Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
ལྷན་ཅིག་སྐྱེས་མའི་དུས་བཟང་གི་མངོན་དཀྱིལ་ཚོགས་མཆོད་བསྡུས་པ་དངོས་གྲུབ་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷན་ཅིག་སྐྱེས་མའི་དུས་བཟང་གི་མངོན་དཀྱིལ་ཚོགས་མཆོད་བསྡུས་པ་དངོས་གྲུབ་མཆོག་སྩོལ།next

ལྷན་ཅིག་སྐྱེས་མའི་དུས་བཟང་གི་མངོན་དཀྱིལ་ཚོགས་མཆོད་བསྡུས་པ་དངོས་གྲུབ་མཆོག་སྩོལ།


CMR023_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་མའི་དུས་བཟང་གི་མངོན་དཀྱིལ་ཚོགས་མཆོད་བསྡུས་པ་དངོས་གྲུབ་མཆོག་སྩོལ་བཞུགས་པའི་དབུ་ཕྱོགས་ལགས་སོ། །དགེའོ།།


CMR023_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཝཱ་ར་ཧི་ཡེ། བསྡུས་པའི་ཚུལ་གྱིས་རྡོ་རྗེ་ཕག་མོ་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀའི་ཧྲིལས་འོད་འཕྲོས་མདུན་གྱི་ནམ་མཁར་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་རྒྱལ་བ་སྲས་བཅས་སྤྱན་དྲངས། ཨནྡྷཾ་སོགས་ཀྱིས་མཆོད། ཨེ་མ་ཧོ༔ ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །འཁོར་འདས་ཡོན་ཏན་དཔལ་དང་ལྡན།། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །


CMR023_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །


CMR023_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཚོགས་ཞིང་རང་ལ་ཐིམ་པར་གྱུར། །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཁམས་གསུམ་པོ། །ཐམས་ཅད་ཆོས་འབྱུང་གཞལ་ཡས་ཁང་། །དེ་དབུས་པདྨ་རོ་ཡི་སྟེང་། །རང་སེམས་ཧྲིལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་འདུས། །ཡོངས་གྱུར་བདག་ཉིད་རྣལ་འབྱོར་མ། །ཆོས་སྐུ་ཉག་གཅིག་ཞལ་གཅིག་པ། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་པ། །བདུད་དཔུང་འཇོམས་མཛད་ཁྲོ་གཉེར་ཅན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན། །དམར་ལ་གཡོ་ཟླུམ་སྤྱན་གསུམ་འབར། །དབུ་སྐྲ་ཁམ་ནག་འབར་ཞིང་གྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། །འདུ་བྱེད་དག་པའི་རང་བཞིན་གྱིས། །ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་། །མེ་


CMR023_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དྲིལ་བུ་གཡེར་ཁས་རྒྱན། །ཕྱིན་དྲུག་རུས་རྒྱུན་ཕྱག་རྒྱ་ལྔ། །རྡོ་རྗེ་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་ཁ་ཊཾ་གྲུ་མོར་བརྟེན། །གཡོན་བརྐྱང་གར་གྱི་རྣམ་པར་རོལ། །སྟོང་གསུམ་ཁྱབ་པའི་འོད་འབར་མ། །ཧ་རི་ནི་སའི་ཡི་གེ་ལས། །སྤྱི་བོར་རྡོ་རྗེ་མཁའ་འགྲོ་སྔོ། །མགྲིན་པར་རིན་ཆེན་མཁའ་འགྲོ་སེར། །སྙིང་གར་པདྨ་མཁའ་འགྲོ་དམར། །ལྟེ་བར་ལས་ཀྱི་མཁའ་འགྲོ་ལྗང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲིས་མཚན་པའི་གྲི་ཐོད་འཛིན། ཁ་ཊཾ་འཛིན་ཅིང་རིམ་པ་བཞིན། །སོ་གཉིས་བཅུ་དྲུག་བརྒྱད་དང་ནི། །དྲུག་ཅུ་རྩ་བཞིས་འཁོར་གྱིས་བསྐོར། །རང་གི་གསང་གནས་ཆོས་འབྱུང་དབུས། །ཧཱིདང་མཁའ་འགྲོ་བཞིའི་ཐུགས་ཀའི། །ཡི་གེ་བཞི་ལས་འོད་ཟེར་འཕྲོས། །ཨོ་རྒྱན་གནས་ནས་རྣལ་འབྱོར་མ། །འཁོར་བཅས་སྤྱན་དྲངས་ནམ་མཁར་བཞུགས། །དེ་ལས་སྐུ་ལས་སྐུ་མང་འཕྲོས། །ལུས་ཐིམ་བདེ་དང་དྲོད་ནུས་བསྐྱེད། །གསུང་ལས་ཨཱ་ལི་ཀཱ་ལི་འཕྲོས། །ངག་ཐིམ་མཐུ་དང་ནུས་པ་བསྐྱེད། །ཐུགས་ལས་བྱང་སེམས་ཆུ་རྒྱུན་བབས། །ཡིད་ཐིམ་བདེ་དང་ཏིང་འཛིན་སྐྱེས། །ལྷ་རྣམས་


CMR023_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་སོ་སོར་ཐིམ། །གཉིས་མེད་རིགས་བདག་དབུ་རྒྱན་པའོ། །ཞེས་གསལ་བར་བསྐྱེད་རིམ་མཚན་ཉིད་སུམ་ལྡན་བསྒོམ། སྐྱོ་ན་གཙོ་མོ་ལ་རྣམ་སྣང་འཁོར་བཞི་ཡང་གནས་བཞིའི་མཁའ་འགྲོས་མཚན། །གསང་བར་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །དང་འདབ་བཞིར་ཧ་རི་ནི་ས་སྟེ། །ཧིལས་སྔགས་ཕྲེང་གཡོན་ཏུ་འཁོར་བ་ལས། །དོན་ཀུན་འགྲུབ་བྱེད་འཁོར་ལོ་འབར་བའོ། །ཞེས་པ་དེ་ལ་དམིགས་ནས། ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་སྭ་ཧཱ། ཞེས་བཟླས། བསྙེན་ཚད་འབུམ་སྟེ་དུས་བཞི་འགྱུར་རོ། །སྤྲོས་པ་ལ་དགའ་ན་གཏོར་མ་གཞན་ནས་བྱུང་བ་ལྟར་བསྔོའོ། །ཟ་ཉལ་ལང་འདུག་སྤྱོད་ལམ་ཚེ་རྣལ་འབྱོར་དང་མ་བྲལ་བ་བྱའོ། །ཞེས་ཆོས་མཛད་གཡོ་མེད་ཀྱི་འདོད་དོན་དུ། ཆོས་ཀྱི་དབང་ཕྱུག་གིས་བྲིས་པའོ།། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷན་ཅིག་སྐྱེས་མའི་དུས་བཟང་གི་མངོན་དཀྱིལ་ཚོགས་མཆོད་བསྡུས་པ་དངོས་གྲུབ་མཆོག་སྩོལ།next