Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོམ་བཟླས།
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོམ་བཟླས།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོམ་བཟླས།


CMR023_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོམ་བཟླས་རྫོགས་རིམ་རླུང་ལ་བསྲེ་བའི་མན་ངག་ལྷ་བརྒྱ་སྔགས་གཅིག་གིས་ཡི་དམ་རྒྱུད་སྡེའི་ལྷ་ཚོགས་བསྒྲུབ་པའི་གདམས་ངག་ཁྱད་ཆོས་བཞུགས་སོ།། ༈ ན་མོ་གུ་རུ་དྷེ་ཝ་ཌཀི་ཡེ། རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །གསལ་སྟོང་ནམ་མཁའི་འཇའ་ཚོན་བཞིན། །རྩ་གསུམ་འཁོར་ལོ་ལྔ་ལྡན་པའི། །སྤྱི་བོ་བདེ་ཆེན་འཁོར་ལོ་ཡི། །རྩ་འདབ་སུམ་ཅུ་སོ་གཉིས་ལ། །ཕ་རྒྱུད་གསང་བ་འདུས་པ་ཡི། །ལྷ་ཚོགས་སུམ་ཅུ་སོ་གཉིས་བཞུགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །མ་རྒྱུད་མ་ཧཱ་མཱ་ཡཱ་བཞུགས། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་བཞུགས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི། །རྩ་འདབ་དྲུག་ཅུ་རྩ་བཞི་ལ། །བདེ་མཆོག་ལྷ་ཚོགས་ཚང་བར་བཞུགས། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །དུས་འཁོར་ཐུགས་དཀྱིལ་ལྷ་ཚོགས་བཞུགས། །རྩ་གནས་ཉི་ཤུ་རྩ་བཞི་ན། །དཔའ་བོ་དཔའ་མོ་ཉེར་བཞི་བཞུགས། །མི་ཤིགས་སྙིང་གི་ཐིག་ལེ་ལ། །ཀུན་བཟང་ཞི་བའི་ལྷ་ཚོགས་བཞུགས། །ཀླད་པ་དུང་ཁང་གཞལ་ཡས་ན། །འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་


CMR023_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །མགྲིན་པ་འཇའ་འོད་ཐིག་ལེའི་ཀློང་། །རིག་འཛིན་དཔའ་བོ་མཁའ་འགྲོ་བཞུགས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཟབ་མོ་དབང་གིས་སྨིན་པར་བྱས། །ངོ་སྤྲོད་གནད་ཀྱིས་གཏན་ལ་ཕབ། །ཏིང་འཛིན་བརྟན་པའི་གསལ་བཏབ་སྟེ། །ད་ནི་རང་ལུས་གཙུག་ལག་ཁང་། །རྩ་རླུང་ཐིག་ལེའི་དམ་ཚིག་ལྷ། །རིག་པ་འགྱུར་མེད་ཡེ་ཤེས་སེམས། །རླུང་གིས་འབྱུང་འཇུག་རང་བྱུང་སྔགས། །རང་སེམས་མ་བཅོས་ཕྱག་རྒྱ་ཆེ། །འཁོར་བ་ཡེ་ནས་མྱ་ངན་འདས། །བཟའ་བཏུང་ཚོགས་འཁོར་མཆོད་པའི་རྫས། །གཉིད་དང་རྨི་ལམ་སད་པ་དང་། །ཐ་མལ་གནས་སྐབས་སྐུ་བཞི་ཉིད། །གྲུབ་ཆེན་པཀིའི་དགོངས་པའི་བཅུད། །སེམས་ལ་གོ་བའི་སྐྱ་རེངས་ཤར། །དེ་དོན་རྒྱུན་དུ་ཉམས་ལེན་པ། །དངོས་སུ་གྲུབ་པའི་དངོས་གྲུབ་ཅིག །རྩ་བ་གསུམ་གྱིས་བྱིན་གྱིས་རློབས། །ཞེས་པ་ནུབ་གཅིག་ལྷ་བརྒྱ་སྔགས་གཅིག་གི་གདམས་པ། ཡིག་དྲུག་བཟླས་ཤིང་རང་ཐུགས་རྗེ་ཆེན་པོའི་རྩ་གནས་རྣམས་སུ། རྒྱུད་སྡེའི་ལྷ་ཚོགས་མང་པོ་གསལ་བཏབ་ཅིང་བསྒོམས་ནས། གཏུམ་མོ་སྦྱར་བའི་དམིགས་རིམ་གྲུབ་ཆེན་ཀརྨ་པ་ཡི་ལུགས་དེ་བསྒོམས་པས་ཉམས་སྣང་ལ་ཡ་མཚན་ཟེར་བའི་སྒྲ་ཞིག་ཐོས་པས་བྲིས་


CMR023_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། ༧ ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒོམ་བཟླས།next