Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   


 
previousལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་ཟིན་བྲིས།next

ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་ཟིན་བྲིས།


CMR023_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་ཟིན་བྲིས་བཞུགས་སོ།།


CMR023_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཝཱ་ར་ཧི། དེ་ནས་གསང་སྒྲུབ་བྱ་བར་འདོད་ན། བཅའ་གཞི་རྣམས་ནང་སྒྲུབ་ལྟར་འགྲུབ་ན་ཤིན་ཏུ་བཟང་། ཡང་འདི་རྣམས་མེད་ཀྱང་བདག་བསྐྱེད་གཙོ་ཆེ་བས་ཐབས་ནི་མི་ཆག་བདག་བསྐྱེད་བྱེད་ལུགས་ཐུན་བཟུང་ལུགས་ཕྱི་སྒྲུབ་དང་འདྲ་བ་ལས་ཚོགས་ནི་དཀྱིལ་འཁོར་བསྐྱེད་དུས་དང་། བདག་བསྐྱེད་ཡེ་ཤེས་པ་སྤྱན་འདྲེན་པ་ལ་དབང་བླངས་དུས་དཀྱིལ་འཁོར་ཡོད་ན་དཀྱིལ་འཁོར་དེ་དང་དབྱེར་མེད་དུ་བསྒོམ། མེད་ན་ནམ་མཁར་བཞུགས་པར་བསྒོམ་པར་བྱ་སྟེ། དཀྱིལ་འཁོར་ཡོད་ན་མདུན་བསྐྱེད་ཚང་མ་འདོན། དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་


CMR023_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་བརྗོད་དུས་མདུན་བསྐྱེད་རྗེ་བཙུན་མའི་དཔྲལ་བར་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་བཅས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་ཡི་བྱིན་རླབས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་གཟི་བརྗིད་ཐམས་ཅད། འོད་ཟེར་དཀར་པོའི་རྣམ་པར་མདུན་བསྐྱེད་ཀྱི་དཔྲལ་བར་ཐིམ། མགྲིན་པའི་ཨཱཡིག་དམར་པོ་ལས་འོད་ཟེར་དམར་པོ་འཕྲོས། སངས་རྒྱས་ཐམས་ཅད་དཔའ་བོ་ཀིའི་གསུང་གི་བྱིན་རླབས་དང་སེམས་ཅན་ཐམས་ཅད་ཀྱི་ངག་གི་ནུས་མཐུ་སྙན་གྲགས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་མདུན་བསྐྱེད་ཀྱི་


CMR023_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཐིམ། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་འཕྲོས་པས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་། སེམས་ཅན་ཐམས་ཅད་ཀྱི་བཅུད་དྭངས་མངོན་པར་ཤེས་པ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བསྡུས་ནས་མདུན་བསྐྱེད་གྱི་རྗེ་བཙུན་མའི་ཐུགས་ཀར་ཐིམ། དེ་ལྟར་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་མདུན་བསྐྱེད་ཀྱི་དཔྲལ་བ་ནས་ཨོ་ཡིག་དཀར་པོའི་ཕྲེང་བ་བར་མ་ཆད་པར་རང་གི་དཔྲལ་བར་ཐིམ། མགྲིན་པ་ནས་ཡཿཡིག་དམར་པོའི་ཕྲེང་བ་བར་མ་ཆད་པར་མགྲིན་པར་ཐིམ། ཐུགས་ཀ་ནས་ཧཱུཾ་ཡིག་སྔོན་པོའི་ཕྲེང་བ་བར་མ་ཆད་པ་བྱོན་པས་རང་གི་སྙིང་གར་ཐིམ་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱིན་རླབས་དང་དངོས་གྲུབ་ཐོབ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པར་བསྒོམ་ཞིང་བསྙེན་པ་སྟོང་ཙམ་བྱའོ། །མདུན་བསྐྱེད་ཀྱི་རྟེན་མེད་པར། བདག་བསྐྱེད་ལ་བརྟེན་པ་ཡིན་ན། ལྷ་མོ་རྣམས་རང་ཉིད་ལ་ཐིམ་པ་སོགས་བརྗོད། མདུན་བསྐྱེད་མེད་པ་ཡིན་ན་དེ་གར་བཞུགས་བཅུག་པ་ནི་ཁྱད་པར་མེད་དོ། །དེ་ནས་བདག་དང་བདག་གི་རྩ་འཁོར་བཞི་རྩ་གནས་ཀྱི་མཁའ་འགྲོ་མ་བཞི་ལ། རང་


CMR023_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྐུ་མདོག་དང་མཐུན་པའི་ཕག་ཞལ་མདུན་ཕྱོགས་སུ་ཟེ་མ་མངོན་བ། ཕག་ཞལ་སྤྱན་གསུམ་ཁྲོ་གཉེར་དང་བཅས་ཞལ་གདངས་ལྗགས་འདྲིལ་བ། སྐུ་ཡི་རྒྱབ་ཕྱོགས་སུ་གཟིགས་པ་ཕག་སྐད་ངུར་སྒྲ་འབྲུག་ལྟར་ལྡིར་བ་སྟེ། རྩ་གནས་ཀྱི་ཌཱཀི་བཞི་དེ་ཡང་འཁོར་མཁའ་འགྲོ་སྡེ་བཞི་ནི་མ་ཡིན་ཏེ། མཁའ་འགྲོ་རིགས་བཞི་ཡིན་ནོ། །རྩ་འདབ་ཀྱི་འཁོར་མཁའ་འགྲོ་མ་རྣམས་གཞུང་ལྟར་བསྒོམ་པ་ནི་རིགས་བཞི་མཁའ་འགྲོ་མ་ཡིན་ནོ། །རང་གཙོ་མོའི་གསང་གནས་སུ་དབུ་མའི་ཡར་སྣེ་རག་དུང་གི་ཁ་ལྟར་ཡངས་པའི་ནང་དུ་ཆོས་འབྱུང་དམར་པོ་ཟུར་དྲུག་གདན་ཐབས། དེའི་དབུས་སུ་པདྨ་འདབ་མ་བཞི་པའི་སྟེང་དུ་ཧྲིདམར་པོ་འདབ་མ་བཞི་ལ་མདུན་དུ་ཧ་སྔོན་པོ། གཡས་སུ་རི་སེར་པོ། གཡོན་དུ་ནི་དམར་པོ། རྒྱབ་ཏུ་ས་ལྗང་ཁུ་བསྒོམ། དེའི་རྒྱབ་ཏུ་ཆོས་འབྱུང་གི་སྟེང་དུ་མར་སྣེའི་རྩེ་ལ། ཨོབཛྲ་བེ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱས་བསྐོར་བར་བསྒོམ། ༈ དེ་ནས་རྐང་ཕྱེད་སྐྱིལ་ལམ་རྡོར་སྐྱིལ་བྱ། མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་སྡིགས་མཛུབ་ཀྱིས་སྣ་བུག་གཡས་བཀག །གཡོན་ནས་རླུང་ལན་གསུམ་ཕྱིར་བུས་ལག་གཡོན་སྡིགས་མཛུབ་ཀྱིས་སྣ་བུག་


CMR023_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བཀག་ལ། གཡས་ནས་རླུང་རོ་ལན་གསུམ་བུས། དེ་ནས་སྣ་བུག་གཉིས་ཀ་ནས་རླུང་རོ་ལན་གསུམ་བུས་ཏེ། རྗེས་མ་ནས་དྲག་པོས་ལྷག་མ་མ་ལུས་པ་བུས་ནས། སྣ་བུག་གཉིས་ཀ་ནས་རླུང་དལ་བུས་འཇམ་ལ་རིང་བར་ནང་དུ་རྔུབ་ནས་ལྟེ་འོག་ཕོ་བ་ཐེར་ཐེར་བྱས་ལ་དགང་། ལག་པ་གཉིས་ཁུ་ཚུར་དཔྱི་སྟེང་དུ་བཟུང་། འོག་སྒོ་བསྡམ་པ་ནི་རླུང་བུམ་པ་ཅན་ཡིན། དེ་ལྟར་རླུང་བཟུང་བས། ཧཱིདང་ཡི་གེ་བཞི་པདྨ་དང་བཅས་པ་མི་གཡོ་བར། གསང་གནས་ཀྱི་ཆོས་འབྱུང་སྔགས་ཕྲེང་དང་བཅས་པ་གཡོན་དུ་འཁོར་བས་བདེ་དྲོད་སྐྱེས་ནས། དེ་ལ་གཏུམ་མོའི་ངོ་བོ་འོད་ཀྱི་སྐུད་པ་དམར་པོ་ཡར་བྱུང་དབུ་མའི་བརྒྱུད་ནས། ལྟེ་བ་ལས་ཀྱི་མཁའ་འགྲོའི་བྷ་ག་ནས་ཞུགས། ཐུགས་ཀར་བརྒྱུད་ནས་ལས་ཀྱི་མཁའ་འགྲོའི་ཤངས་བུག་གཡོན་ནས་ཐོན། དེའི་ནང་དུ་སྙིང་གའི་པདྨ་མཁའ་འགྲོའི་བྷ་ག་ནས་ཞུགས་ཤངས་བུག་ནས་ཐོན། མགྲིན་པའི་རིན་ཆེན་མཁའ་འགྲོའི་བྷ་ག་ནས་ཞུགས་ཤངས་བུག་ནས་ཐོན། སྤྱི་བོའི་རྡོ་རྗེ་མཁའ་འགྲོའི་བྷ་ག་ནས་ཞུགས་ཤངས་གཡོན་ནས་ཐོན། དེའི་སྣེ་རང་གི་སྨིན་མཚམས་སུ་དགའ་བ་འཁྱིལ་བ་དཀར་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་ཕྱོགས་


CMR023_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་འཕྲོས་པ་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཨོ་རྒྱན་གྱི་ཡུལ་ནས་རྗེ་བཙུན་མ་གཙོ་འཁོར་རྣམས་ལ་ཕོག་ནས། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད། རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་ཆེ་ཕྲ་སྣ་ཚོགས་དང་། གསུང་སྔགས་ཀྱི་ཕྲེང་བ་ཨཱ་ལི་ཀཱ་ལི་དང་ཧྲཱི༔ཡིག །ཐུགས་ཕྱག་མཚན་གྲི་གུག་དང་ཐོད་པ་བདུད་རྩིས་གང་བ་དཔག་ཏུ་མེད་པ་ཆར་ལྟར་བབ། རང་གི་ལུས་ངག་ཡིད་གསུམ་ལ་མཚོ་ལ་ཁ་བ་བབས་པ་ལྟར་ཐིམ་པར་བསྒོམས་ལ། རླུང་བཟུང་ནས་སྔགས་ཡིད་འདོན་བྱའོ། །དེ་ནས་གཙོ་མོའི་གསང་གནས་ཆོས་འབྱུང་སྟེང་པདྨ་འདབ་བཞི་ཟེའུ་འབྲུ་སྙིང་གའི་སྟེང་དུ་ཧྲཱི༔དེ་ཕག་མོའི་སྐུར་གྱུར་ཏེ། ཆེ་ཆུང་ནི་རང་གིས་ཅི་ཙམ་སྒོམ་ན་དེའི་གཙོ་མོའི་ཚོན་གང་ཙམ་བྷེ། གཙོ་མོ་དེ་བས་ཆེ་བར་བསྒོམ་ན་དེ་ལ་དཔག་སྟེ་བྱའོ། །འདབ་མའི་ཡི་གེ་དེ་ལ་རིགས་བཞི་མཁའ་འགྲོ་མར་སྒོམས་ཏེ་ལྔ་ཁ་ཕག་ཞལོ་ཅན་ནོ། །སྔགས་ཕྲེང་མེད་དོ། །དེ་ནས་གོང་ལྟར་རླུང་བཟུང་བས། གསང་གནས་ཀྱི་པད་འདབ་བཞི་རྗེ་བཙུན་མ་གཙོ་འཁོར་རྣམས་མི་གཡོ་བར་བཞུགས་པ་ལ། ཆོས་འབྱུང་དེ་གཡོན་དུ་དྲག་ཏུ་འཁོར་བས། །


CMR023_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོའི་གསང་གནས་སུ་པདྨ་འདབ་བཞི་ལ་ཧཱུྃདང་ཧ་རི་ནི་ས། དེ་ལས་རླུང་འོད་ཟེར་དཀར་པོ་སྟོང་སྐུད་འདྲ་བ་ཡར་བྱུང་དབུ་མ་ནས་བརྒྱུད་ཕག་ཞལ་སྤྱན་དབུས་མ་ནས་རིམ་པ་ལྟར་ལྟེ་བ་དང་སྙིང་གི་དང་། མགྲིན་པ་དང་སྤྱི་བོའི་ཕག་མོ་རིགས་བཞིའི་བྷ་ག་ནས་ཞུགས། སྐུ་ཡི་དབྱིབས་བརྒྱུད་སྤྱི་བོའི་ཕག་ཞལ་གྱི་སྤྱན་དབུས་མ་ནས་ཐོན་ཏེ། རང་གཙོ་མོའི་ཕག་ཞལ་གྱི་སྤྱན་དབུས་མ་ནས་ཐོན་པའི་སྣེ་དེ་ཕག་ཞལ་གྱི་སྨིན་མཚམས་སུ་གཡུང་དྲུང་གཡོན་འཁྱིལ། དཀར་ལ་དམར་བའི་མདངས་ཆགས་པ་ལ་གཡོན་ཕྱོགས་སུ་དྲག་ཏུ་འཁོར་བ་ལ་སེམས་གཏད། དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་ཡི་དམ་ཌཀི་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་རྗེ་བཙུན་མ་གཙོ་འཁོར། ལྷ་ལྔའི་སྐུ་ཆེ་ཆུང་སྣ་ཚོགས། གསུང་ས་བོན་དང་དབྱངས་གསལ། ཐུགས་རིགས་ལྔའི་ཕྱག་མཚན་དང་གྲི་གུག་སོགས་ཀྱི་རྣམ་པར་བུན་ནེ་ཆི་ལེ་བསྡུས་ཏེ་དཔྲལ་བའི་གཡུང་དྲུང་ལ་ཐིམ་པས་འོད་ཀྱི་བརྒྱུད་ནས་མར་སོང་སྟེ། གསང་གནས་ལྷའི་ས་བོན་ཐུགས་སྲོག་ཧིལ་ཐིམ་པས། འོད་གསོལ་རྒྱུན་ཆད་མེད། ཕྱག་རྒྱ་ཆེན་པོ་


CMR023_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་བསམ་མོ། །ཡང་རླུང་བཟུང་བས་གསང་གནས་ཀྱི་ཆོས་འབྱུང་དྲག་ཏུ་འཁོར་བས་གསང་གནས་ཀྱི་གཙོ་མོའི་གསང་གནས་ཀྱི་ཡིག་ལྕགས་སྲེག་ལྟ་བུ་གཏུམ་མོའི་ངོ་བོ་ལས་མེ་འབར་ཏེ་དབུ་མའི་ལམ་ནས་བརྒྱུད་པས་ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་རྩ་འཁོར་སོགས་ལྔ་དང་ལྷ་ཐམས་ཅད་བསྲེགས། །སྤྱི་བོའི་ཕག་ཞལ་སྨིན་མཚམས་གཡུང་དྲུང་དེ་དང་། རང་གཙོ་མོའི་ཤངས་བུག་ཏུ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ་ལས་བདུད་རྩིའི་བྱང་སེམས་དཀར་པོའི་རྒྱུན་བབས་པས། རྩ་འཁོར་ལོ་བཞི་དང་བཅས་པ་བསིལ་བར་གྱུར་ཏེ་གསོས་ནས། སྔར་གསལ་ཞིང་བཀྲག་མདངས་ཆེ་བར་གྱུར་ཞིང་དཀར་དམར་འདྲེས་པའི་བྱང་སེམས་ཀྱི་བཅུད་ཐིག་ལེ་གཡུང་དྲུང་ཡུངས་འབྲུ་ཙམ་དུ། གསང་གནས་ཀྱི་གཙོ་མོའི་གསང་གནས་བྷ་གའི་ཟེའུ་འབྲུར་གནས་པར་བསྒོམས། དེ་ལས་མེ་འབར་བས་དབུ་མའི་ལམ་ནས་ཧཾ་ལ་རེག་པས་ཐིག་ལེ་བདུད་རྩི་དཀར་པོ་བབ༔ རྩ་གནས་ཀྱི་ལྷ་ཐམས་ཅད་བདེ་བས་དགྱེས་ཏེ། ཐིག་ལེའི་དྭངས་མ་གསང་གནས་ཀྱི་ལྷའི་བྷ་གའི་ཟེའུ་འབྲུར་གནས་པ་ལ་སེམས་བཟུང་། ཡང་རླུང་བཟུང་བས་སྤྱི་བོའི་


CMR023_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་དྲུང་དང་། གསང་གནས་ཀྱི་ཆོས་འབྱུང་དྲག་ཏུ་འཁོར་བས། གསང་གནས་ཀྱི་གཙོ་མོའི་གསང་གནས་ཀྱི་ཧྲཱིཿལས་མེ་འབར་བས་གཙོ་མོའི་འཁོར་ལྔ་བསྲེགས། ཡང་རིམ་པར་འབར་རྩ་འཁོར་ལོ་བཞི་དང་བཅས་པ་བསྲེགས་ནས། སྤྱི་བོའི་ཧཾ་ཡིག་དང་། ཁྲོ་མོའི་ཞལ་ལྔའི་སྨིན་མཚམས་ཀྱི་དགའ་འཁྱིལ་དང་བཅས་པ་འོད་དུ་ཞུ་བ་དབུ་མའི་ལམ་ནས་བརྒྱུད་དེ། རང་ཉིད་གཙོ་མོའི་བྷ་ག་ཟེའུ་འབྲུའི་རྩེར་ཐིག་ལེ་ཡུངས་འབྲུ་ཙམ་དུ་གྱུར། ཐིག་ལེ་དེའི་དབུས་སུ་རྗེ་བཙུན་མའི་སྐུ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཞིག་གསལ་གདབ་ལ་དེ་ལ་སེམས་ཡུན་རིང་དུ་བཟུང་ངོ་། །དམིགས་པ་འདི་རྣམས་ཀྱི་ཚེ་གཙོ་ཆེར་རླུང་བཟུང་ཞིང་སྔགས་ཡིད་ཀྱིས་བཟླའོ། །དེ་ཡན་རྒྱུན་དུ་ཡིན་ལ་ཐུན་མཚམས་སུ་གཏོར་བསྔོས་རང་གཞུང་ལྟར་བྱ་སྟེ། །མདུན་བསྐྱེད་ཡོད་ན་གཏོར་མགྲོན་དེ་དང་དབྱེར་མེད་བྱེད། མདུན་བསྐྱེད་མེད་ན་གཏོར་མགྲོན་ཡེ་ཤེས་པ་ཐམས་ཅད་རང་ལ་བསྟིམས་ལ། འཇིག་རྟེན་པ་ཐམས་ཅད་བཛྲ་མུཿ ཞེས་གཤེགས་༔ དེ་ནས་སྤྱི་བོའི་གཡུང་དྲུང་དང་ཕག་ཞལ་མར་སྤྱི་བོར་ཐིམ་པར་བསྒོམ། གསང་གནས་ཆོས་འབྱུང་ཡར་ཐིམ་པར་བསྒོམ། ཕྱི་རོལ་སྣོད་བཅུད་གཞལ་ཡས་ཁང་ཞེས་སོགས་


CMR023_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་རྫོགས་རིམ་འདོན་ནས་སྟོང་པ་ཉིད་ཅེས་མི་འཕྲོ་བར་མཉམ་པར་བཞག །དེ་ནས་སླར་ཡང་དེ་ཉིད་ཀྱི་སོགས་ཟུང་འཇུག་གི་སྐུར་ལྡང་ལ་བསྔོ་བ་སྨོན་ལམ་ཆོས་སྤྱོད་སོགས་གང་དགོས་བྱའོ། །དེ་ཐུན་དྲུག་གམ་བཞིར་ཉམས་སུ་བླངས་ཏེ། དགོང་མོ་ཆོས་སྐྱོང་སོགས་གཏོར་བསྔོས་རྒྱས་པར་བྱའོ། །།དེ་ལྟར་ཟླ་བ་དྲུག་གམ། གསུམ་མམ། ཞིག་ཉེར་གཅིག་གམ། ཞག་བདུན་བསྒོམ། སྔགས་གྲངས་ནི་ཆེར་མེད། བར་རླུང་བཟུང་བ་ཡིན། འདིར་གསང་གནས་སུ་ལྷ་ལྔ་བསྒོམ་པ་མི་འཐད། ཅེས་མཚུར་ཕུ་འཇམ་དབྱངས་པས་གསུངས་ཀྱང་རྗེ་གྲགས་པ་སེང་གེ་དང་མཁའ་སྤྱོད་དབང་པོའི་ལུགས་ཡིན། གསང་སྒྲུབ་ཀྱི་ཟིན་བྲིས་གོ་བདེ་བ་ཨ་རཱ་གས་བཀོད་ལ་ཉེས་པ་གང་མཆིས་བཤགས་ཤིང་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བར་བགྱིའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་ཟིན་བྲིས།next