Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
མར་མི་དྭགས་གསུམ་གྱི་སྙན་བརྒྱུད་གསང་བ་ལྷན་སྐྱེས་ཕག་མོ་དམར་མོའི་རྒྱུན་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམར་མི་དྭགས་གསུམ་གྱི་སྙན་བརྒྱུད་གསང་བ་ལྷན་སྐྱེས་ཕག་མོ་དམར་མོའི་རྒྱུན་ཁྱེར།next

མར་མི་དྭགས་གསུམ་གྱི་སྙན་བརྒྱུད་གསང་བ་ལྷན་སྐྱེས་ཕག་མོ་དམར་མོའི་རྒྱུན་ཁྱེར།


CMR023_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མར་མི་དྭགས་གསུམ་གྱི་སྙན་བརྒྱུད་གསང་བ་ལྷན་སྐྱེས་ཕག་མོ་དམར་མོའི་རྒྱུན་ཁྱེར་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR023_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཝཱ་ར་ཧི་ཡེ། ནཱ་རོ་པ་ཡི་རྒྱ་གཞུང་ལས། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཡིད་བཞིན་ནོར་བུ་ལྟ་བུ་ལ། །གསོལ་བ་གང་བཏབ་འགྲུབ་གྱུར་པ། །དེ་ཡི་སྒྲུབ་པ་བཤད་པར་བྱ། །གསུངས་པ་རྒྱུན་ཁྱེར་ཉམས་ལེན་ནི། །འདི་ཉིད་འདོན་སྒོམ་སྦྲགས་པས་འཐུས། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །


CMR023_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་བཅོམ་ལྡན་ལྷན་སྐྱེས་དམར། །གསལ་བའི་ཐུགས་ཀར་པདྨ་དང་། །ཉི་མའི་སྟེང་དུ་ཡི་གེ་ཧཱིཿདེ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་རྗེ་བཙུན་མ། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །སྤྱན་དྲངས་མདུན་དུ་བཞུགས་པ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད། །ཨོཾ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་ཨབྷཾ་པཱཏྱཾ་པུཥྛ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་ཏྱཱ་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །འཁོར་འདས་ཡོན་ཏན་དཔལ་དང་


CMR023_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །སེམས་ཅན་མ་ལུས་བདག་མགྲོན་གཉེར། །བྱང་ཆུབ་སྤྱོད་པ་མཛད་བཞིན་སྤྱོད། །འགྲོ་ཕན་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བརྗོད། ཚོགས་ཞིང་རང་ལ་ཐིམ་པར་གྱུར། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་


CMR023_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཁམས་གསུམ་པོ། །ཐམས་ཅད་ཆོས་འབྱུང་གཞལ་ཡས་ཁང་། །དེ་དབུས་པདྨ་ཉི་རོའི་སྟེང་། །རང་སེམས་ལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་འདུས། །ཡོངས་གྱུར་བདག་ཉིད་རྣལ་འབྱོར་མ། །ཆོས་སྐུ་ཉག་གཅིག་ཞལ་གཅིག་མ། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་པ། །བདུད་དཔུང་འཇིགས་བྱེད་ཁྲོ་གཉེར་ཅན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན། །དམར་ལ་གཡོ་ཟླུམ་སྤྱན་གསུམ་འབར། །དབུ་སྐྲ་ཁམ་ནག་འབར་ཞིང་གྲོལ། །ཐོད་སྐམ་ལྔ་ཡིས་དབུ་རྒྱན་ཅན། །འདུ་བྱེད་དག་པའི་རང་བཞིན་གྱི། །ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་། །མེ་ཏོག་དྲིལ་བུ་གཡེར་ཁས་བརྒྱན། །ཕྱིན་དྲུག་རུས་བརྒྱན་ཕྱག་རྒྱ་ལྔ། །རྡོ་རྗེ་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་ཁ་ཊཾ་གྲུ་མོར་བརྟེན། །གཡོན་བརྐྱང་གར་གྱིས་རྣམ་པར་རོལ། །སྟོང་གསུམ་ཁྱབ་པའི་འོད་འབར་བ། །ཧ་རི་ནི་སའི་ཡི་གེ་ལས། །སྤྱི་བོར་རྡོ་རྗེ་མཁའ་འགྲོ་སྔོ། །མགྲིན་པར་རིན་ཆེན་མཁའ་འགྲོ་སེར། །སྙིང་ཁར་པདྨ་མཁའ་འགྲོ་དམར། །ལྟེ་བར་ལས་ཀྱི་མཁའ་འགྲོ་


CMR023_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲིས་མཚན་པའི་གྲི་ཐོད་འཛིན། ཁ་ཊཾ་འཛིན་ཅིང་རིམ་པ་བཞིན། །སོ་གཉིས་བཅུ་དྲུག་བརྒྱད་དང་ནི། །དྲུག་ཅུ་རྩ་བཞིའི་འཁོར་གྱིས་བསྐོར། །རང་གི་གསང་གནས་ཆོས་འབྱུང་དབུས། །ཧྲིདང་མཁའ་འགྲོ་བཞིའི་ཐུགས་ཀའི། །ཡི་གེ་བཞི་ལས་འོད་ཟེར་འཕྲོས། །ཨོ་རྒྱན་གནས་ནས་རྣལ་འབྱོར་མ། །འཁོར་བཅས་སྤྱན་དྲངས་ནམ་མཁར་བཞུགས། །དེ་རྣམས་སྐུ་ལས་སྐུ་མང་འཕྲོས། །།ལུས་ཐིམ་བདེ་དང་དྲོད་ནུས་སྐྱེས། །གསུང་ལས་ཨཱ་ལཾ་ཀཱ་ལཾ་འཕྲོས། །ངག་ཐིམ་མཐུ་དང་ནུས་པ་བསྐྱེད། །ཐུགས་ལས་བྱང་སེམས་ཆུ་རྒྱུན་བབས། །ཡིད་ཐིམ་བདེ་སྟོང་ཏིང་འཛིན་སྐྱེས། །ལྷ་རྣམས་རང་དང་སོ་སོར་ཐིམ། །གཉིས་མེད་རིགས་བདག་དབུ་བརྒྱན་པའོ། །གསང་བར་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །ཧྲིདང་འདབ་བཞིར་ཧ་རི་ནི་ས་སྟེ། །དོན་ཀུན་འགྲུབ་བྱེད་འཁོར་ལོ་འོད་འབར་བའོ། །ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་དེ་བརྒྱ་སྟོང་ཅི་འགྲུབ་བསྙེན། །དེ་ནས་སྒོམ་མཁན་སེམས་ལ་ལྟ། །ཧཱིཝལས་སྔགས་ཕྲེང་གཡོན་དུ་འཁོར་བ་མཆན། །དེ་ཡིས་རྫོགས་རིམ་གོ་ཆོད་ཡིན། །དེ་ཡན་རྒྱུན་དུ་ཉམས་ལེན་


CMR023_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཕག་མོའི་བདག་བསྐྱེད་ཆག་མེད་ཚང་། །གྲངས་ཀྱི་བསྙེན་པ་འབུམ་ཚོ་བཞི། །ཐ་མལ་ཤེས་པ་བསྒྱུར་བར་ནུས། །ཟླ་བ་དྲུག་གིས་རྣལ་འབྱོར་གྱི། །འཁྲུལ་པའི་རྟོག་པ་ཟད་པར་འགྱུར། ༈ །དེ་ནས་མདུན་བསྐྱེད་བྱེད་འདོད་ན། །ཡོད་ན་དཀྱིལ་ཐང་མཆོད་གཏོར་བཤམས། །མེད་ན་མདུན་བསྐྱེད་ནམ་མཁར་བསྒོམ། ཨོཾ་སྭ་བྷ་ཝ་སོགས། བརྟན་དང་གཡོ་བའི་དངོས་པོ་ཀུན། །སྐད་ཅིག་ཙམ་གྱིས་སྟོང་པར་བསྒོམ། །སྟོང་པའི་ངང་ལས་ཆོས་འབྱུང་ནང་། །པདྨ་རོ་དང་ཉི་སྟེང་ཧཱིཿབསྐལ་པའི་མེ་ལྟར་འབར་བའི་འོད། །ཁྲོ་མོ་ཞལ་གཅིག་ཕྱག་གཉིས་མ། །མཛེས་པ་སིན་དྷུ་ར་དང་མཚུངས། །སྐུ་ཡི་འོད་ཟེར་སྟོང་གསུམ་ཁྱབ། །དབུ་སྐྲ་ཐོར་ཚུགས་ཚངས་པར་འཁྱིལ། །སངས་རྒྱས་ལྔས་མཚན་ཐོད་པས་བརྒྱན། །རྡོ་རྗེ་ཐོད་ཁྲག་ཁ་ཊཾ་བཅས། །དར་དཔྱངས་ཅོད་པན་རྣམ་པར་འཕྱང་། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །མི་མགོ་རློན་པའི་དོ་ཤལ་ཅན། །མེ་ཏོག་ཕྲེང་བའི་རྒྱན་གྱིས་སྤྲས། །པདྨ་རོ་དང་ཉི་མའི་གདན། །གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞུགས། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །སྐད་ཅིག་ཙམ་གྱིས་རྫོགས་པར་བསྐྱེད། །དེ་ཡི་ཕྱོགས་ཀྱི་འདབ་བཞི་ལ། །


CMR023_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོ། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་། །རང་རྟོགས་གྲི་ཐོད་ཁ་ཊཾ་འཛིན། གར་བྱེད་ཆ་ལུགས་གཙོ་མོ་འདྲ། །གཙོ་མོའི་ལྟེ་བར་ཧྲིཡིག་དང་། །འཁོར་བཞིའི་ཧ་རི་ནི་ས་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་རྣམས། །རང་བཞིན་གནས་པའི་ཕོ་བྲང་ནས། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །ཆོས་དབྱིངས་དག་པའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །ཆོས་སྐུ་སྤྲོས་བྲལ་དག་པ་ལ། །ལོངས་སྐུ་སྒྱུ་མའི་སྐུར་སྟོན་པ། །མཁའ་འགྲོའི་ཚོགས་དང་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །བདེ་ཆེན་དག་པའི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །།གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་


CMR023_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས།། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །མཆོད་རྟེན་དཀར་པོའི་དཔལ་གྲགས་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱུད་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །རོ་ལངས་འཁྲུག་པའི་གཞལ་ཡས་ནས། །འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ། །སྟེང་འོག་ཕྱོགས་མཚམས་སོ་སོ་ནས། །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། །ཨོབཛྲ་ཝཱ་ར་ཧི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་པདྨ་ཀ་མ་ལ་ཡ་ཧཱུཾ། ཛཧཱུྃ་བཾ་ཧོ༔གཉིས་མེད་གྱུར། །དབང་ལྷ་སྤྱན་དྲངས་དབང་བསྐུར་ཏེ། །སྐུ་གང་ཆུ་ལྷག་ཡར་ལུད་དེ། །རིགས་ལྔ་སོ་སོས་དབུ་རྒྱན་གྱུར། །ཨོཾ། དངོས་


CMR023_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྱོར་རམ་ཡིད་ཀྱིས་སྤྲུལ། །མཆོད་རྫས་ནམ་མཁའི་ཁམས་གང་བ། །ཞིང་ཁམས་ཀུན་གྱི་མཆོད་པ་ཡང་། །དེང་འདིར་མཆོད་པའི་རྫས་སུ་དམིགས། །ༀ་བཛྲ་སྤ་ར་ཎ་ཁཾ༔ འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ཇི་སྙེད་ཀུན། །བདག་གིས་གུས་པས་བཤམས་པ་འདི། །བཅོམ་ལྡན་འདས་མ་འཁོར་བཅས་མཆོད། །ཨོཾ་བཛྲ་ཝཱ་ར་ཧི་ཨགྷཾ་ནས་ཤབྟ་པྲ་ཏིཙྪསྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །སྣ་ཚོགས་མཆོད་པ་ཅི་སྙེད་པ། །བདག་གིས་གུས་པས་བཤམས་པ་འདི། །བཅོམ་ལྡན་འདས་མ་འཁོར་བཅས་མཆོད། །ཨོཾ་བཛྲ་ཝཱ་ར་ཧི་རཱུ་པ་ཤབ་གནྡྷེ་ར་ས་སྤྱནེ་བི་ཤཱ་པྲ་ཏིཙྪ་སྭཱཧཱ། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཨོཾ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་སབྟ་རཏྣ་པྲ་ཏིཙྪ་སྭཱ་ཧཱ། རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་སྨན་བཟང་དང་། །དུང་དཀར་གཡས་


CMR023_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་དཔའ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་བཟང་། །བཅོམ་ལྡན་འདས་མ་འཁོར་བཅས་མཆོད། །ཨོཾ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་ཨཉྫ་མངྒ་ལཾ་ཧེ་ཏུ་པྲ་ཏཱིཙྪ་སྭཱ་ཧཱ། ཡུངས་དཀར་དུར་ཝ་བིལ་བ་དང་། །གི་ཝང་ལི་ཁྲི་ཞོ་མཆོག་དང་། །མེ་ལོང་རྣམ་དག་དུང་དཀར་རྣམས། །ལྷ་མོ་བརྒྱད་ཀྱིས་ཕུལ་བ་ལྟར། །བཅོམ་ལྡན་འདས་མ་འཁོར་བཅས་མཆོད། །ཨོཾ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་ཨཥཱ་མངྒ་ལཾ་དྲ་བྱ་པྲ་ཏིཙྪ་སྭཱ་ཧཱ། ཐེག་མཆོག་བླ་རེ་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་སྙིང་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །འཕགས་མའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །ཨོཾ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་སརྦ་པཱུ་ཏ་པྲ་སྭཱ་ཧཱ། ཤ་ཆེན་གསུར་གྱི་བདུག་སྤོས་དང་། །ཞུན་ཆེན་གསལ་བའི་མར་མེ་དང་། །བྱང་སེམས་དཀར་དམར་བདུད་རྩི་དང་། །རྡོ་རྗེ་དྲི་ཆེན་ཞལ་ཟས་དང་། །རྡོ་རྗེ་དྲི་ཆུའི་བདུད་རྩི་དང་། །ཌ་མ་རུ་དང་སིལ་སྙན་གྱིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །ས་བཅུ་ནོན་ཕྱིར་བཞེས་སུ་གསོལ། །ཨོཾ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་གུ་ཧྱ་པྲ་ཏཱིཙྪ་སྭཱ་


CMR023_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཆང་སྣ་བཞི་ཡི་ཆང་ཕུད་ལ། །ས་བཅུ་ནོན་ཕྱིར་ལག་མཆོད་བྱས། །ཤེས་རབ་གཡོན་གྱི་ལག་པ་ལ། །ཐབས་ཆེན་གཡས་ཀྱི་ལག་པས་མཆོད། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཀ་ནི་གང་དུའང་མི་གནས་ཤིང་། །པཱ་ནི་མ་སྐྱེས་སྐྱེ་བ་མེད། །ལ་ནི་བློ་འདས་ཡིད་དང་བྲལ། །སྐུ་གསུམ་མི་འགྱུར་ཀ་པཱ་ལ། །ཟག་མེད་བདེ་བའི་ཆང་ཕུད་གཏམས། །སྐྱེ་འཆི་མེད་པའི་བདུད་རྩི་བླུགས། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས། །ཨོཾ་གྱིས་སྐྱེ་མེད་སྤྲུལ་སྐུར་སྦྱངས། །ཨཱཡིས་འགག་མེད་ལོངས་སྐུར་བསྒྱུར། །ཧཱུྃ་གིས་བློ་འདས་ཆོས་སྐུར་སྤེལ། །ལན་གསུམ་དཀྲུགས་པའི་བདུད་རྩི་འདིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ། །ཨོཾ་བཛྲ་ཝཱ་ར་ཧི་པའི་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། ཧྲཱིཿ ཞལ་གཅིག་སྤྱན་གསུམ་ལྗགས་འདྲིལ་ཞིང་། །ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྐུ་མདོག་རབ་དམར་འོད་ཟེར་འབར། །སྣང་སྟོང་སྐྱེ་མེད་སྐུ་ལ་བསྟོད། །འཛུམ་པའི་མདངས་ལྡན་བཞད་པའི་ཞལ། །གསུང་དབྱངས་ཡན་ལག་དྲུག་ཅུ་ཡི། །ཧཱུྃ་ཕཊ་ལ་སོགས་སྒྲ་སྒྲོག་མ། །


CMR023_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གྲག་སྟོང་དབྱེར་མེད་གསུང་ལ་བསྟོད། །གཡས་བསྐུམ་གཡོན་བརྐྱང་འཇིགས་བྱེད་དང་། །དུས་མཚན་བསྒྲལ་བའི་གདན་སྟེང་ནས། །སྣ་ཚོགས་མེ་འོད་བདུད་འདུལ་མ། །རྟོག་མེད་མགོ་ཕྲེང་ཅན་ལ་བསྟོད། །གཡས་ན་དམ་ཉམས་སྲོག་གཅོད་གྲི། །གཡོན་ན་བདུད་རྩིའི་ཀ་པཱ་ལར། །རིག་སྟོང་ལྔ་ཡི་དབུ་རྒྱན་ཅན། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །བདེ་སྟོང་བླ་མ་ཡིད་བཞིན་གྱི། །ནོར་བུ་གཙུག་གི་རྒྱུན་ལྡན་མ། །།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱུར་མ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལྟེ་བའི་དབུས་གནས་རྣལ་འབྱོར་མ། །ཞེ་སྡང་གཅོད་མཛད་སྒྲུབ་པ་མོ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད། །མེ་དཔུང་པ་འབར་བའི་ལྟེ་བ་ལ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །ཟག་མེད་བདེ་བ་སྟེར་མཛད་མ། །སངས་རྒྱས་ཡུམ་ལ་ཕྱག་འཚལ་བསྟོད། །དྷུ་ཏིའི་འོད་ཀྱི་རང་བཞིན་མ། །དབུགས་བྲལ་ལྟེ་བ་ཉིད་ལ་བཞུགས། །ཞུ་བའི་རང་བཞིན་བདེ་ཆེན་མ། །བདེ་སྟེར་ཡུམ་ལ་ཕྱག་འཚལ་བསྟོད། །དངོས་པོ་གཤིས་ཀྱི་དོན་སྟོན་མ། །སྐུ་བཞིའི་དབྱེར་མེད་


CMR023_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ངང་། །བདེ་བ་ཆེན་པོའི་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདེ་ཆེན་ལམ་སྣ་འདྲེན་པའི་ཡུམ། །དུ་མ་རོ་གཅིག་དོན་སྟོན་མ། །སྣང་སྟོང་དབྱེར་མེད་ངོ་བོ་ཉིད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་བཞིའི་དམག་ལས་རབ་རྒྱལ་མ། །བདེ་ཆེན་བྱིན་གྱིས་རློབ་མཛད་མ། །རྩ་རླུང་ཐིག་ལེའི་ངོ་བོ་ཉིད། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་དང་ལོག་འདྲེན་ཞི་མཛད་མ། །བར་ཆད་བསྲུང་ཞིང་བྱིན་རླབས་ཅན། །མཐུ་དང་རྫུ་འཕྲུལ་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་ལ་སོགས་པའི། །དབང་བཞི་བསྐུར་བར་མཛད་དུ་གསོལ། །རྒྱུད་བཞི་སྨིན་པར་མཛད་དུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །སྔགས་མཆོད་པའི་ཚུལ་དུ་ཅུང་ཟད་བསྙེན། ཨོ་བཛྲ་བེ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་སྭ་ཧཱ། ཡང་བསྡུ་ན། ཧྲཱིཿཧ་རི་ནི་ས༔ དེ་ནས་རྗེས་ཀྱི་ཆོ་ག་ནི། ཨོཾ་བཛྲ་ཝཱ་ར་ཧི་ས་པ་རི་ཝཱ་ར་ཨརྒྷཾ༴ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོས། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་


CMR023_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རིབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་གི་བློ་ཡིས་ནི། །བགྱིས་པ་དང་ནི་ཅི་མཆིས་པ། །དེ་ཀུན་ལྷ་མོས་བཟོད་པར་གསོལ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །བཀྲ་ཤིས་ནི། བཀའ་བརྒྱུད་བླ་མས་ལེགས་བྱིན་པའི། །རྟག་ཏུ་ཡེ་ཤེས་ཐུགས་རྗེ་ཡིས། །གཟིགས་ཤིང་ཆོས་སྐུར་ངོ་སྤྲོད་པའི། །བྱིན་རླབས་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་ཕག་མོས་ལེགས་བྱིན་པའི། །གསང་སྔགས་མཆོག་གི་ཆོ་ག་ལ། །ལུས་ངག་ཡིད་གསུམ་མཐུས་སྒྲུབ་པའི། །དངོས་གྲུབ་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །སེམས་ཉིད་འོད་གསལ་འདུས་མ་བྱས། །གཉིས་མེད་དཔེ་བྲལ་དོན་རྟོགས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སངས་རྒྱས་མཁའ་འགྲོས་ལེགས་བྱིན་


CMR023_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཆོས་རྣམས་རང་བཞིན་གང་གི་སེམས། །རྒྱུད་འདི་ཆོས་ཀྱིས་མ་མཆིས་པའི། །ཆོས་ཀྱི་ཕྱག་རྒྱས་བཀྲ་ཤིས་ཤོག །རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི། །ཡོན་ཏན་དཔེ་བྱད་དུ་མས་བརྒྱན། །ནད་དང་གདོན་ལས་ཐར་བ་ཡི། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །པདྨ་མཁའ་འགྲོས་ལེགས་བྱིན་པའི། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །བདེ་ཆེན་ཡེ་ཤེས་ཐབས་ཀྱི་མཆོག །གསང་བ་ཤེས་རབ་བཀྲ་ཤིས་ཤོག །ལས་ཀྱི་མཁའ་འགྲོས་ལེགས་བྱིན་པའི། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག །འཇིག་རྟེན་མཁའ་འགྲོས་ལེགས་བྱིན་པའི། །འགྲོ་བའི་བསམ་པ་རབ་ཤེས་ནས། །ཐབས་རྣམས་དུ་མས་འདུལ་མཛད་པ། །མངོན་ཤེས་དྲུག་ལྡན་བཀྲ་ཤིས་ཤོག །དཔའ་བོ་རྣམས་ཀྱིས་ལེགས་བྱིན་པའི། །རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས། །བགེགས་རིགས་སྟོང་ཕྲག་ཞི་བ་དང་། །སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ལྷ་མོ་རྣམས་ཀྱིས་ལེགས་བྱིན་པའི། །འབྱུང་བ་ལྔ་ཡི་སྤྲོ་བསྡུ་ཡིས། །བདེ་བར་གཤེགས་པ་མཉེས་མཛད་པའི། །ཡང་དག་


CMR023_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་བཀྲ་ཤིས་ཤོག །ཆོས་སྐྱོང་རྣམས་ཀྱིས་ལེགས་བྱིན་པའི། །འཁོར་བཟང་ལོངས་སྤྱོད་ལྡན་པ་དང་། །ནད་དང་གདོན་ལས་ཐར་བ་དང་། །བར་ཚད་མེད་པའི་བཀྲ་ཤིས་ཤོག །གཤེགས་གསོལ་ནི། ཨོ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་སུ་གསོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མཆོད་སྦྱིན་གནས་འདིར་གང་ལྷགས་པ། །འབྱུང་པོ་ས་འོག་རྒྱུ་བ་དང་། །ས་སྟེང་འཁོད་པ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །ཡེ་ཤེས་པ་དང་འཇིག་རྟེན་པ། །ཐམས་ཅད་རང་གནས་བཛྲ་མུཿ སྣོད་བཅུད་དམ་ཚིག་སེམས་དཔར་བཅས། །རང་ཐིམ་དེ་ཡང་མི་དམིགས་པར། །སེམས་ཉིད་ཆོས་སྐུ་རྗེན་པར་བུད། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །


CMR023_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཐོབ་པར་ཤོག །དེ་ལྟར་སྒོམ་བཟླས་ཕན་ཡོན་ནི། །འབར་བ་གསུམ་གྱི་ཚུགས་པ་གསུམ། །འདུ་བ་གསུམ་དང་དྲོད་གསུམ་ཐོབ། །ཤེས་པ་སྟེང་ནས་སློང་བ་དང་། །ལུས་སེམས་གཉིས་ལ་ཞེན་ཞེད་དང་། །ངོ་བོ་འགྱུར་བ་མེད་པ་དང་། །རང་བཞིན་སྐྱེ་བ་མེད་པ་དང་། །མཚན་ཉིད་གཉིས་སུ་མེད་པ་དང་། །ཐུགས་རྗེ་འགག་པ་མེད་པར་འཆར། །དེ་སྐད་ནཱ་རོ་པཎ་ཆེན་གསུངས། །མདོར་ན་རྒྱས་འབྲིང་རྣམ་གསུམ་ནི། རྒྱལ་བའི་ཡུམ་ལ་མཆོད་པ་ཡི། །ཕན་ཡོན་རྒྱ་ཆེན་གང་གསུངས་པ། ཐམས་ཅད་འདི་ཉིད་བཏོན་པས་ཐོབ། །བླ་མ་ཡང་དག་ཅེས་བྱ་བས། །གླེགས་བམ་མཎྜལ་དང་བཅས་པས། །རིང་ནས་བསྐུལ་བས་དོན་ཡོད་ཕྱིར། །གྲུབ་ཆེན་གོང་མ་རྣམས་ཀྱི་གསུང་། །བསླད་མེད་གསེར་འཕྲེང་བཞིན་དུ་བསྒྲིགས། །འོན་ཀྱང་ཉེས་འགལ་མཆིས་སྲིད་ན། །ཆོས་བདག་ཊཱཀྐིའི་ཚོགས་ལ་བཤགས། །དེ་སྐད་རཱ་ག་ཨ་སྱ་ཡིས། །བསྒྲིགས་ཤིང་ངག་ནས་སྨྲས་པ་ལྟར། །དགེ་སློང་བརྩོན་འགྲུས་ཞེས་བྱས་བྲིས། །དགེ་བས་འདི་དང་འབྲེལ་ཐོགས་ཀུན། །ཚེ་འདིར་དངོས་གྲུབ་གཉིས་རྙེད་ནས། །ཕྱི་མ་མཁའ་སྤྱོད་བདེ་ཆེན་དུ། །ཡེ་ཤེས་མཁའ་འགྲོས་འཁྲིད་པར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམར་མི་དྭགས་གསུམ་གྱི་སྙན་བརྒྱུད་གསང་བ་ལྷན་སྐྱེས་ཕག་མོ་དམར་མོའི་རྒྱུན་ཁྱེར།next