Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣལ་འབྱོར་མའི་ཕྱི་སྒྲུབ་ཟིན་བྲིས།
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣལ་འབྱོར་མའི་ཕྱི་སྒྲུབ་ཟིན་བྲིས།next

རྡོ་རྗེ་རྣལ་འབྱོར་མའི་ཕྱི་སྒྲུབ་ཟིན་བྲིས།


CMR023_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཝ་ར་ཧི་ཡེ། ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་སྒྲུབ་ཀྱི་ཕྱག་ལེན་ལ། བཅའ་གཞི་རྣམས་ཚར་ནས་སྔོན་འགྲོའི་གཏོར་མ་ནི་མཚམས་དང་པོ་བསྡམ་དུས་བཟང་བ་གཅིག་བཏང་ནས་རྒྱུན་དུ་མ་བཏང་ཡང་རུང་མོད། ནང་རེ་རེ་རེ་བཞིན་བཏང་ན་བར་ཆད་མི་འབྱུང་བས་ལེགས། དེ་ཡང་བདག་བསྐྱེད་གཞུང་ལྟར་ཡིན་མོད་ཀྱང་། ཅུང་ཟད་གོ་དཀའ་བ་རྣམས་དཀྲོལ་ན། ལས་བུམ་མི་དགོས་པ་ནི་ནང་མཆོད་ཀྱི་ལས་བུམ་གོ་ཆོད་ཡིན། སྔོན་འགྲོ་གཏོར་མ་ནི་ནང་མཆོད་ཀྱིས་བྱིན་རླབས་ཆོག་པའི་དོན། གསང་སྔགས་བླ་མེད་ལུགས་ལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གདོད་ནས་དཔའ་བོ་དང་རྣལ་འབྱོར་མའི་རང་བཞིན་དུ་རྣམ་པར་དག་པའི་དོན་ཡིན། མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས་ཟེར་བའི་སོགས་བསྐང་ནི། གང་ཞིག་སྔགས་རིང་ནང་ན་ཡོད་པ་ལྟར། སརྦ་ནི་ཐམས་ཅད་སྤྱི་སོར་བྱས་ནས། ཡཀླུ་གནོད་སྦྱིན་ཐམས་ཅད། རཀྵ་ས་སྲིན་པོ། བྷུ་ཏ་འབྱུང་པོ། སྡེ་ཏ་ཡི་དྭགས། པི་ཤ་ཙ་ཤ་ཟ། ཨུདྨ་ད་སྨྱོ་བྱེད། སྨ་ར་བརྗེད་བྱེད། ཀླུ་ཀ་མཁའ་འགྲོ། ཌཱཀི་མཁའ་འགྲོ་མ་ཐམས་ཅད་སྟེ་དེ་ཐམས་ཅད་ལ་བསྔོས་པས། གཞི་བདག་ནི་འབྱུང་


CMR023_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན། བཙན་བདུད་རྒྱལ་འགོང་སོགས་ནི་ཡི་དྭགས། མོ་གདོན་རྣམས་ཤ་ཟ་མཁའ་འགྲོ་སོགས་ཡིན་པས། སྔོན་འགྲོ་དཀར་བགེགས་གཉིས་ཚང་བའོ། །འོག་ཐམས་ཅད་རྡོ་རྗེའི་ས་གཞི་སོགས་གཞུང་གི་དམིགས་པ་དེ་ཉིད་བསྡུས་པ་ཡིན། རྒྱས་པར་འགྲུབ་ན་བར་ཆད་མི་འབྱུང་བའི་གནད་ཟབ་པས། རྡོ་རྗེའི་རྭ་གུར་སྔོན་པོ། དེའི་ཕྱི་རོལ་དུ་འཁོར་ལོའི་གུར་དཀར་པོ། དེ་རྒྱབ་རིན་པོ་ཆེའི་གུར་སེར་པོ། དེ་རྒྱབ་པདྨའི་གུར་དམར་པོ། དེ་རྒྱབ་སྣ་ཚོགས་རྡོ་རྗེའི་ཡུ་བ་ཅན་གྱི་རལ་གྲིའི་རྩེ་ཕྱིར་བསྟན་པའི་གུར། དེ་རྒྱབ་སའི་གུར་སེར་པོ། དེ་རྒྱབ་ཆུའི་གུར་དཀར་པོ། དེ་རྒྱབ་རླུང་གི་གུར་ལྗང་གུ། དེ་རྒྱབ་མེའི་གུར་ཁ་དོག་སྣ་ཚོགས་པ་སྟེང་འོག་ཕྱོགས་མཚམས་ཁྱབ་པ། སྲ་ཞིང་བརྟན་པ་ཡངས་ཤིང་རྒྱ་ཆེ་བ། བར་མཚམས་མེད་པར་སྒོ་ང་ལྟ་བུ་དེའི་ནང་དུ་བསྲུང་བྱ་ཡོན་བདག་གྲུ་རིས་སོགས་ཚུད་པར་བསྒོམ། སྲུང་འཁོར་དགུ་རིམ་ཡིན་ནོ། །དེ་ནས་གོང་ལྟར་གཏོར་མ་བྱིན་བཀའ་བསྒོས་ཀྱང་མི་ཉན། སྲུང་འཁོར་བསྒོམས་པས་ཀྱང་མི་བརྟན་པའི་བགེགས་གདུག་པ་ཅན་རྣམས་ཚར་གཅོད་པའི་ཕྱིར་དུ། རང་གི་ཐུགས་ཀ་ནས་སྒོ་མ་དྲུག་གི་སྐུ་ཆེ་ཕྲ་སྣ་ཚོགས་སེར་རྒོད་བབ་པ་


CMR023_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཕྲོས་པས། ཕྱོགས་བཞི་དང་སྟེང་འོག་གི་བགེགས་ཐམས་ཅད་ཚར་བཅད། གཡོན་ཕུར་བུས་བཏབ་ཅིང་གཡས་རྡོ་རྗེའི་ཐོ་བས་བརྡུངས་བས། ལུས་ངག་ཡིད་གསུམ་ཆོས་ཉིད་དུ་བསྟིམ། བགེགས་ལྷག་མ་རྣམས་རྒྱ་མཚོའི་ཕ་རོལ་དུ་བསྐྱེད་ནས། སྒོ་མ་རྣམས་ཕྱོགས་སོ་སོའི་སྲུང་འཁོར་རྭ་གུར་ལ་ཐིམ་པ་སྲ་ཞིང་བརྟན་པར་བསྒོམ། ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་སོགས་ནས་ཧཱུྃ་ཕཊ་སྭཱ་ཧཱའི་བར་བརྗོད་དོ། །ཚོགས་མང་དུས་མཆོད་གཡོག་པས་ཞུ་རྒྱུ་འདི་ཡང་རང་གི་ཐུགས་ཀ་ནས་བདག་ཐ་མལ་པའི་ལུས་གཅིག་སྤྲུལ་ནས། གསོལ་བ་བཏབ་པར་བསྒོམས་ལ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ་སོགས་བརྗོད། མཆོད་པ་བྱིན་རླབས་ནི་གཞུང་བཞིན་གསལ། དེ་ནས་སྐད་ཅིག་གིས་མདུན་གྱི་ནམ་མཁར་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་ལ་བཀའ་བརྒྱུད་བླ་མས་བསྐོར་བ། མདུན་དུ་རྡོ་རྗེ་ཕག་མོ་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས། གཡས་སུ་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་སངས་རྒྱས་སྟོང་་། རྒྱབ་ཏུ་ཆོས་དཀོན་མཆོག་པོ་ཏི་གླེགས་བམ། གཡོན་དུ་ཉེ་སྲས་བརྒྱད་ལ་དགེ་འདུན་དཀོན་མཆོག་གིས་བསྐོར་བ་གསལ་བཏབ་ནས། དེའི་དྲུང་དུ་སྐྱབས་འགྲོ་སེམས་བསྐྱེད་


CMR023_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བའི་མོས་པས། བདག་དང་ནམ་མཁའི་ཞེས་པ་ནས། ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་པའི་བར་གཞུང་ལྟར་སྐྱབས་ཡུལ་རང་ལ་བསྟིམ། མདུན་གྱི་ནམ་མཁར་ཞེས་སོགས་ཚོགས་རྟེན་སྤྲུལ་པ་འདི་ལ། མདུན་དུ་དཀྱིལ་འཁོར་རྒྱས་པར་ཡོད་ན་དེ་ཉིད་ལ་གསལ་འདེབས་པར་བྱ་ཞིང་། དཀྱིལ་འཁོར་མེད་ན་ནམ་མཁར་བསྒོམ་པ་ཡིན་ནོ། །དེ་ཡང་ཕག་མོའི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་རྩ་བའི་བླ་མ་རྡོ་རྗེ་འཆང་ལ་ཟུང་འཇུག་བརྒྱུད་པའི་བླ་མས་བསྐོར་བ་བསྒོམ་ལ་སྤྱན་འདྲེན་མཆོད་བསྟོད་གཞུང་ལྟར་བྱའོ། །དེ་ནས་བླ་མ་བརྒྱུད་པ་དང་། ཡི་དམ་ཆོས་སྐྱོང་མ་མགོན་དཀྱིལ་འཁོར་གྱི་མཐའ་བར་ཁྱམས་སུ་བཞུགས་པ་ཡན་ཆད་ལ་སོ་སོར་གསོལ་བ་བཏབ་རིམ་གྱིས། ལྷ་ཚོགས་དེ་རྣམས་སོ་སོའི་ཐུགས་ཀ་ནས་ངོ་བོ་ཡེ་ཤེས་ལྔ་ཡིན་པ་ལ། རྣམ་པ་ཡེ་ཤེས་ཁ་དོག་ལྔ་བྱུང་ནས། དཀར་པོ་རང་གི་དཔྲལ་བར་ཐིམ་པས་གཏི་མུག་གི་སྒྲིབ་པ་དག་སྐུའི་དབང་དང་བྱིན་རླབས་ཐོབ། དམར་པོ་མགྲིན་པར་ཐིམ་པས་འདོད་ཆགས་ཀྱི་སྒྲིབ་པ་དག་གསུང་གི་དབང་དང་བྱིན་རླབས་ཐོབ། །སྔོན་པོ་སྙིང་གར་ཐིམ་པས་ཞེ་སྡང་དག་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། སེར་པོ་ལྟེ་


CMR023_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐིམ་པས་ང་རྒྱལ་དག་ཡོན་ཏན་གྱི་དབང་དང་བྱིན་རླབས་ཐོབ། ལྗང་གུ་གསང་གནས་སུ་ཐིམ་པས་ཕྲག་དོག་དག་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ་པར་བསྒོམ། གསོལ་འདེབས་ཀྱི་མཇུག་ཏུ་རང་ཉིད་ཕག་མོ་ལྔ་ཡི་རང་བཞིན་དུ་གྱུར་པར་བསྒོམས་ལ། ཚོགས་ཞིང་རང་གི་སྙིང་གར་བསྟིམ། དེ་ནས་ཚད་མེད་བཞི་འདི་ནི་སྔགས་ལུགས་ཡིན་ལ། །བདག་ཉིད་ལས་འོད་ཟེར་སྔོན་པོ་རྡོ་རྗེ་མཁའ་འགྲོའི་ཚོགས་ནམ་མཁའ་ཁྱབ་པར་འཕྲོས་པས་སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་པ་དང་ལྡན་པར་བྱས། འོད་ཟེར་སེར་པོ་རིན་ཆེན་མཁའ་འགྲོའི་ཚོགས་འཕྲོས་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྡིག་སྒྲིབ་དང་བྲལ་བར་བྱས། འོད་ཟེར་དམར་པོ་པདྨ་མཁའ་འགྲོའི་ཚོགས་འཕྲོས་པས་སེམས་ཅན་ཐམས་ཅད་བདེ་བ་དམ་པ་དང་མི་འབྲལ་བར་བྱས། འོད་ཟེར་ལྗང་གུའི་ལས་ཀྱི་མཁའ་འགྲོའི་ཚོགས་འཕྲོས་པས་སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཚད་མེད་པ་ལ་བཀོད་ནས། ལྷ་མོ་དེ་རྣམས་ཚུར་འདུས་རང་ལ་ཐིམ་པར་བསྒོམ་མོ། །དེ་ནས་སྭ་བྷ་ཝ་བརྗོད་པས་ཕྱི་གཟུང་བའི་ཡུལ་ས་རྡོ་རི་བྲག་ཁང་ཁྱིམ། གཟུགས་


CMR023_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་གི་སེམས་ལས་གཞན་དུ་མ་གྲུབ། ནང་འཛིན་པའི་སེམས་ཉིད་ཀྱང་ཡེ་ནས་ཡོད་མེད་སྐྱེ་འགག་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག །དེ་མི་ན་སྟོང་ཉིད་ནམ་མཁའ་ལྟ་བུར་གྱུར་སྙམ་པའི་མོས་པ་བྱའོ། །དེ་ནས་ཆོས་འབྱུང་སྒོམ་པ་འདི་ལ་བཞེད་པ་མི་མཐུན་པ་མང་ན་ཡང་། སློབ་དཔོན་གྱི་ཞལ་ཁྲིད་ནི་ཕྱི་རྡོ་ར་མེ་རི་སོགས་སྲུང་འཁོར་ནི་དབྱིབས་སྒོ་ང་ལྟ་བུ། ཐོད་ར་ནི་དུར་ཁྲོད་ཀྱི་མཚོན་བྱེད་ཡིན་པས་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་པདྨ་འདབ་མ་སྟོང་ལྡན་རྒྱས་པའི་ཟེའུ་འབྲུ། ཆོས་འབྱུང་འོག་མའི་ཟུར་གཅིག་འོག་ཏུ་ནུབ་པའི་སྟེང་གདན་ཐབས་སུ་གནས་པ། དེའི་དབུས་སུ་ཆོས་འབྱུང་སྟེང་མའི་ཟུར་གཅིག་ཟུག་པ་ནི། རྩ་བ་ཕྲ་བ་ཐུར་དུ་ཟུག་པ་ནི་ཟེར་བ་ཡང་ཕྱེད་མན་ཆད་འོད་ཀྱི་གུར་ཐབས་སུ་བྱས་པའི་གདན་ཐབས་སུ་ཡོད་པ། དེ་མན་ཆད་ཕྱི་དཀར་ནང་དམར་བ་གཞལ་ཡས་ཁང་གི་རྣམ་པར་གུར་ཕུབ་པ་ལྟ་བུ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་ནི་ཁང་ཐོག་ལྟ་བུ་བསྒོམ་པ་ཡིན། དེ་ཡང་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་ཙམ་བསྒོམ་སྟེ། ཁམས་གསུམ་ཐམས་ཅད་ཡེ་ནས་རྣམ་དག་ཆོས་ཀྱི་དབྱིངས་ན་ཆོས་ཀྱི་འབྱུང་གནས་སུ་ཡེ་


CMR023_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་ཏེ་གསལ་འདེབས་པ་ཡིན་ཏེ། ཆོས་ཐམས་ཅད་ཆོས་ཀྱི་སྐུར་རོ་གཅིག་པ་མཚོན་ཕྱིར་ཞལ་གཅིག་སོགས་རྣམ་པར་དག་ཚུལ་འདི་དང་པོ་ནས་བསྒོམ། འདི་སྟབས་འཇུག་པ་བདེ་ཞིང་ཟབ་པ་ཡིན། གཞན་རྣམས་ནི་བསྐྱེད་རིམ་ཚར་རྗེས་རྣམ་དག་ལྷར་བསྒོམ་པ་ནི་འཇུག་མི་བདེ་ཞིང་འདོན་བྱ་མང་བར་འགྱུར་རོ། །དེ་ཡང་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་གཟུགས་ལྟར་ངོས་བཟུང་མེད་ཅིང་གསལ་བ། མེ་ལོང་གི་གཟུགས་བརྙན་ལྟར་སྤུ་རིས་དོད་པར་བསྒོམ། དེ་རྩལ་སྦྱང་ཕྱིར་རེས་འགའ་སྟོང་གསུམ་ཁྱབ་པའི་སྐུ། རེས་འགའ་རི་རབ་དང་རི་ཕྲན་ཙམ། རེས་འགའ་རང་ལུས་ཙམ། རེས་འགའ་ཡུངས་འབྲུ་ཙམ་དུ་བསྒོམ་པར་བྱའོ། །དེ་ཡང་སེམས་ངོ་སྟོང་ཉིད་ཀྱི་གཤིས་མ་ཤོར་བའི་ངང་ནས་བསྒོམ་ཐུབ་ན་རབ་བསྐྱེད་རྫོགས་ཟུང་འཇུག་གོ །ལུས་ལ་ལྷ་བྷེ་པ་ནི་ཕྱི་སྒྲུབ་འདི་ལ་རྩ་འདབ་མི་སྒོམ་པར་ལྷ་བྷེ་པའོ། །དེ་ནས་གསང་གནས་ཀྱི་སྔགས་འཁོར་བྷེ་པ་ནས་ཡེ་ཤེས་པ་སྤྱན་འདྲེན་བར་ནི་གཞུང་ལྟར་ཡིན་ལ་ཕྱི་སྒྲུབ་སྐབས་འདིར་མདུན་བསྐྱེད་ནི་བསྒོམ་མི་དགོས་པས། རྒྱས་པར་འདོད་ན་ཧཱུཾ་སྣང་བ་ཆོས་སྐུའི་གཞལ་ཡས་ནས། ཞེས་སོགས་


CMR023_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་གསོལ་སྔགས་མཆོད་ཡན་ཆད་སྐབས་འདིར་སྦྱར་ན་ལེགས། མ་སྦྱར་ན་ཡང་རུང་སྟེ། མདུན་གྱི་དམིགས་རྟེན་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་བསྒོམ། དམིགས་རྟེན་མེད་ན་ནམ་མཁར་བཞུགས་པར་བྷེ། དེ་རྣམས་ཀྱི་སྐུ་ལ་ཞེས་སོགས་དམིགས་པ་དེ་ཁོ་ན་བསྒོམ་ཞིང་སྔགས་སྟོང་ཕྲག་ཙམ། དེ་རྣམས་ཀྱི་གསུང་ལས་སྔགས་ཞེས་སོགས་དམིགས་པ་དེ་ཁོ་ན་བསྒོམ་ཞིང་སྟོང་ཕྲག་ཙམ། དེ་རྣམས་ཀྱི་ཐུགས་ལས་ཞེས་སོགས་དམིགས་པ་དེ་ཁོ་ན་བསྒོམ་ཞིང་སྟོང་བཟླས། དེ་ནས་མདུན་གྱི་རྡོ་རྗེ་མཁའ་འགྲོ་རྣམས་རང་གི་སྤྱི་བོར་རྡོ་རྗེ་མ་ལ་ཐིམ། རིན་ཆེན་མཁའ་འགྲོ་རྣམས་མགྲིན་པ་དང་པདྨོར་ཐིམ། ལས་ཀྱི་མཁའ་འགྲོ་རྣམས་ལྟེ་བར། གཙོ་མོ་དང་སངས་རྒྱས་མཁའ་འགྲོ་རྣམས་རང་ལུས་སྤྱི་ཁྱབ་ལ་ཐིམ་པར་བསྒོམ་སྟེ། །དམིགས་པ་འདིས་ནི་ཡེ་ཤེས་པ་གཞུག་པ་ཡིན། བྱིན་རླབས་ཞུ་བ་ཡང་ཡིན། དབང་བསྐུར་བ་ཡང་ཡིན་པའི་ཕྱིར། འདི་ལ་དབང་བསྐུར་གཞན་དུ་མ་གསུངས་པའོ། །དེ་ནས་རང་གི་གསང་གནས་སུ། ཆོས་འབྱུང་དམར་པོ་གདན་ཐབས་བསྣོལ་མ། པདྨ་དང་ཉི་མའི་དབུས་སུ་ཧཱི༔ཡིག་དམར་པོ་ཚེག་དྲག་རིང་ཆ་དང་བཅས་པ་བྱི་རུའི་མདོག་


CMR023_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེངས་ཏེ་གནས་པ། ཧཱིཝཡིག་ཚེག་དྲག་རྒྱབ་ཏུ་བསྟན་ཅིང་ཡིག་མགོ་ས་མདུན་དུ་བསྟན་པ། དེའི་མཐའ་མ་ལ་མདུན་ནས་བརྩམས་ཏེ་གཡོན་སྐོར་དུ་ཡི་གེ་མདུན་ངོས་སུ་ཧྲིལ་བསྟན་ཏེ་བཀོད་པའི་སྭ་ཧཱ་མདུན་དུ་ཡོད་པར་བྷེ་ལ་གསལ་བཏབ། དེ་ནས་སྔགས་ཕྲེང་མི་འཁོར་བར། འོད་ཟེར་དམར་པོ་གཅིག་མགལ་མེ་ལྟར་གཡོན་དུ་འཁོར་བར་བསམ། དེ་ཡང་དང་པོ་དལ་བུས་དེ་ནས་ཇེ་མགྱོགས་སུ་འཁོར་ཞིང་། མཐར་ཤིན་ཏུ་མགྱོགས་པར་མི་འཁོར་མི་མཐོང་བ་ཙམ་དུ་འཁོར་བར་བྷེ་ལ། ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧཱུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྟོང་ཕྲག་ཙམ་བཟླས་ཏེ། སྔགས་འདི་ནི་བདེ་མཆོག་གི་རྒྱུད་ཆེན་པོ་དུ་མ་ནས་གསུངས་པས་ཡིད་ཆེས་ཁུངས་བཙུན། དེ་ཡང་མ་བུལ་བ། མ་མགྱོགས་པ། སྐད་ཆེ་ཆུང་བུང་བའི་སྐད་ཙམ་དུ་བཟླ་བར་བྱ་ཞིང་། ཕྱི་སྒྲུབ་འདི་བཟླས་པ་གཙོ་ཆེ་བས་ཡིད་བཟླས་སོགས་མི་བྱ། སྔགས་སྒྲ་དག་པ་གལ་ཆེའོ། །དེ་ནས་སྔགས་འཁོར་ས་བོན་དང་བཅས་པ༔ སྐུ་ལུས་ལུས་ལྷ་དང་བཅས་པ། འོད་ཟེར་ཁ་དོག་སྣ་ཚོགས་དམར་པོ་ཤས་ཆེ་བ་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཆོད་པའི་སྤྲིན་སྣ་ཚོགས་སྤྲོས་


CMR023_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མཆོད་པས་ཤིན་ཏུ་མཉེས་པར་བྱས། འོད་ཟེར་དེས་འཇིག་རྟེན་ཐམས་ཅད་ཁྱབ་པས་སྣོད་ཀྱི་འཇིག་རྟེན་ཆོས་འབྱུང་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མཐུ་ནུས་ཡོན་ཏན་ཐམས་ཅད་རྗེ་བཙུན་མ་ལྷ་ལྔའི་རང་བཞིན་དུ་བྱས། དེ་ཐམས་ཅད་ཀྱིས་སྔགས་སྒྲ་འུར་དི་རི་རི་འདོན་རོགས་བྱེད་པར་བྷེ་པས་སྔགས་གྲངས་ཆད་ལྷག་ཁ་ཡང་གང་འགྱུར་ཆེའོ། །དེ་ནས་འོད་ཟེར་དེས་བསྡུས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། འགྲོ་བ་སྣོད་བཅུད་ཐམས་ཅད་ཀྱི་མཐུ་ནུས་ཡོན་ཏན་ཐམས་ཅད་རྗེ་བཙུན་མའི་གཙོ་འཁོར་གྱི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་ཀར་ཙམ་དཔག་ཏུ་མེད་པ། གསུང་ཧྲིཡིག་དམར་པོ་དང་། ཐུགས་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་ཆར་བབ་པ་བཞིན་ཕྱོགས་ཐམས་ཅད་ནས་ཕྱུང་སྟེ། རང་ལ་སིབ་སིབ་ཐིམ་པར་བྷེ་ལ། སྔགས་སྟོང་ཕྲག་ཡན་ཅི་ནུས་བཟླའོ། ༈ །དེ་ནས་གསང་གནས་ཀྱི་སྔགས་འཁོར་བཞི་པ་ལས། འོད་ཟེར་ཁ་དོག་སྣ་ཚོགས་ཡར་འཕྲོས་ལྟེ་བའི་ལས་ཀྱི་མཁའ་འགྲོ་གཙོ་འཁོར་རྣམས་ལ་ཕོག་པས་རང་དབང་མེད་པར་སྔགས་བཟླས། དེ་བཞིན་དུ་སྙིང་


CMR023_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གར་པདྨ་མཁའ་འགྲོ་གཙོ་འཁོར། མགྲིན་པར་རིན་ཆེན་མཁའ་འགྲོ་གཙོ་འཁོར། སྤྱི་བོར་རྡོ་རྗེ་མཁའ་འགྲོ་གཙོ་འཁོར་རྣམས་འོད་ཟེར་དེས་བསྐུལ་ནས་སྔགས་སྒྲ་སྒྲོག་ཅིང་སོ་སོའི་ཐུགས་ཀའི་ཡིག་འབྲུ་གསལ་བཏབ། འོད་ཟེར་དེ་ཡར་འཁྱིལ་རང་གི་སྣ་བུག་གཡས་ནས་ཐོན་ཏེ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་ཡུལ་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་ན་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མཐུ་ནུས་ཐམས་ཅད། འོད་ཟེར་ཁ་དོག་སྣ་ཚོགས་དག་གི་རྣམ་པར་བསྡུས་ནས་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ། ལུས་ཀྱི་མཁའ་འགྲོ་བཞི་དང་གསང་གནས་སྔགས་འཁོར་ལ་ཐིམ་པར་བྷེ་ཞིང་། གོང་དུ་བཻ་རོ་ཙ་ནཱིའི་སྔགས་ཅི་ཙམ་བཏོན་པའི་བཅུ་ཆ་སྟེ། དཔེར་ན་སྟོང་བཏོན་ན་འདི་ལ་བརྒྱ་འདོན་ནོ། །ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཧ་རི་ནི་ས་འདི་བསྒོམ་པ་དུམ་བུའི་རྒྱུད། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད། ཕག་མོ་མངོན་འབྱུང་རྒྱས་པ་དང་། རྙིང་མའི་རྒྱུད་སྡེ་ཆེན་པོ་དུ་མ་ནས་གསུངས་པས། རྒྱུད་ནས་མ་གསུངས་ཟེར་


CMR023_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོས་པ་ཆུང་བ་སྟེ། འདི་མདའི་མདེའུ་ལྟར་ཤིན་ཏུ་རྣོ་བ་ཡིན་ནོ། ༈ །དེ་ནས་ཐུན་མཚམས་ནས་ལག་མཆོད་ཕྱི་སྒྲུབ་འདི་བདག་བསྐྱེད་ཡིན་ཕྱིར་བདག་བསྐྱེད་མཆོད་པ་ཡིན་ནོ། །ལག་མཆོད་ནི་གཞུང་ན་གསལ་ལྟར་ལས། བདུད་རྩི་གཏོར་འབུལ་རྒྱས་པར་སྤྲོ་ན་ཟུང་འཇུག་བརྒྱུད་མཚན་ཞབས་སུ་ཨོཾ་ཨཱཿཧཱུྃ་བཏག་ཅིང་གཏོར་བ་སྟེ། བདུད་རྩི་གཏོར་བའི་ཟེགས་མ་ལས། མཁའ་འགྲོ་མ་དམར་མོ་ཕྱག་གཉིས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཀཱ་པ་ལ་ཐོགས་ཏེ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་སྐད་ཅིག་གིས་ནམ་མཁའ་གང་བར་དམིགས་ཏེ་མཆོད་པ་དང་། སྔར་ནས་སེམས་ཅན་ཐམས་ཅད་ཌཱཀི་ལྔའི་སྐུར་བསྒོམ་པ་དེ་ཐམས་ཅད་མཆོད་པར་བསྒོམ། རང་གི་ལྕེ་ལ་བཞག་པའམ། ཆང་ཡོད་ན་བྷན་དེ་བྱ་ལ་རིང་གིས་བཏུང་སྟེ། རང་ལུས་ལ་བསྒོམ་པའི་ལྷ་ཚོགས་རྣམས་མཆོད་པར་བྷེ། འདུལ་ཁྲིམས་གཙང་མ་བསྲུང་བ་ཡིན་ཀྱང་འདི་ལྟ་བུའི་ཆང་གི་བླ་གང་བཏུང་བ་ལ་ཉེས་པ་མེད་ཅིང་ཕན་ཡོན་ཐོབ་ངེས་སོ། །དེ་ནས་གཏོར་མ་ཕུགས་གཏོར་དེ་གསོ་བྲན་བྱས་ལ། བདུད་རྩི་ལྟར་བྱིན་རླབས་ཏེ། རང་ལུས་ཙོག་པུར་བྱས་རྐང་པ་གཡས་པའི་མཐིལ་གྱིས་རྐང་ལྡེབ་གཡོན་མནན།


CMR023_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྤྲད་པ་དེ་གཅིག་ནང་དེར་བཅུག་པ་ལུ་གུ་རྒྱུད་ལྕགས་སྒྲོག་ལྟར་ལ་གུང་མོ་གཉིས་རྩེ་གཏུག །གཞན་རྣམས་མེ་རི་འབར་བ་ལྟར་གཟེངས་བ་འབར་བའི་ཕྱག་རྒྱ་ཞལ་ཁྲིད་ཡིན་པས། དེ་རང་གི་དཔྲལ་བའི་ཐད་དུ་གཡོན་དུ་བསྐོར་ཞིང་མིག་ནམ་མཁར་བལྟས་པས། ཕོ་ཕེ། ཞེས་བརྗོད་པས་ཡེ་ཤེས་པ་དང་གཏོར་མགྲོན་སྤྱན་འདྲེན་བདེ་མཆོག་དང་ཕག་མོའི་རྒྱུད་ཐམས་ཅད་ནས་གསུངས་པ་ཡིན་པས་སྤྱན་འདྲེན་གཞན་མི་དགོས། དེའི་ཚེ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ཆ་ཚང་བ་སྟེང་དུ་བཀའ་བརྒྱུད་བླ་མའི་ཚོགས། བར་དུ་ཡི་དམ་ལྷ་ཚོགས། མཐའ་ཡི་དུར་ཁྲོད་ལ་ཆོས་སྐྱོང་དང་ཞིང་སྐྱོང་གི་ཚོགས་ཐམས་ཅད། སྐད་ཅིག་སྤྱན་དྲངས་ནས་ནམ་མཁར་བཞུགས་པར་བསྒོམས་ལ། རྒྱས་པར་ན་གསང་སྔགས་ནང་གཏོར། མ་དག་མ། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ། བཀའ་བརྒྱུད་བླ་མའི་ཐུགས་དམ་དང་། ཞེས་སོགས་བསྐང་ཐུང་དང་བཅས་པ་བྱ། བསྡུས་པ་ཕག་མོ་རང་གཞུང་གི་གཏོར་བསྔོས་གཅིག་པུས་ཆོག །དེ་ནས་གཏོར་མགྲོན་ཡེ་ཤེས་པ་རྣམས་བདག་ཉིད་ལ་ཐིམ་པའམ། འཇིག་རྟེན་པ་རྣམས་བཛྲ་མུཿ ཞེས་


CMR023_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་སུ་སོང་བར་བསམ། དེ་ནས་ཕྱི་རོལ་སྣོད་བཅུད་གཞལ་ཡས་ཁང་ཞེས་སོགས་ནས་སྟོང་པ་ཉིད་དོ་ཞེས་ཡུན་ཅུང་ཟད་ཕྱག་རྒྱ་ཆེན་པོ་བསྒོམ། སླར་ཡང་དེ་ཉིད་ཀྱི་ངང་ཞེས་སོགས་ནས་གསལ་བར་གྱུར་གྱི་བར། གཞུང་ལྟར་ཟུང་འཇུག་གི་སྐུར་ལྡང་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་བ་སྨོན་ལམ་བྱ། ཐུན་མཚམས་ནས་འདིར་གཞན་བྱ་བ་གང་དགོས་དང་། ཆག་མི་རུང་བའི་དགེ་སྦྱོར་རྣམས་བྱ། ངག་རྒྱུན་དུ་མ་བཏང་ན་མཆོག་ཡིན། ཅིས་ཀྱང་བཏང་དགོས་ན་ཐུན་མཚམས་ནས་འདིར་ངག་བཏང་རུང་། དེ་མན་ཐུན་གཅིག་བྱ་ཚུལ་ཡིན་ཏེ། སྔ་དྲོ་ཐུན་གཉིས། ཕྱི་དྲོ་ཐུན་གཉིས། སྲོད་ཐོ་རངས་གཉིས་དང་ཐུན་དྲུག་གམ། སྔ་དྲོ་དགོང་མོ་ཉིན་ཕྱེད་སྲོད་ཐུན་དང་བཞིའོ། །སྔ་དྲོ་ཐུན་གཅིག །ཕྱི་དྲོ་ཐུན་གཅིག །མཚན་ཐུན་གཅིག་དང་གསུམ་སོགས་གང་འདོད་བྱ་རུང་ངོ་། །དེ་ཡང་བསྐྱེད་རིམ་མི་བརྟན་ཅིང་སྤྲོས་པ་ལ་དགའ་ན་ཐུན་མོང་བར་བྱའོ། །བསྐྱེད་རིམ་བརྟན་ཅིང་སྤྲོས་པ་ལ་མི་དགའ་ན་ཐུན་ཉུང་བར་བྱའོ། །ལར་ཐུན་བཞི་ནི་ཡོངས་སུ་གྲགས་པ་ཡིན་པས་ལེགས་པ་ཡིན་ནོ། །ཕྱི་སྒྲུབ་འདི་ལ་མདུན་


CMR023_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མི་དགོས་ཏེ། ཡར་མར་གྱི་ཚེས་བཅུ་དང་གློ་བུར་ཚོགས་མཆོད་ཞུ་བ་སོགས་བྱུང་ན་ཐུན་མཚམས་སུ་མདུན་བསྐྱེད་མཆོད་བཞི་བསྟོད་བཞི་ཚོགས་དང་བཅས་པ་བྱ། རྗེས་ཆོག་ནི་སྒྲུབ་པ་གྲོལ་དུས་བར་མི་བྱའོ། །དེ་བཞིན་དུ་མགོན་པོའི་མཚལ་མ་དང་ཟུར་མང་ལུགས་ཀྱི་ཕག་མོའི་བསྐང་བ་གཏོར་འབུལ་སོགས་འདོད་ན་ཐུན་མཚམས་སུ་བྱ་རུང་སྟེ། རང་གཞུང་གི་སྔགས་དམིགས་པ་ཉིད་ལ་ཕུར་ཚུགས་བྱས་ན་ཟབ་བོ། །ཕྱི་སྒྲུབ་འདི་ལ་ཟླ་བ་གསུམ་མམ། ཟླ་གཅིག་གམ། ཞག་ཉེར་གཅིག་གམ། ཞག་བདུན་བྱ་བ་དུས་ཀྱི་བསྙེན་པ། འབུམ་ཕྲག་བཅུ་བདུན་ནམ། འབུམ་ཕྲག་བཅུ་གཉིས་སམ། འབུམ་ཕྲག་ལྔའམ། འབུམ་ཕྲག་བཞིའམ། ཐ་ན་འབུམ་ཕྲག་གཅིག་ཡིན་ནོ། །རྟགས་ནི་རྟགས་ཡིག་བཞིན་ནོ། ༈ །དེ་ནས་ནང་སྒྲུབ་བྱེད་ན་བཅའ་གཞི་རྣམས་རང་མལ་དུ་བཞག །མཆོད་པ་ཁ་གསོ། ཕྱི་སྒྲུབ་ཁོ་ན་ཡིན་ཅིང་དཀྱིལ་འཁོར་ཡོད་ན་མདུན་བསྐྱེད་ཚར་གཅིག་བྱ། ཚོགས་བྱས་ལ་ཚོགས་ཕུད་དཀྱིལ་འཁོར་ལྔ་ཡི་གཏོར་མ་ཡར་ཕུལ་ནས་གཏོར་བསྔོས་བྱ། རྗེས་ཆོག་བཀྲ་ཤིས་སོགས་གཞུང་ལྟར་བྱས་ནས། བསྔོ་བ་སྨོན་ལམ་སོགས་བྱས་ནས་མཚམས་གྲོལ་


CMR023_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །འདིར་སྦྱིན་སྲེག་འགྲུབ་ན་བཟང་། མ་ཐོན་ཡང་སྐྱོན་མེད་དོ། །ཕྱི་སྒྲུབ་ཀྱི་ཟིན་བྲིས་གབ་སྦས་ཅུང་ཟད་མེད་ཅིང་ལག་ཏུ་བླངས་བདེ་བར་ཨ་རཱ་གས་བཀོད་པ་ལ་ཉེས་པ་མཆིས་ན་ཌཱཀིའི་ཚོགས་ལ་བཤགས་ཤིང་། དགེ་བས་བདག་གཞན་ཐམས་ཅད་རྒྱལ་བའི་ཡུམ་གྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག །བཀྲ་ཤིས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྡོ་རྗེ་རྣལ་འབྱོར་མའི་ཕྱི་སྒྲུབ་ཟིན་བྲིས།next