Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་སྤྱན་རས་གཟིགས་པདྨ་རྒྱལ་པོའི་རྒྱུད།
   
   
   
   
   
   
   


 
previousའཕགས་པ་སྤྱན་རས་གཟིགས་པདྨ་རྒྱལ་པོའི་རྒྱུད།next

འཕགས་པ་སྤྱན་རས་གཟིགས་པདྨ་རྒྱལ་པོའི་རྒྱུད།


CMR023_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་པདྨ་རྒྱལ་པོའི་རྒྱུད་ཅེས་བྱ་བ་བཞུགས་སོ། །


CMR023_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པདྨོ་རཱ་ཛ་ཏནྟ་ནཱ་མ། བོད་སྐད་དུ། པདྨ་རྒྱལ་པོའི་རྒྱུད་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པདྨ་རྣམ་པར་འབྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དབང་པོ་བདེ་བ་ཆེན་པོ་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་མགོན་པོ་སྤྱན་རས་གཟིགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྐུ་དང་གསུང་དང་ཐུགས་ལ་སོགས། །ཡོན་ཏན་ཕྲིན་ལས་ལམ་དང་འཁོར། །


CMR023_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་དང་གཏད་པ་འདི། །ཁྱོད་ཀྱིས་བདག་ལ་ལེགས་པར་དྲིས། །།ཞེས་བཀའ་སྩལ་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་དེ་ལ་ཡིད་དགའ་བ་ཆེར་སྐྱེས་ནས། སྟོང་གསུམ་གྱི་སྟོང་ཆེན་པོ་འདི་གཡོས། རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ་ལོ། །འོད་ཆེན་པོ་ཉི་མ་འབུམ་བས་ཆེས་ཆེར་ལྷག་པའི་ཁམས་གསུམ་དུ་སྣང་བ་ཆེན་པོས་སྣང་བར་བྱས་སོ། །དེ་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འོད་དྲི་མ་དང་བྲལ་བ་ཞེས་བྱ་བ་ན། སངས་རྒྱས་པདྨའི་དཔལ་འཁོར་ཉི་ཁྲི་ལྔ་སྟོང་དང་བཅས་པ་དང་། ཤར་ལྷོའི་འཇིག་རྟེན་གྱི་ཁམས་ན་


CMR023_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་གནས་པདྨ་ཟིལ་ཅན་ཞེས་བྱ་བ་ན། སངས་རྒྱས་དཔལ་གྱི་སྙིང་པོ་འཁོར་ཉི་ཁྲི་ལྔ་སྟོང་དྲུག་བརྒྱ་དང་བཅས་པ་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྡུལ་དྲི་མ་མེད་པ་ཞེས་བྱ་བ་ན། སངས་རྒྱས་པདྨ་རབ་ཏུ་རྒྱས་པ་ཞེས་བྱ་བ་ལ་འཁོར་ཉི་ཁྲི་ལྔ་སྟོང་དྲུག་བརྒྱ་དང་བཅས་པ་དང་། ལྷོ་ནུབ་ཀྱི་འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་གཞལ་ཡས་ཞེས་བྱ་བ་ན་སངས་རྒྱས་པདྨ་བདེ་བ་ཅན་ཞེས་བྱ་བ་ལ་འཁོར་ཉི་ཁྲི་ལྔ་སྟོང་དྲུག་བརྒྱ་དང་བཅས་པ་དང་། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འོད་ཀྱི་རྒྱལ་མཚན་ཞེས་བྱ་བ་ན། སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་ལ་འཁོར་བྱེ་བ་ཕྲག་བརྒྱ་དང་བཅས་པ་དང་། ནུབ་བྱང་གི་འཇིག་རྟེན་གྱི་ཁམས་པདྨ་མུན་པ་རབ་ཏུ་གསལ་བ་ཞེས་བྱ་བ་ན། སངས་རྒྱས་མཆོག་ཏུ་མཛེས་པ་ཞེས་བྱ་བ་ལ་འཁོར་ཉི་ཁྲི་ལྔ་སྟོང་དྲུག་བརྒྱ་དང་བཅས་པ་དང་། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་པདྨ་སྣང་བ་བསྟན་པ་ཞེས་བྱ་བ་ན། སངས་རྒྱས་པདྨའི་གདུང་ཆེན་པོ་པ་ཞེས་བྱ་བ་ལ་འཁོར་ཉི་ཁྲི་ལྔ་སྟོང་དང་བཅས་པ་དང་། བྱང་ཤར་གྱི་འཇིག་རྟེན་གྱི་ཁམས་ནམ་མཁའ་དག་པ་ཞེས་བྱ་བ་ན། སངས་རྒྱས་བདེ་བའི་སྙིང་པོ་རབ་ཏུ་འཛིན་པ་ཞེས་བྱ་བ་ལ་འཁོར་ཉི་


CMR023_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་དྲུག་སྟོང་སུམ་བརྒྱ་དང་བཅས་པ་དང་། སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རབ་ཏུ་ཉམས་དགའ་བ་ཞེས་བྱ་བ་ན། སངས་རྒྱས་འགྲོ་བའི་དཔལ་ལ་འཁོར་ཉི་ཁྲི་བདུན་སྟོང་ཉིས་བརྒྱ་དང་བཅས་པ་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་མཉམ་པར་གནས་པ་ཞེས་བྱ་བ་ན། སངས་རྒྱས་པདྨ་ཆགས་པ་ཞེས་བྱ་བ་ལ་འཁོར་ཉི་ཁྲི་འབུམ་དང་བཅས་པ་ཐམས་ཅད་ཕྱག་ཏུ་པདྨ་འདབ་མ་སྟོང་དང་ལྡན་པ་རེ་རེ་བསྣམས་ནས། སངས་རྒྱས་པདྨ་རྣམ་པར་འབྱེད་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་པོའི་དྲུང་དུ། ཅི་ལྟ་བ་བཞིན་དུ་ཕྱག་ཐལ་མོ་སྦྱར་ནས་བྱོན་ནོ། །པདྨའི་རིགས་ཀྱི་གདུལ་བྱ་ལ། །པདྨའི་དམ་ཆོས་ལེགས་བཤད་པ། །པདྨའི་རིགས་ཀྱི་སངས་རྒྱས་ཐོབ། །བདེ་བ་སྟོང་པ་གཉིས་མེད་འཛིན། །ཞེས་གསུངས་སོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ། སྐུ་ཡི་རྣམ་པ་ཅི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྒྱས་པ་ལ་དབུ་འབུམ། ཕྱག་བྱེ་བ། སྤྱན་བྱེ་བའོ། །རྒྱས་པ་ལ་དབུ་བཅུ་གཅིག །ཕྱག་སྟོང་། སྤྱན་སྟོང་། དེ་ནས་བསྡུས་པ་ལ། ཞལ་བཅུ་


CMR023_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ལ་ཕྱག་བཞི་བཅུ་རྩ་དྲུག་པའོ། །དེ་ནས་བསྡུས་པ་ལ་ཞལ་བཅུ་གཅིག་པ་ལ་ཕྱག་བརྒྱད་པའོ། །དེ་ནས་བསྡུས་པ་ལ་ཞལ་བཞི་པ་ལ་ཕྱག་དྲུག་པའོ། །དེ་ནས་བསྡུས་པ་ལ་ཞལ་གསུམ་ཕྱག་དྲུག་པའོ། །དེ་ནས་བསྡུས་པ་ལ་ཞལ་གཅིག་པ་ལ་ཕྱག་བཞི་པའོ། །དེ་ནས་བསྡུས་པ་ལ་ཞལ་གཅིག་ཕྱག་གཉིས་པའོ། །རྒྱལ་བའི་སྐུ་ནི་དྲི་མ་མེད། །སྣང་བ་དག་པའི་སྤྱོད་ཡུལ་ཡིན། །མཛེས་པའི་དོན་དང་མིག་གཏད་དང་། །རྒྱ་ཆེ་བ་དང་ཆུང་བ་དང་། །ཀུན་ཀྱང་དང་བ་འདྲེན་པའི་ཕྱིར། །རིན་ཆེན་རྒྱུན་ནི་ཀུན་ལའང་། །ཞི་བའི་ཞལ་ནི་བཅུ་པ་སྟེ། །ཁྲོ་བོའི་ཞལ་ནི་གཅིག་ཡིན་ནོ། །ཕྱག་བཞི་ཡན་ཆད་ཐམས་ཅད་ལ། །དང་པོ་ཐུགས་ཀར་ཐལ་སྦྱར་བ། །དཀར་ལ་སྔ་བ་མདངས་བཏོན་པ། །སྐུ་མདོག་ཀུན་གྱི་དག་པ་ཡིན། །རྣམ་དག་རྒྱ་ཆེ་ཀུན་ལ་ཤེས། །བསྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྒྲིབ་པ་དག་པར་བྱེད། །འབྲེལ་དང་རང་དང་གཞན་དག་ཀྱང་། །ཁོང་གི་དཀྱིལ་འཁོར་གཅིག་པུར་གཅེས། །མང་པོ་བསམ་པ་སྣང་བ་དག །ལེགས་པར་གྱུར་ན་གཅིག་པུའོ། །སྐུའི་ལེའུ་གཉིས་པའོ།། །།།ཡང་འཕགས་པ་སྤྱན་རས་གཟིགས་


CMR023_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གིས། བཅོམ་ལྡན་པདྨ་རྣམ་པར་འབྱེད་པ་ལ། སྐུ་ལ་ཐེ་ཚོམ་མ་མཆིས་ན། །གསུང་གི་རྣམ་པ་ཅི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱལ་བའི་གསུང་ནི་རྫུན་མི་མངའ། །བསོད་ནམས་བསགས་པའི་སྤྱོད་ཡུལ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ་སྭཱ་ཧཱ། ཐོག་མར་དགེ་བ་ཨོ་ཡིན་ནོ། །ཡེ་ཤེས་ལྔ་ལྡན་བསྐུལ་བར་བྱེད། །བར་དུ་དགེ་བ་མ་ཡིན་ནོ། །བྱམས་པ་ཆེན་པོ་བསྐུལ་བར་བྱེད། །ཐ་མར་དགེ་བ་ཎི་ཡིན་ནོ། །ཐུགས་རྗེ་ཆེན་པོ་བསྐུལ་བར་བྱེད། །དོན་ཟབ་ཡིག་འབྲུ་པད་ཡིན་ནོ། །ལོག་ལྟ་ཐེ་ཚོམ་མ་ལུས་གཅོད། །ཚིག་འབྲུ་བཟང་པོ་མེ་ཡིན་ནོ། །བློ་གྲོས་ཆེན་པོ་བསྐྱེད་པར་བྱེད། །ཡོངས་སུ་རྫོགས་པ་ཧཱུཾ་ཡིན་ནོ། །རྡོ་རྗེའི་ཚིག་ལ་འོང་མི་ནུས། །གསལ་བའི་ཡིག་འབྲུ་ནོ། །ཐེག་པའི་གོ་ཡང་འབྱེད་པ་ཡིན། །མ་འདྲེས་ཡིག་འབྲུ་ཧཱུཾ་ལས་བྱུང་། །ཡན་ལག་དྲུག་ཅུ་གཞན་ལ་མེད། །འཕགས་པ་སྤྱན་རིས་གཟིགས་དབང་ཕྱུག་འདི་ནི་ཤར་ཇིག་རྟེན་གྱི་ཁམས་སུ་སྒྲོགས་ཤིག །དེ་བཞིན་དུ་ཕྱོགས་བཞིར་བསྒྲགས་པ་དང་། སངས་རྒྱས་རྡོ་རྗེ་སེམས་དཔའ། རིན་ཆེན་འབྱུང་ལྡན་དང་། རྣམ་པར་སྣང་མཛད་


CMR023_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དོན་ཡོད་གྲུབ་པ་དང་། ཡུམ་བཞི་དང་བཅས་པ་ཕྱོགས་བཞིར་འཁོད་དོ། །ཕྱོགས་བཞིའི་སངས་རྒྱས་ཀྱི་སྒྲ་དེ་བསྒྲགས་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། བྱམས་པ་དང་། སྒྲིབ་པ་རྣམ་པར་སེལ་བ་བཞི་རང་གི་ཕྱོགས་སུ་འཁོད་དོ། །བྱང་ཆུབ་སེམས་དཔའ་བཞིས་སྒྲ་དེ་བསྒྲགས་པ་དང་། འདོད་པའི་རྒྱལ་པོ་དང་། གཤིན་རྗེའི་གཤེད་པོ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་བཞི་ཕྱོགས་བཞིར་འཁོད་དོ། །ཡང་ཁྲོ་བོ་བཞིས་སྒྲ་དེ་བསྒྲགས་པ་དང་། མཆོད་པའི་ལྷ་མོ་དྲུག་ཕྱོགས་མཚམས་ཐམས་ཅད་ནས་བསྐོར་ཏེ། འདི་ལྟ་སྟེ། མེ་ཏོག་མ། དྲི་ཆབ་མ། མར་མེ་མ། བདུག་སྤོས་མ། ཞལ་ཟས་མ། སྒྲ་སྙན་མའོ། །དེ་དག་ཐམས་ཅད་ཀྱིས། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བརྗོད་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡི་གེ་དྲུག་པའི་སྒྲས་གང་བར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱིས་ཐོས་པ་དང་། ལ་ལས་ནི་མིག་གིས་ལྷའི་གྲོང་ཁྱེར་ཐམས་ཅད་མཐོང་ངོ་། །ལ་ལས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་ངོ་། །ལ་ལས་ནི་ཟབ་པ་དང་། རྒྱ་ཆེ་བའི་ཆོས་མང་པོ་ཐུགས་སུ་


CMR023_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད། ཉམས་དགའ་བ་དང་། ཤིན་ཏུ་དགའ་བ་དང་། བདེ་བ་དང་། ཡངས་པ་དང་། མང་པོ་ཐུགས་སུ་ཆུད་དོ། །བསྐལ་པ་སྟོང་དང་བརྒྱད་ཁྲིར་བསགས་པའི་སྡིག་པ་ཐམས་ཅད་ཕྱགས་སོ། །ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཕྱིས་སོ། །དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོར་སྐྱེས་པའི་སྒོ་མ་ལུས་པ་ཁེགས་སོ། །བདེ་འགྲོ་ཐམས་ཅད་ཀྱི་སྒོ་དཀར་བ་དང་། ཤིན་ཏུ་དཀར་བ་ཐམས་ཅད་འབྱེད་དོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ཀྱིས་མཆོད་པ་ཆེན་པོར་འགྱུར་རོ། །གསུང་གི་ལེའུ་སྟེ་གསུམ་པའོ། །ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས། བཅོམ་ལྡན་འདས་ཀྱི་གསུང་ལ་ཐེ་ཚོམ་མ་མཆིས་ན། ཐུགས་ཀྱི་རྣམ་པ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱལ་བའི་ཐུགས་ནི་མི་སྒྲིབ་སྟེ། །མོས་པ་ཆེ་རྣམས་རྗེས་སུ་འཛིན། །ཐུགས་ནི་ཡེ་ཤེས་ཆེན་པོ་སྟེ། །ཟག་མེད་བདེ་བའི་ཁྱད་པར་ཅན། །ང་ཡིས་ཁྱེད་ལ་བཤད་ཀྱིས་ཉོན། །ཅེས་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཐུགས་སུ་ཆུད་པའི་ཡེ་ཤེས་ཆེན་པོ་དང་། ཆོས་


CMR023_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རོ་གཅིག་པར་རྟོགས་པའི་མཉམ་པ་ཉིད་ཆེན་པོ་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་མཁྱེན་པའི་ཡེ་ཤེས་ཆེན་པོ་དང་། ཆོས་ཐམས་ཅད་མ་འདྲེས་མི་འདྲེས་འདྲེས་པར་མི་འགྱུར་བའི་ཡེ་ཤེས་ཆེན་པོ་དང་། ཆོས་ཐམས་ཅད་རང་དོན་གཞན་དོན་གཉིས་སུ་མེད་པར་མཁྱེན་པའི་ཡེ་ཤེས་ཆེན་པོ་དང་། ཆོས་ཐམས་ཅད་བདེ་བ་དང་སྟོང་པ་གཉིས་སུ་མེད་པར་མཁྱེན་པའི་ཡེ་ཤེས་ཆེན་པོ་དང་། སེམས་ཅན་ཐམས་ཅད་ལ་ཐུགས་མཉམ་པར་བརྩེ་བའི་ཡེ་ཤེས་ཆེན་པོ་དང་། དེས་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མི་ཆུད་པ་རྡུལ་ཙམ་ཡང་མེད་དོ། །རང་བཞིན་སྟོང་དང་རོ་གཅིག་དང་། །སྣང་ལ་རང་བཞིན་མེད་པ་དང་། །མ་འདྲེས་པ་དང་རང་གཞན་དོན། །བརྩེ་བའི་བདེ་སྟོང་བདུན་པོ་འདི། །ཡེ་ཤེས་ཐམས་ཅད་བསྡུས་པའོ། །ཐུགས་ཀྱི་ལེའུ་སྟེ་བཞི་པའོ།། ་།།བཅོམ་ལྡན་འདས་པདྨ་རྣམ་པར་འབྱེད་པ་ལ། སྤྱན་རས་གཟིགས་ཀྱིས་ཞུས་པ། །ཐུགས་ལ་ཐེ་ཚོམ་མ་མཆིས་ན། །ཡོན་ཏན་རྣམ་པ་ཅི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་


CMR023_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །དྲན་པ་ཙམ་གྱིས་འཁོར་བ་ཡི། །རྟོགས་པ་ཐམས་ཅད་འགགས་པར་འགྱུར། །མྱ་ངན་འདས་པ་ཐམས་ཅད་ཀྱི། །སྙིང་པོ་མ་ལུས་ལེགས་པར་འགྱུར། །པདྨས་ཉོན་མོངས་བདུད་བཅོམ་མོ། །ཟླ་བས་ལྷ་ཡི་བདུད་བཅོམ་མོ། །ཉི་མས་འཆི་བདག་བདུད་བཅོམ་མོ། །སྐུ་ཡིས་ཕུང་པོའི་བདུད་བཅོམ་མོ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་གཉིས། །སྐུ་མདོག་དཀར་པོས་འགགས་པ་ཡིན། །བསོད་ནམས་དང་ནི་ཡེ་ཤེས་ཉིད། །རིན་ཆེན་རྒྱན་གྱིས་བརྒྱན་པར་མཛེས། །ཕ་རོལ་ཕྱིན་བཅུ་ཡོན་ཏན་ནི། །ཞལ་ནི་འཛུམ་པ་གཅིག་པུར་འདུས། །ཆོས་ཀྱི་རྣམ་གྲངས་སོ་བདུན་ཏེ། །སྐུ་ཡི་རྣམ་པ་གསལ་བས་ཚང་། །པདྨས་རང་གི་རིགས་མཚོན་ནོ། །རྒྱལ་པོའི་གོང་ན་རྒྱུད་གཞན་མེད། །སངས་རྒྱས་ཀུན་གྱི་སྙིང་པོ་ནི། །མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ། །མཚན་ཙམ་ཐོས་པས་སྡུག་བསྔལ་འགགས། །དྲན་དང་མོས་པས་བདེ་བར་འདྲེན། །ཐབས་དང་ཤེས་རབ་གཉིས་མེད་བསྒོམ། །བདེ་དང་སྟོང་པའི་འབྲས་བུ་ནི། །རྒྱུད་ཆེན་འདི་ཡི་བརྗོད་བྱའོ། །སྐུའི་ཡོན་ཏན་གྱི་ལེའུ་སྟེ་ལྔ་


CMR023_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ཡོན་ཏན་ལ་ཐེ་ཚོམ་མ་མཆིས་ན། གསུང་གི་ཡོན་ཏན་ཅི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། སྙིང་པོ་བསྡུས་པ་འདི་ལ་ནི། །ཐེ་ཚོམ་མེད་པར་བརྩོན་པར་གྱིས། །རྒྱ་མཚོའི་ནང་གི་རིན་ཆེན་བཞིན། །ཨོཾ་མ་ཎི་པདྨེ་ཧཱུཾ། ཐེབ་གཅིག་མོས་པས་བརྗོད་པ་ན། །སེམས་ཅན་དམྱལ་བའི་ནད་ལས་ཐར། །ཐེབ་གཉིས་བརྗོད་པས་ཡི་དྭགས་ཀྱི། །འགྲོ་བའི་སྒོ་ཡང་འགག་པར་འགྱུར། །གསུམ་བརྗོད་དུད་འགྲོའི་འགྲོ་བ་འགག །འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་། །འདི་དང་མ་བྲལ་གཙང་མར་གནས། །ཟས་དང་གོས་དང་བཏུང་བ་ཡང་། །འདི་དག་དྲན་པས་ཉམས་པ་མེད། །འབྲས་ཀྱི་ཕུབ་མའི་གསེབ་ནས་ནི། །སྙིང་པོ་འབྲས་བུ་ལེན་པ་ཡིན། །དཔག་བསམ་ཤིང་གི་སྡོང་པོ་ལས། །མེ་ཏོག་ལེན་པ་ལྟ་བུ་ཡིན། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་མེ་ལྷ་གཤིན་རྗེ་དང་། །ཚངས་པ་བརྒྱ་བྱིན་གྲུལ་བུམ་དང་། །ཕྱི་དང་ནང་གི་འཚེ་བ་ཀུན། །སྔགས་ཀྱི་རྒྱལ་པོ་བགྲང་བས་ཞི། །ཡོན་ཏན་བགྲང་ལས་འདས་པ་ནི། །འཕགས་པས་གྲངས་སུ་བྱར་མི་ནུས། །གསུང་གི་ཡོན་ཏན་


CMR023_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལེའུ་སྟེ་དྲུག་པའོ།། །།བཅོམ་ལྡན་འདས་གསུང་གི་ཡོན་ཏན་ལ་བདག་དད་ལགས་སོ། །ཐུགས་ཀྱི་རྣམ་པ་ཅི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་མགོན་པོ་སྤྱན་རས་གཟིགས། །འགྲོ་བའི་མགོན་པོ་བདག་ལ་གསོན། །ཁྱེད་ཀྱི་ཐུགས་ཀྱི་ཡེ་ཤེས་ཡོན་ཏན་ནི། །འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་ཆོས་རྣམས་ལ། མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མ་ཆུད་པ་གང་ཡང་མ་མཆིས་སོ། །ཐུགས་ཀྱི་ཡོན་ཏན་གྱི་ལེའུ་སྟེ་བདུན་པའོ།། །།འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས། ལམ་ལ་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འགྲོ་བའི་མགོན་པོ་ཁྱོད་ཉོན་ཅིག །ལམ་ལྔ་བཞི་དང་གསུམ་དང་གཉིས། །འདི་ནི་བསྒྱུར་དང་སྦྱོར་བ་གཉིས། །སྨིན་ལམ་གྲོལ་ལམ་གཉིས་སུ་བཤད་ན་ཡང་། །ལུས་ངག་ཡིད་གསུམ་སྦྱར་བ་ལ། །ལུས་ལ་ཁྲུས་ཀྱིས་གཙང་བར་བྱ། །སངས་རྒྱས་ཡེ་ཤེས་སེམས་དཔའ་བཞུགས། །ངག་གི་དྲི་མ་བཤལ་ནས་ཀྱང་། །གསང་སྔགས་མཉམ་མེད་བཟླ་བར་


CMR023_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཐ་མལ་ཐེག་པ་གཉིས་སྤངས་ནས། །རྣལ་འབྱོར་གསུམ་དང་མི་འབྲལ་ཞིང་། །བྱམས་པ་ཆེན་པོས་རྟག་ཏུ་བཟུང་། །ཕུང་པོ་ལྔ་ཡི་བྱ་བ་ཤེས། །སངས་རྒྱས་ལྔ་ཡི་འབྲས་བུ་ལ། །ཡེ་ཤེས་ལྔ་ཡི་རྒྱས་ཐེབ་པ། །ལུས་དབེན་གནས་པར་གནས་པ་ཡིན། །གསང་སྔགས་རྒྱུན་ཏུ་བཟླས་པ་ནི། །ཨོཾ་མ་ཎི་པདྨེ་ཧཱུཾ། རྡོ་རྗེའི་བཟླས་པ་འདི་ཡིན་ནོ། །དེ་ལ་མ་ཡེངས་ནང་དུ་བདེ། །སེམས་ལ་ཡེ་ཤེས་ཆེན་པོ་སྐྱེ། །སེམས་དབེན་རྟོགས་པ་ངན་པ་མེད། །སྣང་ལ་རང་བཞིན་མེད་པར་མཐོང་། །སྒྱུ་མ་ལྟ་བུར་བསྡུས་པ་ཡིན། །གསལ་ལ་མི་རྟོག་འོད་གསལ་ལོ། །ཐམས་ཅད་སྤྲོས་པ་མེད་པར་རྟོགས། །བདེ་དང་སྟོང་པ་གཅིག་ཏུ་སྣང་། །འབྲས་བུ་ཞེས་བྱ་ཟུང་འཇུག་ཡིན། །རྟོགས་པ་ཐམས་ཅད་བསྡུས་ནས་ནི། །བསམ་པ་བཟང་པོས་ལྷ་འདི་བསྒོམ། །ནམ་ཡང་འབྲལ་བར་མ་བྱེད་ཅིག །བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པར་རྒྱུན་མི་འཆད། །ལུས་ངག་ཡིད་ཀྱི་བདེ་བ་ནི། །ནམ་ཡང་འབྲལ་བར་མི་འགྱུར་རོ། །ལྟུང་བ་རྣམས་ནི་མི་འཇིགས་སོ། །ཆོས་ཀྱི་རྩ་བ་འདི་ཟིན་པས། །ཡན་ལག་ཐམས་ཅད་འདུས་པ་ཡིན། །སྤྱན་རས་གཟིགས་


CMR023_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རྒྱལ་པོའི་རྒྱུད་ལས། ལམ་དང་འབྲས་བུའི་ལེའུ་སྟེ་བརྒྱད་པའོ།། །།།འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས། བཅོམ་ལྡན་འདས་ལམ་ལ་ཐེ་ཚོམ་མ་མཆིས་ན། འཁོར་རྣམས་བདག་ལ་གསུང་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འགྲོ་བའི་མགོན་པོ་ཁྱོད། །ང་ཡི་འཁོར་དང་བཙུན་མོར་བཤད། །འདུས་པའི་འཁོར་ནི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་དང་མཉམ་པའོ། །ཉན་པའི་འཁོར་ནི་བྱང་ཆུབ་སེམས་དཔའ་ཁྱེའུ་དང་བུ་མོའི་ཚུལ་དུ་བཞུགས་པ་བྱེ་བ་ཁྲི་བདུན་སྟོང་ངོ་། །འབྲས་བུའི་འཁོར་ནི་སངས་རྒྱས་རིགས་ལྔ་ཡབ་ཡུམ་དང་བཅས་པའོ། །བསྡུས་པའི་འཁོར་ནི་བྱང་ཆུབ་སེམས་དཔའ་བཞིར་འདུས། སོ། །བསྲུང་བའི་འཁོར་ནི་ཁྲོ་བོ་བཞིའོ། །བསོད་ནམས་བསགས་པའི་འཁོར་ནི་མཆོད་པའི་ལྷ་མོ་དྲུག་གོ །བར་ཆད་ཞི་བར་བྱེད་པའི་འཁོར་ནི་ཚད་མེད་བཞིའོ། །བྱིན་གྱིས་བརླབས་པའི་འཁོར་ནི་མཁའ་འགྲོ་སྡེ་བཞིའོ། །རྒྱ་ཆེ་བའི་འཁོར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཡོན་དུ་བཞུགས་པའི་ཡུམ་ནི་ཡི་གེ་དྲུག་མའོ། །ལས་ཀྱི་འབྲས་བུ་མཐར་


CMR023_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་ཡུམ་ནི་སྒྲོལ་མའོ། །ཟབ་མོའི་ཡུམ་ནི་རྡོ་རྗེ་རྣལ་འབྱོར་མའོ། །གཙོ་བོ་གཅིག་པུ་བསྒོམས་པས་ཀྱང་སྣང་བ་ཁེག་ན་ཆེ་མཆོག་གོ །སྤྱན་རས་གཟིགས་ཀྱི་པདྨ་རྒྱལ་པོའི་རྒྱུད་ལས་འཁོར་གྱི་ལེའུ་སྟེ་དགུ་པའོ།། །།འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞུས་པ། འཁོར་ལ་ཐེ་ཚོམ་མ་མཆིས་ན། །བྱིན་གྱིས་བརླབས་པ་ཅི་ལྟ་བུ། །ཁྱེད་ཀྱིས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འགྲོ་བའི་མགོན་པོ་ཁྱོད། །རྣལ་འབྱོར་རིང་ལ་བྱིན་རླབས་པ། །ཆོས་ལ་འཇུག་པའི་དུས་དག་ཏུ། །འདི་ནི་ངག་ཏུ་བརྗོད་པར་གྱིས། །དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོ། དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།


CMR023_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། རང་ལུས་ལྷ་རུ་གསལ་བ་དང་། །ང་རྒྱལ་ཕྲ་བ་རྩེ་གཅིག་བྷེ། །བྱིན་གྱིས་བརླབས་པ་དང་པོ་ནི། །མོས་པ་ཆེན་པོ་འབྱུང་བའོ། །བྱིན་གྱིས་བརླབས་པ་གཉིས་པ་ནི། །དམིགས་པ་གསལ་བ་ཡིན་པར་བཤད། །བྱིན་གྱིས་བརླབས་པ་གསུམ་པ་ནི། །གསོལ་བ་བཏབ་པ་འདི་ཡིན་ནོ། །དཀྱིལ་འཁོར་ཀུན་གྱི་སྒོར་ཞུགས་པའི། །རང་གིས་བསླབ་པའི་ཤེས་རབ་ཀྱིས། །ཆོས་རྣམས་བདེ་སྟོང་དུ་དྲན་པར་བྱའོ། །ཟིལ་གྱིས་གནོན་པ་ནི༔ ང་རྒྱལ་ཆེན་པོ་བཞི་ལ་གནས་པར་བྱའོ། །མཆོག་གི་དངོས་གྲུབ་འདོད་པ་ནི། སྟོང་པ་ཉིད་ལ་ཡང་ནས་ཡང་དུ་བདེ་བས་རྒྱས་གདབ་བོ། །ཐུན་མོང་གི་དངོས་གྲུབ་འདོད་པ་ནི། ཡིད་ཆེས་པར་བྱས་ཤིང་གསོལ་བ་ཉིན་མཚན་དུ་གདབ་པར་བྱའོ། །ལུས་ལ་ནད་མེད་པར་འདོད་པ་ནི། ལྷ་དང་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་


CMR023_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཡང་ཡང་བསྲེ་བར་བྱའོ། །སྤྱན་རིས་གཟིགས་པདྨ་རྒྱལ་པོའི་རྒྱུད་ལས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་ཏྟཱའདས་པདྨ་རྣམ་པར་འབྱེད་པ་མི་སྣང་བར་གྱུར་ཏོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཅི་ཡི་ཕྱིར་མི་སྣང་བར་གྱུར་ཅེས་བོས་པས། པདྨ་རྣམ་པར་འབྱེད་པའི་སངས་རྒྱས་ཀྱི་སྐུ་སྣང་བ་ལས་རྒྱལ་བ་ཤཱཀྱ་ཐུབ་པ་འཕྲོས་ནས་སྤྱན་རས་གཟིགས་ཀྱི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ཁྱོད་འདྲ་འཇིག་རྟེན་གསུམ་ན་མེད། །དམ་ཆོས་ཟབ་དང་རྒྱ་ཆེ་ཀུན་གྱིས་སྤྱོད་ཡུལ་མིན། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དགའ། །པདྨའི་རིགས་ཀྱི་སེམས་ཅན་མཆོག་ཏུ་བདེ། །ཞེས་གསུངས་ནས། ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས། ཟབ་པའི་ལམ་འདི་དང་པོར་ཁྱེད་ཀྱིས་གཟིགས། །ཉོན་ཅིག་ཅེས་ནས་ཁྱེད་ཀྱིས་བདག་ལ་གསུངས། །བདག་ནི་དད་པ་དྲག་པོ་གསུམ་ཀ་སྐྱེས། །དེང་འདིར་ཁྱེད་ནི་ང་ཡིས་མ་མཐོང་ན། །སྟོང་པ་ཉིད་དུ་ཞུགས་པ་ཇི་ལྟར་ལགས། །ཞེས་ཞུས་པས། དེ་ནས་སངས་རྒྱས་ཀྱི་ཉིད་ཀྱི་གསུང་མཉམ་པོར་བཏང་ནས། ཨོཾ་མ་ཎི་པདྨེ་ཧཱུཾ།


CMR023_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སེང་གེའི་ང་རོ་ལྟ་བུར་གྲགས་སོ། །སེམས་ཅན་རྣམས་ཀྱི་སྣང་བ་ཐ་དད་པས། སྣོད་དུ་མི་རུང་བས། ལ་ལ་ནི་བརྒྱལ་ལོ། །འགྱེལ་ལོ། །སྐྲག་གོ །རེངས་སོ། །སྣོད་དང་ལྡན་པ་རྣམས་ཆོས་ཀྱི་སྣང་བ་རྒྱ་ཆེན་པོ་བསམ་ལས་འདས་པ་མང་པོ་ཐོབ་པར་གྱུར་ཏོ། །དབང་པོ་གསལ་བ་དང་། རིགས་བཟང་བ་དང་། དྲན་པ་རྙེད་པར་འགྱུར་བ་དང་། ནོར་རྙེད་པར་འགྱུར་བ་ལ་སོགས་པར་གྱུར་ཏོ། །ཡང་བཅོམ་ལྡན་འདས་པདྨ་རྣམ་པར་འབྱེད་པ་ཤཱཀྱ་ཐུབ་པའི་དབུའི་གཙུག་ཏོར་དུ་བཞུགས་ནས་ཕྱག་བརྐྱངས་ཏེ་སྤྱན་རས་གཟིགས་ཀྱི་སྤྱི་བོར་བཞག་ནས། རྒྱུད་འདི་ནི་སྤྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གཏད་དོ། །བྱེ་བྲག་ཏུ་པདྨའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་གཏད་དོ། །ཉེ་བར་ཡིད་ལ་ཟུངས་ཤིག །གཅེས་པར་གཏད་དོ། །བཀུར་སྟིའི་གནས་སུ་སྦྱིན་པ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས། བཅོམ་ལྡན་འདས་འདི་རྣམས་ནི། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་གྱི། སྙིང་རྗེ་ཆེན་པོ་དང་ལྡན་ན། སོ་སོའི་སྐྱེ་བོས་ཀྱང་ཉན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གསེར་གྱིས་


CMR023_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཏེ་གླེགས་བམ་དུ་བྱས་ན། མཆོད་པ་ལྔས་གཏན་དུ་མཆོད་པ་དང་། སྤྱི་བོར་བཞག་པ་དང་། ཡང་དང་ཡང་དུ་དྲན་པར་བྱ་བ་དང་། བཀུར་སྟི་བྱ་བར་ངེས་གནང་ངོ་། །བཅོམ་ལྡན་འདས་པདྨ་རྣམ་པར་འབྱེད་པས་འདི་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་པདྨ་རྣམ་པར་འབྱེད་པ་དང་། ཤཱཀྱ་ཐུབ་པ། སྤྱན་རས་གཟིགས་ཀྱི་དབུའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། འཇམ་དཔལ་དང་། ལག་ན་རྡོ་རྗེ་ལ་སོགས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། ལྷ་མ་ཡིན་ཐམས་ཅད་དང་། མི་དང་ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པ་ཐམས་ཅད་ཡི་རངས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །པདྨ་རྒྱལ་པོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་མ་ཀ་ར་ཀྲི་དང་། ལོཙྪ་བ་རིན་ཆེན་བཟང་པོས་མངའ་རིས་སུ་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཤུ་བྷསྨཱ་ག་ཨཱ། ཤུ་བྷཾ་མ་སྐུ་སརྦ་ཛ་ག་ཏཾ། །མངྒ་ལཾ། བྷ་ཝ།། །།


CMR023_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་པདྨ་ཟབ་པའི་རྒྱུད་ཅེས་བྱ་བ་བཞུགས་སོ།།


CMR023_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གེ་སར་གྷོ་བྷི་ར་ཏན་ན་མ། བོད་སྐད་དུ། པདྨ་ཟབ་པའི་རྒྱུད་ཅེས་བྱ་བ། གསུང་གི་མངའ་བདག་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་གནས་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། ཡུམ་རྡོ་རྗེ་ཕག་མོ་དང་། མཱ་མ་ཀཱི་དང་། སངས་རྒྱས་སྤྱན་མ་དང་། ན་བཟའ་


CMR023_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་དང་། དམ་ཚིག་སྒྲོལ་མ་དང་། །པདྨ་མཁའ་འགྲོ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། རིན་ཆེན་མཁའ་འགྲོ་མ་དང་། ལས་ཀྱི་མཁའ་འགྲོ་མ་དང་། གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རེག་རྡོ་རྗེ་མ་ལ་སོགས་པ་དེ་རྣམས་ཀྱིས་བསྐོར་བ་ལ། སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པ་ཆེན་པོས་འཁོར་རྣམས་ལ་གཟིགས་ནས་འོད་ཟེར་བཀྱེས་ཏེ། འཁོར་ཐམས་ཅད་གཉིས་སུ་མེད་པར་སྣང་བར་བྱས་སོ། །དེ་ནས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཀྱི་རྣམ་པར་རྟོག་པ་གང་། །


CMR023_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་ཡེ་ཤེས་ཏེ། །བདེ་དང་སྟོང་པའི་མཚན་ཉིད་ཅན། །ཐབས་དང་ཤེས་རབ་བསྒོམསལས་བྱུང་། །ཞེས་བཀའ་སྩལ་ཏོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་ནས། བཅོམ་ལྡན་འདས་ལ་དེ་ཁོ་ན་ཉིད་བཞིན་ནོ་ཞེས་ཞུས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པའི་ཐུགས་ཀར་མི་སྣང་བར་གྱུར་ཏོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་པདྨ་ཟབ་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།པདྨའི་སྣང་བ་རབ་ཏུ་རྒྱས་པ་ཆེན་པོ་ནི་སྐུ་མདོག་པོ་ཞལ་གཅིག་ཕྱག་བཞི་པ། དང་པོས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་པ་ན་རྡོ་རྗེ་རྩེ་ལྔ་པ། གཡོན་པ་ན་པདྨ་དམར་པོ། སྤྱན་རས་གཟིགས་ཐམས་ཅད་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བའོ། །གཡས་ཕྲེང་བ་གཡོན་པདྨའོ། །ཡུམ་བཞི་པོ་ཞལ་གཅིག་ཕྱག་བཞི་པའོ། །ཐལ་མོ་ལྷ་མོ་ཐམས་ཅད་ལའོ། །སངས་རྒྱས་སྤྱན་མ་ནི་འཁོར་ལོ་དང་པདྨ། །མཱ་མ་ཀཱི་ནི་རིན་ཆེན་དང་པདྨ། ན་བཟའ་དཀར་མོ་པདྨ་དཀར་དམར་གཉིས། དམ་ཚིག་སྒྲོལ་མ་ལྗང་ཀུ་ཨུཏྤལ་དང་པདྨ། ཕྱག་མཚན་ནོ། །པདྨ་མཁའ་འགྲོ་པདྨ་དང་བུམ་པ། རྡོ་


CMR023_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཁའ་འགྲོ་རྡོ་རྗེ་དང་པདྨ། རིན་ཆེན་མཁའ་འགྲོ་རིན་ཆེན་དང་པདྨ། ལས་ཀྱི་མཁའ་འགྲོ་རལ་གྲི་དང་པདྨའོ། །།མཁའ་འགྲོ་བཞིའི་ཕྱག་མཚན་ནོ། །གཟུགས་རྡོ་རྗེ་མ་མེ་ལོང་དང་པདྨའོ། །སྒྲ་རྡོ་རྗེ་མ་གླིང་བུ་དང་པདྨའོ། །དྲི་རྡོ་རྗེ་མ་བདུག་པ་དང་པདྨའོ། །རོ་རྡོ་རྗེ་མ་འཁར་གཞོང་དང་པདྨའོ། །རེག་རྡོ་རྗེ་མ་ན་བཟའ་དང་པདྨའོ། །ལྷའི་སྐུ་མདོག་ཕྱག་མཚན་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྟོན་པ་པདྨ་བཛྲ་ནི། །འཁོར་ལ་འཛུམ་པ་ཆེར་མཛད་ནས། །གསང་སྔགས་ཀུན་གྱི་ཡང་འདི། །དགའ་བ་ཆེར་མཛད་ནན་ཏན་ཏུ། །བརྗོད་པས་སྐལ་བ་ཅན་གྱི་རིགས། །སྒྲིབ་པ་ཐམས་ཅད་བྱུང་ནས་ཀྱང་། །བདེ་བའི་གནས་སུ་ཁྲིད་པ་ཡི། །དོན་འདི་ཟབ་ད་ཆེན་འདི། །ང་ཡིས་ཁྱོད་ལ་བརྗོད་པར་བྱ། །ཉོན་ཅིག་འགྲོ་བའི་མགོན་པོ་ཁྱོད། །ཐུབ་པའི་སྐུ་ནི་མི་བསླུ་བས། །སྣང་བ་དག་པ་ཀུན་གྱིས་མཐོང་། །ཐུབ་པའི་གསུང་ནི་མི་བསླུ་བས། །ཤེས་རབ་ཅན་ནི་ཡིད་ཆེས་བྱེད། །ཐུབ་པའི་ཐུགས་ནི་མི་བསླུ་བས། །མོས་གུས་ཅན་ལ་བྱིན་གྱིས་རློབས། །འཁོར་དང་བཅས་པས་ཉན་པར་རིགས། །དེ་ལ་གུས་པ་


CMR023_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་མཛད་ནས། །ལེགས་པར་ཐལ་མོ་སྦྱར་བྱས་ཏེ། །སྟོན་པ་ལ་ནི་གུས་པས་ཉོན། །སྟོན་པས་ལེགས་པར་བཀའ་སྩལ་པ། །ཨོཾ་མ་ཎི་པདྨེ་ཧཱུྃ། སྟོན་པས་འདི་ནི་གསུངས་ཙམ་གྱིས། །རི་རབ་རྡུལ་དང་མཉམ་པ་ཡི། །མཁའ་འགྲོ་ཐམས་ཅད་དགྱེས་ནས་ཀྱང་། །གར་དང་གླུ་ཡིས་གཟེངས་བསྟོད་ནས། །ནམ་མཁའ་གང་བར་བྱས་ནས་བྱོན། །མཎྜལ་སྐུ་མདོག་མི་འདྲ་བ།། །བྱེ་བ་འབུམ་ཚོ་ཞེ་དྲུག་ནི། །སངས་རྒྱས་པདྨ་རིབ་རྒྱས་དང་། །འཕགས་པ་སྤྱན་རས་གཟིགས་ལ་ཕུལ། །མཁའ་འགྲོ་མ་ལུས་གསུང་གཅིག་ཏུ། །བསྟུན་ནས་བསྟོད་པ་ཆེར་མཛད་ནས། །མགོན་པོ་གཉིས་པོའི་སྙན་ཐད་དུ། །ཕྱག་གཉིས་ཐལ་མོ་རབ་སྦྱར་ནས། །ལེགས་སོ་ལེགས་སོ་སྟོན་པ་ཁྱེད། །ལས་དང་ཉོན་མོངས་འགག་པར་བྱེད། །སྡུག་བསྔལ་ཆེན་པོ་བདེ་བར་འདྲེན། །ཆོས་ཀྱི་ཁམས་རྣམས་སད་པར་བྱེད། །ལུས་ངག་ཡིད་གསུམ་བདེ་བར་བྱེད། །སྒྲ་ཡི་དབྱངས་ནི་དག་པར་བྱས། །བདེ་བའི་གནས་སུ་བདེ་བའི་ལམ། །བདེ་བའི་འབྲས་བུ་བླ་ན་མེད། །ཨེ་མ་ཧོ་བདེ་བའི་སྐུ་ཆེན་པོ། །ཨེ་མ་ཧོ་བདེ་བའི་གསང་སྔགས་ཆེ། །ཨེ་མ་ཧོ་བདེ་བའི་ཁམས་རྣམ་དག །ཨེ་མ་ཧོ་བདེ་


CMR023_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་ན་གནས། །ཨེ་མ་ཧོ་བདེ་བ་འཛད་པ་མེད། །ཅེས་བརྗོད་ནས་རང་རང་གི་གནས་སུ་གཤེགས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྔགས་གསུངས་པ་དང་། ངོ་མཚར་ཆེ་བའི་ལེའུ་སྟེ་གསུམ་པའོ།། །།མགོན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་སངས་རྒྱས་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །པདྨ་རིགས་ཀྱི་དམ་ཚིག་འདི། །པདྨའི་དཀྱིལ་འཁོར་ཆེན་པོ་རུ། །པདྨའི་དབང་བསྐུར་ཞུ་བར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་མཁས་པ་ནི་འཆིང་བར་འགྱུར། །མཁས་པ་རྣམས་ནི་གྲོལ་བར་འགྱུར། །འདོད་ཆགས་དག་པ་བདེ་བ་འབྱུང་། །འདོད་ཆགས་དག་ལ་དགའ་བ་ང་། །འདོད་ཆགས་དགའ་བདེ་གཉིས་མེད་པས། །སེམས་ཅན་དད་ཅན་སྨིན་པར་བྱེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །འདོད་ཆགས་ཕ་རོལ་ཕྱིན་པས་དེས། །སྲིད་པའི་འདམ་ལས་འདི་ཡིས་བརྒལ། །འདོད་ཆགས་སྤང་བའི་དཀྱིལ་འཁོར་དུ། །ང་ཡིས་འབོད་པས་ཡིད་གཉིས་སྤོངས། །དམ་ཚིག་སྡོམ་པ་ཀུན་ཀྱང་འབོགས། །


CMR023_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བུམ་པའི་དབང་ཡིན་ནོ། །གསང་བའི་དབང་ནི་གཉིས་པ་ཡིན། །ཤེས་རབ་བསྐྱེད་པ་གསུམ་པ་ཡིན། །ངེས་ཤེས་བསྐྱེད་པ་བཞི་པ་ཡིན། །ལྷ་དང་སྔགས་དང་སྟོང་པ་ཉིད། །བདེ་སྟོང་འབྲེལ་པར་བསྒོམ་པ་དང་། །ཐ་མལ་ལུས་ཀྱི་རྣམ་རྟོག་ནི། །རང་གཞན་ལྷ་ཡི་སྣང་བར་བསྒོམ། །ཐ་མལ་ངག་གི་རྣམ་རྟོག་ནི། །གཉིས་པ་གསང་བའི་དབང་གིས་བཅད། །བཟླས་བརྗོད་རྒྱུན་ཏུ་བཟླས་པའོ། །ཐ་མལ་སེམས་ཀྱི་རྣམ་རྟོག་ནི། །གསུམ་པ་ཤེས་རབ་དབང་གིས་བཅད། །བདེ་དང་སྟོང་པར་ཤེས་པའོ། །བདེ་སྟོང་འདུ་འབྲལ་མེད་པའོ། །བཞི་པ་ཡེ་ཤེས་དབང་ཡིན་ནོ། །འབྲས་བུ་ཐམས་ཅད་བསྡུས་པ་ནི། རང་ལུས་ལྷ་རུ་ངོ་ཤེས་ནས། །ཐ་མལ་སྤྱོད་པ་དྲན་ཀྱང་སྤངས། །ཞེས་གསུངས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་པདྨ་ཟབ་པ་ལས། དབང་གི་ལེའུ་སྟེ་བཞི་པའོ།། །།ཡང་སྤྱན་རས་གཟིགས་ཀྱི་དབང་པོས། སངས་རྒྱས་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་ལ་འདི་སྐད་ཅེས་ཞུས་སོ། །དཀྱིལ་འཁོར་ལ་མཎྜལ་ལྟར་བསྒོམ་པ་དང་། དཀྱིལ་འཁོར་དུ་བསྒོམ་པ་དང་། རང་གི་ཕུང་པོ་ལ་སྒོམ་པ་གསུམ་མཆིས་ན། འདིར་ཇི་ལྟར་བསྒོམ་པར་བྱ་


CMR023_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་པ་དང་། གཙོ་བོས་བཀའ་སྩལ་པ། འདིར་ནི་རང་གི་ཕུང་པོ་བསྒོམ་མོ་ཞེས་བཀའ་སྩལ་ཏོ། རང་ཉིད་སྤྱན་རས་གཟིགས་སུ་བྷོ། །དབུ་རྒྱན་ཉིད་ལ་ང་སྒོམས་ཤིག །སངས་རྒྱས་སྤྱན་ནི་དཔྲལ་བར་བསྒོམ། །མཱ་མ་ཀཱི་ནི་སྙིང་ལ་བསྒོམ། །གོས་དཀར་མོ་ནི་མགྲིན་པར་བསམ། །སྒྲོལ་མ་ལྟེ་བར་བསམ་པར་བྱ། །རྡོ་རྗེ་མཁའ་འགྲོ་དཔྲལ་བ་ནས། །ཁྲུ་གང་ཙམ་གྱི་ས་རུ་བསམ། །པདྨ་མཁའ་འགྲོ་ཁ་ཡི་བར། །རྡོ་རྗེ་ཕག་མོ་སྐུ་ལ་འཁྲིལ། །རིན་ཆེན་མཁའ་འགྲོ་རང་གི་ལྟོར། །ལས་ཀྱི་མཁའ་འགྲོ་བྱང་གི་སྐྱོབ། །གཟུགས་མིག་སྒྲ་སྙན་དྲི་སྣའོ། །རོ་ལྕེ་རེག་བྱ་ལུས་ལ་བསྒོམ། །ཀུན་གྱིས་སྔགས་ནི་གཅིག་ཏུ་བསྡུས། །ཡང་ཡང་བསྒོམ་ཞིང་ཡང་ཡང་བཟླས། །ཞེས་ལུས་ལ་ལྷ་འགོད་པའི་ལེའུ་སྟེ་ལྔ་པའོ།། །།སྐུ་མདོག་དམར་ལ་སྤྱན་གསུམ་དང་། །རུས་པའི་རྒྱན་ནི་སྣ་ཚོགས་ལྡན། །གཡས་ན་རྡོ་རྗེ་གྲི་གུག་འཛིན། །གཡོན་ན་ཐོད་པ་བདེ་བས་གང་། །གཙོ་བོ་ལ་ནི་སྟེར་བའི་ཚུལ། །དེ་ནས་མགོན་པོ་སྤྱན་རས་གཟིགས་ཀྱིས། སངས་རྒྱས་པདྨའི་སྙིང་པོ་རབ་ཏུ་རྒྱས་པ་ལ། ལུས་ལ་དཀྱིལ་འཁོར་འདི་ལྟ་བུ་བསྒོམས་པས་


CMR023_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཅི་ཞིག་བདོག་ཞུས་པས། སྟོན་པས་བཀའ་སྩལ་པ། ཁྱེད་རང་ཕུང་པོ་ལྔ་ཡི་བདག །ང་ནི་རིགས་ཀྱི་བདག་པོར་འགྱུར། །སངས་རྒྱས་སྤྱན་ནི་རྣལ་འབྱོར་གྱི། །ལུས་ལ་བདེ་བ་ཆེན་པོ་སྟེར། །གོས་དཀར་དྲོད་ལ་བདེ་བ་རྙེད། །མཱ་མ་ཀཱི་ཡི་རྣལ་འབྱོར་གྱིས། །ཁྲག་ལ་བདེ་བ་སྟེར་བར་བྱེད། །སྒྲོལ་མས་དབུགས་ལ་བདེ་བ་སྟེར། །ལས་ཀྱི་མཁའ་འགྲོ་རྣལ་འབྱོར་གྱིས། །སེམས་ལ་བདེ་བ་ཆེན་པོ་སྟེར། །པདྨ་མཁའ་འགྲོས་རབ་དགའ་སྟེར། །རིན་ཆེན་མཁའ་འགྲོས་མཆོག་དགའ་སྟེར། །རྡོ་རྗེ་མཁའ་འགྲོས་བདེ་སྟོང་གཉིས་ཟླུམེད་སྟེར། །གཟུགས་ཀྱི་ལྷ་མོས་རྣལ་འབྱོར་ལ། །མཐོང་བ་ཐམས་ཅད་བདེ་བ་སྟེར། །སྒྲ་ཡི་ལྷ་མོས་རྣལ་འབྱོར་ལ། །ཐོས་པ་ཐམས་ཅད་བདེ་བ་སྟེར། །དྲི་ཡི་ལྷ་མོས་རྣལ་འབྱོར་ལ། །སྣོམ་པ་ཐམས་ཅད་བདེ་བ་སྟེར། །རོ་ཡི་ལྷ་མོས་རྣལ་འབྱོར་ལ། །བདེ་བ་ཆེན་པོ་རོ་ཡིས་གང་། །རེག་གི་ལྷ་མོས་རྣལ་འབྱོར་ལ། །རེག་པ་ཐམས་ཅད་བདེ་བར་འཆར་། །འཁོར་བ་མྱ་ངན་འདས་པ་ཡི། །དངོས་པོ་རྡུལ་ཙམ་ཡོད་མ་ཡིན། །ཐམས་ཅད་བདེ་བ་ཆེན་པོར་སྣང་། །དུས་ཀྱི་ཚད་ཀྱང་སྐད་ཅིག་ལ། །སྡུག་བསྔལ་གྱིས་ནི་བར་ཆད་


CMR023_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །བྱ་བར་ནུས་པ་མ་ཡིན་ནོ། །ཐམས་ཅད་བདེ་བའི་རང་བཞིན་ལ། །བདེ་བ་སྟོང་པ་ཁོ་ནའོ། །མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་རྒྱུད་པདྨ་ཟབ་པ་ལས། བདེ་བའི་ལེའུ་སྟེ་དྲུག་པའོ།། །།ཡང་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། སངས་རྒྱས་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་ལ་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འདས་ཕྱོགས་བཅུའི་སངས་རྒྱས་དེ་རྣམས་ཐམས་ཅད་སྔགས་གཅིག་གིས་ཇི་ལྟར་བསྐུལ་བར་བྱ་ཞེས་ཞུས་པ་དང་། སངས་རྒྱས་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་དེས། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་གསུངས་པས། འཇིག་རྟེན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ལོ། །སྤྱན་རས་གཟིགས་དབང་ཕྱུག་གིས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་མ་ལུས་པར་སེམས་ཅན་གྱི་དོན་ལ་བསྐུལ་ལོ། །ཡུམ་རྡོ་རྗེ་རྣལ་འབྱོར་མས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས། མཁའ་འགྲོའི་ཚོགས་རི་རབ་ཆེན་པོའི་རྡུལ་དང་མཉམ་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ལོ། །མཁའ་


CMR023_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྡེ་བཞིས་ༀ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས། མཁའ་འགྲོའི་ཚོགས་པདྨའི་རིགས་སུ་གཏོགས་པ་ཐམས་ཅད་ཀྱི་ཐུགས་ལ་ཡེ་ཤེས་ཆེན་པོ་འབར་རོ། །རབ་ཏུ་ཆེར་འབར་རོ། །ཡུམ་བཞིས་ༀ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་སེམས་ཅན་ཉན་པར་རྟོགས་ཚད་ཀྱིས་ཤེས་རབ་ཀྱི་སྒོ་མང་པོ་ཕྱེའོ། །འདོད་ཡོན་གྱི་ལྷ་མོ་རྣམས་ཀྱིས་ༀ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ཆོས་བྱེད་རྣམས་ལ་ལོངས་སྤྱོད་ཀྱི་གཏེར་ཆེན་པོ་དང་འཕྲད་པར་གྱུར་ཏོ། །སེམས་ཅན་འོན་པ་རྣམས་ཀྱིས་རྣ་བས་སྒྲ་ཐོས་པར་གྱུར་ཏོ། །ལོང་བ་རྣམས་ཀྱིས་མིག་རྙེད་པ་དང་། སྨྱོན་པ་རྣམས་ཀྱིས་དྲན་པ་རྙེད་པ་དང་། བཞོན་པ་དང་། སྐྱེད་མོས་ཚལ་དང་། སྐྱབས་འོས་པ་དང་། འདོད་པའི་དོན་རྙེད་པར་གྱུར་ཏོ། །སྔགས་བསྐུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སྟོན་པ་རབ་རྒྱས་ཀྱིས། །འཁོར་རྣམས་ཉན་པར་འོས་པ་ལ། །ཟབ་མོའི་དོན་འདི་རབ་ཏུ་གསུངས། །ཨེ་མ་ཧོ་སངས་རྒྱས་སྤྱན་རས་གཟིགས། །ཨེ་མ་ཧོ་དམ་ཆོས་ཐུགས་རྗེ་འཆད། །ཨེ་མ་ཧོ་གསང་སྔགས་འདུས་རེ་ཆེ། །ཨེ་མ་ཧོ་སྔགས་ཀྱི་དོན་ཆེན་


CMR023_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཨེ་མ་ཧོ་པདྨའི་རིགས་རྣམས་མང་། །ཞེས་གསུངས་སོ། །མགོན་པོ་སྤྱན་རས་གཟིགས་ཀྱིས་ཚིགས་སུ་བཅད་པ། སེམས་ཅན་པདྨའི་རིགས་མཆོག་ལ། །པདྨ་འདོད་ཆགས་བྲལ་བའི་ཆོས། །ལམ་མཆོག་ཟབ་པ་པདྨའི་ལམ། །སངས་རྒྱས་པདྨ་རྒྱས་པ་ཉིད། །པདྨའི་བདེ་དང་སྟོང་པ་འཐོབ། །ཅེས་སོ། །རྡོ་རྗེ་རྣལ་འབྱོར་ཡུམ་གྱིས་ཚིགས་སུ་བཅད་པ། སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་འདིར། །ཐ་མལ་རྣམ་པར་རྟོག་པ་སྤང་། །བདེ་སྟོང་གཉིས་ཀྱི་དཀྱིལ་འཁོར་དུ། །ཐེ་ཚོམ་མེད་པའི་སློབ་མ་བཞུགས། །ཡུམ་བཞིས་ཚིགས་སུ་བཅད་པ། །ཐ་མལ་པ་ཡི་སེམས་ཅན་ལ། །དབང་པོ་དང་ནི་འཚམས་པར་བསྟན། །མཆོག་ནས་མཆོག་གི་སེམས་ཅན་ལ། །ཟབ་དང་རྒྱ་ཆེའི་ཆོས་རྣམས་བསྟན། །ཤེས་རབ་ཕུན་སུམ་ཚོགས་པ་ལ། །ཆོས་ཀྱི་རྣམ་གྲངས་ཆེན་པོ་བསྟན། །མཁའ་འགྲོ་བཞིས་ཚིགས་སུ་བཅད་པ། བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱིས། །ཉོན་མོངས་ལོག་པར་ལྟ་བའི་དགྲ་སྡང་འཇོམས། །བདེ་བ་བཞི་དང་རྒྱུ་དང་འབྲས་ལྡན་པ། །དབང་པོ་རྣོ་དང་བླ་མ་ལ་གུས་ཤིང་། །ཡིད་གཉིས་མེད་པའི་སེམས་ཀྱིས་


CMR023_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འཇུག་ཅིག །འདོད་ཡོན་གྱི་ལྷ་མོས་ཚིགས་སུ་བཅད་པ། མཛེས་པའི་གཟུགས་དང་སྙན་པའི་སྒྲ། །དང་བ་འདྲེན་དང་རོ་མཆོག་ལྡན། །རེག་བྱ་འཇམ་དང་དམ་ཚིག་སྡོམ། །ཀུན་གྱི་དོན་དུ་ཀུན་ལ་འབུལ། །མཉེས་ནས་བདེ་བ་ཆེན་པོ་སྟེར། །ཚིགས་སུ་བཅད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དེའི་དུས་སུ་བཅོམ་ལྡན་འདས་པདྨའི་སྣང་བ་རབ་ཏུ་རྒྱས་པ་ཆེན་པོའི་དྲུང་དུ། རྒྱལ་བ་ཤཱཀྱ་ཐུབ་པ་བྱོན་ནས། ཕྱག་བྱས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསུངས་སོ། །ང་ཡི་བསྟན་པ་དྲི་མེད་འདི། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཅས། །ལམ་ལྔ་ས་བཅུ་ཕ་རོལ་བཅུ། །ཁྲུས་དང་གཙང་སྦྲ་དཀའ་སྤྱད་དང་། །བྱིན་གྱིས་བརླབས་དང་སྡོམ་ལེན་དང་། །གསོ་སྦྱོང་དང་ནི་བཤགས་པ་ལ། །ཁྱེད་ཀྱིས་ཉེས་པ་ཆེར་བྱས་ན། །ཞེས་གསུངས་པ་དང་། སྟོན་པ་པདྨ་རབ་རྒྱས་ཀྱིས། དེ་ཡི་མི་དགྱེས་དགག་པའི་ཕྱིར། །ཚུལ་ཁྲིམས་ཐམས་ཅད་དམ་ཚིག་སྟེ། །ལམ་ལྔ་སྨིན་པའི་དབང་ལ་ཚང་། །ས་བཅུ་ལྷ་ཡི་སྐུར་བསྒོམས་པས། །རབ་ཏུ་དགའ་བ་དང་པོ་ཡིན། །སྐུ་ལ་དྲི་མ་གཏན་མེད་པ། །གཉིས་པ་དྲི་མ་མེད་པ་ཡིན། །ལྷ་ཡི་སྐུ་འོད་འཕྲོས་པ་ལ། །གསུམ་


CMR023_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པ་འོད་བྱེད་པ་འདི་ཡིན། །འོད་ཀྱིས་སེམས་ཅན་གོ་འབྱེད་པ། །བཞི་པའི་ས་ནི་འོད་འཕྲོ་བའོ། །དམིགས་པ་རྩེ་གཅིག་སྦྱང་དཀའ་བས། །ཤེས་རབ་འབྱེད་པས་མངོན་དུ་འགྱུར། །སེམས་ཅན་དོན་དུ་ལྷ་བསྒོམས་པས། །བདུན་པ་རིང་དུ་སོང་བ་ཡིན། །ཐེ་ཚོམ་ཡིད་གཉིས་མི་བསྐྱེད་པས། །བརྒྱད་པ་མི་གཡོ་བ་ཡི་ས། །སེམས་ཅན་ཐམས་ཅད་སྨིན་པ་དང་། །རང་ལ་དྲི་མ་རྟོག་པ་མེད། །དགུ་པ་ལེགས་པའི་བློ་གྲོས་ཡིན། །ཐུགས་རྗེའི་སྤྲིན་གྱིས་འགྲོ་ལ་ཁྱབ། །བཅུ་པ་ཆོས་ཀྱི་སྤྲིན་འདི་ཡིན། །རང་བཞིན་སྟོང་པའི་ཡེ་ཤེས་ཀྱི། །དྲི་མ་ཕྲ་བ་ལུས་ལ་མེད། །ཆོས་སྐུ་ཞེས་བྱ་དྲི་མ་བྲལ། །བོ་དྷི་ས་ཏཱ་ལོངས་སྐུར་སྣང་། །འགྲོ་བའི་བསམ་པ་དང་བསྟུན་ནས། །ཀུན་ལ་སྣང་བ་སྤྲུལ་པའི་སྐུ། །དེ་གསུམ་དབྱེར་མེད་བདེ་ཆེན་སྐུ། །ཞེས་གསུངས་པ་དང་། སྟོན་པ་ཤཱཀྱ་ཐུབ་པ་ཆེན་པོ་ཐུགས་ཆེས་ནས། མེ་ཏོག་གི་ཚོགས་ནམ་མཁའ་གང་བ་སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པ་ལ་གཏོར་ནས་སྤྱན་རས་གཟིགས་ཀྱི་སྤྱི་བོར་མི་སྣང་བར་གྱུར་ཏོ། །ཐེ་ཚོམ་བསལ་བའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།སྟོན་པ་པདྨའི་སྣང་བ་རབ་ཏུ་རྒྱས་པ་ལ་འཕགས་པ་སྤྱན་


CMR023_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་ཀྱི་དབང་པོ་རྣལ་འབྱོར་པའི་ལུས་འདི་ལ་འཁོར་ལོ་དུ་ལགས་ཞུས་པས། སྐུ་ལ་བཞུགས་པའི་རྡོ་རྗེ་ཕག་མོ་རང་གི་བདག་པོ་ལ་ཐིམ་ནས་མི་སྣང་བར་གྱུར་ཏོ། །སྟོན་པས་བཀའ་སྩལ་པ། འཁོར་ལོ་ནི་བཞི་སྟེ། བདེ་བའི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོའོ། །སྐུ་བཞི་དང་། བདེ་བ་བཞི་དང་། ཚད་མེད་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། འགོག་པ་བཞི་དང་། དེར་བླ་མ་བཞི་དང་། ལྷ་བཞི་དང་། ཡིག་འབྲུ་བཞི་དང་། བདག་མེད་པའི་ཡེ་ཤེས་ཕྲ་མོ། དཀར་པོ་དང་། དམར་པོ་དང་། སྔོན་པོ་དང་། སེར་པོ་དང་། ཟིན་པ་བཞི་དང་། ཡང་དག་པར་བསྔོ་བའོ། །གདམས་ངག་གི་ལེའུ་སྟེ་བཅུ་པའོ།། སྤྱི་བོར་བླ་མ་བསྡུས་ནས་ནི། །ཟག་མེད་བདེ་བས་ལུས་དགང་ངོ་། །སྤྱི་བོར་ཡི་དམ་བསྡུས་ནས་ནི། །ཡེ་ཤེས་བདེ་བས་ལུས་དགང་ངོ་། །སྤྱི་བོར་ཡིག་འབྲུ་བསམས་ནས་ནི། །བྱིན་རླབས་བདེ་བས་ལུས་དགང་ངོ་། །བདེ་བ་བཟུང་བ་དང་པོ་ཡིན། །བདེ་བར་གནས་པ་གཉིས་པ་ཡིན། །བདེ་བ་མི་འཆོར་གསུམ་པ་ཡིན། །དེ་ལ་མ་ཆགས་བཞི་པའོ། །བདེ་


CMR023_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བ་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།རང་ལུས་ཀྱི་དྲི་མ་འཁྲུད་པ་དང་པོ། བྱིན་རླབས་འཇུག་པ་གཉིས་པ། ངག་གི་དྲི་མ་འཁྲུད་པ་དང་པོ། བྱིན་རླབས་འཇུག་པ་གཉིས་པ། སེམས་ཀྱི་དྲི་མ་འཁྲུད་པ་དང་པོ། བྱིན་རླབས་འཇུག་པ་གཉིས་པ། གསུམ་ཀའི་དྲི་མ་འཁྲུད་པ་དང་པོ། བྱིན་རླབས་འཇུག་པ་གཉིས་པ། སྒོམ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། སངས་རྒྱས་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་ལ། འདི་སྐད་ཅེས་ཞུས་སོ། །འདི་ལྟར་བདག་ལ་ཐེ་ཚོམ་མཆིས། །འདི་ནི་ཁྱོད་ཀྱིས་བསལ་དུ་གསོལ། །དབང་པོ་རབ་ནི་གང་ཞིག་ལགས། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དབང་པོ་རབ་ནི་བཅུ་གཉིས་ཡིན། །དད་པ་གསུམ་དང་ལྡན་པ་དང་། །བླ་མ་ལ་གུས་མཉམ་པར་ལྟ། །ཤེས་རབ་ལྡན་ཞིང་སྙིང་རྗེ་ཆེ། །རྟག་ཏུ་ཆོས་ལ་སྤྱོད་པ་དང་། །གསང་སྔགས་ཐེ་ཚོམ་མེད་པ་དང་། །ཡིད་ཆེས་ཚད་མ་སྐྱེད་པ་དང་། །མང་དུ་བློ་གྲོས་སྦྱངས་པ་དང་། །ངེས་པའི་དོན་ལ་འཇུག་པ་དང་། །འཁོར་བ་སྐྱོན་དུ་ལྟ་བ་


CMR023_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྷ་ལ་སྤོང་ལེན་མི་བྱེད་པའོ། །ཞེས་བཀའ་སྩལ་པས། འཕགས་པ་སྤྱན་རས་གཟིགས་ཐེ་ཚོམ་ཆོད་དེ། བདག་ཉིད་ཀྱིས་ཡིད་ཆེས་པར་གནས་སོ། །ཞེས་གསུངས་སོ། །དབང་པོ་རྣོ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དམ་ཚིག་བསྟན་པ་ཁྱེད་རྣམས་ལ། །བདེ་བ་སྣ་ཚོགས་མྱུར་དུ་འོང་། །སྙིང་རྗེ་ཆེན་པོས་སེམས་ཅན་བཟུང་། །དད་པ་དྲག་པོས་བླ་མ་བསྟེན། །དམིགས་པ་གསལ་པོས་ལྷ་དང་ནི། །མི་འབྲལ་མྱུར་དུ་འགྲོགས་པའོ། །མཎྜལ་འབུལ་དང་མཆོད་པ་དང་། །ལུས་ཀྱི་ལས་རྣམས་ཅི་ནུས་བྱ། །ཟབ་མོའི་བཟླས་པ་གྲངས་སུ་བཅད། །ཡོན་ཏན་ཡང་ཡང་དྲན་པར་བྱ། །སྤྱི་བོར་བླ་མ་རབ་ཏུ་བསྒོམ། །རང་ལུས་ལྷ་ཡི་རྣམ་པར་གསལ། །སྟོན་པའི་བཀའ་ལ་རབ་མོས་དང་། །སེམས་ཅན་ཀུན་ལ་མི་འཚེ་དང་། །སེམས་ཅན་མ་དད་སྤོང་བ་དང་། །སྟོང་པ་ཉིད་ལ་སྒྲོས་འདོད་སྤོང་། །རྒྱུ་འབྲས་ཆོས་ལ་ཡང་ཡང་བསམ། །འདི་ནི་སྡིག་པ་བཤགས་པའི་མཆོག །ཅེས་བཀའ་སྩལ་ཏོ། །དམ་ཚིག་གི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་འགྲོ་བའི་མགོན་པོ་སྤྱན་རས་གཟིགས་ཀྱིས། སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པ་ཆེན་པོ་ལ་འདི་


CMR023_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་ཞུས་སོ། །སྟོན་པ་ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱུད་འདི་ལྟ་བུ་གསུངས་པ་ངོ་མཚར་ཆེའོ། །ཞེས་པ་དང་། སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པ་ཆེན་པོས་སྤྱན་རས་གཟིགས་ལ་བསྟོད་པ་འདི་རྣམས་ཀྱིས་བསྟོད་དོ། །ང་ནི་པདྨའི་རྒྱལ་པོ་སངས་རྒྱས་ཡིན། །སངས་རྒྱས་རིགས་ལྔའི་ནང་ན་ང་མཆོག་ཡིན། །ཁྱོད་ནི་སྐུ་མཆོག་རྣམ་པར་སྣང་མཛད་ཡིན། །པདྨ་བསྣམས་པས་པདྨའི་རིགས་སུ་འཁྲུངས། །ཐལ་མོ་སྦྱར་བས་རྡོ་རྗེའི་རིགས་རྒྱུད་འཛིན། །རྒྱན་གྱིས་སྤྲས་པས་རིན་ཆེན་རིགས་སུ་མཛེས། །ཕྲེང་བ་བསྣམས་པས་ལས་ཀྱི་རིག་པ་འཛིན། །རིགས་ལྔས་ཁྱོད་སྤྲུལ་འགྲོ་དོན་གྱིས་ཤིག་ཅེས། །མཚན་ཙམ་ཐོས་པས་ངན་འགྲོ་ཐམས་ཅད་འདྲེན། །ཡིད་ལ་བསམས་པས་ཐ་མལ་རྟོག་པ་འགག །རྣམ་དག་དྲན་པས་ཆོས་ཀྱི་ཕུང་པོ་འདུས། །ཡང་ཡང་བརྗོད་པས་བདུད་ཀྱི་བར་ཆད་ཞི། །པདྨའི་གདན་ནི་རྡུལ་དང་དྲི་མ་མེད། །ཉི་མའི་གདན་ནི་ཐུགས་རྗེས་ཀུན་ལ་ཁྱབ། །ཟླ་བའི་གདན་ནི་དྲི་མ་ཐམས་ཅད་དག །སྐུ་ཡི་མདོག་ནི་ཤེལ་སྒོང་ཕྱིས་པ་འདྲ། །རིན་ཆེན་རིགས་མི་འདྲ་བས་སྐུ་ལ་རྣམ་པར་སྤྲས། །ཚད་མེད་བཞི་ཡིས་འཁོར་བ་ཡུད་


CMR023_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མི་སྟོང་བར། །འགྲོ་བའི་དོན་ལ་ཡུད་ཙམ་མཉམ་པར་བཞག །པདྨའི་རིགས་སུ་ཁྱེད་ཀྱིས་ཞལ་བཞེས་ནས། །ཁྱོད་འདྲའི་བྱང་ཆུབ་སེམས་དཔའ་གཞན་ན་མེད། །ང་ཡང་ཁྱོད་ལ་ཐལ་མོ་རབ་སྦྱར་ན། །གཞན་རྣམས་ཁྱོད་ལ་གསོལ་བ་ཅིས་མི་འདེབས། །ཞེས་གསུངས་ནས། སྤྱན་རས་གཟིགས་ཀྱི་སྤྱི་བོར་སྐུ་དེ་མི་སྣང་བར་གྱུར་ཏོ། །དེ་ནས་མཁའ་འགྲོའི་ཚོགས་ཀྱིས་སྒྲ་དེ་གསན་པ་དང་། ཨུ་རྒྱུན་ནས་གཙོ་མོ་བྱོན་ནས་ཕྱོགས་བཅུའི་མཁའ་འགྲོ་མ་མ་ལུས་པ་རི་རབ་ཀྱི་རྡུལ་དང་མཉམ་པས། ཕྱག་ཏུ་ཕྲེང་བ་དང་། མེ་ཏོག་དང་། མེ་ལོང་དང་། བདུག་པ་དང་། པདྨའི་རིགས་མི་འདྲ་བ་བདུན་ཅུ་རྩ་བདུན་དང་བཅས་ནས་ནམ་མཁའི་ཕྱོགས་ཐམས་ཅད་བར་མཚམས་མེད་པར་གང་སྟེ། གར་དུ་མ་མཛད་ཅིང་དབྱངས་སུ་འདི་སྐད་བརྗོད་པ། བདུག་པ་མར་མེ་དྲི་ཆབ་དང་། །ཞལ་ཟས་སིལ་སྙན་སྣ་ཚོགས་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །བདེ་བའི་མཆོད་པ་འདི་རྣམས་ནི། །བདག་ཅག་དད་པས་འབུལ་ལགས་སོ། །བཞེས་ཤིག་བདེ་བ་ཆེན་པོས་བཞེས། །ཞེས་བརྗོད་ནས་རང་རང་གི་གནས་སུ་བདེ་བའི་ལོངས་སྤྱོད་དུ་སྤྱོད་པར་བཞེས་སོ། །བཅོམ་ལྡན་འདས་ཀྱིས་དེ་


CMR023_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་བཀའ་བསྩལ་ནས། ལྷ་དང་། མི་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། གནོད་སྦྱིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་པདྨ་ཟབ་པའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།རྒྱ་གར་གྱི་མཁན་པོ་ཆོས་ཀྱི་སྙིང་པོ་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་མངའ་རིས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྫོགས་སོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཕགས་པ་སྤྱན་རས་གཟིགས་པདྨ་རྒྱལ་པོའི་རྒྱུད།next