Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣལ་འབྱོར་མའི་ནང་སྒྲུབ་ཟིན་བྲིས།
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣལ་འབྱོར་མའི་ནང་སྒྲུབ་ཟིན་བྲིས།next

རྡོ་རྗེ་རྣལ་འབྱོར་མའི་ནང་སྒྲུབ་ཟིན་བྲིས།


CMR023_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཝཱ་ར་ཧི་ཡེ། རྡོ་རྗེ་རྣལ་འབྱོར་མའི་ནང་སྒྲུབ་བྱེད་པར་འདོད་པས། ཕྱི་སྒྲུབ་སྔོན་དུ་སོང་ནས། སྤྲེལ་ནས་བསྒྲུབ་ན་མཆོད་པ་ཁ་གསོ། ཕྱི་སྒྲུབ་ལ་དཀྱིལ་འཁོར་མ་བྱས་པའམ། ཡང་ནང་སྒྲུབ་རྐྱང་པ་དུས་གཞན་དུ་བྱེད་ན། སྟ་གོན་རྣམས་ཡི་གེ་གཞན་དུ་གསལ་བ་ལྟར་བྱ། བདག་བསྐྱེད་ཡེ་ཤེས་པ་བསྟིམ་པ་ཡན་ཆད། ཕྱི་སྒྲུབ་ལྟར་ལུས་ལ་རྩ་བསྒོམ་མོ། །ལག་མཆོད་སྐབས་འདིར་མི་དགོས། ཕྱི་བསྙེན་པའི་དམིགས་པ་རྣམས་བསྒྱུར་ལ། དེ་ནས་མདུན་བསྐྱེད་གཞུང་ལྟར་བྱ་སྟེ། བུམ་བསྐྱེད་མི་འདོན། མདུན་གྱི་དཀྱིལ་འཁོར་དང་བུམ་པ་ཐོད་པ་མེ་ལོང་རྣམས་དབྱེར་མེད་དུ་མདུན་བསྐྱེད་བསྒོམ་པ་ཡིན་པས། མདུན་བསྐྱེད་ཀྱི་གཙོ་བོའི་ཞབས་གར་སྟབས་སུ་བཞུགས་པའོ། །ཞེས་པའི་སྐབས་སུ་གཙོ་མོའི་སྐུ་ཡི་ནང་དུ། རྩ་དབུ་མ་སྤྱི་བོ་ནས་གསང་གནས་ཀྱི་བར་ཕྱི་དཀར་ལ་ནང་དམར་བ་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུར་བསྒོམ། དེའི་གཡས་སུ་རོ་མ་དཀར་པོ་གཡོན་དུ་རྐྱང་མ་དམར་པོ་གཉིས། ཡར་སྣེ་སྣ་བུག་དང་། མར་སྣེ་ལྟེ་འོག་ཏུ་དབུ་མ་དང་གཅིག་ཏུ་གྱུར་པར་བསྒོམ། དེ་ནས་རྩ་རྣམས་དབུ་མ་ལ་བསྐོར་བ་གདུགས་ཀྱི་རྩིབས་མ་ལྟ་བུ་


CMR023_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོའི་རྩ་འདབ་སུམ་ཅུ་སོ་གཉིས་ཁ་ཅུང་ཟད་ཐུར་བསྟན། མགྲིན་པར་རྩ་འདབ་བཅུ་དྲུག་དམར་པོ་ཁ་གྱེན་བསྟན་ཨི་ཡིག་གི་རྣམ་པར། སྙིང་གར་རྩ་འདབ་མ་བརྒྱུད་དཀར་པོ་བཻ་ཡིག་ལྟརྣམས་ཅུང་ཟད་ཁ་ཐུར་བསྟན། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ཨ་ཡིག་གི་རྣམ་པར་ཁ་གྱེན་བསྟན། དེ་རྣམས་ཕྱི་སོ་སོའི་ཁ་དོག་ནང་སྟོང་པ། དེ་ཡང་ལྷ་དེ་མི་ཙམ་བསྒོམས་ན། རྩ་རྣམས་གྲོ་སོག་ཙམ། དེ་བས་ཆེ་བ་བསྒོམས་ན་རྩ་ཡང་དེས་དཔག་བསྒོམ། དེའི་སྤྱི་བོར་ཧ་ལས་རྡོ་རྗེ་མཁའ་འགྲོ་ཞེས་སོགས་གཞུང་ལྟར་འདོན་ཏེ། འཁོར་དཔའ་མོ་སོ་གཉིས་ནི་རྩ་འདབ་ལ་བསྒོམ་པ་སྟེ། འཁོར་རྣམས་ཉི་གདན་རྐྱང་པའོ། །དེའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་ཞེས་སོགས་འཁོར་བསྐྱེད་པ་ནས་སྤྱན་འདྲེན་བཞུགས་གསོལ་བྱས་ལ། ཡེ་ཤེས་པ་བསྟིམ་པའི་ལྷག་མ་དཀྱིལ་འཁོར་ཆ་ཚང་བ་གཅིག་ནམ་མཁར་བཞུགས་པར་བསམས་ལ། དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་གཙོ་འཁོར་གྱི་ཞེས་སོགས་དམིགས་པ་དེས། ནམ་མཁའི་དབང་ལྷ་དེས་མདུན་བསྐྱེད་ལ་དབང་བསྐུར་བའི་ཚུལ་དུ་ཚར་གཅིག་བརྗོད་པས་ཆོག །བསྙེན་པ་མི་དགོས། དེ་ནས་མཆོད་པ་བྱིན་རླབས། མཆོད་བཞི་བསྟོད་བཞི་ཐམས་ཅད་བྱ།


CMR023_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལས་སྤྲུལ་པའི་མཆོད་པའི་ལྷ་ཚོགས་དཔག་ཏུ་མེད་པས་མཆོད་བསྟོད་བྱེད་པར་བསྒོམ། དེ་ནས་བདག་འཇུག་བཞིག་ནས་བསྙེན་པ་བྱ་སྟེ། དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་དཔག་ཏུ་མེད་པ་བྱོན། ཞེས་སོགས་བརྗོད་པས་མདུན་བསྐྱེད་ཀྱི་སྐུ་གསུང་ལ་སྐུ་དང་། ཨཱ་ལི་ཀཱ་ལི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆུ་རྒྱུན་སོགས་རང་ལ་བསྟིམ་པའི་དམིགས་པ་སོགས་གསུམ་པོ་དེ་སྒོམ་ཞིང་། དམིགས་པ་དེ་ལ་སྔགས་སུམ་བརྒྱ་དེ་ཙམ་བཟླའོ། །དེ་ནས་རང་དང་མདུན་བསྐྱེད་གཉིས་ཀའི་གསང་གནས་ཆོས་འབྱུང་བསྣོལ་མ་གདན་ཐབ་ཀྱི་དབུས། ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧྲིལ་ཨོབཛྲ་བེ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། བསྐོར་བ་གཡོན་དུ་འཁོར་བར་བསྒོམ། རྡོ་རྗེ་མཁའ་འགྲོའི་ཐུགས་ཀའི་ལྟེ་བར་པད་འདབ་བཞིའི་མདུན་དུ་ཧྲཱིཿ གཡས་སུ་རི། རྒྱབ་ཏུ་ནི། གཡོན་དུ་ས། རིན་ཆེན་མཁའ་འགྲོའི་ཐུགས་ཀར་དབུས་སུ་རི། འདབ་བཞི་ལ་མདུན་དུ་ཧྲཱིཿ གཡས་སུ་ཧ། རྒྱབ་ཏུ་ནི། གཡོན་དུ་ས། པདྨ་མཁའ་འགྲོའི་ཐུགས་ཀར་ནི། མདུན་དུ་ཧྲཱིཿ གཡས་སུ་ཧ། རྒྱབ་ཏུ་རི། གཡོན་དུ་ས། ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ས། མདུན་དུ་ཧྲཱིཿ


CMR023_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་ཧ། རྒྱབ་ཏུ་རི། གཡོན་དུ་ནི་དེ་རྣམས་གསལ་བར་བསྒོམ། དེ་ནས་ཨོཾ་བཛྲ་བི་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བསྙེན་པ་གོང་བས་ཐོས་ཙམ་བྱས་པས། བདག་བསྐྱེད་གསང་གནས་སྔགས་འཁོར་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། སྟོང་སྐུད་ལྔ་བསྒྲིལ་ལྟར་ཧཱི༔ཡིག་རྩེ་ནས་ཐོན། ལྟེ་བའི་ལས་ཀྱི་མཁའ་འགྲོའི་བྷ་ག་ནས་ཞུགས་ཐུགས་ཀར་ཕོག་པས། ས་ཡིག་མི་འཁོར་བར་ཧྲཱིཿཧ་རི་ནི་གཡོན་དུ་འཁོར། དེ་ཡི་འོད་ཟེར་ས་ཡིག་རྩེ་ནས་ཐོན། སྙིང་གི་པདྨ་མཁའ་འགྲོའི་བྷ་ག་ནས་ཞུགས་ཐུགས་ཀར་ཕོག་པས་ནི་ཡིག་མི་འཁོར་བར། ཧྲི༔ཧ་རི་ནི་ས་གཡོན་དུ་འཁོར་འོད་ཟེར་ནི་ཡིག་གི་རྩེ་ནས་ཐོན། མགྲིན་པའི་རིན་ཆེན་མཁའ་འགྲོའི་བྷ་ག་ནས་ཞུགས། ཐུགས་ཀར་ཕོག་པ་རི་ཡིག་མི་འཁོར་བར། །ཧཱིཧ་ནི་ས་གཡོན་དུ་འཁོར། འོད་ཟེར་རི་ཡིག་གི་རྩེ་ནས་ཐོན། སྤྱི་བོར་རྡོ་རྗེ་མཁའ་འགྲོའི་བྷ་ག་ནས་ཞུགས། ཐུགས་ཀར་ཕོག་པས། ཧ་ཡིག་མི་འཁོར་བ། དྷཱིརི་ནི་ས་གཡོན་དུ་འཁོར། འོད་ཟེར་ཕྱིར་འཁྱིལ་ནས་རང་གཙོ་མོའི་ཤངས་བུག་ནས་ཐོན། འོད་ཟེར་ཕྲན་བུ་དེ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་བླ་


CMR023_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ། སྣོད་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་དངོས་གྲུབ་ཐམས་ཅད་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་ཆེ་ཕྲ་སྣ་ཚོགས་དབྱངས་གསལ་བྱེད། ཕྱག་མཚན་རྡོ་རྗེ་གྲི་གུག་ལ་སོགས་པའི་རྣམ་པར་ཁ་བ་བུ་ཡུག་འཚུབ་པ་ལྟར་ཆི་ལི་ལི་བསྡུས་ནས། འོད་ཟེར་སྟོང་སྐུད་འདྲ་བ་དེ་ལ་དུས་རྒྱུན་ཆད་མེད་པར་ཐིམ་བཞིན་པའི་ངང་ནས། འོད་ཟེར་སྟོང་སྐུད་འདྲ་བ་མདུན་བསྐྱེད་གཙོ་མོའི་ཤངས་བུག་གཡོན་ནས་ཞུགས་ཡར་སོང་ནས་རྡོ་རྗེའི་ཤངས་བུག་གཡས་ནས་ཐུགས་ཀར་ཐིམ་པས་སྔགས་ཡིག་འབྲུ་བཞི་གཡོན་དུ་འཁོར་ཞིང་ཧ་ཡིག་གི་མཇུག་ནས་ཐོན། མགྲིན་པར་རིན་ཆེན་མཁའ་འགྲོའི་སྤྱི་བོ་ནས་ཞུགས་ཐུགས་ཀར་ཐིམ་པས་རི་ཡིག་མི་འཁོར་བར་ཡི་སྤྲུགེ་བཞི་གཡོན་དུ་འཁོར།། རི་ཡིག་མཇུག་ནས་ཐོན་ཐུགས་ཀར་མཁའ་འགྲོའི་སྦྱར་སོགས་ནས་སྔར་བཞིན་གཡོན་དུ་འཁོར་བཞིན་པས། ནི་ཡིག་གཤམ་ནས་ཐོན་ཏེ་ལྟེ་བའི་ལས་ཀྱི་མཁའ་འགྲོའི་སྤྱི་བོ་ནས་སྙིང་གར་སོང་བས་ཡི་གེ་གཡོན་དུ་འཁོར་ཞིང་བྷ་ག་ནས་ཐོན་ཏེ། ཕྱིར་ཐོན་པ་ཐམས་ཅད་བསྒོམ་མི་རུང་བྷ་ག་ནས་ཐོན་པ་དང་། དབུས་ཀྱི་ཡིག་བཞི་འཁོར་


CMR023_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གདན་པདྨ་འདབ་བཞི་མི་འཁོར་བ་དང་། ས་བོན་ནི་ནམ་ཡང་མི་འཁོར་བ་དང་། ཡི་གེ་བཞི་བཀོད་ལུགས་དང་། ཐུན་མཚམས་སུ་ཡི་གེ་མི་འཁོར་བ་དང་། མི་འཁོར་དུས་ཡི་གེ་དང་པོ་བཀོད་དུས་ཀྱི་སོ་སོའི་འདབ་མ་ལ་གནས་པ་ནི། བདག་མདུན་ཁྱད་མེད་ལ། བདག་བསྐྱེད་ཀྱི་ཡི་གེ་འཁོར་དུས་ནང་རྡོ་རྗེ་ལུས་ལ་གནས་པའི་རྩ་གནས་ཀྱི་ཐུགས་རྒྱུད་བསྐུལ་བར་བསྒོམ་པ་དང་། མདུན་བསྐྱེད་རྩ་གནས་བཞིར་ཡི་གེ་བསྒོམས་པས། ཕྱི་གནས་ཡུལ་གྱི་ཌཱཀི་མ་རྣམས་ཀྱིས་ཐུགས་རྒྱུད་བསྐུལ་བ་དང་། བདག་མདུན་བར་དུ་འོད་ཟེར་འཁོར་བའི་འོད་ཟེར་གྱིས་ཡེ་ཤེས་དང་འཇིག་རྟེན་གྱི་བྱིན་རླབས་དངོས་གྲུབ་བསྡུས་པ་ཡིན་ནོ། །དེ་ནས་མདུན་བསྐྱེད་ཀྱི་ལྟེ་བའི་ལས་ཀྱི་མཁའ་འགྲོའི་ཐུགས་ཀའི་ས་ཡིག་གཤམ་ནས་འོད་ཟེར་གི་བྱུང་ནས། གསང་གནས་ཀྱི་བེ་རོ་ཙ་ནའི་སྔགས་ཕྲེང་གཡོན་དུ་དྲག་ཏུ་འཁོར་བས། གཙོ་མོའི་ཐུགས་རྒྱུད་བསྐུལ་ནས། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་སྟོང་སྐུད་ལྔ་བསྒྲིམས་འདྲ་བ་འོད་ཟེར་བཀྲག་མདངས་དང་ལྡན་པ་དེ་མདུན་བསྐྱེད་གཙོ་མོའི་བྷ་ག་ནས་ཚུར་བྱུང་། བདག་བསྐྱེད་གཙོ་མོའི་བྷ་ག་ནས་ཞུགས་ཏེ་གསང་གནས་ཀྱི་སྔགས་


CMR023_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་། ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམས་ལ། སྔགས་སྟོང་ཕྲག་ཙམ་བཟླའོ། །དེ་ནས་འོད་ཟེར་འཕྲོ་ལུགས་ཐུགས་རྒྱུད་བསྐུལ་ལུགས། བྱིན་རླབས་དངོས་གྲུབ་བསྡུ་ལུགས། ཐམས་ཅད་བཤད་མ་ཐག་པ་དེ་དང་ཁྱད་མེད་པ་ལས། །འོད་ཟེར་སྟོང་སྐུད་ལྔ་བསྒྲིམས་འདྲ་བ་དེ། བེ་རོ་ཙ་ནིའི་སྔགས་ཧ་རི་ནི་ས་དང་བཅས་པའི་ཕྲེང་བ་འོད་ཟེར་ཁ་དོག་ལྔ་དང་ལྡན་པའི་ཡིག་འབྲུ་ཡིན་པས། ཧ་སྔོན་པོ་རི་སེར་པོ་ནི་དམར་པོ་ས་ལྗང་ཁུ་ཅན་གྱི་སྔགས་ཚར་མང་པོ་ཕྲེང་བ་གཅིག་ལ་མང་པོ་མཐུད་པ་ལྟར་སྐུ་ལུས་བཞུད་ཅིང་མདུན་གྱི་སྐུ་ལུས་རྒྱུད་ཅིང་སྟེང་བྷ་ག་ནས་ཚུར་ཐིམ་པ་སྔོན་ས་ལྟར་བསྒོམས་ལ་སྟོང་ཕྲག་ཙམ་འདོན་ནོ། །སྒྲུབ་པ་དངོས་ཀྱི་དམིགས་པ་འདི་ཡིན་ནོ། །དེ་ལ་ནང་སྒྲུབ་འདི་ལ་ཟླ་བ་དྲུག་གམ། ཟླ་བ་གསུམ་མམ་ཟླ་གཅིག །ཞག་ཉེར་གཅིག་གམ་བདུན་ནམ་སྔགས་འབུམ་ཕྲག་བཅུ་བདུན་ནམ། བྱེ་བ་གཅིག་གམ། འབུམ་ཕྲག་ལྔའམ་བཞིའམ་། འབུམ་ཕྲག་གཅིག་ལ་སོགས་པ་ཅི་ཙམ་བྱ་བའིཡུན་དེ་ལ་དེ་ལྟར་བྱའོ། །དེ་ནས་ཐུན་མཚམས་རྣམས་སུ་ངག་མ་བཏང་ན་བཟང་སྟེ་གཞན་བྱ་བ་བསྒྲུབ་དགོས་རྣམས་དང་ཆོས་


CMR023_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཚིག་མེད་རྣམས་བྱ། ཐུན་མཚམས་ཉིན་གསུམ། མཚན་གསུམ་སྟེ་དྲུག་བྱ། སྔ་དྲོ་ཕྱི་འཕྲད་ཉིན་ཕྱེད་མཚན་ཐུན་དང་བཞིའོ། །སྔ་དྲོ་ཕྱི་དྲོ་མཚན་ཐུན་དང་གསུམ་གང་འདོད་བྱ། དགོང་མོས་ཐུན་ལ་ཚོགས་རེ་བྱ། ཚོགས་ཕུད་ཕུལ་ནས་གཏོར་བསྔོས་དང་། ཆོས་སྐྱོང་སོགས་སྦྱར་གང་འདོད་དང་། བསྐང་བ་མགོན་པོ་ནང་གི་བསྐང་ཐུང་། ཕག་མོའི་བསྐང་བ་གཏོར་འབུལ་འདོད་ན་བྱ། མེད་ཀྱང་ཚོགས་དང་ཕག་མོ་རང་གཞུང་གི་གཏོར་བསྔོས། ཚོགས་ལ་རོལ་ནས་ལྷག་མ་རྣམས་མེད་ཁ་མེད་ཡིན་ཐུན་རེ་ལ་གཏོར་བསྔོས་རེ་ནི་མི་དགོས་སོ། །དེ་ནས་སྒྲུབ་པ་དེའི་གྲངས་ཚང་བའམ། རྟགས་ཁྱད་པར་ཅན་བྱུང་སྟེ་དངོས་གྲུབ་ལས་ལ་སྦྱར་ནས་སྒྲུབ་པ་ནི། གཞན་ཐམས་ཅད་སྔོན་དང་འདྲ་བ་ལས། བདག་མདུན་གྱི་སྐུ་ཡི་རྩ་གནས་ཐམས་ཅད་བརྒྱུད་ནས། འཁོར་ལུགས་ཀྱང་སྔོན་དང་འདྲ་བ། དེའང་འོད་ཟེར་འཁོར་ན་འཇམ་སྔགས་ཕྲེང་འཁོར་ན་རྩུབ་སྟེ་རྣོ། བདག་གི་སྣ་བུག་ནས་མདུན་བསྐྱེད་སྣ་བུག་ཏུ་ཞུགས་པའི་འོད་ཟེར་དེས། གྲུབ་ཆེན་བརྒྱད་ཅུ་བཀའ་བརྒྱུད་བླ་མ་ཐམས་ཅད་ཀྱི་བྱིན་རླབས་ཉམས་དང་རྟོགས་པ་ཐམས་ཅད་བསྡུས་ནས། མདུན་བསྐྱེད་ཀྱི་སྐུའི་


CMR023_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་སོགས་བརྒྱུད་ནས་རང་ལ་ཐིམ་པར་དམིགས་ཤིང་། གཙོ་བོར་བདག་མདུན་རྡོ་རྗེ་ཌཱཀིའི་ཡི་གེ་བཞི་གཡོན་དུ་འཁོར་བ་ལས། རིགས་པ་རྩེ་གཅིག་ཏུ་གཏད་ནས། ཨོཾབཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བཟླའོ། །དེས་ཉམས་རྟོགས་ཁྱད་པར་ཅན་སྐྱེ། ལྟ་བ་སྟོང་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་སོ། །ཡང་འོད་ཟེར་སྔགས་ཕྲེང་སོ་སོའི་བརྒྱུད་ལུགས་སྔར་བཞིན་ལས། འཁོར་འདས་ཐམས་ཅད་ཀྱི་ཚེ་བསོད་བསྡུས་བཞིན་ཐོབ་པར་བསྒོམས་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་རི་ནི་ཧ་ས་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བཟླས་ཤིང་། བདག་མདུན་གྱི་མགྲིན་པའི་རཏྣ་ཌཀི་སྔགས་འཁོར་ལ་དམིགས་པ་རྩེ་གཅིག་ཏུ་གཏད། ཡང་འོད་ཟེར་རིམ་སྔགས་ཕྲེང་དམར་པོ་འཕྲོས་དུས་བུད་མེད་ཐམས་ཅད་དང་འབྱུང་བ་མེའི་བཅུད་ཐམས་ཅད་བསྡུས་ཤིང་། ཚུར་ཐིམ་ཚེ་གཏུམ་མོའི་དྲོད་འབར་སྐྱེ་འགྲོའི་ཡིད་འཕྲོག་པར་དམིགས་ལ། ཨོཾ་བཛྲ་བེ་རོ་ཙ་ནཱི་ཡེ་ནི་རི་ཧ་ས་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། བཟླའོ། །པདྨ་ཊཱཀིའི་སྔགས་འཁོར་ལ་ཡིད་རྩེ་གཅིག་ཏུ་གཏད་དོ། །དེ་ནས་འོད་ཟེར་རམ་སྔགས་ཕྲེང་ལྗང་གུའི་འཕྲོ་འདུ་བྱ་ཤིང་། ཨོཾ་བཛྲ་བེ་རོ་ཙ་ནཱི་ཡེ་ས་ནི་རི་ཧ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་


CMR023_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། བདག་མདུན་གྱི་ལྟེ་བའི་ལས་ཀྱི་ཌཱཀིའི་སྔགས་ཕྲེང་ལ་ཡིད་ཕུར་ཚུགས་སུ་གཏད། ཚུར་ཐམས་ཅད་དུ་མངོན་ཤེས་དང་རྟེན་འབྲེལ་སྣ་ཚོགས་འཆར་ཞིང་དགྲ་བགེགས་ཐམས་ཅད་འདུལ་བའི་མཐུ་དང་ནུས་པ་ཐོབ་པར་བསྒོམ་མོ། །འདི་ནི་སྔགས་དཀྲུག་ལུགས་ནཱ་རོའི་རྒྱ་གཞུང་ཉིད་ནས་གསུངས་ཤིང་སྔགས་འཁོར་དང་དམིགས་པ་ཟར་ཟུར་ཙམ་ལས་ཡི་གེར་མི་གསལ་བར་སློབ་དཔོན་གྱིས་སྙན་བརྒྱུད་དུ་མཛད་པའི་གདམས་པ་མདའི་མདེའུ་ལྟ་བུའོ། །ཇི་ཙམ་བཟླ་ཞེ་ན། ནང་སྒྲུབ་ལ་ཟླ་དྲུག་བྱེད་ན་འདི་བཞི་རེ་རེ་ལ་ཞག་བདུན་རེ་ཙམ་བྱ། ཟླ་གསུམ་བྱེད་ན་རེ་རེ་ལ་ཞག་གསུམ་རེ་ཙམ་མདོར་ན་སྒྲུབ་པ་དངོས་དེ་ལ་སྔགས་གྲངས་ཇི་ཙམ་སོང་བའི་བཅུ་ཆ་གཅིག་ཙམ་རེ། དེ་བཞི་པོ་རེ་རེ་ལ་བཟླས་ཏེ་དཔེར་ན་ནང་སྒྲུབ་ཞག་བདུན་བྱེད་ན་དངོས་དེ་ལ་ཞག་དྲུག །ལས་བཞི་ཀ་དེ་ཞག་གཅིག་བྱའོ། །དེ་ནས་ནང་སྒྲུབ་སྤྲོ་ན་དངོས་གྲུབ་བླངས་བའི་དམིགས་པ་འདི། ནང་སྒྲུབ་ཟླ་དྲུག་བྱས་ན་དམིགས་པ་འདི་ཁོ་ན་བདུན་བྱས་ནས་ཡུད་ཙམ་བསྒོམ། མང་ཉུང་བཞིན་རིགས་པས་དཔག་སྟེ་བྱ་བ་ཡིན་པས། དམིགས་པ་ནི་མདུན་བསྐྱེད་གཙོ་མོ་དང་འཁོར་བཞི་ཀའི་དཔྲལ་བར་ཨོཾ་ཡིག་དཀར་པོ་


CMR023_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་ཌཱཀི་ཆོས་སྐྱོང་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་བཅུད་བཀྲག་མདངས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ཏེ། མདུན་བསྐྱེད་ལྷ་ལྔའི་དཔྲལ་བ་ནས་དེ་ཐམས་ཅད་ཕག་མོ་ལྷ་ལྔའི་སྐུ་གཙོ་བོར་ལྔ་ཚོམ་མང་པོ་ཚུར་བྱོན་ནས་རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག་ནས་སྐུའི་བྱིན་རླབས་ཞུགས། ལུས་གཟི་མདངས་དང་ལྡན་པར་བྷེ་ཞིང་བརྒྱ་སྟོང་ཅི་འགྲུབ་བཟླས། མདུན་བསྐྱེད་ལྷ་ལྔའི་མགྲིན་པར་ཨཱཿདམར་པོ་བསྒོམས་པ་ནས་འོད་ཟེར་དམར་པོ་ཨཱ་ལི་ཀཱ་ལིའི་གཟུགས་སུ་འཕྲོས་པས། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་ཌཱཀི་ཆོས་སྐྱོང་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་དང་། སེམས་ཅན་ཐམས་ཅད་ཀྱི་ངག་གི་ནུས་པ་དང་སྙན་གྲགས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས། མདུན་བསྐྱེད་ལྷ་ལྔའི་མགྲིན་པར་ཐིམ་པ་དེ་ཨཱ་ལི་ཀཱ་ལི་དམར་པོའི་ཕྲེང་བར་གྱུར་ནས་ཚུར་བྱོན་རང་གི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ཞུགས། ངག་ནུས་པ་དང་ལྡན་པར་བྷེ་ལ་སྔགས་ཅི་


CMR023_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་བཟླའོ། །མདུན་བསྐྱེད་ལྷ་ལྔའི་ཐུགས་ཀར་ཧཱུཾ་སྔོན་པོ་བྷེ་པ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་ཌཱཀི་ཆོས་སྐྱོང་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་། སེམས་ཅན་ཐམས་ཅད་ཀྱི་བཅུད་བསྡུས་མདུན་བསྐྱེད་ལྷ་ལྔའི་ཐུགས་ཀར་ཐིམ། དེ་རྣམས་ཀྱི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དང་། རྡོ་རྗེ་གྲི་ཁུག་གི་རྣམ་པར་ཚུར་བྱོན་རང་གི་སྙིང་གར་ཐིམ་པས་སེམས་ཀྱི་སྒྲིབ་པ་དག །སེམས་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་རྟོགས་པར་བྷེ་ལ་བཟླས་པ་བྱའོ། །དེ་ནས་ཚོགས་བྱས་ལ་ཚོགས་ཕུད་དཀྱིལ་འཁོར་ནང་གི་གཏོར་མ་ལྔ་ལ་གསོས་ནས། ཕག་མོ་དང་གཞུང་གི་གཏོར་བསྔོས་བྱེད་ཚོགས་ལ་རོལ། ལྷག་མ་ཕུལ། རྗེས་ཆོག་རྒྱས་པར་རང་གཞུང་ལྟར་བྱ། དེ་ནས་གསང་སྒྲུབ་དང་འབྲེལ་ན། མཆོད་པ་རྣམས་ཁ་གསོ། གཏོར་མ་ལྔ་ཡང་གསོ་བྲན་བྱ། ནང་སྒྲུབ་རྐྱང་པ་རང་ཡིན་ན་དཀྱིལ་འཁོར་བསྡུའོ། །སྐབས་འདིར་སྦྱིན་སྲེག་འགྲུབ་ན་ཆད་ལྷག་ཁ་གང་ཞིང་ཕྲིན་ལས་བཞི་པོ་མྱུར་བའི་གནད་ཡོད། སྦྱིན་སྲེག་མ་ཐོན་ནའང་མ་ཚང་བའི་སྐྱོན་མེད་དོ། །ནང་སྒྲུབ་བྱ་ཚུལ་དགོས་པ་ཨ་རཱ་གས་སྦྱར་བ་ལ་ཉེས་པ་གང་མཆིས། །རྗེ་བཙུན་མ་ཆོས་


CMR023_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བཅས་པ་ལ་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་ཆེན་པོ་ཚེ་འདི་ཉིད་ལ་འགྲུབ་པར་གྱུར་ཅིག། མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་རྣལ་འབྱོར་མའི་ནང་སྒྲུབ་ཟིན་བྲིས།next