Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀྱི་གཏེར་མཛོད།
   
   


 
previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀྱི་གཏེར་མཛོད།next

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀྱི་གཏེར་མཛོད།


CMR023_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀྱི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།


CMR023_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འདིའི་བསྐང་བཤགས་ཀྱི་ལུགས་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་ལས། སྐབས་འདིར་བསྐང་བཤགས་རྒྱས་པར་བྱས་རྗེས་སུ་བཟློག་པ་མང་དུ་བྱ། རྒྱུན་དུ་མ་ཚོར་བ་ཡང་ཉེས་པ་འབྱུང་བས་བཤགས་རྒྱུད་ནར་མར་འདོན་པའོ། །ཞེས་དང་། མི་ཏྲའི་གསང་སྒྲུབ་ལས། དེ་ཡང་ངུ་བ་དང་། བྲང་བརྡུང་བ་དང་། ཆས་གོས་ངན་པ་གྱོན་པ་དང་། སྤྲང་མོ་བྱུང་ན་དམ་ཚིག་ལ་ཆག་ཉམས་ཡོད་པས་བཤགས་པར་བྱའོ། །བཤགས་པ་དང་བསྐང་བ་བརྒྱ་རྩ་བརྒྱད་བྱེད། ཅེས་པ་དང་། བསྐང་ལུང་ལས། བསྙེན་སྒྲུབ་ལས་སྦྱོར་དུས་དག་གམ། །དུས་བཟང་ཚོགས་དང་གཏོར་མའི་དུས། །ཕྲིན་ལས་རྣམ་བཞིའི་


CMR023_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བ་སོགས། །ཉམས་ཆག་བཤགས་པའི་དུས་སུ་བསྐང་། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས་ཕྲིན་ལས་ཀྱི་བྱ་བ་གང་དང་གང་ལ་བརྩོན་པའི་དུས་སུ་བསྐང་བའི་ཆོ་ག་ལ་འཇུག་པར་བྱའོ། །ཞེས་གསུངས་པ་དང་། བསྐང་རྒྱུད་ལས། སེམས་ཅན་དུས་མིན་འཆི་བ་ལ། །བསྐང་བའི་ཆོ་གས་བཟློག་པར་བྱ། ཞེས་གསུངས་སོ། །དེ་ནས་བསྐང་རྫས་མཆོད་གཏོར་བཤམས་ལ་འདི་སྐད་དོ། །ཧཱུྃ། སྔོན་ཚེ་སངས་རྒྱས་བཅོམ་ལྡན་འདས། །སྣང་བ་མཐའ་ཡས་སྤྱན་སྔ་རུ། །ཐུགས་བསྐྱེད་རྣམ་དག་རྒྱ་ཆེན་གྱིས།། །ཐུགས་དམ་གཉན་པོ་ཞལ་བཞེས་པའི། །ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ། །སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །


CMR023_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ། །གསུང་གི་དབང་ཕྱུག་གཤེགས་སུ་གསོལ། །གར་གྱི་དབང་ཕྱུག་གཤེགས་སུ་གསོལ། །དབང་གི་རྒྱལ་པོ་གཤེགས་སུ་གསོལ། །རྒྱ་གྲི་ཝ་གཤེགས་སུ་གསོལ། །པདྨ་སམ་བྷ་གཤེགས་སུ་གསོལ། །གསང་བ་ཡེ་ཤེས་གཤེགས་སུ་གསོལ། །རིགས་བཞི་ཡབ་ཡུམ་གཤེགས་སུ་གསོལ། །རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ། །སངས་རྒྱས་སྟོང་རྩ་གཤེགས་སུ་གསོལ། །མ་མགོན་ལྕམ་དྲལ་གཤེགས་སུ་གསོལ། །འཁོར་ཚོགས་རྒྱ་མཚོ་གཤེགས་སུ་གསོལ། །བཀའ་ཉན་ཕོ་ཉ་གཤེགས་སུ་གསོལ། །དམ་ཅན་སྲུང་མ་གཤེགས་སུ་གསོལ། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བསྒྲུབ་ཕྱིར་མཆོད་པའི་གནས་འདི་རུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཁྱོད་ལ་ཕྱག་འཚལ་མཆོད་པ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧཱུྃ། སྤྱན་གྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་གཟུགས་ཀྱིས་ཐུགས་དམ་བསྐང་། །སྙན་གྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་སྒྲ་ཡིས་


CMR023_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་། །ཤངས་ཀྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་དྲི་ཡིས་ཐུགས་དམ་བསྐང་། །ལྗགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་རོ་ཡིས་ཐུགས་དམ་བསྐང་། །སྐུ་ཡི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་རེག་བྱས་ཐུགས་དམ་བསྐང་། །ཐུགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་ཆོས་ཀྱིས་ཐུགས་དམ་བསྐང་། །ཕྱི་ནང་བར་ཆད་ཞི་བའི་ཕྱིར། །ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྱིར། །ནང་གི་མཆོད་པས་ཐུགས་དམ་བསྐང་། །སྣང་བ་དབང་དུ་སྡུད་པའི་ཕྱིར། །གསང་བའི་མཆོད་པས་ཐུགས་དམ་བསྐང་། །དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །ཤ་ཁྲག་དམར་གྱིས་ཐུགས་དམ་བསྐང་། །སྒྲུབ་ལ་དངོས་གྲུབ་སྟེར་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །དབང་དང་བྱིན་རླབས་འབེབས་པའི་ཕྱིར། །དམར་ཆེན་ར་ཀས་ཐུགས་དམ་བསྐང་། །སྣ་ཚོགས་ཕྲིན་ལས་རྒྱས་པའི་ཕྱིར། །དམ་རྫས་གཏོར་མས་ཐུགས་དམ་བསྐང་། །བསོད་ནམས་ཕུན་ཚོགས་ཐོབ་པའི་ཕྱིར། །ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་། །ཧཱུཾ། འགྲོ་དྲུག་


CMR023_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་འདྲེན་པའི་ཕྱིར། །ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་། །ཡེ་ཤེས་ཕྱོགས་མེད་རྒྱས་པའི་ཕྱིར། །སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །འཁོར་འདས་ཆོས་ལ་དབང་སྒྱུར་ཕྱིར། །འཇིག་རྟེན་དབང་ཕྱུག་ཐུགས་དམ་བསྐང་། །གསུང་གི་རིགས་ལས་སྤྲུལ་པའི་ཕྱིར། །གསུང་གི་དབང་ཕྱུག་ཐུགས་དམ་བསྐང་། །གང་ལ་གང་འདུལ་སྟོན་པའི་ཕྱིར། །གར་གྱི་དབང་ཕྱུག་ཐུགས་དམ་བསྐང་། །ཁྱད་པར་དབང་གི་ལས་མཛད་ཕྱིར། །ཅུ་གྲྭ་བའི་ཐུགས་དམ་བསྐང་། །སྣང་སྲིད་ཟིལ་གྱིས་གནོན་པའི་ཕྱིར། །པདྨ་འབྱུང་གནས་ཐུགས་དམ་བསྐང་། །སྲིད་གསུམ་དབང་དུ་སྡུད་པའི་ཕྱིར། །གསང་བ་ཡེ་ཤེས་ཐུགས་དམ་བསྐང་། །གཟུགས་ཀྱི་ཕུང་པོ་གནས་དག་ཕྱིར། །རྣམ་པར་སྣང་མཛད་ཐུགས་དམ་བསྐང་། །རྣམ་ཤེས་ཕུང་པོ་གནས་དག་ཕྱིར། །རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །ཚོར་བའི་ཕུང་པོ་གནས་དག་ཕྱིར། །རིན་ཆེན་འབྱུང་ལྡན་ཐུགས་དམ་བསྐང་། །འདུ་ཤེས་ཕུང་པོ་གནས་དག་ཕྱིར། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །འདུ་བྱེད་ཕུང་པོ་གནས་དག་ཕྱིར། །དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་།


CMR023_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ངོ་བོ་གནས་དག་པའི། །དབྱིངས་ཕྱུག་མ་ཡི་ཐུགས་དམ་བསྐང་། །ས་ཡི་ངོ་བོ་གནས་དག་པའི། །སངས་རྒྱས་སྤྱན་མའི་ཐུགས་དམ་བསྐང་། །ཆུ་ཡི་ངོ་བོ་གནས་དག་ཕྱིར། །མ་མ་ཀཱི་ཡི་ཐུགས་དམ་བསྐང་། །མེ་ཡི་ཕུང་པོ་གནས་དག་པའི། །ན་བཟའ་དཀར་མོའི་ཐུགས་དམ་བསྐང་། །རླུང་གི་ངོ་བོ་གནས་དག་པའི། །དམ་ཚིག་སྒྲོལ་མའི་ཐུགས་དམ་བསྐང་། །ཞི་བའི་ལས་རྣམས་མཛད་པའི་ཕྱིར། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་། །རྒྱས་པའི་ལས་རྣམས་མཛད་པའི་ཕྱིར། །རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་། །དབང་གི་ལས་རྣམས་མཛད་པའི་ཕྱིར། །པདྨ་མཁའ་འགྲོའི་ཐུགས་དམ་བསྐང་། །དྲག་པོའི་ལས་རྣམས་མཛད་པའི་ཕྱིར། །ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །བསྐལ་བཟང་མཛད་པ་མཐར་ཕྱིན་ཕྱིར། །སངས་རྒྱས་སྟོང་གི་ཐུགས་དམ་བསྐང་། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །གཙོ་བོའི་བཀའ་བཞིན་བསྒྲུབ་པའི་ཕྱིར། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐང་། །དཔལ་གྱི་བཀའ་སྡོད་ཡིན་པའི་ཕྱིར། །


CMR023_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཉན་ལས་མཁན་ཐུགས་དམ་བསྐང་། །མི་ནད་ཕྱུགས་ནད་རྒྱུན་གཅོད་ཕྱིར། །དབང་ཕྱུག་མཁའ་འགྲོའི་ཐུགས་དམ་བསྐང་། །ཅི་བཅོལ་ཕྲིན་ལས་བསྒྲུབ་པའི་ཕྱིར། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་། །བཀའ་དང་དམ་ལ་གནས་པའི་ཕྱིར། །ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །མཆོད་ན་དགེ་བའི་གྲོགས་མཛད་ཕྱིར། །ཡུལ་ལྷ་ཟོ་དོར་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆག་བསྐང་བ་དང་། །ཆག་ཆེན་ཉམ་ང་མེད་པར་མཛོད། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། །ཚེ་དབང་ལོངས་སྤྱོད་འཕེལ་བ་དང་། །འཁོར་དང་བསྟན་པ་རྒྱས་པར་མཛོད། །སྣང་བ་དབང་དུ་འདུ་བ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ལུས་ངག་ཡིད་གསུམ་བསྲུང་བ་དང་། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །བྱིན་རླབས་མཐུ་རྩལ་ཆེན་པོ་དང་། །དབང་དྲག་ཕྲིན་ལས་ཐོག་ལྟར་ཕོབ། །དགྲ་ལ་ཕོག་ན་དགྲ་དཔུང་ཆོམས། །བགེགས་ལ་བབ་ན་བགེགས་དཔུང་ཐུལ། །གདོན་ལ་བབ་ན་


CMR023_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་རྐུངས་ཕུད། །ལུས་གདོན་ནད་གདོན་རྩད་ནས་ཆོད། །གོད་འདྲེ་ཕུང་འདྲེ་ཡུལ་ནས་ཕྱུངས། །དམ་སྲི་ཕོ་མོ་ཚང་ནས་ཐོན། །ས་བདག་ཀླུ་གཉན་སྙིང་ནས་དྲོངས། །རྒྱལ་བསེན་འབྱུང་པོ་སྤྱི་ནས་ཆོམས། །གཟའ་གདོན་ཐལ་བ་རྡུལ་དུ་རློགས། །བྱད་མ་རང་གཤེད་རང་ལ་ཕོབ། །ནད་པ་ཡོད་ན་ཡོ་ནས་གསོས། །སྲིའུ་ཡོད་ན་ཚང་ནས་འཚོས། །ཤི་ཁ་ཆོད་ལ་གོད་ཁ་སྡོམས། །མི་ཁ་བསྒྱུར་ལ་ཡམས་ཁ་ཟློག །དུས་ལ་བབ་བོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། གསང་སྔགས་གཉན་པོའི་སྒོར་ཞུགས་རྣལ་འབྱོར་པས། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་སྤྱི་དང་འགལ་བ་མཐོལ་ལོ་བཤགས། །བཀའ་ལུང་དབང་དང་མི་ལྡན་མཐོལ་ལོ་བཤགས། །དམ་ཚིག་སྣོད་དང་མི་ལྡན་མཐོལ་ལོ་བཤགས། །མན་ངག་


CMR023_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དང་མི་ལྡན་མཐོལ་ལོ་བཤགས། །ཉམས་ལེན་གདེང་དང་མི་ལྡན་མཐོལ་ལོ་བཤགས། །ཡི་དམ་བླང་དོར་བྱས་པ་མཐོལ་ལོ་བཤགས། །བསྙེན་སྒྲུབ་བར་ཆད་བྱས་པ་མཐོལ་ལོ་བཤགས། །བསྐྱེད་རིམ་ཏིང་འཛིན་མི་གསལ་མཐོལ་ལོ་བཤགས། །རྫོགས་རིམ་དགོངས་པ་མ་རྟོགས་མཐོལ་ལོ་བཤགས། །བཟླས་བརྗོད་སྙིང་པོ་མ་དག་མཐོལ་ལོ་བཤགས། །ཕྲིན་ལས་གཞུང་བཞིན་མ་བསྲངས་མཐོལ་ལོ་བཤགས། །མཆོད་པ་ལོ་ཟླར་འདས་པ་མཐོལ་ལོ་བཤགས། །ཚོགས་དང་གཏོར་མ་ཆག་པ་མཐོལ་ལོ་བཤགས། །དུས་དང་དུས་ལས་འདས་པ་མཐོལ་ལོ་བཤགས། །དུས་མིན་ལས་ལ་སྦྱར་བ་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་བླ་མ་ཡི་དམ་ལྷ། །གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས། །བཟོད་པར་གསོལ་ལོ་སྲུང་མ་དམ་ཚིག་ཅན། །ཚངས་པར་སྩོལ་ཅིག་བཛྲ་ས་མ་ཡ། །མཆོད་ཅིང་གསོལ་ལོ་བཛྲ་ཨ་ལ་ལ་ཧོ། །ཨོཾ་ས་མཱ་ཡ། ཨཱཿས་མཱ་ཡ། ཧཱུཾ་ས་མཱ་ཡ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། དྷ་མ་གྷ་ཡེ་ན་མསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲིཡ་ཧཱུྃ་ཛ༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་བཏགས་ལ་བརྗོད་དོ། །འདི་ཡི་ཕན་ཡོན་


CMR023_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་མདངས་བསྐང་རྩ་བ་ལས། བསྐང་བའི་འབྲས་བུ་བསྟན་པ་ནི། །།མཆོག་དང་ཐུན་མོང་འབྱུང་བར་ངེས། །ཞེས་དང་། བསྐང་ལུང་ལས། འདི་ལྟར་བསྐངས་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་ཕོ་མོའི་ཉམས་ཆག་བསྐང་། །དཀྱིལ་འཁོར་ལྷ་ཚོགས་དགྱེས་པས་བསྐང་། །ཚོགས་ཆེན་གཉིས་རྫོགས་སྒྲིབ་གཉིས་བྱུང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །གནས་སྐབས་རྣལ་འབྱོར་ཅི་བསམ་འགྲུབ། །ཅེས་དང་། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི། སྐུ་རྒྱུད་ཤེལ་གྱི་རི་བོ་ལས། །དེ་ལྟར་ཐུགས་དམ་བསྐང་བ་ཡིས། །འབྲས་བུ་མཆོག་དང་ཐུན་མོང་ཀུན། །ཡེ་ཤེས་ལྷ་དགྱེས་སྩོལ་བར་འགྱུར། །ཅེས་གསུངས་སོ། །བདེ་གཤེགས་བཀའ་བརྒྱད་ཀྱི་རྒྱུད་གསང་བ་འདུས་པ་ལས། ལེ་ལོའི་དུས་ཉམས་མཆོད་པ་སོགས། །ལྷ་དང་འཁོན་གཅུགས་སྦྱོང་བ་དང་། །བསོད་ནམས་ཚོགས་ཆེན་བསགས་བྱའི་ཕྱིར། །བསྐང་གསོའི་རིམ་པ་འདི་ལྟ་སྟེ། །ཞེས་དང་། དེ་རྣམས་རྫས་ཀྱི་སྤྱི་བསྐོང་ཡིན། །ལྷ་རྣམས་ཀུན་མཉེས་རྐྱེན་དབང་ཟློག །ནང་དུ་ཏིང་ངེ་འཛིན་གྱིས་བསྐང་། །རང་ཉིད་ཐུགས་ཀའི་ཧཱུྃ་འཕྲོས་ཏེ། །སྣོད་ཀྱི་འཇིག་རྟེན་གཞོང་པ་རུ། །བཅུད་ཀྱི་སེམས་ཅན་འདོད་ཡོན་སྤུངས། །རིག་པའི་ལྷ་མོ་སྤྲོས་ཏེ་བསྐང་། །གཟུགས་སྤྱན་སྒྲ་སྙན་དྲི་ཤངས་དང་། །རོ་མཆོག་ལྗགས་ལ་རེག་བྱ་ཆོས། །སྣང་སྲིད་ཆོས་ཀྱིས་ཐུགས་དམ་བསྐང་། །འདོད་ཡོན་དབང་པོ་ལྔ་ཐིམ་ནས། །ལྷ་མཉེས་ཕྲིན་ལས་བསྒྲུབ་པར་བསམ། །དེས་ནི་ལྷ་མཉེས་


CMR023_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྟེར། །གསང་བ་གཉིས་མེད་ལྟ་བས་བསྐང་། །བསྐང་རྫས་ལྟ་སེམས་སྐོང་བྱེད་ཀྱི། །མཁན་པོ་དག་ཀྱང་རང་གི་སེམས། །བསྐང་བའི་རྫས་མཆོག་སེམས་ཡིན་པས། །སེམས་ཉིད་གཞི་རྩ་བྲལ་བ་ལ། །མཆོད་བྱ་མཆོད་བྱེད་གཉིས་མེད་པས། །གཉིས་མེད་དོན་གྱི་ཐུགས་དམ་བསྐང་། །ཡེ་ཤེས་ལྷ་ཚོགས་ཀུན་མཉེས་ནས། །མཆོག་གི་དངོས་གྲུབ་རྒྱུན་མི་ཆད། །ཅེས་བཀའ་སྩལ་ཏོ། །འདི་ནི་གྲུབ་ཆེན་ཀརྨ་པཀྵིའི་རྙིང་བསྐང་བཀྲ་ཤིས་སྒོ་མང་གི་ནང་དུ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྐང་བ་རྒྱས་པ་དང་། ཕྲིན་ལས་སྔགས་ཀྱིས་བསྟོད་པ་བསྐང་བར་བསྒྱུར་བའི་ཡིག་རྙིང་སོགས་ཀྱི་རྗེས་སུ་འབྲང་སྟེ། ཚིག་ཕལ་ཆེར་ཨོ་རྒྱན་རིན་པོ་ཆེས་གསུངས་པ་བྱིན་རླབས་ཆེ་བར་བསམས་ཏེ། ཨ་རཱ་གས་ལེགས་པར་བསྒྲིགས་པའོ། །འདི་ལ་ཉེས་པ་གང་མཆིས་རྒྱལ་བ་རྒྱ་མཚོའི་ཚོགས་ལ་བཤགས། །དགེ་བས་བདག་དང་མཁའ་མཉམ་སེམས་ཅན་ཀུན། །ཐུགས་རྗེ་ཆེན་པོ་མྱུར་དུ་འགྲུབ་ཕྱིར་བསྔོ། །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀྱི་གཏེར་མཛོད།next