Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་སྒྲུབ་པའི་སྟ་གོན།
   
   
   
   
   
   
   
   
   
   
   
   
   


 
previousལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་སྒྲུབ་པའི་སྟ་གོན།next

ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་སྒྲུབ་པའི་སྟ་གོན།


CMR023_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་སྒྲུབ་པའི་སྟ་གོན་བཞུགས་སོ།།


CMR023_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཝཱ་ར་ཡེ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་ཕྱི་ནང་གསང་གསུམ་སྒྲུབ་པའི་སྟ་གོན་ལ། དང་པོ་དབང་ལུང་ལེགས་པར་ཐོབ་ཅིང་དམ་ཚིག་དང་ལྡན་པས། ལོ་ཟླའི་གོང་ནས་རྫས་བསག་པར་བྱ་སྟེ། རབ་ནི་འབྲུག་གི་ལོ་འབྲུག་གི་ཟླ་བ། འབྲུག་གི་ཉི་མ་དུས་ཚོད་ལ་མགར་བ་འབྲུག་ལོ་པས་བརྡུང་བའི་མེ་ལོང་མཐོ་སྐོར་རམ་མཛུབ་སྐོར་བས་མི་ཆུང་བ། མགར་བའི་ལག་ནས་མི་ལག་མ་བརྒྱུད་པར་རང་གིས་བླངས་ལ། བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་ཤིང་། ཌཀིའི་མཚན་རྟགས་ཚང་བས་ཞག་གསུམ་མམ་བདུན་ལ་ལུས་ལ་བཅངས་ནས།


CMR023_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མི་ལག་མ་འགྲིམ་པར་རང་གིས་འཚག་བྱ། དེ་མ་འཛོམས་ན་མེ་ལོང་གཙང་མ་མིག་མ་བུག་པ་ཆེ་བ་གཅིག །བུ་མོ་མགོ་གཙང་གི་ལུས་ལ་ཅུང་ཟད་བཅང་བཅུག་ལ་རང་གིས་འཚག་བྱས། གསར་རྙིང་གང་རུང་གི་བདུད་རྩི་རིལ་བུ་ཁུངས་མ་གང་རྙེད། རྡུལ་ཚོན་ཙནྡན་དམར་པོ་སིནྡྷུ་ར་གང་མང་དང་། མགོ་གཙང་གི་མངལ་ཁྲག་དང་། མི་རྟ་ཁྱི་གསུམ་གྱི་ཁྲག་གཙང་མ་སྐམ་པོ་དང་། རིན་ཆེན་སྣ་ལྔ་དང་། ཨ་རུ་ར་གསེར་མདོག་གང་རྙེད་དང་། འབྲུ་སྣ་ལྔ་དང་དར་ཚོན་སྣ་ལྔ་དང་། དར་དམར་པོ་ཁ་གང་། གུར་གུམ་དང་། སྙུ་གུ་ལ་གསེར་བྱུག་པ་དང་།


CMR023_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ན་ཤ་ལྔ་དང་བདུད་རྩི་གཙང་མ་འཚགས་བྱས། དྲི་ཆེན་དྲི་ཆུ་ནི་ཡབ་སྲས་ལྟ་བུའི་དང་། བྱང་སེམས་དཀར་དམར་མ་རྙེད་ན་ཅོང་ཞི་དང་བྲག་ཞུན། ཤ་ལྔ་ཡང་སྡིག་ཅན་དང་། ནད་ངན་གྱིས་ཤི་བ་མ་ཡིན་པའི་ཤི་མ་རུལ་བ་དང་། ཞལ་ཐང་། ཌ་མ་རུ། རྡོར་དྲིལ། རྐང་གླིང་། དབུ་རྒྱན། ཟངས་སམ་རྫའི་བུམ་པ་རབ་སྙིམ་པ་བདུན་ཤོང་བ། ཆུང་ཡང་ཁྱོར་བདུན་ཤོང་བ། གཟུངས་ཐག་རྡོ་རྗེ་ཁ་རྒྱན་དང་བཅས། བུ་མོ་གཙང་མས་བཀལ་བའི་སྐུད་པ་དམར་པོ་བདུན་བསྔོས་ཤ་མ་ཡིན་པའི་ཕུད་ཤ་ལ་སོགས་པའི་ཡོ་བྱད་རྣམས་བསག་གོ །དེ་ནས་སྒྲུབ་པའི་གནས་ནི་རབ་མཁའ་འགྲོ་འདུས་པའི་གནས་ཆེན། ལྷ་འདྲེ་གདུག་པ་ཅན་མིན་པའི་རི་རྩེ་དུར་ཁྲོད་ཡང་ན་རོ་བཞི་བཞག་པ་ཡན་ཆད་དུར་ཁྲོད་དུ་ཐེ་བ་དེར་བྱ། ཤིང་གཅིག་གཉེན་པོ། ཐ་ན་ཤིང་དེའི་གྲིབ་མ་ཕོག་སར་ཤིང་གཞན་མེད་པ་ཤིང་གཅིག་རུ་ཐེ་གསུངས། བྲག་ཕུག་གམ་རི་སྟོང་ནག་པོ་ཆེན་པོའི་ཁྲོད། དེ་དག་རྣམས་སུ་གུར་རམ་སྦྲའི་ཅོག་པུ་ཕུབ་ལ་བསྒྲུབ། བྲག་དམར་པོ་ཁ་ནུབ་ཏུ་བལྟ་བའམ། བྲག་ཕུག་དམར་པོ་ཟླ་གམ། ཁ་ནུབ་བལྟའ་བྱ་ཐལ་མ་ཕོག་པ་ནི་མཆོག་ཡིན། ཐ་མ་རང་གི་ཁྱིམ་དུ་ཡང་


CMR023_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ངོ་། །དུས་ནི་ཟླ་བ་གང་ཡང་རུང་བའི་ཚེས་བཅུ་ལ་མགོ་བཙུགས་ཏེ། དེ་ཡང་བསོད་ནམས་བསགས་པར་འདོད་ན་ཡར་ངོའི་ཚེས། སྒྲིབ་པ་དག་པར་འདོད་ན་མར་ངོའི་ཚེས་བཅུ་ལ་བྱའོ། །དེ་ནས་རྩ་ལྟུང་བཅུ་བཞི་ལ་བསམ་བློ་བཏང་ལ། དམ་ཚིག་ཆག་ཉམས་བྱུང་འདུག་ན། བླ་མ་མཚན་ལྡན་ལ་དབང་སླར་ཝིག་ནས་ཞུ། དེ་མ་འཛོམས་ན་རང་བདག་འཇུག་ཚར་གཉིས་གསུམ་བླངས། འདི་ཡི་སྟ་གོན་གྲབས་ཤོམ་བྱེད་ཅིང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ། བསང་དང་ཆུ་གཏོར་ཚ་ཚ་ཡང་ཅུང་ཟད་ཐོན་ན་བར་ཆད་མི་འབྱུང་བས་གནད་ཟབ། དེ་ནས་ས་བརྟག་སློང་དང་ལྟོ་འཕྱེ་བརྩི་བ་སོགས་ཤེས་ན་སྤྱི་ལྟར་བྱ། མི་ཤེས་ན་དཀར་གཏོར་གཅིག་ས་བདག་སྤྱི་ལ་བསྔོས་ལ། ས་འདི་བདག་ལ་གཡར་དུ་གསོལ། །ཞེས་བཀའ་བསྒོ་བྱས་ལ། དཔྱིད་གསུམ་ཁ་བྱང་དུ་ལྟ། དབྱར་གསུམ་ཁ་ཤར། སྟོན་གསུམ་ཁ་ནུབ། དགུན་གསུམ་ཁ་བྱང་དུ་ལྟ་ལ་བརྐོ་བར་བྱའོ། །དེ་གྲུ་བཞིར་ལྷོ་བརྩིགས་ལ་རྒྱ་དང་དཔངས་སུ་མདའ་ཚད་བྱའོ། །ཆུང་ན་གྲུ་གང་པའོ། །གལ་ཏེ་ས་སྟེགས་བརྩིགས་པ་མེད་ན། སྒོ་ཁྲི་གྲུ་བཞི་ལ་ཞ་ལ་བྱེད་ནས་དེ་ཅོག་ཙེའི་སྟེང་དུ་བཞག་པའི་སྲོལ་


CMR023_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །དེ་ལ་བསྐལ་པ་བྱེ་མ་དང་། བ་དམར་སེར་གྱི་ལྕི་བ་དང་། གཅིན་དང་། འཇིམ་པས་མིག་དང་། སྣ་དང་ཁ་ཆུ་ལ་དྲུད་པས་བ་བྱུང་ལྔ་སྟེ། གནས་ཆེན་རྣམས་ཀྱི་ས་སྣ་ཅི་རྙེད་བསྲེས་པས་ཞ་ལ་བྱ། དེ་སྐམ་པའི་སྟེང་དུ་དྲི་ལྔ་དང་། བུད་མེད་གཙང་མའི་མངལ་ཁྲག་དང་། མི་རྟ་ཁྱི་གསུམ་གྱི་ཁྲག་དང་། ཙན་དན་དམར་པོ་རྣམས་ཕྱེ་མ་ཞིབ་ཏུ་བཏགས་པ་ཆང་དང་སྦྱར་ལ་གྲུ་གང་ཙམ་དུ་ཟླུམ་པོར་བྱུག །དེའི་སྟེང་དུ་ཕག་མོའི་དཀྱིལ་འཁོར་དཔེའུ་རིས་ལྟར་བྲིས་ཏེ། དེ་ཡང་ཐིག་ཚོན་བྱིན་རླབས་མ་བཤད་ཀྱང་། ཧཱིཧ་རི་ནི་ས་བརྗོད་པས་ཌཱཀི་རིགས་ལྔར་བསྒོམས་ནས། དེ་ཞུ་བའི་ཐིག་ཚོན་དུ་བསྒོམ་ན་ལེགས། ཚོན་ལ་ཙན་དན་དམར་པོ་དང་སིནྡྷ་ར་ཅུང་ཟད་བསྲེ་བར་བྱའོ། །རྡུལ་ཚོན་མ་འཛོམས་ན་འབྲིང་རས་བྲིས་ཀྱི་དཀྱིལ་འཁོར་ནི། ཕག་མོའི་དཀྱིལ་ཐང་ཞིག་ས་སྟེགས་སམ་སྒོ་ཁྲི་ཁར་བཤམ། ས་སྟེགས་སམ་སྐུའི་རྒྱབ་ཏུ་རྫས་རྣམས་ཅུང་ཟད་བྱུགས་ན་ལེགས། ཐ་མ་རས་བྲིས་ཀྱང་མ་རྙེད་ཐབས་ཆག་པ་ནི་མིན་ཏེ། སྟེགས་བུ་ཅི་འཛོམ་ཞིག་ཏུ། དར་རམ་རས་སམ་ལྭ་བ་དམར་པོའི་སྟེང་དུ་ནས་ཀྱི་ཚོམ་བུ་དབུས་ཆེ་བ། ཕྱོགས་བཞིར་ཆུང་བ་བཀོད་པ་བྱའོ། །


CMR023_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྒྲུབ་ལ་ནི་དཀྱིལ་འཁོར་རྒྱས་བསྡུས་གསུམ་པོ་གང་རུང་གཅིག་མེད་ཐབས་མེད། ཕྱི་སྒྲུབ་གསང་སྒྲུབ་གཉིས་ལ་མེད་ཀྱང་ཐབས་མི་ཆག་གོ །སྒྲུབ་རྫས་ཀྱང་དེ་དང་འདྲའོ། །སྒྲུབ་གཞུང་ནས་བུམ་པ་མ་གསུངས་ཀྱང་། འདི་ཆོ་ག་དང་མཐུན་པར་ལེགས་པས། དཀྱིལ་འཁོར་གྱི་དབུས་སུ་མཉྫིའམ། ཤིང་ཁྲིའི་སྟེང་དུ་རིན་པོ་ཆེའི་སྣོད་དམ་སྡེར་གཙང་མ་ཆག་གས་མེད་པ་འབྲུས་བཀང་བའི་སྟེང་དུ་བུམ་པ་བཞག་སྟེ། ཟངས་བུམ་མེད་ན་བཙག་གིས་དམར་པོར་བྱུག །བིགྷཱན་གྱིས་བགེགས་བསྐྲད། ནང་དུ་བུམ་རྫ་ས་ཚང་མ་ཆུའམ་ཆང་གིས་སུམ་གཉིས་བཀང་། དར་སྣ་ལྔ་དང་སྐུད་པ་དམར་པོ་བདུན་རེ་ལ་ཧཱུྃ་བདུན་རེས་བསྔགས་ཤིང་མགྲིན་པ་བཅིང་། མེ་ཏོག་འབྲས་བུ་དམར་པོ་ཅན་ཤུག་པས་ཁ་རྒྱུན་ཀུ་ཤ་རྨ་བྱའི་མདོངས་ཡོད་ཀྱང་བཙུགས་པར་བྱའོ། །བུམ་པའི་སྟེང་དུ་མཉྫི་རྐང་རིང་ཡོད་དམ། མེད་ན་ཤིང་གི་ཨོ་བྱས་པའི་ཁར་བྷན་དཔྲལ་བ་རང་ལ་བསྟན་ནས་བཞག །དེར་ཆང་གིས་ཕྱེད་བཀང་བ་ལ་བདུད་རྩི་རིལ་བུ་བཏབ། དེའི་སྟེང་དུ་ཤིང་ཐུར་སྒྲིག་གྲོ་བས་དགབ་ལ་འཁོར་ལོ་མི་བང་བར་བྱས། དེའི་སྟེང་དུ་འཁོར་ལོ་འོག་མ་ཁ་ཡར་


CMR023_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཟེད་པའི་སྟེང་དུ། སྨན་སྣ་ཚོགས་འབྲུ་སྣ་ཚོགས་རིན་ཆེན་སྣ་ཚོགས་ལ་སྔར་གྱི་བདུད་རྩི་རིལ་བུ་དང་། པཉྩ་གམ་ཕྱེ་དང་མ་ཎི་རིལ་བུ་དང་། རིལ་ནག་མ་གང་རྙེད་མང་དུ་བསྲེས་པའི་རིལ་བུ་སྐམ་ཐག་ཆོད་ཅིང་ན་བཟའ་དམར་པོ་ཅན་སྲན་མ་ཙམ་མམ། རིལ་མ་ཙམ་ཅི་མང་སྤུངས། དེའི་གསེབ་ཏུ་ཨ་རུ་ར་གསེར་མདོག་གཅིག །འབྲུ་ལྔ། སྙིང་པོ་ལྔ། དར་སྣ་ལྔ། རིན་ཆེན་སྣ་ལྔ། ཟངས་འཁར་བ། བཟང་ཇ། གཡང་ཆེན་གྱི་མར། ཕྱུག་པོའི་ནས། གཡང་ཆེན་ཕྱུག་པོའི་རྟ་དྲེལ་ནོར་གྱི་གཡང་སྤུ། དེ་རྣམས་ཀྱིས་ཕྱུར་བུར་བཀང་ལ་དེའི་སྟེང་ནས་འཁོར་ལོ་གཅིག་དེས་དགབ། དེའི་སྟེང་ནས་དར་དམར་པོས་དགབ། དེ་སྟེང་ནས་མེ་ལོང་སིནྡྷ་རའི་དཀྱིལ་འཁོར་བཞག །ཡང་ན་ཐོད་པའི་ནང་དུ་འཁོར་ལོ་འོག་མ་བྲི། དེ་སྟེང་མར་གྱིས་ཞ་ལ་བྱས་ལ་ཆང་བླུག །རྫས་རྣམས་སྤུངས་ལ་དར་དམར་པོས་ཁ་བཅད། དེ་སྟེང་མེ་ལོང་ཆེན་པོའི་ངོས་མི་གསལ་བ་དེར་འཁོར་ལོ་སྟེང་མ་བྲིས་ལ་ཁ་བཅད། དེའི་སྟེང་དུ་སིན་ར་བཙག་ལ་གསེར་གྱི་སྙུ་གུས་ཆོས་འབྱུང་པདྨ་དང་བཅས་པ་དཔེའུ་རིས་ལྟར་བྲིས་ལ་བཞག །དེའི་སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག་ལ་ཐག་པ་རང་ངོས་སུ་


CMR023_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསྣར་ལ་བཞག་གོ །དེའི་ཕྱིར་དཀྱིལ་འཁོར་མཐར་ས་སྟེགས་ཀྱི་གྲུ་བཞི་དེར་མཆོད་པ་བཤམས་པའམ། ཕྱོགས་བཞིར་ཆུ་གཙང་། དབྱར་ཡིན་ན་མེ་ཏོག །དགུན་ཡིན་ན་ནས་ཏིང་གང་། སྤོས་ཐུར་སྤོས་ཤིང་། ནས་ཏིང་གང་ངམ་མར་ལ་བཙུགས་པ། མར་མེ། སྤོས་ཆུའམ་དྲི་ཆབ། ལྷ་བཤོས། དེ་རྣམས་ཕྱོགས་བཞིར་བཤམས་པ་མཁའ་འགྲོ་བཞིའོ། །གཙོ་མོའི་མཆོད་པ་ཤར་དུ་བཤམས་པའམ། ཡང་ན་གཙོ་མོའི་མཆོད་པ་ནི། ཤར་ལྷོར་མཆོད་ཡོན་དང་ཞབས་བསིལ། ལྷོ་ནུབ་ཏུ་མེ་ཏོག་དང་སྤོས། ནུབ་བྱང་དུ་མར་མེ་དང་དྲི་ཆབ། བྱང་ཤར་དུ་ཞལ་ཟས་དང་ཏིང་ཤག་བཤམས། ཕྱོགས་བཞིར་རིབ་ཐོད་པའམ་སྡེར། ཡང་ན་ཟངས་ལྕགས་ཀྱི་ཐེབ་ཙེ་ཆེ་བ་བཞི། དཀྱིལ་འཁོར་གྱི་ཆོས་འབྱུང་ཕྱི་རྡོ་རྭའི་ནང་ཙམ་དུ་གཙོ་མོའི་གཏོར་མ་སྟེ་ལྔ་པོ་ལ་ཡོད་ན་ཤ་ལྔས་སོ་སོར་བརྒྱན། མེད་ན་ཤ་སྣ་ཚོགས་ཚད་ཀྱིས་བརྒྱན་ཏེ། བསྔོས་ཤ་དང་རྦ་བ་ཤ་ཅན་ཐེག་མི་རུང་ལྷོ་ངོ་།མར་རྒྱན་ཡང་རིགས་ལྔའི་ཕྱག་མཚན་གྱི་ཡུ་བ་ཅན་གྲི་གུག་ཐོད་པ་མེ་འབར་བ་སོགས་མཛེས་པར་བྱའོ། །གཏོར་མ་དེ་དག་གཏའ་མར་བཟུང་བའི་ཚུལ་དུ་དང་པོ་ལན་གཅིག་བྲན་


CMR023_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒྲུབ་པ་གྲོལ་ཁོ་བར་མི་བསྔོ། མཆོད་པ་རྣམས་ཀྱང་ཞག་བདུན་ཕྲག་ཙམ་ལ་ཆུ་དང་ནས་ཁ་གསོ་ཙམ་ལས་མི་བརྗེ་སྟེ། སྒྲུབ་རྫས་ལྟ་བུ་ཡིན། དེ་དག་གི་སྟེང་ནས་དར་དམར་པོས་གུར་ཕུབ་པའི་ཚུལ་དུ་དགབ། དེ་ནས་དཀྱིལ་འཁོར་ས་སྟེགས་ཀྱི་རྒྱ་དང་མཉམ་པའི་ཤིང་བྲེ་ཞབས་ལྟ་བུས་བསྐོར། དེའི་སྟེང་ནས་རམ་ཆུང་བསྒྲིགས། མི་བྱི་བ་སོགས་ཀྱིས་མི་གནོད་པར་བྱ། གུར་དང་ཅོག་པུ་དང་། ཕུག་པ་སོགས་ཡིན་ན་གཏོར་ཁང་ཕུབ་པས་འཐུས། དཀྱིལ་འཁོར་གྱི་གཡས་སུ་དགའ་འཁྱིལ་དཀར་པོ། གཡོན་དུ་ཆོས་འབྱུང་དམར་པོ་བྲི་བ་ནི་རབ་རྡུལ་ཚོན། འབྲིང་རས་སམ་ཤོག་བུ་ལ་ཆུ་ཚོན། ཐ་མ་ནས་ཀྱིས་བྲིའོ། །དེ་ལ་དགའ་འཁྱིལ་སྟེང་དུ་ཚོགས་ཚོགས་ཤ་སོགས་ཟས་སྣ་ཅི་འཛོམ། གཡོན་ཆོས་འབྱུང་སྟེང་དུ་ཆང་སྣ་གང་འཛོམ། དཀྱིལ་འཁོར་མདུན་ཅོག་ཙེའམ་མཆོད་བཀྱག་གམ་གཞི་ཅུང་ཟད་བཏིང་བ་ལ། མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། མཚམས་འཛིན་མེ་ཏོག་རྣམས་བཤམ། མཆོད་པ་དེ་རྣམས་ནི་རབ་ཐུན་རེ་རེ་བརྗེ། འབྲིང་ཉིན་རེ་རེ་བརྗེ། ཐ་མ་ཡང་མཆོད་པ་ཁ་གསོ་ཙམ་ཉིན་རེ་ལ་བྱ། ཕུགས་གཏོར་བླ་མ་ཡི་


CMR023_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ལྔ་ཕྱི་རྒྱུད་པ། མཁའ་འགྲོ་སྤྱི་ཡི་གཏོར་མ་དང་བཅས་པ་ལེགས་པར་ལོགས་སུ་གཏོར་སྒམ་དུ་བཅས་ལ། རྒྱུན་དུ་གཏོར་བསྔོས་དུས་དེ་གསོ་བྲན་བྱེད། ཚོགས་ཕུད་ཀྱང་དེར་འབུལ། རང་གི་མལ་སའི་མདུན་དུ་ཅོག་ཙེའི་སྟེང་དུ། ནས་སྡེར་གང་གི་སྟེང་དུ་ལག་མཆོད་རྒྱུ་ཀ་པཱ་ལ་ཆང་གིས་བཀང་བ་བདུད་རྩི་རིལ་བུ་བཏབ་པ་དང་། རྡོར་དྲིལ་ཌཱ་མ་རུ་རྣམས་བཀོད། རང་དཀྱིལ་འཁོར་ལ་མདུན་ཕྱོགས་པས་ཁ་ནུབ་ཏུ་གྱུ་ལ་འདུག །རྒྱུན་དུ་གཏོར་མ་གསོ་བའི་མཐེབ་སྐྱུ་མང་པོ་དང་། ཉིན་རེ་ཚོགས་ཆུང་རེ་བྱ་བའི་ཚོགས་ཆུང་ཤ་ཆང་དང་བཅས་པ་མང་པོ་དང་། མཆོད་པ་བརྗེ་བའི་ནས་དང་ཆུ་མང་པོ་དང་། ལྷ་བཤོས་སྔོན་འགྲོ་གཏོར་མ་ཆོས་སྐྱོང་ལ་གཏོར་མ་འབུལ་བྱ་དམར་གཏོར་སོགས་དང་། གཞན་བཟའ་བཏུང་དང་། མལ་ཆའི་གོས་གཙང་མ་སོགས་ཕུན་སུམ་ཚོགས་པར་བྱ། གནས་དང་གོས་སྟན་སོགས་སྤོས་ཁ་ནས་ཕྱུང་། རང་ཉིད་ཀྱང་ཁྲུས་བྱས་ཀླུ་མལ་སྟན་འགུལ་དུ་མི་རུང་བས་ལེགས་པར་བཏིང་། སྟ་གོན་གྱི་རིམ་པ་དེ་ཐམས་ཅད་ནི་རྒྱས་པར་བྱེད་ན་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་གསུམ་པོ་ཁྱད་མེད་པར་བྱ། བསྡུས་པ་


CMR023_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ནི་ནང་སྒྲུབ་ལ་ནི་དེ་རྣམས་མེད་ཁ་མེད་ཡིན་ལ། ཕྱི་སྒྲུབ་དང་གསང་སྒྲུབ་གཉིས་བདག་བསྐྱེད་ཁོ་ན་ལ་བརྟེན་ཡང་རུང་བས། དེའི་ཚེ་གཏོར་བསྔོས་བྱེད་པའི་གཏོར་མ་དང་། ནང་མཆོད་དམིགས་རྟེན་ཞལ་ཐང་ཙམ་གྱིས་ཀྱང་ཆོག་སྟེ། མཚུར་ཕུ་འཇམ་དབྱངས་པས་ཡང་ན་ཚོམ་བུའམ། རས་བྲིས་སམ། སྐུ་གཟུགས་ལྟ་བུའི་དམིགས་རྟེན། ཡང་ན་ཏིང་འཛིན་གྱི་མཆོག་ཡིན། ཞེས་གསུངས་པའི་ཕྱིར་རོ། །སྒྲུབ་ཐབས་སྟ་གོན་གྱི་ཟིན་བྲིས་ཁྱེར་བདེ་བ་༧ ཀརྨ་ཨ་རཱ་གས་བྲིས་པ་ལ། འགལ་བ་མཆིས་ན་འཆགས་ཤིང་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བར་བགྱིའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་སྒྲུབ་པའི་སྟ་གོན།next