Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་ཡོངས་སུ་སྒྲུབ་པའི་གེགས་སེལ།
   
   
   
   
   
   
   
   
   


 
previousལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་ཡོངས་སུ་སྒྲུབ་པའི་གེགས་སེལ།next

ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་ཡོངས་སུ་སྒྲུབ་པའི་གེགས་སེལ།


CMR023_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་ཡོངས་སུ་སྒྲུབ་པའི་གེགས་སེལ་བཞུགས་སོ།།


CMR023_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཝཱ་ར་ཧི་ཡེ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་དང་ཞོར་བསྙེན་བྱེད་ཀྱང་རུང་སྟེ། གེགས་སེལ་ནི་གསང་སྔགས་ཀྱི་སྒྲ་ཐམས་ཅད་ཡིན་པས་ཐམས་ཅད་ལ་སྤང་དགོས། དེ་ལ་སྔོན་ས་སྐྱ་པཎྜི་ཏ་བཞུགས་སྐབས་བཀའ་བརྒྱུད་བླ་མ་རྣམས་ཀྱི་མཐུས། དངོས་གྲུབ་ཀྱིས་ལུང་པ་བཀང་ནས་མངོན་ཤེས་དང་གྲུབ་རྟགས་ཐོན་པ་ནམ་མཁའི་སྐར་མ་ཙམ་བྱུང་། དེར་གྲུབ་མཐའ་གཞན་ཐམས་ཅད་བཀའ་བརྒྱུད་ལ་སེམས་ཤོར་ནས། ས་ལུགས་སོགས་ཆོས་བརྒྱུད་ཆེད་ལ་ཁད་དུ་གྱུར། ས་པཎ་གྱིས་སློབ་མ་རང་དང་མཉམ་པ་མཁས་པ་གྲུ་སྐྱ་མོ་བྱ་


CMR023_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བ། རྗེ་འཇིག་རྟེན་གསུམ་མགོན་འདུལ་དུ་བཏང་བ་ཡང་། འབྲི་གུང་པའི་སློབ་མར་གྱུར་ནས་ཆོས་ཕྱོགས་ནས་ཇུས་ཉེས་ཆེན་པོ་བྱུང་། ས་པཎྜི་ཏ་རང་བྱོན་པ་ཡང་འབྲི་གུང་མའི་ཆུ་སྒྲ་ལ་ནཱ་ག་རྫུ་ནའི་སྒྲ་གྲག་པས་ཀླུ་སྒྲུབ་ཡིན་པར་ཤེས་ནས། དངོས་སུ་རྩོད་པའི་བགྲོ་གླེང་མཛད་མ་སྤོབས་ཤིང་། པཎ་ཆེན་ཤཱཀྱ་ཤྲཱི་ས་པཎ་ཉིད་ཀྱི་རྩ་བླ་དེས་ཀྱང་དུས་མཁྱེན་དྲུག་པ་སེང་གེར་ལུང་བསྟན་པ་སོགས་གསན་ཡང་། རང་གི་ཆོས་ལུགས་བརྒྱུད་པ་འཆད་དོགས་ནས། བཀའ་བརྒྱུད་ཀྱི་ཆོས་ལུགས་ཕལ་ཆེར་བཀག །བཀའ་བརྒྱུད་ཀྱི་ཆོས་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་དང་། ཡི་


CMR023_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྱི་སྙིང་པོ་ཕག་མོ་ཡིན་པར་དགོངས་ནས་བཀག་པ་མང་དུ་མཛད། དེ་དག་ངེས་པར་བཀག་པ་ཡང་མང་དུ་མཛད་མོད། དེ་དག་ངེས་པར་བཀག་པ་མིན་པར་གོ་དགོས། འོན་ཀྱང་ལྷགཞན་ཁ་ཅིག་གིས་དམ་ཚིག་ངོ་ཡིན་སྙམ་དུ་ལོག་པར་ལྟ། རང་ལུགས་ཁ་ཅིག་ཀྱང་ཐེ་ཚོམ་སྐྱེས་ནས་ཡི་དམ་མི་འགྲུབ་པའི་གེགས་སུ་གྱུར་ནས་ས་པཎ་གྱི་གསུང་ལེན་མཚུར་ཕུ་འཇམ་དབྱངས་ཆེན་པོ་དང་རྗེ་མི་བསྐྱོད་ཞབས་དང་། མངའ་རིས་པཎ་ཆེན་དང་གཙུག་ལག་རྒྱལ་མཚན་སོགས་ཀྱིས་རྒྱ་ཆེར་མཛད་མོད། འོན་ཀྱང་རང་རེ་སོ་སོའི་སྐྱེ་བོ་རྣམས་བཀག་བཞག་མང་ན། ཆོས་སྤང་གི་བསྒྲིབས་པས་ངན་སོང་དུ་ལྟུང་ཉེས་ཆེ་བས། དེ་དག་བཏང་སྙོམས་སུ་བཞག་ནས། ཕག་མོ་བཀག་པའི་ཚིག་ལེན་ནི། ཨུ་རྒྱན་རིན་པོ་ཆེས། འདྲ་མིན་ཤན་འབྱེད་དུ་འགའ་ཞིག་ཆོས་ལོགས་སུན་འབྱིན་ཞེས། ཡིན་པའི་བཀའ་ལ་མིན་ཞེས་ནས། །གཤེ་ལོག་འགེལ་ཞིང་ལུང་རྒྱབ་མཐུད། །དེ་མཐུའི་ཆོས་ལ་ཐེ་ཚོམ་ཟ། །ཉམས་ལེན་འཕྲོ་སྐྱུར་རྩོད་པ་བསྒྲུབ། །ལམ་ལོག་ལམ་གོལ་བདུད་ཀྱིས་བསླུས། །དེ་འདྲའི་འདྲ་མིན་རྩོམ་རྒྱུད་ཀྱིས། །རྒྱལ་ཁམས་འགེང་བས་བརྟག་པ་གཅེས། །ཞེས་གསུངས་པའི་དོན་ཡིད་ལ་


CMR023_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བར་བྱའོ། །གཞན་གྱི་ཚིག་ལན་ལ་ཡང་ཨོ་རྒྱན་གྱི་གསུངས་དེ་བརྗོད་པས་རང་ལ་ཉེས་པ་མི་འབྱུང་ངོ་། །ཕག་མོ་ལ་ཐེ་ཚོམ་མེད་ན་ཡང་ཟིན་བྲིས་མི་གཅིག་པ་དཔག་ཏུ་མེད་པ་འབྱུང་བ་ལ་ཐེ་ཚོམ་མི་དགོས་ཏེ། རྗེ་མཁའ་སྤྱོད་དབང་པོ་མན་ཆད་ལ། ལྷན་ཅིག་སྐྱེས་མ་ལྷ་ལྔ་སྙན་བརྒྱུད་ཡིན་པས་བརྒྱུད་འཛིན་རེ་རེ་ཙམ་ལས་མི་གནང་ངོ་། །ཞལ་བཞི་མ་དང་ཞལ་གཉིས་མ་དང་། བམ་བསྐྱེད་ལྷ་ལྔ་སོགས་གནང་ངོ་། །ལྷན་ཅིག་སྐྱེས་མ་འདི་སློབ་མ་དད་པ་ཅན་རྣམས་ཀྱིས་ཞུས་པ་ན། ཐུགས་དམ་ལྔ་ཚན་ནང་གི་བམ་བསྐྱེད་ལྷ་ལྔ་མ་དེ་འདི་ཡིན་པ་སྐད་དུ་མཛད་ནས་གནང་། སློབ་མ་སྐལ་ལྡན་ལ་ཡང་དང་པོ་འདི་མི་གནང་བར། ཕྱི་སྒྲུབ་ཚུལ་དུ་སརྦ་བུདྡྷ་ཌཱཀི་བསྙེན་བཅུག །དེ་ནས་ཞལ་གཉིས་མ་བསྙེན། ནང་སྒྲུབ་མི་བཏགས། དེ་ནས་གསང་སྒྲུབ་ལྷན་སྐྱེས་མ་འདི་བརྒྱུད་པ་ཟིན་ངེས་རེད་ཛ་གནང་སྲོལ་བྱུང་བས་དེ་དག་དྭགས་པོ་མན་ཆད་མཁའ་སྤྱོད་པ་ཡན་ཆད་ལ་དར་བས། དེ་དག་གི་ཟིན་བྲིས་དུ་མ་གཅིག་བྱུང་བ་ཡིན། ཕྱག་ལེན་གསར་མ་ཟེར། མར་མི་གཉིས་ཀྱིས་ནི་དང་པོ་ནས་འདི་གཅིག་བརྒྱུད་དུ་གནང་བས་སྒྲུབ་པ་ལ་ཕྱག་ལེན་རྙིང་མ་ཡིན་པས། །


CMR023_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཕྱག་ལེན་རྗེས་མ་དེ་ཡིན་པས། འདི་ནི་ཕྱག་ལེན་རྙིང་མ་དེ་ཡིན། ཡང་མཚུར་ཕུ་འཇམ་དབྱངས་ཆེན་པོས་བཀག་པ་མཛད་པའི་ཕལ་ཆེར་འདི་ཡིན་པར་འདུག་སྙམ་དུ་ཐེ་ཚོམ་མི་བྱ་སྟེ། སྤྱིར་ཆོས་ཐམས་ཅད་ལ་གཞུང་མཁན་པོའི་ལུགས་དང་། མན་ངག་མཁན་པོའི་ལུགས་གཉིས་རེ་འབྱུང་བ་ལྟར། རྗེ་བཙུན་མའི་སྒྲུབ་ཐབས་འདི་ལ་ཡང་ལུགས་གཉིས་འབྱུང་སྟེ། མཚུར་ལུགས་དེ་ནི་གཞུང་གི་ཡི་གེ་ལ་ཇི་ལྟར་འདུག་པས་དེ་ཉིད་བཅོས་སླད་མེད་པར་ཡིན་ཞིང་། རྗེ་མཁའ་སྤྱོད་དབང་པོས་ལུགས་ལ་བཀག་པ་རྒྱ་ཆེར་མཛད་ནའང་། འདིའི་མན་ངག་ཡི་གེ་མེད་ཅིང་སྙན་དུ་བརྒྱུད་པ་གཅིག་ཏུ་ཡོད་པ་རྣམས་མཁའ་སྤྱོད་དབང་པོའི་ཡི་གེར་བཀོད་པ་ལ། ཁོང་གི་ཐུགས་ལ་མ་ཤར་བར། འདི་འདྲ་བ་ཡི་གེ་ལ་མ་བཤད་དེ་ཙམ་བཀག་པ་མཛད་ཀྱང་ཕྱིས་ཆོས་ཀྱི་སྤྱན་ལྡན་མཐོང་བ་དོན་ལྡན་གྱིས། ཕག་མོའི་ཆོ་ག་འདི་བརྩམས་ནས། མཚུར་ལུགས་མ་མཛད་ནས་མཁའ་སྤྱོད་པའི་ལུགས་ལྟར་མཛད་འདུག་པས་ཐུགས་ཐག་ཆོད་འདུག་གོ །དེ་རྣམས་ཐེ་ཚོམས་ཀྱི་གེགས་སེལ་ཡིན། ༈ འདི་སྙན་བརྒྱུད་གྱི་རྩ་བ་ཡིན་བཀའ་ཤིན་ཏུ་གཉན་པས་དམ་ཚིག་མི་གཙང་བས་བསྒྲུབས་ན་རྩུབ་ཆ་ཆེ་


CMR023_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བས། སྔོན་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། ཕྱག་འཚལ་དང་བཤགས་པ་ཞག་བདུན་ཙམ་བྱས་ལ་བསྒྲུབས། ཐུན་མཚམས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱའོ། །རྙིང་མའི་ལུགས་ལ་ཕག་ཁྲོས་སེང་གསུམ་ལ་སྒབ་འདྲེ་མནན་པར་གསུངས་ཀྱང་། རང་ལུགས་འདི་ལ་སྲོལ་ཡེ་ནས་མེད་པས་མི་དགོས་སོ། །སྤྱིར་ཆོས་གང་ཟབ་ལ་རྒྱལ་འགོང་དང་དམ་སྲིའི་བར་དུ་གཅོད་ཅིང་། མར་པའི་ཞལ་གདམས་ལས་ཀྱང་། ཕོ་ཉི་ཚེ་བ་བྱུང་ན་རྒྱལ་པོའི་བར་ཆད་ཡིན་གསུངས་པས། དེ་དག་གི་གེགས་སེལ་མན་ངག་ལ་སྔ་དྲོའི་ཐུན་མཚམས་སུ། རང་ཉིད་རྗེ་བཙུན་མར་བསྒོམ་པའི་ཐུགས་ཀར་རང་གི་ཉེ་དུ་གྲྭ་སློབ་ཡོན་བདག་ནོར་ཕྱུགས་རྣམས། ཐུགས་སྲོག་ལ་བསྐོར་ནས་ཡོད་པར་བསྒོམ། དེ་རྒྱབ་ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་ཞལ་ནང་དུ་རྒྱུ་ནས་བསྲུང་བ་མཚམས་བཞིར་ཕཊ་རཾ་བཞི་ལ་མེ་དཔུང་འབར་བ། དེ་རྒྱབ་འཁོར་ལོ་དམར་པོ་རྩིབས་བརྒྱད། རྩིབས་རྩེ་རལ་གྲི་སོ་གཉིས་པའི་རྩེ་འདྲ་བ་གུར་ཐབས་གཅིག་བསྒོམ། དེ་རྒྱབ་མཁའ་འགྲོ་མ་ཁ་དོག་སྣ་ཚོགས་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས་སྔགས་སྒྲ་སྒྲོག་པའི་གུར། དེ་རྒྱབ་མེ་རི་ཁ་དོག་སྣ་ལྔ་


CMR023_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་གུར་ཁང་བསྒོམ། སྔགས་བཟླས་པ་ཙམ་གྱིས་འཁོར་ལོ་དེ་གཡས་སུ་སྒ་ར་ར་འཁོར་བའི་རྩིབས་རྩེས་གནོད་བྱེད་དམ་སྲི་རྒྱལ་འགོང་སྒྲུབ་པའི་བར་ཆད་བྱེད་པ་ཐམས་ཅད་གཏུབ་ཅིང་། མཁའ་འགྲོ་མ་རྣམས་ཀྱིས་རྗེས་མེད་དུ་ཟོས། ལྷག་མ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསྒོམས། རང་གི་ཐུགས་ཀའི་འོད་ཟེར་མཁའ་འགྲོ་མ་བཞི་ལ་ཕོག །དེའི་འོད་ཟེར་གུར་ཁང་གི་མཁའ་འགྲོ་མ་རྣམས་ལ་ཕོག་པས་སྲུང་ཟློག་གི་ཕྲིན་ལས་སྣ་ཚོགས་བསྒྲུབ་པར་བསྒོམ། རང་གི་ཐུགས་ཀའི་འོད་ཟེར་ཕཊ་དང་རཾ་ཡིག་ལ་ཕོག་པས་མེ་དཔུང་ཆེན་པོ་འཕྲོས་ཏེ། གནོད་བྱེད་ཐམས་ཅད་བསྲེགས་པར་བསྒོམ་ཞིང་། ཨོཾ་བཛྲ་བེ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་བདག་ཅག་སློབ་དཔོན་ཡོན་མཆོད་བསྲུང་བྱར་གྱུར་པ་རྣམས་ལ་སྲུངས་ཤིག་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་བརྒྱའམ་ཚར་བདུན་ལས་མི་ཉུང་བ་ཅི་ལྕོགས་བཟླའོ། ༈ །དེ་ནས་དགོང་མོའི་ཐུན་མཚམས་ལ། རང་གི་གསང་གནས་ཆོས་འབྱུང་དབུས་ཀྱི་ཧྲཱིཿདེ་ཉིད་རྗེ་བཙུན་མ་སྐུ་མདོག་ནག་ལ་དམར་བའི་མདངས་ཅན་དམར་ནག་ཁྲོ་ཞིང་གཏུམ་པ་ཚོན་གང་ཙམ། དེའི་ཐུགས་སྲོག་ཧཱུྃཡིག་དེ་སྐད་ཅིག་ཧཱུྃ་མཐིང་ག་གཅིག་ཏུ་གྱུར། ཧཱུྃ་མཐིང་ག་དེ་ལས་ཧཱུྃ་མཐིང་ག་


CMR023_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྒྲ་དང་བཅས་པ་གྲངས་མེད་པ་འཕྲོས་པས། གནམ་ས་བར་སྣང་ཐམས་ཅད་ཐེམ་འགགས་སུ་གང་ནས་ཧཱུྃ་སྒྲ་འབྲུག་སྟོང་གྲག་པ་ཙམ་གྱིས་འཇིག་རྟེན་ཐམས་ཅད་གཡོ་ཞིང་འགུལ། རི་རབ་ཡང་འགུལ་ཞིང་རྒྱ་མཚོ་ཆེན་པོ་དང་བཅས་པ་ཁྱོམ་ཁྱོམ་བྱེད་པས། གནོད་བྱེད་ཐམས་ཅད་སྟོང་གསུམ་གྱི་ཕ་མཐར་བྲོས། ལ་ལ་མྱོས་ཤིང་བརྒྱལ་ཏེ་སྲོག་སྙིང་ཕུལ་བར་བསྒོམ། ཧཱུྃ་སྒྲ་དྲག་པོར་ཕྲེང་སྐོར་ཙམ་འདོན་ཞིང་གར་དང་འཆམ་སྟབས་བྱའོ། །མཐར་ཧཱུཾ་ཐམས་ཅད་གསང་བའི་ཧཱུྃ་ལ་བསྡུའོ། །ཨྠྀི། ཡང་སྔོན་དུ་ལྷ་གཞན་གྱི་བསྙེན་སྒྲུབ་ཅི་ཡང་མ་སོང་བར་དང་པོ་ནས་འདི་སྒྲུབ་པ། མ་ཆུན་ནས་སེམས་རྩུབ་པ་དང་རྟགས་དང་ཆོ་འཕྲུལ་ཆེ་དྲགས་ནས་སྐྲག་ན། ཐུན་མཚམས་སུ་བདག་བསྐྱེད་མི་བསྡུ་བར་གཞུང་ལྟར་བྱས་ལ་སྤྱི་བོར་རྡོ་རྗེའི་ཐུགས་ཀར་ཨོཾ་དཀར་པོ། མགྲིན་པར་རིན་པོ་ཆེའི་ཐུགས་ཀར་ཨཱཿདམར་པོ། ཐུགས་ཀར་པདྨོའི་ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་རྒྱ་གྲམ་གྱི་ཐུགས་ཀར་༈ ཧིལྗང་ཁུ། གསང་གནས་སུ་གཙོ་མོའི་ཐུགས་ཀར་ཧཱིདམར་པོ་ལ་སྙིང་པོས་བསྐོར་བར་བསྒོམ་མོ། །ཨོཾ་ཨཱཧཱུྃ་ཧཱུྃ༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རེ་


CMR023_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བཟླའོ། །དེས་མི་ཆུན་པ་མི་འོང་ངོ་། །ཨྠྀི། ཡང་བཟའ་བཏུང་གི་སྣོད་ཐོད་པ་ཡོད་ན་རབ། མེད་ན་ཞལ་བུ་སོགས་བྷནྡྷར་བསྒོམ། ཟས་ཤ་ལྔ་བདུད་རྩི་ལྔར་བྷེ། རང་རྗེ་བཙུན་མར་གསལ་བའི་གསང་གནས་ཆོས་འབྱུང་སྟེང་དུ། ཡི་གེ་ལྔ་དེ་རྗེ་བཙུན་མ་གཙོ་འཁོར་ལྔ་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པ་སྐུ་ལ་བདེ་དྲོད་ཀྱི་མེ་ཆེན་པོ་རབ་ཏུ་འབར་བར་བསྒོམ་། ཁ་རང་བྱུང་གི་ཐབ་ཁུང་། ལྟེ་འོག་དེ་དག་གཏུམ་མོ་རང་བྱུང་གི་མེ། ལག་པ་གཉིས་རང་བྱུང་གི་དགང་གཟར་བླུག་ཏུ་མོས་པ་ཙམ་བྱས་ལ། སྔགས་ཡིད་འདོན་རེ་དང་ཟས་ཁམ་རེའམ་སྐོམ་ཧུབ་རེ་བྱས་པས་ཟས་སྐོམ་བདུད་རྩི་དེ་གསང་གནས་ལྷ་ལྔའི་ཞལ་བུས་ལྷབ་ལྷབ་གསོལ་བར་བསྒོམ་མོ། །འདིས་སྦྱིན་སྲེག་གི་གོ་ཡང་ཆོད་འདི་ནང་གི་སྦྱིན་སྲེག་ཡིན་དཀོར་སྒྲིབ་འདག །དམ་ཚིག་ཉམས་ཆག་བསྐང་། ཟས་འདུ་དངོས་གྲུབ་མྱུར་བར་གསུངས་སོ། །ཨྠྀི། འདི་ཡི་བསྙེན་སྒྲུབ་ཐེངས་མང་ན་ལས་ཚོགས་ཐམས་ཅད་འགྲུབ་བོ། །མཆོག་འགྲུབ་ན་ཐུན་མོང་ཞར་ལ་འབྱུང་ཕྱིར་མང་དུ་མ་བསམས་ཀྱང་། ཉང་གི་གཏེར་ཁའི་དམར་མོ་གསུང་སྒྲུབ་ཀྱི་ལས་ཚོགས་རྣམས་འདི་ལ་སྦྱར་ན། རྗེ་མཁའ་སྤྱོད་པའི་པོད་དམར་དུ་


CMR023_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ཡོད་པར་སྣང་བ། འདི་རང་གཞུང་གི་ལས་ཚོགས་ཀྱང་འགའ་རེ་ཡོད་དེ་རེ་ཞིག་གཞུང་རྣམས་སྦས་ཐབས་སུ་བཞུགས་པ་ལ་བདག་གིས་ཀྱང་གསལ་འདྲ་མ་བྱས་སོ། །རྟེན་འབྲེལ་འགྲིགས་ན་རྗེས་སོར་བྲིའམ་སེམས་སོ། །ནང་སྒྲུབ་སྐབས་སུ་སོ་སོར་བརྟགས་འགོགས་དང་། བཟང་མིན་འགོགས་པ་དང་། རླུང་སེམས་རྡོ་རྗེའི་བཟླས་རིམ་མི་གཅིག་པ་མང་དུ་གསུངས་པ་ནི། ལྷ་ཁྲིད་དང་རླུང་སེམས་གཉིས་མེད་རྫོགས་རིམ་གྱི་ཁྲིད་དུ་གལ་ཆེ། འདི་ཡོད་ན་ལེགས་མེད་ཀྱང་ཆོག །གཞན་དམིགས་ཕྲན་འགའ་དང་འགའ་གསུངས་པ་ནི་རྒྱུན་བསྙེན་དང་ལས་ཚོགས། གཞན་སྒྲུབ་དུས་འདི་མ་ཚང་བར་མ་སེམས་ཤིག །འདིར་དམིགས་སྐོར་མང་དྲགས་མི་གསལ་དོགས་ན་རྩ་བ་མེད་ཀ་མེད་དོ། །ཞེས་པ་འདི་ཀརྨ་ཨ་རཱ་གས་སྦྱར་བ་མངྒ་ལཾ། རྟེན་འབྲེལ་འགྲིགས་པས་དཔལ་འབྱོར་རྒྱ་མཚོས་བྲིས། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་ཡོངས་སུ་སྒྲུབ་པའི་གེགས་སེལ།next