྟགས་ཐོན་ནས། །དབུ་མའི་ཡར་སྣེ་སྤྱི་བོའི་ཚངས་བུག་ཏུ། །ཧཾ་ཡིག་དཀར་


CMR023_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མགོ་བོ་ཐུར་བསྟན་པ། །མགྲིན་པའི་རྩ་དབུས་ཨོ་དཀར་མགོ་གྱེན་བསྟན། །སྙིང་དབུས་ཟླ་གདན་ཧཱུྃ་མཐིང་མགོ་ཐུར་བསྟན། །ལྟེ་དབུས་ཨཱཡིག་དམར་པོ་མགོ་གྱེན་བསྟན། །བཞི་ཀ་ཀླད་ཀོར་ཐིག་ལེ་ཟླ་ཕྱེད་དང་། །ནཱ་ད་སྤུ་ཤད་ལྟ་བུས་བརྒྱན་པ་སྟེ། །ཤིན་ཏུ་གསལ་འཚེར་བསྒོམས་པས་གསལ་ཉམས་སྐྱེ། །བྱང་སེམས་བ་མོ་ལྟ་བུར་འཛག་བསྒོམས་པས། །བདེ་བའི་ཉམས་ནི་སྐྱེ་བར་འགྱུར་བ་ཡིན། །རྒྱས་པར་རྩ་འདབ་རྣམས་སུ་དབྱངས་གསལ་བྱེད། །བཀོད་ཚུལ་ཡོད་ཀྱང་ཡིག་བཞི་འདི་ཀས་ཆོག །དམིགས་པ་མང་བས་མི་ཟབ་བརྟན་པས་ཟབ། །ལྟེ་འོག་སོར་བཞི་རྩ་གསུམ་འདུས་པའི་མདོར། །ཨ་ཤེད་གཟབ་ཀྱི་ཤད་ནི་མཚལ་བྲིས་ལྟར། །ཟུར་གསུམ་རྩ་ཕྲ་རྩེ་སྦོམ་ལྕགས་སྲེག་མདོག །སྐྱེར་པའི་ཚེར་མ་བཅད་མཚམས་གྱེན་བསྟན་འདྲ། །དང་པོ་ཡུངས་ཀར་འབྲིང་པོ་ཙམ་ཡིན་ཏེ། །གཏུམ་མོ་ཆུང་བསྐྱེད་འདི་ཉིད་ཟབ་པར་གསུངས། །རླུང་བཟུང་རོ་རྐྱང་གཉིས་ནས་དེར་བུས་པས། །སོལ་མེ་ལ་ནི་སྡུད་པ་བརྒྱབ་པ་བཞིན། །ཨ་ཡིག་ཨ་ཤད་གཉིས་ལས་མེ་འབར་ནས། །སྙིང་ཁའི་ཧཱུཾ་དང་མགྲིན་པའི་ཨོ་ཡིག་བསྲེགས། །རྩེ་གནས་བ་སྤུའི་མཐར་ཐུག་མེ་


CMR023_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་གང་། །ཐོག་མེད་ནས་བསགས་སྡིག་སྒྲིབ་ནད་དང་གདོན། །མ་དག་ཕུང་ཁམས་སྐྱེ་མཆེད་བཅས་པ་བསྲེགས། །དག་པ་ཡེ་ཤེས་ལུས་སུ་བསྒྱུར་བསྒོམ་ཞིང་། །རླུང་བཟུང་ངང་ནས་ནཱ་རོ་དྲུག་སྐོར་བྱ། །དེ་ལ་འབད་པས་དྲོད་ནི་སྐྱེ་འགྱུར་ཏེ། །ཕྱི་ནས་སྐྱེ་དང་ནང་ནས་སྐྱེ་བ་དང་། །ཁོལ་བུར་སྐྱེ་དང་བཙན་ཐབས་སྐྱེ་བའང་ཡོད། །སྤུ་ཅན་མི་གྱོན་གོས་ནི་ཇེ་སྲབ་བསླབ། །བཅུད་ཅན་ཟས་བརྟེན་ཐིག་ལེ་མ་ཉམས་གཅེས། །མེ་ཡི་འོད་ཀྱིས་སྤྱི་བོའི་ཧཾ་ཡིག་ལས། །བྱང་སེམས་རྒྱུན་བབས་རྩ་གནས་རིམ་པར་གང་། །མགྲིན་པ་སྙིང་གའི་ཡིག་འབྲུ་སྔོན་ལས་གསལ། །ལྟེ་བའི་ཨ་ཐུང་བྱང་སེམས་འཕྲད་པའི་ཚེ། །བདེ་བ་ཚད་བཟུང་མེད་པ་སྐྱེས་པར་བསྒོམ། །རྩ་རླུང་རང་བབ་བྱང་སེམས་རྒྱས་རྣམས་ལ། །བདེ་བ་དངོས་སྐྱེ་བྱང་སེམས་འཆོར་དོགས་ན། །གཏུམ་མོའི་མེ་འབར་བྱང་སེམས་ཡར་བྲོས་ནས། །སྤྱི་བོའི་ཧཾ་ཡིག་ཉིད་ལ་ཐིམ་པར་བསྒོམ། །བདེ་བ་ཆུང་ན་བྱང་སེམས་མར་ཕབ་ནས། །གསང་གནས་རྩ་བའི་བར་དུ་ཕབ་པའམ། །ནོར་བུའི་རྩེ་མོར་བྱང་སེམས་ཡུངས་འབྲུ་ཙམ། །བདེ་བའི་རེག་བྱ་ཅན་ལ་དམིགས་པ་གཏད། །དེ་ནས་ཡུམ་གྱི་པདྨའི་ཟེའུ་འབྲུ་


CMR023_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །གཏུམ་མོའི་མེ་འོད་ཕྲའུ་རྡོ་རྗེར་ཞུགས། །ཐིག་ལེ་ཡར་བྲོས་སྤྱི་བོའི་ཧཾ་ལ་ཐིམ། །ལུས་ཀུན་ཡེ་ཤེས་མེ་ཡིས་གང་བར་དམིགས། །དེ་ལྟར་འདྲེས་དེད་ཚུལ་དུ་ཡུན་རིང་བསྒོམ། །རབ་ནི་མངོན་སུམ་འབྲིང་ནི་ཉམས་སྣང་དང་། །ཐ་མ་རང་གི་ཡིད་ཀྱི་སྣང་བ་ལ། །རླུང་རྣམས་དབུ་མར་ཚུད་པའི་སྔ་ལྟས་སུ། །རྟགས་རྣམས་དངོས་སུ་འབྱུང་བ་དཀའ་ན་ཡང་། །རྗེས་མཐུན་ཙམ་རེ་ངེས་པར་འབྱུང་གྱུར་ཏེ། །གོ་རིམ་གསུངས་ཀྱང་གོ་རིམ་ངེས་ངེས་མེད། །སྨིག་རྒྱུ་འདྲ་བ་ཆུ་འདྲ་སྔོ་རིབ་རིབ། །དུ་བ་འདྲ་བ་བན་བུན་ལང་ལོང་དང་། །མེ་ཁྱེར་མེ་རྟགས་འཕྲོ་འདྲ་དམར་རྩིག་རྩིག །སྒྲ་གཅན་ཞེས་བྱ་ནག་ཐིམ་ནག་ཡར་ཡོར། །དྲོད་སྐྱེས་བྱང་སེམས་འཕེལ་བས་བདེ་བ་རྒྱས། །རྟོགས་པ་མི་འཕྲོ་མེ་རེ་འཁྱིལ་ལེར་གནས། །དེ་ནས་ཅུང་ཞིག་དབུ་མར་རླུང་ཚུད་པས། །སྤྲིན་མེད་ནམ་མཁའ་ལྟ་བུའི་གསལ་ཉམས་འཆར། །འདི་སྐབས་སེམས་ངོ་སྤྲད་པར་བྱ་བ་ནི། །ནཱ་རོ་མར་མི་རྣམས་ཀྱི་ཕྱག་སྲོལ་ལགས། །ཐོག་མ་ཉིད་ནས་ཕྱག་ཆེན་ངོ་སྤྲད་པ། །མེ་ཏྲིའི་ལུགས་དེ་དྭགས་པོས་རྩལ་དུ་བཏོན། །དེ་ཕྱིར་ཐོག་མར་ཕྱག་ཆེན་ངོ་སྤྱད་ནས། །དེ་ཡི་བོགས་འདོན་གཏུམ་མོས་


CMR023_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྲོལ་འཇག །འདིར་ནི་ས་བཅད་མ་སྟོང་ས་བོན་ཙམ། །རྒྱས་པར་ཆོས་དྲུག་གཞུང་ལས་ཤེས་པར་བྱ། །བདེ་མཆོག་ལྷ་ལྔའི་རྫོགས་རིམ་རྩ་ཐོ་ཡི། །དམིགས་ཟསྐོར་བཤད་པའི་ལེའུ་དྲུག་པའོ།། །།དེ་ནས་བསྐྱེད་རྫོགས་ཟུང་འཇུག་ནི།། །བདེ་མཆོག་སྡོམ་པ་འབྱུང་བ་ལས། །དབང་པོ་རྣོན་པོས་སྐད་ཅིག་གི །རྣམ་པས་སེམས་ཀྱི་དཀྱིལ་འཁོར་བསམ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པ་ནི། ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཨོཾ་ཨཱཿཧཱུྃ་གི་སྔགས་ཀྱིས་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། །མཐོ་རིས་ས་སྟེང་ས་འོག་ཏུ། །སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །སྐད་ཅིག་རྣམ་པའི་རྣལ་འབྱོར་ཏེ། །སྐད་ཅིག་རྣམ་པའི་གསང་སྔགས་འདོམ། །གསུངས་པའི་དོན་ནི་འདི་ལྟར་ཏེ། །བསྐྱེད་རིམ་ཐམས་ཅད་རྣམ་རྟོག་ཉིད། །རྣམ་རྟོག་སྒོམ་དུ་མ་ཤར་བར། །བསྐྱེད་རྫོགས་ཟུང་འཇུག་འོང་ཐབས་མེད། །རྣམ་རྟོག་སྒོམ་དུ་ཤར་བའི་མིས། །སྟོང་ཉིད་གཤིས་དང་མ་བྲལ་


CMR023_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བར་། །སྤྲོས་པར་དགའ་ན་ཆོ་ག་འདོན། །གལ་ཏེ་སྤྲོས་པར་མི་དགའ་ན། །དྲན་རྫོགས་ལྷ་ལྔའི་དཀྱིལ་འཁོར་བསྒོམ། །ངག་ནས་ཡིག་བདུན་ཤུབ་བུར་བཟླ། །སྤྱན་འདྲེན་དབང་བསྐུར་མི་དགོས་ཏེ། །རང་ལུས་ཡེ་ནས་དམ་ཚིག་སེམས། །རང་སེམས་གདོད་ནས་ཡེ་ཤེས་ལྷ། །རིགས་བདག་རང་ཆས་བླ་མ་ཉིད། །བླ་མའི་ཐུགས་དང་རང་གི་སེམས། །མེད་ཆོས་ཉིད་ངོ་བོར་གཅིག །ཐུགས་ཡིད་གཅིག་འདྲེས་མོས་གུས་མཆོག །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རྒྱ་མཚོར་ཤར་བའི་གཟའ་སྐར་བཞིན། །རྣམ་པ་གསལ་ཡང་ངོ་བོ་སྟོང་། །གསལ་སྟོང་ཟུང་འཇུག་སྒྱུ་ལུས་མཆོག །དེ་ལྟར་མ་རྟོགས་སེམས་ཅན་ལ། །ཤུགས་འབྱུང་སྙིང་རྗེ་ཤུགས་ལ་འཆར། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྟོང་ཉིད་མེ་ཡིས་དངོས་འཛིན་སྲེག །མཆོག་གི་གཏུམ་མོ་ཨེ་མ་ཧོ། །རང་གི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །ས་འོག་ས་སྟེང་ས་བླ་ཡི། །སེམས་ཅན་མ་ལུས་ཐམས་ཅད་ཀུན། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡི། །བདེ་མཆོག་ལྷ་ཡི་ཚོགས་སུ་བསྒྱུར། །ཀུན་གྱིས་སྔགས་སྒྲ་འུར་འུར་བཟླས། །སྒྲ་གྲག་ཐམས་


CMR023_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྔགས་སུ་བསྒོམ། །སྐད་ཅིག་རེར་ཡང་དུང་ཕྱུར་འགྱུར། །དེ་ལྟར་བསྒོམ་པའི་དགེ་བ་ཡང་། །བསྔོ་བྱ་བསྔོ་བྱེད་མི་དམིགས་པར། །འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །འཁོར་གསུམ་དམིགས་མེད་བསྔོ་བའི་མཆོག །གཉིད་དུས་འཆི་དུས་མཚུངས་པ་སྟེ། །སྣོད་བཅུད་ལྷར་གསལ་རང་ལ་བསྡུ། །རང་ཉིད་ཧཱུཾ་ཐིམ་གྱེན་རྫོགས་ཡལ། །མི་དམིགས་ངང་ལ་མཉམ་པར་བཞག །གཉིད་དང་འཆི་བའི་འོད་གསལ་ཟིན། །འཆི་དུས་འོད་གསལ་དེ་ཟིན་ནས། །དེ་ཡི་ངང་དུ་གནས་ནུས་ན། །འཆི་བ་ཆོས་སྐུར་སངས་རྒྱས་དང་། །དོན་གྱི་མཁའ་སྤྱོད་ཡིན་ནོ་ཞེས། །བདེ་མཆོག་རྒྱུད་འགྲེལ་རྣམས་ནས་བཤད། །ཆོས་སྐུའི་འཕོ་བའང་དེ་ཉིད་རང་། །དེ་དོན་མཆོག་གི་སྤྲུལ་སྐུ་ཡི། །འཕོ་བྱ་འཕོ་བྱེད་བྲལ་བ་ཡི། །ཞེས་སོགས་ཚིགས་བཅད་གསུངས་པ་ཡིན། །དེ་ཡི་འབྲས་བུ་ཅི་ཞེ་ན། །བུམ་པའི་ནང་གི་ནམ་མཁའ་དེ། །བུམ་པ་ཆག་ཚེ་ཕྱི་རོལ་གྱི། །ནམ་མཁའ་དང་འདྲེས་དབྱེར་མེད་ལྟར། །སེམས་ཉིད་སངས་རྒྱས་ཐམས་ཅད་དང་། །དབྱེར་མེད་ཆོས་སྐུར་སངས་རྒྱས་ཏེ། །སྨོན་ལམ་དབང་གིས་གཟུགས་ཀྱི་སྐུ། །དག་པའི་ཞིང་དུ་ལོངས་སྐུ་དང་། །


CMR023_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་ཞིང་དུ་གང་འདུལ་གྱི། །སྤྲུལ་པ་དུ་མས་འགྲོ་བ་འདྲེན། །འཆི་བ་ཆོས་སྐུའི་སངས་རྒྱས་པ། །ཆོས་འདིའི་ལུགས་ཀྱི་འབྲས་བུ་ཡིན། །གལ་ཏེ་དེ་ལྟར་མ་གྱུར་ན། །བར་དོའི་འཁྲུལ་སྣང་ཤར་བའི་ཚེ། །དེ་ལྟའི་བསྐྱེད་རྫོགས་ཉམས་ལེན་དོན། །དེ་དུས་དྲན་ནས་བསྒོམས་བྱས་པས། །ཤ་ཁྲག་ལུས་མེད་ཡིད་ལུས་དེ། །འགྱུར་སླ་བསྒོམ་ལྟར་དངོས་སུ་འགྱུར། །བདེ་མཆོག་ཉིད་དང་དབྱེར་མེད་པར། །བར་དོ་ལོངས་སྐུར་སངས་རྒྱས་ཟེར། །བསྐྱེད་རྫོགས་བརྟན་པ་མ་ཐོབ་པས། །དེས་ཀྱང་གྲོལ་བར་མ་ནུས་ན། །སྒོམ་བཟླས་མཆོད་བསྟོད་བསོད་ནམས་དང་། །ད་ལྟའི་བསྔོ་སྨོན་མཐུ་ཤུགས་ཀྱིས། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་ཆར་དང་རོལ་མོའི་སྒྲ། །མཆོད་པའི་སྤྲིན་གྱིས་བསུས་བྱས་ནས། །བདེ་བ་ཅན་སོགས་དག་པའི་ཞིང་། །སྨོན་ལམ་གར་བཏབ་ཞིང་དེར་སྐྱེ། །ལོ་གྲངས་བྱེ་བ་དུ་མ་རུ། །རིགས་བདག་ཉིད་ལ་ཆོས་ཉན་ཞིང་། །ས་ལམ་རིམ་པར་བགྲོད་བྱས་ཏེ། །ལུས་རྟེན་དེ་ལ་སངས་རྒྱས་པ། །སྐྱེ་བ་སྤྲུལ་སྐུར་སངས་རྒྱས་ཡིན། །ཞིང་ཁམས་སྨོན་ལམ་མ་བཏབ་ན། །སླར་ཡང་དལ་འབྱོར་ཆོས་ལྡན་དུ། །སྐྱེ་བ་བདུན་དུ་བརྒྱུད་


CMR023_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མང་བླངས། །དམ་ཆོས་འདི་འཕྲད་ཉམས་བླངས་པས། །སྐྱེ་བདུན་ཐ་མར་སངས་རྒྱས་གསུངས། །བླ་མེད་བྱང་ཆུབ་ཆེན་པོ་ཡི། །སངས་རྒྱས་གོ་འཕང་བརྙེས་ལགས་ཀྱང་། །བྱང་ཆུབ་མངོན་དུ་མི་བྱེད་པར། །གང་འདུལ་སྐྱེ་བ་གྲངས་མེད་ཀྱིས། །བསྐལ་པ་དུ་མར་འགྲོ་དོན་སྤྱོད། །མཆོག་ལ་དམིགས་པར་མ་བྱས་ན། །འདི་ཉིད་བསྒྲུབ་ཅིང་མཆོད་བསྟོད་ན། །འཁོར་ལོས་སྒྱུར་རྒྱལ་ལ་སོགས་པ། །བསོད་ནམས་འབྱོར་པ་ཕུན་ཚོགས་པའི། །སྐྱེ་བ་སྟོང་ཕྲག་དུ་མའི་མཐར། །རིམ་གྱིས་བྱང་ཆུབ་ཐོབ་པའང་ཡོད། །དེ་དག་བདག་གིས་མི་ཤེས་ཀྱང་། །རྒྱུད་འགྲེལ་བཤད་པའི་རྗེས་འབྲང་ཡིན། །ཕྱག་ཆེན་ཉམས་ལེན་མ་བྲལ་བར། །བསྐྱེད་རིམ་མོས་གུས་སྙིང་རྗེ་དང་། །གཏུམ་མོ་སྒྱུ་ལུས་འོད་གསལ་དང་། །བསྔོ་བ་སྟན་ཐོག་གཅིག་ཉིད་དུ། །ཐུན་གཅིག་ལ་ཡང་ཡོངས་རྫོགས་པ། །འདས་དང་མ་བྱོན་ད་ལྟར་གྱི། །བཀའ་བརྒྱུད་རྣམས་ཀྱི་ཉམས་ལེན་མཐིལ། །འདི་ཉིད་ཡིན་པ་འདྲ་སྙམ་པའི། །འཕྲིགས་གཅིག་བདག་གི་སེམས་ལ་ཚུད། །འགལ་བར་གྱུར་ན་བཟོད་པར་བཞེས། །རྩ་ཚིག་གོང་གི་རྒྱུད་ཚིག་དང་། །བདེ་མཆོག་ངེས་བརྗོད་བླ་མ་


CMR023_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །རང་རིག་འགག་མེད་ཆོས་རྣམས་ནི། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་སྡོམ་པ་འབྱུང་བ་ལས། །ཡེ་ཤེས་འདི་ནི་རང་རིག་པ། །ངག་གི་སྤྱོད་ཡུལ་ལས་འདས་ཤིང་། །ཀུན་མཁྱེན་ཡེ་ཤེས་དེ་ཡི་དངོས། །རྨད་དུ་བྱུང་བའི་རྣམ་པར་སྐྱེས། །སྲིད་པ་ཐམས་ཅད་དངོས་མེད་མཉམ། །ཞེས་གསུངས་རྡོ་རྗེ་མཁའ་འགྲོ་ལས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། ཁམས་གསུམ་པོ་ནི་མ་ལུས་པ། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །འགྲོ་བ་དམིགས་སུ་མེད་པའོ། །མཐོང་བ་དང་ནི་རེག་པའི་དངོས། །ཐམས་ཅད་སྒྱུ་མ་ཇི་བཞིན་ནོ། །ཞེས་གསུངས་པ་ཡི་དོན་ཡིན་ནོ། །བདེ་མཆོག་བསྐྱེད་རྫོགས་ཟུང་འཇུག་གི །ཉམས་ལེན་ལེའུ་བདུན་པའོ།། །།དང་པོ་བསྐྱེད་རིམ་རྟགས་ཐོན་བསྙེན་སྒྲུབ་ཐེམ། །དེ་ནས་ཐུན་མོང་ལས་ཚོགས་སྒྲུབ་པའམ། །མཆོག་ཉིད་འདོད་པས་རྫོགས་རིམ་སྒོམ་པ་ནི། །བླ་མེད་རྒྱུད་སྡེ་ཀུན་གྱི་དགོངས་པ་ཡིན། །།སྔགས་ཀྱི་རྣལ་འབྱོར་པ་ལ་རིགས་གཉིས་ཏེ། །བྱང་ཆུབ་སྒྲུབ་ལ་རིང་དང་མི་རིང་གཉིས། །བྱང་ཆུབ་ཐོབ་


CMR023_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདོད་ཐག་མི་ཉེ་ན། །ཐུན་མོང་དངོས་གྲུབ་བསྒྲུབས་ནས་ལོངས་སྤྱོད་ཅིང་། །རིམ་གྱིས་བྱང་ཆུབ་ཐོབ་པས་ཆོག་པ་ཡིན། །ལུས་རྟེན་འདི་ལ་སངས་རྒྱས་ཐོབ་འདོད་པས། །ཐུན་མོང་ལས་ཚོགས་བཀོལ་བའི་ལོང་མེད་པས། །རྩེ་གཅིག་མཆོག་སྒྲུབ་ཉིད་ལ་དྲིལ་དགོས་ཕྱིར། །བརྒྱུད་པ་འདི་ལ་ལས་ཚོགས་ཆེར་མི་དར། །རྫོགས་རིམ་ལས་ཚོགས་རླུང་དང་ལྟ་སྟངས་ཀྱིས། །བསད་དང་གསོ་དང་བསྐྱད་དང་འགུགས་པ་སོགས། །སྣ་ཚོགས་བྱ་ཚུལ་རྒྱུད་ལས་གསལ་མོད་ཀྱང་། །གྲུབ་པ་མ་ཐོབ་པ་ཡི་གང་ཟག་གིས། །དེ་༴ དག་བྱ་བར་འདོད་པ་འཁྲུལ་པའི་བློ། །དེ་བཞིན་བུམ་པ་མཆིལ་ལྷམ་རལ་གྲི་སོགས། །ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད་པོ་ཡང་། །སྙིགས་མའི་དུས་སུ་འགྲུབ་པར་མ་གསུངས་སོ། །རབ་ལ་མཆོག་དང་འབྲིང་ལ་གྲུབ་ཆེན་བརྒྱད། །ཐ་མ་ཞི་སོགས་ལས་བཞིར་གསུངས་པ་སྟེ། །ལས་བཞི་ཕྲན་ཚེགས་དེང་སང་འགྲུབ་པར་འདོད། །དེ་ཡང་སྔོན་དུ་བསྙེན་སྒྲུབ་རྟགས་ཐོན་དགོས། །བསྙེན་སྒྲུབ་མེད་པར་ལས་ཚོགས་བྱེད་པ་ན། །དོན་མི་འགྲུབ་པས་ལྷ་དང་གདམས་པ་སྨོད། །དམ་ཚིག་སེལ་ཞུགས་རང་ཉིད་ངན་འགྲོའི་རྒྱུ། །དེ་དོན་


CMR023_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་སྡོམ་པ་འབྱུང་བ་ལས། །སྔོན་དུ་བསྙེན་པ་མེད་པར་ལས། །དེ་ནི་དོན་མེད་ཡོངས་སུ་དོལ། །གསུངས་པའི་དོན་དེ་གོ་བ་ཤིན་ཏུ་གཅེས། །བདེ་མཆོག་ལྷ་ལྔའི་རྒྱ་གཞུང་ལས། །ལག་མཆོད་ཚེས་བཅུའི་མཆོད་པ་གཉིས་གསུངས་པ། །འདི་ནི་ལས་ཚོགས་གཙོ་བོ་མཆོག་ཡིན་ཏེ། །སྒྲུབ་བརྩོན་བསྐྱེད་རྫོགས་ལྡན་པའི་གང་ཟག་པས། །ཨོ་རྒྱན་ལ་སོགས་གནས་ཡུལ་བགྲོད་པ་ཡི། །ནུས་པ་མེད་ཀྱང་དཔའ་བོ་མཁའ་འགྲོ་མཆོད། །ཡར་མར་མཁའ་འགྲོ་རྒྱུ་བའི་ཚེས་བཅུ་ལ། །མཆོད་ན་འདི་དང་མ་འོངས་སྐྱེ་བ་ཀུན། །བསོད་ནམས་ལོངས་སྤྱོད་རྒྱས་པའི་ལས་ཚོགས་མཆོག །དེ་ཕྱིར་ནཱ་རོ་ཡབ་སྲས་རྣམས་ཀྱིས་ཀྱང་། །ཚེས་བཅུའི་མཆོད་པ་མ་ཆག་རྒྱུན་དུ་བཟུང་། །བྱ་ཚུལ་ཚེས་བཅུར་བདག་མདུན་བུམ་གསུམ་དང་། །ཚོགས་གཏོར་མཆོད་པ་གཟབ་ནས་ཕུལ་བས་འཐུས། །ལག་མཆོད་ཆོ་ག་འདི་ལ་བསྡུས་པ་འབྱར། །མཆོག་གི་སྤྲུལ་སྐུས་སབ་པ་ཞིག་ཀྱང་མཐོང་། །རྒྱས་འདོད་ཕག་མོའི་ལག་མཆོད་སབ་ཀྱང་ཆོག །མ་སབ་ན་ཡང་ཆད་པའི་སྐྱོན་ནི་མེད། །དེ་ཕྱིར་ལོག་མཆོད་སབ་སྲོལ་མ་འཛགས་སོ། །ངེས་པར་བཟའ་བཏུང་འཕེལ་འདོད་ན། །འདས་


CMR023_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ནང་དུ་ཟས་སྣའི་ཕུད། །འབྲུ་སྣ་རིན་ཆེན་སྣ་ཚོགས་ཕྱེ། །བཏབ་སྟེ་གཏོར་མ་བསྔོ་བར་བྱ། །མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །གང་འདོད་ལོངས་སྤྱོད་དཔག་མེད་པ། །ལྷ་ཚོགས་རྣམས་ལ་མཆོད་པར་དམིགས། །ལྷ་ལྔ་སོ་སོའི་སྔགས་མཇུག་ཏུ། །ན་ན་ཁ་དྷེ་པུཏྟིཾ་ཀུ་རུ་སྭཱ་ཧཱ། །ཅི་ནུས་བཟླས་པས་ཟས་སྐོམ་འདུ། །ལྷ་ལྔ་སོ་སོའི་སྔགས་མཇུག་ཏུ། །བ་སུ་པུཏྟིཾ་ཀུ་རུ་སྭཱ་ཧཱ། །བཏགས་བཟླས་ནོར་དང་ལོངས་སྤྱོད་འདུ། །བསོད་ནམས་གནས་ཆེན་བགྲོད་དང་མཉམ། །དེ་དོན་བདེ་མཆོག་སྡོམ་འབྱུང་ལ། །གནས་སོགས་འགྲོ་བར་མི་ནུས་ན། །ཕྱི་ཡི་རྣལ་འབྱོར་མ་མཆོད་བྱ། །རང་གི་ཁྱིམ་དུ་རྣལ་འབྱོར་མ། །མཆོད་དེ་སྔོན་དུ་བསྙེན་སོགས་བྱ། །མར་ངོ་ཡི་ནི་ཚེས་བཅུའམ། །ཡར་ངོ་ཡི་ནི་དེ་བཞིན་ཏེ། །ཁྲུས་དང་གཙང་སྦྲ་སོགས་ལྡན་པས། །དད་པའི་སེམས་ཀྱིས་སྤྱན་དྲངས་ཏེ། །རང་གི་ཁྱིམ་དུ་ཤར་བལྟས་པར། །ཡང་དག་གནས་པས་ལྷ་མོ་མཆོད། །ཅེས་གསུངས་ཁྲག་འཐུང་མངོན་འབྱུང་ལས། །རྟག་ཏུ་རྣལ་འབྱོར་དབང་ཕྱུག་ལ། །མཆོད་པས་དབུལ་པོར་མི་འགྱུར་རོ། །ཞེས་གསུངས་རྣལ་འབྱོར་མ་ཡི་ཀུན་སྤྱོད་ལས། །དགུན་ཟླ་


CMR023_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་པོ་ལ་སོགས་པའི། །ཚེས་བཅུ་ལ་ནི་དད་པས་མཆོད། །སྐྱེ་བོ་དམ་པ་ཀུན་འདུས་ལ། །བདེ་བ་ཐམས་ཅད་དབུལ་བར་བྱ། །དེར་ནི་བཤོས་རྣམས་བཟང་བར་བྱ། །ལྷག་མ་སྣོད་དུ་བཞག་པར་བྱ། །དེ་ཡི་ལག་ཏུ་འོང་བའི་དཔལ། །གང་གིས་ཀྱང་ནི་གཞོམ་མི་ནུས། །དེ་ནི་སྐྱེ་བོ་དད་ལྡན་རྣམས་ཀྱིས་མཆོད། །ཧེ་རུ་ཀ་དཔལ་མངོན་པར་དགྱེས་གྱུར་ནས། །ཀུན་ཏུ་དགྱེས་པས་མཆོག་ནི་སྩོལ་འགྱུར་ཏེ། །གང་ཕྱིར་མཆོག་ནི་དེ་ཡི་ལག་ན་གནས། །ཞེས་གསུངས་དེ་བཞིན་ཧེ་རུ་ཀ་མངོན་འབྱུང་ལས། །ཤ་དང་ཆང་དུ་ལྡན་པ་ཡི། །སྟོན་མོ་སྣ་ཚོགས་ཀྱིས་ནི་འགྲུབ། །སྐལ་ལྡན་མཛའ་བའི་ལོངས་སྤྱོད་ཀྱིས། །ཚེ་འདིར་དམ་པ་འགྲུབ་པ་འགྱུར། །ཅེས་གསུངས་མཆོག་དང་ཐུན་མོང་གི །དངོས་གྲུབ་སྒྲུབ་པའི་ལས་ཚོགས་ཡིན། །རང་ཉིད་བདེ་མཆོག་ལྷ་ལྔའམ། །ལྷན་སྐྱེས་ཡབ་ཡུམ་གསལ་བསྒོམས་ལ། །རང་གི་ལུས་ལ་གོ་ཆའི་སྔགས། །བདག་བསྐྱེད་མཇུག་ནས་འབྱུང་བཞིན་བསྒོམ་། །ངག་ཏུ་བཟླ་བཞིན་སོང་བ་ན། །ལམ་དགྲ་ཇག་རྐུན་གཅན་གཟན་གྱི། །འཇིགས་པ་ཀུན་གྱིས་ཚུགས་མི་འགྱུར། །གལ་ཏེ་ཆོམ་རྐུན་ལ་སོགས་ཀྱིས། །རང་ལ་འཚེ་


CMR023_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྡེག་པའི་ཚེ། །རྐང་པས་རྡེག་པར་མི་བྱ་ཞིང་། །ལག་པས་རེག་སོགས་ལན་བྱས་པས། །རབ་ཀྱིས་ཁོ་ནི་རེངས་པའམ། །ཐ་ནའང་སྟོབས་ཉམས་ཕམ་པར་འགྱུར། །གལ་ཏེ་ཁོ་ཉིད་ལུས་རེངས་ནས། །འགྲོ་བར་མ་ནུས་བབ་གཏོང་ན། །རྐང་བསྣུན་སྔགས་བཟླས་གྲོལ་བར་འགྱུར། །བགྲོ་གླེང་ཁ་ཤག་ལ་སོགས་དུས། །བསྐྱེད་རིམ་གོ་ཆ་གསལ་བཏབ་ནས། །སྔགས་ནི་ཤུབ་བུར་བཟླ་བཞིན་དུ། །ཁོ་ཡི་ངོ་ལ་འབུར་ཚུགས་སུ། །བལྟས་པས་ཁོ་ཡི་ཚིག་འཕྲོག་འགྱུར། །གོ་ཆའི་སྔགས་ཀྱི་ལས་ཚོགས་སོ། །རྩ་བའི་རྒྱུད་ཀྱི་དགོངས་པ་ཡིན། །ས་ཕྱོགས་གཙང་ཞིང་དབེན་པའི་གནས་ཉིད་དུ། །བྱིན་རླབས་ལྡན་པའི་རྟེན་དང་མཆོད་པ་བཤམས། །ཤ་ཆང་སྒོག་བཙོང་སྤངས་ལ་ཁྲུས་བྱས་ནས། །ཧཱུཾ་དྷིས་སྔགས་པའི་ཀུ་ཤ་གཙང་མ་བཏིང་། །མལ་འོག་ས་ལ་བདུད་རྩི་ལྔས་བྱུགས་གསུངས། །མ་འཛོམ་བདུད་རྩི་རིལ་བུ་བཏབ་པ་ཡི། །ནང་མཆོད་ས་ལ་བཏབ་པས་ལ་ཆོག་པ་ཡིན། །ཡི་དམ་མཁའ་འགྲོ་རྣམས་ལ་གསོལ་བཏབ་ནས། །བྱ་བ་འདི་ཉིད་འགྲུབ་དང་མི་འགྲུབ་དང་། །ལེགས་ཉེས་ཅི་འོང་སྟོན་ཞེས་དམོད་བོར་ནས། །ཡིག་བདུན་བརྒྱ་རྩ་


CMR023_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་ཅི་འགྲུབ་བཟླ། །རང་ཉིད་བདེ་མཆོག་ལྷ་ལྔའི་སྐུར་གསལ་བའི། །སྐུ་ལས་འཁོར་གྱི་མཁའ་འགྲོ་མ་བཞིའི་ཚོགས། །གྲངས་མེད་སྤྲོས་པས་འཇིག་རྟེན་གསུམ་དང་འདྲེས། །ལྟའོད་ཞུ་ཚུར་འདུས་སྣ་བུག་གཡོན་ནས་ཞུགས། །ཐུགས་ཀའི་ཧཱུྃ་ཐིམ་སྣོད་བཅུད་འོད་དུ་ཞུ། །རང་ལ་ཐིམ་ཞིང་སྟོང་པར་བསྡུས་ཏེ་ཉལ། །དོན་རྣམས་གང་ཡིན་རྨི་ལམ་ཡུལ་དུ་སྟོན་། །ཡང་ན་རང་ཉིད་ལུས་དཀྱིལ་གསལ་བར་བསྒོམ། །འདོད་དོན་ཡིད་ལ་བསྒོམས་ནས་ཉལ་བས་ཆོག །ཡང་ན་སྤྱི་བོ་དཔྲལ་བ་མིག་གཉིས་དང་། ཁ་དང་ཕྲག་པ་སྙིང་ཁར་ཟླ་བའི་སྟེང་། །ཡིག་བདུན་ཡིག་འབྲུ་རེ་རེ་ཁ་དོག་དཀར། །འོད་ཀྱིས་འཇིག་རྟེན་གསལ་བསྒོམས་ཉལ་བས་ཆོག །སློབ་དཔོན་བྷ་ཝའི་ལྷ་ཡི་བཞེད་པ་ནི། །མིག་དང་རྣ་བ་སྣ་དང་ལྕེ་དང་ལུས། །ཡིད་དང་དྲུག་ལ་ཨོ་ཡིག་ནས་བཟུང་སྟེ། །ཡི་གེ་དྲུག་དང་ཡིད་ལ་ཧཱུྃ་ཕཊ་བཀོད། །དེ་དག་གྲུབ་ཆེན་སོ་སོའི་རྒྱ་གཞུང་ལུགས། །འབབ་ཆུའི་འགྲམ་གྱི་བྱེ་མ་གཙང་མ་དང་། །ཀུ་ཤ་དག་ལ་བརྒྱ་རྩ་བཟླས་པ་བྱ། །བདུད་རྩི་རིལ་བུ་འདྲེས་པའི་ནང་མཆོད་བྲན། །བྱེ་མ་ཀུ་ཤ་བདལ་སྟེང་རང་འདུག་སྟེ། །སྙིང་གའི་ཧཱུྃ་མཐར་ཡིག་བདུན་འཁོར་བ་


CMR023_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །འོད་ཟེར་ཁ་མིག་རྣ་བ་སྣ་ནས་འཕྲོས། །སེམས་ཅན་ཐམས་ཅད་ཁྱབ་ཅིང་འོད་ཚུར་འདུས། །སྙིང་ཁའི་སྔགས་འཁོར་ཐིམ་དམིགས་སྔགས་བཟླ་ཞིང་། །སེང་གེའི་ཉལ་སྟབས་བྱས་པས་རྨི་ལམ་དུ། །བྱ་བ་འགྲུབ་དང་མི་འགྲུབ་རྐྱེན་ཡོད་མེད། །འཆི་འམ་མི་འཆི་ལ་སོགས་གསལ་བར་སྟོན། །ངན་ན་དེ་ཡི་རིམ་གྲོ་ཅིས་ཕན་པ། །སླར་ཡང་བརྟགས་ཤིང་དྲིས་པས་གསལ་བར་གསུངས། །བརྟག་ཐབས་གཅིག་གིས་གསལ་བར་མ་གྱུར་ཀྱང་། །བརྟག་ཐབས་འདྲ་མིན་མང་ཞིག་བྱས་པས་གསལ། །འདི་དག་རྒྱུད་ཀྱི་དགོངས་པ་འཁྲུལ་མེད་དེ། །རྒྱ་འགྲེལ་ཆེན་པོ་རྣམས་ནས་བཤད་པའི་ཕྱིར། །མེད་ཐབས་མེད་པའི་ལས་ཚོགས་གལ་ཆེན་ཡིན། །དཔྱད་མ་ཐེབས་དང་མ་གསལ་ངེས་པ་མེད། །གསལ་ཆ་བྱུང་ན་བསླུ་བ་མི་སྲིད་དོ། །ཅི་ཕྱིར་ཡེ་ཤེས་ལྷ་ནི་ཡིན་ཕྱིར་རོ། །རང་གི་ལག་མཐིལ་གཡོན་དུ་ཟླ་དཀྱིལ་དབུས། །འཁོར་ལོ་དཀར་པོ་ཁ་དོག་ཤིན་ཏུ་འཚེར། །རྩིབས་ལྔར་ཧིཧ་ཧ་ཧཱུྃ་ཕཊ་ཡིག་འབྲུ་ལྔ། །ལྟེ་བར་ཨོ་ཧཱུྃ་བར་དུ་བསྲུང་བྱའི་མིང་། །གསལ་བར་བསྒོམས་ནས་ལག་གཡོན་ནད་པར་བསྟན། །དེ་ཡི་འོད་ཀྱིས་ནད་པའི་ནད་དང་གདོན། །


CMR023_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལས་ཕྱུང་ནས་སང་སང་ཕྱིར་ཐོན་བསྒོམ། །རང་ཉིད་བདེ་མཆོག་ང་རྒྱལ་བསྐྱེད་བཞིན་དུ། །ཡིག་བདུན་མཐའ་ལ་འདི་བཏགས་སྟོང་ཕྲག་བཟླས། །ནད་སྭཱ་ཧཱ། འདི་ནི་དཔལ་ཆེན་སྒ་ལོའི་བཞེད་པ་ལགས། །ཡང་ན་ལག་གཡོན་ཉི་མའི་དཀྱིལ་འཁོར་དབུས། །ཧཾ་ཡིག་མཐའ་རུ་ཡིག་བདུན་སྔགས་ཀྱིས་བསྐོར། །དེ་ནང་ནད་པའི་མིང་སྤེལ་སྔགས་བཅས་པ། །བྲིའམ་ཡིད་ཀྱིས་བསྒོམས་པས་ཆོག་པ་སྟེ། །སྔགས་ཀྱི་ཁ་དོག་ཤེལ་གྱི་མདོག་ལྟར་བསམ། །སྔགས་སྟོང་བཟླས་ཤིང་ནད་པར་བྱབ་ཚུལ་བྱ། །དེ་ཡིས་ནད་ལས་གྲོལ་བ་ལུགས་གཅིག་ཡིན། །ཡང་ན་ལག་གཡོན་སྟོན་ཟླའི་དཀྱིལ་འཁོར་དབུས། །ཕྱོགས་བཞི་དབུས་ལྔར་རེའུ་མིག་ལྔ་ཡི་ཚུལ། །མཚམས་བཞི་དང་བཅས་རེའུ་མིག་དགུ་ཡིན་ཏེ། །དབུས་ཨོ་ཤར་ཧྲུལྷོར་ཧེ་ནུབ་ཏུ་ཧ། །བྱང་ཧཱུཾ་མཚམས་བཞིར་ཕའམ་ཕཊ་རེ་བཀོད། །ཡི་གེ་ཤེལ་མདོག་འོད་དཀར་འཕྲོ་བ་ཡིས། །འཁོར་ལོའི་དབུས་དེར་ནད་པ་ཡོད་པར་བསམ། །ལག་གཡོན་འཁོར་ལོ་ཁོ་ཡི་མགོར་བཞག་པས། །བདུད་རྩིའི་རྒྱུན་བབས་ཁོ་ཡི་ལུས་རྣམས་གང་། །དུག་དང་ནད་རིམས་གདོན་སོགས་ཐམས་ཅད་དག །དུག་


CMR023_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནད་མེད་བདེ་བས་ལུས་རྒྱས་བསམ། །སྔགས་ཀྱི་འོད་ཀྱིས་དུག་དང་ནད་ཕྱུང་སྟེ། །ཕྱོགས་བཅུ་ནམ་མཁའི་མཐར་གྱིས་ཡལ་བར་བསྒོམ། །དེ་དག་ནད་པའི་དྲུང་ན་བྱ་བ་སྟེ། །བསྐྱེད་རིམ་བརྟན་ན་རྒྱང་ནས་བྱ་ཡང་རུང་། །སྦྱར་བའི་དུག་དང་ཁྱི་སྨྱོན་སྦྲུལ་གྱི་དུགེ །ནད་རིམས་བརྗེད་བྱེད་གཟའ་དང་ལྷོག་པ་དང་། །མཛེ་སོགས་ནད་གདོན་ཐམས་ཅད་སེལ་བར་བཤད། །ཡང་ན་ནད་པའི་སྙིང་དབུས་རྣམ་ཤེས་ནི། །ཐིག་ལེ་དྲི་མེད་ཤེལ་མདོག་མཐེ་བོང་ཙམ། །བསྒོམ་ཞིང་སྙིང་པོ་སྤེལ་ཚིག་ཅན་བཟླས་པས། །ནད་ལས་གྲོལ་བ་རྒྱ་འགྲེལ་རྣམས་ལས་བཤད། །སྲུང་སྐུད་སྔགས་མར་སྔགས་ཆུ་ས་སྔགས་སོགས། །སྭ་བྷ་ཝ་ཡི་སྔགས་ཀྱིས་སྟོང་པར་སྦྱངས། །པད་ཉིར་ཧཱུྃ་ལས་བདེ་མཆོག་ལྷ་ལྔ་བསྐྱེད། །ཡིད་ཀྱིས་སྤྱན་དྲངས་བསྟིམ་ཞིང་མཆོད་བསྟོད་བསམ། །ལྷ་ལྔ་སོ་སོའི་སྔགས་ཀྱི་ཤམ་བུ་རུ། །ནད་གདོན་སརྦ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་བཏགས་ཅི་ནུས་བཟླས་ཞིང་ཕུ་མཆིལ་བཏབ། །ལྷ་རྣམས་འོད་ཞུ་འོད་ཀྱི་གོང་བུར་བསམ། །སྔགས་ཆུ་རྡོ་རྗེའི་ཆུ་རྡུལ་ཕྲ་རབ་དང་། །སྲུང་སྐུད་འོད་ཟེར་ལྔ་ལྡན་སྐུད་པར་བསམ། །དེ་ཡིས་ལས་ཀྱི་རྣམ་སྨིན་མ་


CMR023_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི། །ནད་གདོན་ཕྲ་མོ་རྣམས་ལ་ཕན་པར་བཤད། །དར་རས་གྲོ་ཤོག་སྲབ་མོ་གང་འཛོམ་ལ། །ཆོས་འབྱུང་དབུས་སུ་པདྨ་འདབ་དྲུག་གི་།ལྟེ་བར་ཕཊ་ཡིག་གཉིས་ཀྱི་བར་དུ་ནི། །འཆང་བ་པོ་ལ་རཀྵ་རཀྵ་བྲི། །ནུབ་ནས་བཟུང་སྟེ་འདབ་མ་དྲུག་པོ་ལ། །ཨོཾ་ཧཱིཧ་ཧ་ཧཱུྃ་ཧཱུྃ་འབྲུ་རེ་བྲི། །ཆོས་འབྱུང་ཕྱི་རུ་མུ་ཁྱུད་བཞི་བཀོད་ལ། །ནང་མར་གྲི་གུག་སོ་ཕྱིར་བསྟན་པའི་ཕྲེང་། །དེ་རྒྱབ་རྡོ་རྗེ་སྔོན་པོའི་ཕྲེང་བ་དང་། །པདྨ་དམར་པོ་འཁོར་ལོ་དཀར་པོའི་ཕྲེང་། །དེ་རྒྱབ་མེ་རི་ལྔ་ལྡན་གཡོན་བསྐོར་བྲི། །སྭ་བྷ་ཝ་ཡི་སྔགས་ཀྱིས་སྟོང་པར་སྦྱངས། །ཧཱུྃ་ལས་ལྷ་ལྔ་ཡིད་ཀྱིས་བསྐྱེད་བསྟིམ་བྱ། །ཨགྷོ་སོགས་མཆོད་བསྟོད་པ་ཤོ་ལོས་བསྟོད། །ཡིག་བདུན་མཐའ་ལ་ཤམ་བུ་འདི་གཉིས་སྦྱར། །འཆང་བ་པོའི་ནད་གདོན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། །འཆང་བ་པོའི་ཨཱ་ཡུཔུཎྱེ་པུཎྚི་ཀུ་རུ་ཨོ། །ཞེས་བྲིས་བཟླས་པ་ཅི་ནུས་འབད་བྱས་ཏེ། །ཕུས་གདབ་ལྷ་རྣམས་འོད་ཞུ་འཁོར་ལོར་བསྟིམ། །རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། །ལྟེ་བ་མ་ཉམས་ལྡེབས་ལ་ཚོན་སྐུད་བཅིང་། །ལྟེ་བའི་ཡི་གེ་ཚུར་ལ་བསྟན་ཏེ་བཏགས། །དེ་ཡིས་གནོད་པ་ཀུན་ལས་སྐྱོབ་པར་བཤད། །སྲུང་


CMR023_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁོར་ལོ་གདགས་པའི་ལས་ཚོགས་སོ། །ཆོ་གའི་གཞུང་ལྟར་བུམ་ཆོག་བྱེད་པའི་ཚེ། །དམིགས་པ་གསལ་བས་བཟླས་པ་མང་བྱས་ལ། །ལྷ་རྣམས་འོད་དུ་ཞུ་ཟབའི་བྱང་སེམས་ཆུས། །རང་གཞན་ཁྲུས་བྱ་ཁོང་དུ་བཏུང་བ་ཡིས། །སྒྲིབ་པ་སྦྱོང་ཞིང་བར་ཆད་སེལ་བའི་མཆོག །ཡབ་སྲས་ལ་སོགས་སྐུ་ལུས་མཐོ་རྣམས་ཀྱང་། །སྐུ་གྲིབ་རྐྱེན་གྱིས་བསྙུན་པ་ལ་སོགས་དུས། །གྲྭ་སློབ་རྣམས་ཀྱིས་མེ་ལོང་ངོས་དག་ལ། །སྐུ་གཟུགས་ཤར་ལ་ཁྲུས་གསོལ་བྱེད་སྲོལ་ཡོད། །རང་ཉིད་གཅིག་པུར་སྒྲུབ་པ་བྱེད་ཚེ་ཡང་། །བུམ་ཆུ་ཆབ་རིལ་ནང་དུ་བླུགས་བྱས་ཏེ། །ཅུང་ཟད་བཏུང་དང་ཆབ་ལེན་སོགས་བྱས་པས། །སྔགས་བཟླས་སྐབས་སུ་ཁ་ནི་ཆུས་བཤལ་བའི། །ཉེས་པ་མི་འབྱུང་འདུལ་ཁྲིམས་མི་འགལ་ཞིང་། །གྲིབ་སོགས་བར་ཆད་སེལ་བའི་གདམས་པ་ཟབ། །དེ་ནི་བུམ་བསྐྱེད་ལས་ཚོགས་ཕྲན་བུ་སྟེ། །ལས་ཚོགས་ཆེ་བ་དབང་དང་བདག་འཇུག་དང་། །ཕྱིར་ལྡོག་ལ་སོགས་ཡིན་ནོ་ཤེས་པར་བྱ། །དེ་དག་ལྷ་ལྔའི་ཕན་བྱེད་ལས་ཚོགས་ཡིན། །གནོད་བྱའི་ལས་ཚོགས་རྒྱུད་ལས་མ་བཤད་ཀྱང་། །རྒྱུད་སྡེ་རྣམས་ལས་མངོན་སྤྱོད་གསུངས་པ་ནི། །རིག་སྔགས་


CMR023_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་སྟོན་པའི་ཆེད་ཙམ་ཡིན། །མངོན་སྤྱོད་དངོས་སུ་བྱ་བ་གནང་སྐབས་མེད། །དེ་དོན་དུས་འཁོར་རྒྱུད་ལས་གསུངས་པའི་ཕྱིར། །བརྒྱུད་པ་འདི་ལ་ཕྱག་ལེན་འདེབས་སྲོལ་མེད། །དེ་སྐད་སློབ་དཔོན་རྣམས་ཀྱི་གསུང་ལས་ཐོས། །རྒྱུད་སྡེ་རྣམས་སུ་གབ་ནས་བཞུགས་འདུག་པ། །ཉེས་པའི་གཞིར་འགྱུར་དོགས་པས་མ་སྤྲོས་སོ། །ལྷ་ལྔའི་ལས་ཚོགས་ལེའུ་བརྒྱད་པའོ།། །།ཞི་རྒྱས་དབང་དྲག་ལས་བཞི་སྒྲུབ་པའི་ཐབས། །གཙོ་བོ་སྦྱིན་སྲེག་ཡིན་པར་རྒྱུད་ལས་གསལ། །དེ་ཕྱིར་ནཱ་རོ་ལྷ་ལྔའི་རྒྱ་གཞུང་ལས། །ལས་བཞིའི་སྦྱིན་སྲེག་བྱ་ཚུལ་རྒྱས་པར་གསུངས། །དེ་ཉིད་ཆོ་ག་འདི་དང་སྦྱར་བའི་ཚུལ། །མི་བསྐྱོད་རྒྱལ་བས་ལས་བཞི་སྦྱིན་སྲེག་ནི། །ཚིགས་སུ་བཅད་དེ་མཛད་པ་དེ་ཉིད་དམ། །ཡང་ན་ལས་བཞིའི་སྦྱིན་སྲེག་གང་རུང་ཞིག །བྱ་ཚུལ་ལེགས་པར་ཤེས་པའི་གང་ཟག་དེས། །རྒྱས་པར་གཞུང་ནས་གསུངས་ལྟར་བྱ་བ་སྟེ། །ལྔ་སེར་རྣལ་འབྱོར་མ་བརྒྱད་བིཊྚི་སོགས། །དེ་དག་རྣམས་དང་གདོང་ནི་མ་ཐུག་བྱ། །ས་རྒོད་ཡིན་ན་ས་སློང་བྱ་བའི་ཚུལ། །ཐིག་ཚོན་བྱིན་རླབས་དཀྱིལ་ཆོག་ནང་ལྟར་བྱ། །བསྲེག་རྫས་ཐམས་ཅད་འཛོམ་པར་མ་གྱུར་ན། །གང་འཛོམ་ཙམ་


CMR023_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འབུལ་བས་ཆོག་པ་སྟེ། །མ་འཛོམ་པ་ཡི་འབྲུ་སྔགས་བརྗོད་མི་དགོས། །ཐ་མ་རྫས་གཅིག་ཁོ་ནས་ཆོག་པ་སྟེ། །མར་ཁུ་ཡམ་ཤིང་གཉིས་ནི་མེད་ཐབས་མེད། །དེ་ཡང་བདུན་ནམ་ཉེར་གཅིག་ཙམ་རེས་ཆོག །འདས་དང་མ་འདས་ལྷ་ཡི་གཏོར་མ་གཉིས། །ངེས་པར་དགོས་ཏེ་ཅོག་ལྡོག་ཙམ་རེས་ཆོག །རབ་ལ་རྒྱ་གར་ནས་བྱུང་ཏིལ་ནག་དངོས། །འབྲིང་ནི་ལྡུམ་ཏིལ་ལ་སོགས་ཏིལ་ནག་རིགས། །ཐ་མ་ཡུངས་ནག་ཡུངས་གཞིས་རུང་བ་སྟེ། །བདག་དང་སློབ་མ་ཡོན་བདག་ལ་སོགས་ཀྱི། །སྙིང་དབུས་པཾ་ཡིག་ནག་པོའི་འོད་ཟེར་གྱིས། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་པོ་ལ་བསྟིམ། །རྐང་མཐིལ་གཉིས་ནས་ཡཾ་ལས་རླུང་གཡོས་པས། །ལྟེ་འོག་རཾ་ལས་གཏུམ་མོའི་མེ་འབར་བས། །པཾ་ཡིག་སྡིག་པ་རྭ་ཅན་རྣམ་པ་སྟེ། །སྣ་བུག་གཡས་ནས་ཏིལ་ལ་སིབ་སིབ་བསྟིམ། །མེ་ལྷ་བདེ་མཆོག་ལྷ་ལྔའི་ཞལ་དུ་ནི། །ཕུལ་བས་ཡེ་ཤེས་མེ་ཡིས་བསྲེགས་པར་བསམ། །བདེ་མཆོག་ལྷ་ལྔ་སོ་སོའི་སྔགས་མཇུག་ཏུ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སརྦ་པཱ་པཾ་ད་ཧ་ན་ཤིནཾ་ཀུ་རུ་སྭཱ་ཧཱ། ཡང་ན་ཡིག་བདུན་ཁོ་ནར་བཏགས་ཀྱང་ཆོག །ཅི་ཕྱིར་ཡིག་


CMR023_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གཙོ་འཁོར་ཡོངས་རྫོགས་ཡིན། །ཡང་ན་བདེ་མཆོག་རྡོ་རྗེ་མཁའ་འགྲོ་ཡི། །རྒྱུད་ལས་གསུངས་པའི་སྔགས་འདིས་ཕུལ་ཡང་ཆོག །ཨོཾབཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་ཡེ་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་ལྷ་གཞན་མིན། །བདེ་མཆོག་མཚན་གྱི་རྣམ་གྲངས་ཡིན་ཞེས་བྱ། །ལན་གྲངས་བརྒྱ་སྟོང་ལ་སོགས་ཅི་ནུས་བསྲེག །དེ་རྗེས་གཏོར་མ་ཕུལ་ལ་འདོད་དོན་གསོལ། །སྡིག་སྒྲིབ་སྦྱོང་དང་ཉམས་ཆག་སྐོང་བའི་ཐབས། །འདི་ལས་ཟབ་པ་གཞན་ན་ཡོད་མ་ཡིན། །ཞག་པོ་བདུན་གཅིག་བདུན་གཉིས་ལ་སོགས་པ། །ནན་ཆེར་འབད་ན་ཉམས་དང་རྨི་ལམ་དུ། །སྒྲིབ་པ་དག་པའི་རྟགས་མཚན་འབྱུང་བར་འགྱུར། །དེ་བཞིན་ཡུངས་ཀར་མདུན་བཞག་བྲན་བྱས་ལ། །གནོད་བྱེད་གདོན་བགེགས་འགུགས་གཞུག་དྲག་བྱས་བསྟིམ། །ཡུངས་འབྲུ་རེ་རེའང་གདོན་བགེགས་དངོས་སུ་དམིགས། །ལྷ་ལྔའི་ཞལ་གདངས་མེ་ནི་འབར་བའི་ནང་། །རྐང་མཐིལ་སྐྱ་དང་ལྷག་ལྷག་སོང་བར་དམིགས། །ལྷ་ལྔ་སོ་སོའི་རྩ་སྔགས་མཇུག་ཏུ་ནི། ཨོཾ་སརྦ་ཨརྦ་སིདྨ་ཡེ་གནོད་བྱེད་གདོན་བགེགས་སརྦ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་གྲོ་ནི་མདུན་བཞག་བྲན་བྱས་ལ། །བདེན་


CMR023_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོབས་བརྗོད་རང་དང་བསྲུང་བྱ་ཡི། །ནད་ཀུན་གྲོ་ལ་བཀུག་ཅིང་ཐིམ་པར་དམིགས། །ལྷ་ལྔ་སོ་སོའི་རྩ་སྔགས་ཤམ་བུ་རུ། །ཨོཾ་བཛྲ་གྷསྨཱ་ཡ་ནད་སརྦ་ཤཱནྟཾ་ཀུ་ཟརུ་སྭཱ་ཧཱ། དེ་ནི་ཞི་བའི་ལས་ཚོགས་རིགས་གསུམ་ཡིན། །དེ་ནས་རྒྱས་པའི་སྦྱིན་སྲེག་གཞུང་ལྟར་ལས། །དྭདྲ་ཁོ་ན་སྔགས་དང་བཅས་པས་འབུལ། །ལྷ་སྔགས་འབྲུ་སྔགས་གཉིས་ཀའི་ཤམ་དུ་ནི། །ཚེ་ཕུན་སུམ་ཚོགས་པ་པུཏྟིཾ་ཀུ་རུ་ཨོ། །དེ་བཞིན་འབྲས་ཀྱིས་བསོད་ནམས་རྒྱས་པ་དང་། །སོ་བས་ནོར་དང་འབྲུ་རྣམས་རྒྱས་པ་དང་། །ཤིང་ཐོག་རིགས་རྒྱུད། འཁོར་འདབས་རྒྱས་པ་རྣམས། །རྫས་གཅིག་ལ་བརྟེན་རྒྱས་པའི་ལས་ཚོགས་ཡིན། །དེ་བཞིན་ཟས་མཆོག་ཁོ་ན་བསྲེག་པ་ལ། །ལྷ་སྔགས་རྫས་སྔགས་གཉིས་ཀའི་མཇུག་ཏུ་ནི། །བདེ་སྐྱིད་ཕུན་སུམ་ཚོགས་པ་ཝ་ཤཾ་ཀུ་རུ་ཧོཿ དེ་ཡིས་འདོད་དགུ་དབང་སྡུད་ལས་ཚོགས་ཏེ། །དྲག་པོའི་སྦྱིན་སྲེག་སྤྱི་ལྟར་ཤེས་བྱ་ལ། །ལིང་ཆུང་སྦང་མ་ཤ་དུམ་ཁྲག་ཐིགས་སྦྲགས། །འཛོམ་ན་ཤོག་ལིང་གཏུབ་པའང་དེ་ཡི་གྲངས། །མ་འཛོམ་ཟན་ལིང་ཆེན་པོ་གཅིག་བྱས་ལ། །འགུགས་གཞུག་ཉུང་ངུ་བརྒྱ་རྩ་སོགས་ཀྱིས་བསྟིམ། །སྙིང་གར་ཕུར་པ་བཏབ་ནས་


CMR023_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བྱས་ཏེ། །མི་བསད་མཚོན་གྱིས་རྐང་པ་གཡོན་ནས་གཏུབ། །ཟན་དུམ་རེ་དང་ཤ་དུམ་ཁྲག་ཐིགས་སྦྲགས། །འཛོམ་ན་དུག་རིགས་ཚྭ་དང་སྒོག་པའང་བཏབ། །འདི་སྐབས་འགུགས་གཞུག་ཕུར་འདེབས་དམིགས་པ་ནི། །ལྷ་ལྔ་འདི་ཡི་ལས་བཞིའི་སྦྱིན་སྲེག་ནི། །བརྒྱད་པ་ཉིད་ཀྱིས་མཛད་པའི་གཞུང་ན་གསལ། །ལྷ་ལྔ་སོ་སོའི་རྩ་སྔགས་མཇུག་ཏུ་ནི། །སྤྱི་ལ་གནོད་བྱེད་དགྲ་བགེགས་ཞེས་བྱ་སྟེ། །བྱད་ཁ་ཆེ་ན་གནོད་བྱེད་བྱད་མ་དང་། །ཤི་སྒབ་གཅོད་ན་ཟ་འདྲེ་ཤི་གཤེད་དང་། །སྲིའུ་གསོ་ན་གནོད་བྱེད་ཆུང་སྲི་དང་། །གོད་ཁ་གཅོད་ན་གནོད་བྱེད་གོད་འདྲེ་སོགས། །མིང་མཐར་གནོད་བྱེད་མཱ་ར་ཡ་ཕཊ་སྦྱར། །གཙོ་བོ་ལ་ནི་བརྒྱ་རྩ་བརྒྱད་འབུལ་ཞིང་། །ཡུམ་ལ་རེ་བཞི་འམ་ནི་ཉེར་གཅིག་ཙམ། །འཁོར་ལོ་ཉེར་གཅིག་གམ་ནི་བདུན་རེས་ཆོག །གཏོར་མ་ཕུལ་རྗེས་འདོད་གསོལ་དམོད་བཅོལ་བྱ། །དེ་ཡན་ཡབ་སྲས་ལ་སོགས་རིང་ལུགས་ཀྱི། །བཤེས་གཉེན་ཀུན་གྱི་ཕྱག་ལེན་རྒྱུན་བཞེས་ལགས། །དེ་ནས་རྒྱུད་ནས་བཤད་པའི་མན་ངག་ནི། །བདུད་རྩི་རིལ་བུ་བཏབ་པའི་ཆང་ངམ་གླུམ། །དེ་ནང་ཉ་ཤའི་ཕྱེ་མ་བཏབ་བྱས་ཏེ། །འབྲུ་སྔགས་མེད་དེ་ལྷ་ལྔའི་རྩ་


CMR023_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཇུག །སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧོ༔ ཉིན་མོ་བསྙེན་ཅིང་མཚན་མོ་སྦྱིན་སྲེག་བྱ། །ཞག་བདུན་འབད་ན་རྒྱལ་པོ་དབང་དུ་འགྱུར། །དེ་མིན་ལན་བདུན་ཙམ་ཞིག་བླུགས་པ་ན། །རྒྱལ་ཕྲན་བློན་པོ་རྣམས་ཀྱང་དབང་དུ་འགྱུར། །གསུམ་ཙམ་བླུགས་པས་ཐ་མལ་པ་འདུ་ཞིང་། །ལར་གྱིས་འདི་བླུགས་དངོས་གྲུབ་རྒྱ་ཆེན་འབྱུང་། །ཆང་གི་གླུམ་མམོ་ཟན་ཆང་མང་ཞིག་ལ། །བ་ལང་ཤ་ནི་མང་དུ་གཏུབ་ལ་བསྲེ། །གོང་གི་སྔགས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བླུགས། །ཟླ་བ་གསུམ་མམ་ཡང་ན་དྲུག་ནས་ནི། །ཕྱོགས་ཀུན་དབང་འདུ་ལོངས་སྤྱོད་ཕུན་སུམ་ཚོགས། །དེ་སོགས་རྒྱུད་ལས་རྒྱ་ཆེར་གསུངས་མོད་ཀྱི། །ཉེར་མཁོ་ལག་ཏུ་ལོན་ངེས་དེ་ཙམ་མོ། །ལྷ་ལྔའི་སྦྱིན་སྲེག་ལེའུ་དགུ་པའོ།། །།བདེ་མཆོག་སྡོམ་པ་འབྱུང་བ་ལས། །ཐུན་ནི་ཕྱེད་ཕྱེད་རྟག་ཏུ་རླུང་། །སྣ་ཡི་བུ་གར་ཡང་དག་རྒྱུ། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན། །བཞེད་པ་མི་མཐུན་མང་ན་ཡང་། །པད་འབྱུང་ཆོས་ཀྱི་དབང་ཕྱུག་གཉིས། །བཞེད་པ་མཐུན་ཕྱིར་འདི་ཡིད་ཆེས། །ཟླ་བ་གང་ཡང་རུང་བ་ཡི། །ཚེས་གཅིག་ནས་བཟུང་ཞག་གསུམ་བར། །ནམ་མཁའ་གསལ་ནས་ཉི་དྲོས་


CMR023_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བར། །སྣ་བུག་གཡོན་ནས་རླུང་རྒྱུ་སྟེ། །དེ་ནས་གཡས་ནས་ཞག་གསུམ་ཡིན། །དེ་ལྟར་བཅོ་ལྔའི་བར་དུའོ། །བཅུ་དྲུག་ནས་བཟུང་ཞག་གསུམ་ལ། །གཡས་ནས་རྒྱུ་ཞིང་དེ་བཞིན་དུ། །གཡས་གཡོན་རེས་མོས་མ་འཆུག་ན། །རང་ལ་བར་ཆད་མེད་པའི་རྟགས། །གཡོན་ནས་རྒྱུ་དུས་གཡས་རྒྱུ་དང་། །གཡས་ནས་རྒྱུ་དུས་གཡོན་རྒྱུ་སོགས། །ཞག་ནི་འགའ་ཟུང་གོ་ལོག་ན། །འཛིང་རྩོད་ཁ་མཆུ་ཁ་སྨྲས་འོང་། །ཞག་ལྔ་དྲུག་སོགས་ལོག་པ་ན། ཁ་མཆུ་རྩོད་པ་ཆེན་པོའམ། །གཏམ་དང་མྱ་ངན་ཆེན་པོ་འོང་། །ཟླ་བ་ཕྱེད་དུ་གོ་ལོག་ན། །རང་ཉིད་ཚབས་ཆེན་ན་བར་འགྱུར། །ཟླ་བ་གཅིག་ཏུ་ལོག་པ་ན། །སྙིང་འདྲའི་ཉེ་དུ་འཆི་འམ་བརླག །ཟླ་བ་ཕྱེད་གཉིས་ལོག་གྱུར་ན། །ཟླ་བ་དྲུག་ནས་རང་ཉིད་འཆི། །འདི་ནི་རྒྱུད་ཀྱི་དགོངས་པ་སྟེ། །རྩ་རླུང་བསྒོམ་མམ་མ་བསྒོམ་རུང་། །འདི་ནི་སུ་ཡིས་བརྟགས་ཀྱང་ཐིག །དེ་ལྟར་རླུང་ལྟས་ལོག་པ་ན། །དེ་ཡི་བར་ཆད་བཟློག་པའི་ཐབས། །མན་ངག་གསེར་གྱི་བཀའ་རྒྱ་ཅན། །སྙན་བརྒྱུད་ཡི་གེ་མེད་པ་ནི། །རླུང་ནི་གང་དུ་རྒྱུ་བའི་ཕྱོགས། །འོག་ཏུ་བསྟན་ལ་ལྗིད་ཕབ་ཉལ། །དེ་ཕྱོགས་སྣ་བུག་སྲིན་ལག་


CMR023_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཀག །འོག་ཕྱོགས་མཚན་ཞབས་གོས་ཧྲིལ་ལམ། །ཡང་ན་ལག་གཡོན་དམ་དུ་བསྡམ། །ཧྲིང་ཉལ་རྐྱང་ཙམ་བྱས་པ་ཡིས། །རླུང་ནི་སོར་ཆུད་རྣལ་མར་རྒྱུ། ནང་གི་བར་ཆད་དེ་བཟློག་ན། །ཕྱི་ནང་རྟེན་འབྲེལ་གཅིག་པའི་གནད། །ཕྱི་ཡི་བར་ཆད་བཟློག་པར་འགྱུར། །ཤིན་ཏུ་ཟབ་པའི་བཀའ་རྒྱ་ཅན། །རླུང་ལྟས་ཐུགས་དམ་བརྟག་པ་ལ། །རྩ་རླུང་རྟགས་ཐོན་སྦྱངས་པའམ། །བུམ་ཆེན་ཐུན་རེ་མ་ཆག་པར། །སྒོམ་མཁན་དེ་ཡིས་ཐིག་པར་འགྱུར། །གཞན་གྱིས་བརྟག་ཀྱང་བྱིས་པའི་བློ། །དེ་དོན་སྡོམ་པ་འབྱུང་བ་ལས། །དེ་བས་དེ་ཉིད་རིག་པ་དེས། །མི་དགེ་དགེ་སོགས་ཤེས་པར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན། །ལུང་འདྲེན་བསྐྱུངས་ནས་གོ་བདེར་བརྗོད། །རང་ལ་བརྟག་པ་འདྲི་བ་དང་། །གཡོན་ནས་རྒྱུ་བ་འགྲིག་ན་བཟང་། །ནད་ཞི་ནད་པ་འཚོ་བ་དང་། །བཀྲ་ཤིས་དགེ་བའི་ལས་ཀུན་འགྲུབ། །ངན་པའི་ལས་ནི་མི་འགྲུབ་ལྟས། །བརྟག་པ་ཞུ་དང་གཡས་རྒྱུ་འགྲིག །ནད་པ་འཆི་དང་ནད་མུ་ལངས། །ལེགས་པའི་བྱ་བ་ཀུན་ནི་འགྲུབ། །དམག་ཇག་ལ་སོགས་དྲག་པོའི་ལས། །ངན་པའི་ལས་ཀུན་འདྲི་ན་འགྲུབ། །


CMR023_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་ཞུ་དང་མཉམ་རྒྱུ་འགྲིག །བཟང་ངན་གང་འབྱུང་ཐག་མི་ཆོད། །ཐེ་ཚོམ་གནས་སུ་བཤད་པ་ཡིན། །ཞུ་སྐབས་རླུང་ནི་གང་དུ་རྒྱུ། །མ་གྲོལ་བར་དུ་དེར་གནས་པ། །བཟང་ངན་གང་བྱུང་ངེས་པ་ཡིན། །ཞུ་ཚེ་གང་ནས་རྒྱུ་བ་དེ། །དེ་མ་ཐག་ཏུ་འཕོས་གྱུར་ན། །དང་པོ་བཟང་ཡང་རྗེས་ངན་དང་། །དང་པོ་ངན་ཡང་རྗེས་བཟང་དང་། །གང་ཡིན་རིགས་པས་བརྟག་ཤེས་བྱ། །ཡང་ནི་སྡོམ་པ་འབྱུང་བ་ལས། །འཇུག་པ་ཆོས་ཀྱི་སྐུ་ཡིན་ཏེ། །གནས་པ་ལོངས་སྤྱོད་རྫོགས་པའི་སྐུ། །དབྱུང་བ་སྤྲུལ་པའི་སྐུ་ཞེས་བཤད། །འདྲི་བ་པོའམ་རང་གིའང་རུང་། །ཆོས་སྐུ་ཐམས་ཅད་དགེ་བ་སྟེ། །ལོངས་སྤྱོད་རྫོགས་པས་ཐེ་ཚོམ་འགྱུར། །སྤྲུལ་པས་འཐབས་མོར་བསྟན་པའོ། །ཞེས་པའི་དོན་ནི་འདི་ལྟ་སྟེ། །གཞན་གྱིས་བརྟག་པ་ཞུ་བའམ། །རང་གི་བྱ་བ་བསྒྲུབ་འདོད་ན། །རླུང་ནི་ནང་དུ་འཇུག་འཛོམས་ན། །བྱ་བ་གང་ཡང་འགྲུབ་ཅིང་ལེགས། །ཁོག་ཏུ་གནས་འཛོམ་ཐེ་ཚོམ་སྟེ། །ཕྱིར་དབྱུང་དང་འཛོམ་གང་ཡང་ངན། །གོང་གི་གཡས་གཡོན་རྒྱུ་བ་དང་། །འོག་གི་འབྱུང་འཇུག་བཟང་ངན་བསྟན། །གཉིས་ཀ་བཟང་མཉམ་བཟང་ཐག་ཆོད། །གཉིས་ཀ་ངན་ན་


CMR023_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཐག་ཆོད། །མ་འགྲིགས་ན་ནི་ཐག་ཆོད་མེད། །གོང་མ་རགས་པའི་བརྟག་པ་དང་། །འོག་མ་ཕྲ་བའི་བརྟག་པ་ཡིན། །ཤིན་ཏུ་ཕྲ་བ་རྣལ་འབྱོར་ཉམས། །སེམས་རྩ་དགའ་སྡུག་འཇམ་རྩུབ་བརྟག །ཕྱི་རོལ་གཟུགས་དང་སྒྲ་སྐད་སོགས། །བཟང་ངན་རྟེན་འབྲེལ་ཡིད་ལ་འཆར། །དེ་དོན་དགོངས་འདུས་ལ་སོགས་ནས། །རྒྱ་ཆེར་གསུངས་པ་ཤེས་བྱ་སྟེ། །རྣལ་འབྱོར་ཉམས་ལེན་ལྡན་པ་དགོས། །ཕལ་གྱི་སྤྱོད་ཡུལ་མ་ཡིན་ནོ། །བདེ་མཆོག་ལྷ་ལྔའི་རླུང་ལྟས་ཀྱི། །བརྟག་པའི་ལེའུ་བཅུ་པའོ།། །།རླུང་ལྟས་འདི་ཉིད་དབུས་གཙང་གི །རྟོགས་ལྡན་སྒྲུབ་པ་པོ་རྣམས་ལ། །ཀུན་གྱིས་ཞུ་སྲོལ་ཡོད་པར་སྣང་། །རང་ལོ་བཅོ་ལྔ་ལོན་ནས་བདེ་མཆོག་བསྙེན། །ལྷ་ལྔ་འདི་ཡང་བསྙེན་པ་ལེགས་པར་ཐེམ། །ལོ་གསུམ་ཙམ་ལ་བདག་བསྐྱེད་ཆག་མེད་བྱས། །ད་ལྟ་དྲུག་ཅུ་ལོན་པའི་དུས་བར་དུ། །བསྐྱེད་རིམ་དྲན་རྫོགས་གཏོར་བསྔོས་རྒྱུན་ལྡན་ཡིན། །མཆོག་གི་སྤྲུལ་སྐུ་དྲུང་པ་གོང་འོག་སོགས། །མཁས་གྲུབ་བདུན་ལས་དབང་ལུང་ཅི་རིགས་དང་། །གནད་ཀྱི་མན་ངག་ཞལ་ཁྲིད་ཅུང་རེའང་ཐོབ། །རྒྱུད་དང་རྒྱ་གཞུང་འགྲེལ་ཆེན་མང་པོ་


CMR023_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །མཁའ་སྤྱོད་པ་སོགས་རིགས་ཀྱི་བརྒྱུད་པ་དང་། །སྐྱབས་ཡུལ་བླ་མ་ཀུན་གྱི་ཐུགས་དམ་གྱི། །།གཙོ་བོར་འདུག་ཕྱིར་བཟློག་མེད་དད་པ་ཐོབ། །མཁས་བཙུན་བཟང་བའི་གྲགས་པས་ཕྱོགས་འདིར་ཁྱབ། །སྒྲུབ་ཚུགས་བཟང་བས་སྒྲུབ་བརྒྱུད་བསྟན་པའི་རྒྱན། །གུ་རུ་ཀརྨ་སཱ་ག་ར་་་་་འཇང་གྲྭ་ཀརྨ་རྒྱ་མཚོ། ཞེས་པས། །མཎྜལ་གྱ་ནོམ་དང་བཅས་རིང་ནས་བསྐུལ། །འོན་ཀྱང་རྣམ་གཡེང་མང་བས་ཡུན་རིང་ལུས། །དུས་ཀྱི་རྒྱལ་པོ་དབང་ཆེན་སྤྲེལ་གྱི་ལོ། །སྒྲ་རྒྱལ་འབྲུག་གི་ཟླ་བའི་དམར་པོ་ཡི། །ཚེས་ལྔ་ནས་བཟུང་ཞག་པོ་ལྔ་ཡི་བར་། །བདེ་མཆོག་ལྷ་ལྔའི་ཟིན་བྲིས་གོ་བདེ་འདི། །རཱ་ག་ཨ་སྱས་ཐུན་སྐབས་ཐུན་སྐབས་སུ། །ཇི་ལྟར་སྨྲས་བཞིན་བླ་མ་ཡང་དག་གིས། །ལག་པ་རླུང་གི་རྟ་ལ་ཞོན་ནས་བྲིས། །བདེ་མཆོག་ཡབ་ཡུམ་དུས་ཆེན་ཁྱད་པར་ཅན། དམར་པོའི་ཚེས་བཅུའི་སྔ་དྲོའི་ཆ་ལ་གྲུབ། །ཉེས་འགལ་གང་མཆིས་བདེ་མཆོག་ལྷ་ལ་བཤགས། །དགེ་བས་འགྲོ་ཀུན་བདེ་བ་མཆོག་འགྲུབ་ཤོག །སྟོང་ཉིད་སྒོམ་དང་བདེ་མཆོག་རྣལ་འབྱོར་པ། །ཉེ་བར་སྦྱོར་མཛད་མགོན་པོ་བྱ་རོག་མཚན། །བསིལ་བ་ཚལ་དུ་བཞུགས་ཁྱོད་སྤྱན་མ་བརྟུལ། །ཆོས་འདིར་དར་ཞིང་


CMR023_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཕྲིན་ལས་མཛོད། །མངྒ་ལཾ་ཤྲཱི་ཛམྦུ་དཱི་པ་ཨཱ་ལངྐ་ར་བྷ་ཝནྟུ། འདི་ཡི་མ་དཔེ་ཨ་རཱ་གའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་ཡིན། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་བརྒྱད་པས་མཛད་པའི་བདེ་མཆོག་ལྷ་ལྔའི་ཆོ་ག་ཚིགས་སུ་བཅད་པའི་ཟིན་བྲིས་ཚིགས་སུ་བཅད་པ།next