Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པའི་བཟང་ངན་གྱི་རྟགས་ཡིག་མདོར་བསྡུས།
   
   
   
   
   
   
   
   


 
previousལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པའི་བཟང་ངན་གྱི་རྟགས་ཡིག་མདོར་བསྡུས།next

ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པའི་བཟང་ངན་གྱི་རྟགས་ཡིག་མདོར་བསྡུས།


CMR023_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པའི་བཟང་ངན་གྱི་རྟགས་ཡིག་མདོར་བསྡུས་བཞུགས་སོ།།


CMR023_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཝཱ་ར་ཧི་ཡེ། ཕག་མོའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་དང་རྒྱུན་བསྙེན་གང་བྱེད་ཀྱང་། བཟང་ངན་གྱི་རྟགས་ཤེས་པར་བྱས་ལ་སོ་སོར་བཅོས་པ་རྣམས་བཅོས། བཟང་ངན་ལ་དགའ་ཚོར་ཆེན་པོར་མི་བྱ། རང་གི་སློབ་དཔོན་དང་སློབ་མ་དམ་ཚིག་ཅན་མཆེད་གྲོགས་དམ་ཚིག་ཅན་རེ་རེ་ཙམ་ལས་མི་བཤད། དེ་ཡང་སྒྲུབ་པ་དེ་མ་ཚར་བར་དུ་སུ་ལ་ཡང་མི་བཤད། ངན་པའི་རྟགས་དང་ཚེ་སྔོན་གྱི་ལས་ངན་དག་པའི་ལྷོང་གིས་ནད་སོགས་གློ་བུར་སླང་བའི་རྐྱེན་བྱུང་ན་རྣམ་རྟོག་དང་ལོག་ལྟ་མི་བྱ། ཕྱི་མ་ངན་སོང་དུ་སྡུག་བསྔལ་བཟོད་གླགས་མེད་པར་མྱོང་རྒྱུ་དེ་ད་རེས་ནད་


CMR023_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཅུང་ཟད་འདིས་དག་རྒྱུ་ཡིན་སྙམ་དུ་དགའ་བ་བསྒོམ། རྒྱལ་འགོང་གི་རྟགས་དང་། ངོ་མི་ཤེས་པའི་བཙུན་གཟུགས་མང་དུ་བྱུང་ན། རྒྱལ་པོའི་བར་ཆད་ཡིན་པས་བསྲེག་རྫས་ལ་བདུད་རྩི་རིལ་བུ་བསྲེས་ལ་ཞི་བའི་སྦྱིན་སྲེག་བྱ། སྦྱིན་སྲེག་མ་ཐོན་ན་དགོང་མོར་རྫས་རྒོད་ཡོད་ན་བདུག །ཡང་ན་ཧཱུཾ་སྒྲུབ་དམིགས་པ་དང་བདུད་ཟློག །དགོང་མོ་སེང་གདོང་མའི་ཟློག་པ་སོགས་བྱ། སྐྱེས་པ་དང་བུད་མེད་འདྲེས་མ་རྨིས་ན་ཆོ་འཕྲུལ་སྟོན་པ་ཡིན་པས་དམིགས་པ་གསལ་བར་བསྒོམ་ཞིང་ཐུན་མཚམས་སུ་ཧཱུཾ་སྒྲུབ་བྱ། སེམས་མི་བདེ་བ་དང་ལར་རྩུབ་ཉམས་ཆེ་ན་མ་ཆུན་པ་ཡིན་


CMR023_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཨོཾ་ཨཱཧཱུྃ་ཧྲཱིཿསྔགས་མགོ་ལ་སྦྱར་བ་དང་དེའི་དམིགས་པ་ཐུན་མཚམས་སུ་བྱ། བུད་མེད་མཛེ་ཡིས་ཟིན་པ་བྱུང་ན་དམ་ཚིག་ཉམས་པའི་རྟགས་ཡིན་པས། ཚོགས་དང་བསྐང་ཟླབ་བྱ། ཐུན་མཚམས་སུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ། བུད་མེད་རྒྱན་ཆ་བཏོག་པ་དམ་ཚིག་ལ་སེལ་ཅུང་ཟད་ཡོད་ཅིང་རང་ལ་ཆག་སྒོ་ཡོད་པས་བར་ཆད་འོང་རྟགས་ཡིན་པས་ཚོགས་དང་བསྐང་བ་དང་། སྦྱིན་སྲེག་ཤེས་ན་བྱ། གཞན་ཡང་ཟབ་མདོ། སེང་གདོང་མ། ནུབ་དུས་ལུས་སྦྱིན། གཏོར་འབུལ་སོགས་རྐྱེན་ཟློག་གང་མང་ཐུན་མཚམས་སུ་བྱ། བུད་མེད་སྐྲ་བྲེག་པ་དང་རྒྱན་ཆ་བཀྲོལ་བ་དང་དུ་བ་བར་ཆད་ཡོད། རྐྱེན་ཟློག་གོང་ལྟར་གཟབ། བུད་མེད་ངོ་གནག་ཅིང་ཕྱིར་གྱེས་པ་དང་། བུད་སོང་བ་རྨིས་ན་སྒྲུབ་པ་ལ་ལེ་ལོ་ཤོར་བའི་རྟགས་ཡིན་པས་བརྩོན་འགྲུས་དྲག་ཏུ་བྱ། སྤྱང་མོ་བྱུང་ན་མཆོད་པ་ངན་པ་ཡིན་པས་ཚོགས་གཏོར་བཟང་དུ་བྱ། བུད་མེད་ཁ་ཤོ་མ་བྱུང་ན་རྟགས་མཚན་གཞན་ལ་སྨྲས་པའི་རྟགས་མཚན་སྨྲས་པ་སོགས་བཤགས་པ་བྱ། ཕྱིས་མི་སྨྲ་བའི་དམ་བཅའ་བྱ། སྒྲུབ་པའམ་གསང་ནས་ལྷ་གཞན་ཞིག་སྒྲུབ་པ་ཡིན་ཞེས་ཟེར། ༈ བཟང་རྟགས་ནི་དང་པོ་རང་གི་མ་


CMR023_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྲིང་མོ་དང་། གཞན་ཡང་བུད་མེད་དང་། བུ་མོ་ཆས་བཟང་བ་དང་། མཛེས་ཤིང་རྒྱན་ཆ་ཕྱུག་པ་མང་པོས་གླུ་ལེན་པ་དང་བྲོ་རྡུང་བ་དང་། སྙིང་གཏམ་སྨྲ་བ་དང་། རིང་ལ་རྩེད་མོ་བྱེད་པ་དང་། བཟའ་བཏུང་དྲང་བ་དང་། བག་ཕབ་ནས་དྲུང་ན་འདུག་པ་རྣམས་ལྷ་དང་ཉེ་བའི་རྟགས་ཡིན། དེ་ནས་བུད་མེད་དཀར་མོ་མང་ན་ཞི་བ་དང་། སེར་མོ་མང་ན་རྒྱས་པ། དམར་མོ་མང་ན་དབང་། ལྗང་གུ་མང་ན་ལས་སྣ་ཚོགས། སྨུག་པོ་མང་ན་མཆོག་གི་དངོས་གྲུབ། ནག་མོ་མང་ན་དྲག་པོའི་ལས་རྣམས་འགྲུབ། །པོ་ཏི་ཁྱེར་ནས་བྱུང་བའམ་རང་ལ་བྱིན་ན་ཆོས་ཀྱི་དངོས་གྲུབ་བོ། །དུང་དང་རོལ་མོ་བྱེད་ན་སྙན་གྲགས། མདའ་བྱིན་ན་མི་རྒྱུད་རིང་། བུམ་པ་བྱིན་ན་ཚེ་རིང་། ནོར་བུ་བྱིན་ན་བསམ་པ་འགྲུབ། ཀཱ་པ་ལ་བདུད་རྩིའི་བཀང་བ་བྱུང་ན་ཚེ་རིང་དངོས་གྲུབ་ཐོབ། ཐོད་ཁྲག་བྱིན་པ་དང་བླུད་ན། མཆོག་ཐུན་མོང་གཉིས་ཀ་ཐོབ་བོ། །བུད་མེད་མང་པོས་ནོར་ཕྱུགས་འཚོ་ན་ནོར་འཕེལ། ནོར་བཟའ་བཏུང་ཤིང་ཐོག་ཁ་ཟས་ཞིམ་པོ་བྱུང་ངམ་བྱིན་ན་ལོངས་སྤྱོད་འཕེལ་ལོ། །འགྲུབ་རྟགས་ནི་མཁའ་འགྲོའི་ཞལ་མཐོང་བ་དང་། ཆོས་གསུངས་


CMR023_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ལུང་སྟོན་པ་དང་། སྔགས་ཀྱི་སྒྲ་དང། ཌཱ་མ་རུའི་སྒྲ་གྲག་པ་དང་། དྲི་བཟང་ཐུལ་བ་དང་། ཆང་གི་རྒྱུན་འབབ་པ་དང་། ཉིན་མོ་མི་མང་པོ་འདུ་ཞིང་གུས་པ་དང་། མཚན་མོ་མཁའ་འགྲོ་མང་པོ་འདུ་ཞིང་དངོས་གྲུབ་སྟེར་བ་དང་། ནངས་ནུབ་ཟས་ནོར་མང་པོ་བརྩོན་པ་མ་བྱས་པ་འདུ་བ་དང་། ལུས་ལ་བདེ་བ་སྐྱེ་ཞིང་དྲོད་འབར་བ་ལྷག་ཀ་མི་ཚོར་བ་དང་། ངག་ལ་ནུས་པ་འབར་ནས་བདེན་ཚིག་དཔག་མེད་ཞུགས། ལྷ་འདྲེ་ལ་བཀའ་བསྒོ་གང་བྱས་ཉན། སྨོན་ལམ་བཟང་པོ་དང་དམོད་མོ་གང་བྱས་འགྲུབ་པ་དང་། སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་བཟང་སྐྱེ། ལྟ་བའི་གནས་ལུགས་རྟོགས་པ་དང་། གཞན་གྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཤིང་སྣང་བ་ཆོས་ལ་བསྒྱུར་ནུས་པ་དང་། སྡུག་བསྔལ་ཡང་བསྲན་ཚུགས་ཏེ། སྤྱོད་ལམ་གང་དུའང་ཏིང་ངེ་འཛིན་དང་མི་འབྲལ་བ་དང་། གདམས་ངག་ལ་རང་བྱན་ཚུད་དེ་ཡོན་ཏན་བསླབ་པ་དང་མ་བསླབ་གང་ལ་ཡང་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་དང་། ཕྱི་ཡི་དྲོད་རྟགས་ལུས་ཡོད་དུ་མི་ཚོར་བ་སྟེ། ལུས་གདོས་བཅས་མེད་པར་སོང་སྙམ་བྱེད། རི་བྲག་ལ་ཟངས་ཐལ་དུ་སོང་ཡང་ཐོགས་པ་མེད་སྙམ་


CMR023_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉམས་འབྱུང་། ནང་གི་དབུགས་རྒྱུ་བ་མི་ཚོར་བ་དེ། ལས་རླུང་དབུ་མར་ཚུད་པས་དབུགས་ཕྱི་ནང་དུ་རྒྱུ་བ་འདི་མེད་སྙམ་བྱས་པའི་ཉམས་འབྱུང་། གསང་བའི་དྲོད་རྟགས་ལ་གསལ་འགྲིབ་མེད་པ་སྟེ། ནམ་མཁའ་གཡའ་དག་པ་ལྟར་རོ་སྙམ་པ་སྟོང་པ་ཉིད་རྗེན་པར་རྟོགས། གང་ཤར་རྣམས་བསྒོམ་དུ་འཆར། སྣང་བ་ཐམས་ཅད་དཔེ་ཆར་འཆར་བས་ཆོས་བློ་བཟུང་མ་བྱས་ཀྱང་ཅི་ཙམ་བཤད་ཀྱང་མི་ཤེས་པ་འོང་། གཞན་ཡང་རྟགས་སྣ་ཚོགས་བརྗོད་ཀྱི་མི་ལོངས་བ་འབྱུང་ཞིང་ཆོས་དང་གདམས་ངག་ལྷ་མོ་མཁའ་འགྲོའི་གསུངས་པ་དང་། ལེགས་ཉེས་ཀྱི་བྱ་བ་ཐམས་ཅད་བརྡ་སྟོན་འབྱུང་ངོ་། རྟགས་ཡིག་བསྡུས་པ་ཨ་རཱ་གས་བཀོད་པ་ཉེས་པ་མཁའ་འགྲོའི་ཚོགས་ལ་བཤགས་ཤིང་། དགེ་བ་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་ཕྱིར་བསྔོ། བཀྲ་ཤིས། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པའི་བཟང་ངན་གྱི་རྟགས་ཡིག་མདོར་བསྡུས།next