Nitartha Digital Library
Tibetan
 
no previousཤོག་གྲངས་ ༠༠༡ ནས་ ༡༠༠ བར།next

ཤོག་གྲངས་ ༠༠༡ ནས་ ༡༠༠ བར།


CMR024_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་བདག་བསྐྱེད་ཀྱི་དཀའ་བའི་གནད་རྣམས་བཀྲོལ་བ་དོན་འགྲེལ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།།


CMR024_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འོད་དཔག་མེད་མགོན་ཆོས་ཀྱི་དབང་ཕྱུག་ཞབས། །ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་ཀརྨ་པ། །མཁས་གྲུབ་མཚུངས་མེད་ལུང་རིགས་ཉི་མ་སོགས། །དྲིན་ཐོབ་བླ་མ་རྣམས་ལ་ཕྱག་འཚལ་ནས། །རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་ཆོ་ག་ཡི། །དཀའ་བའི་གནད་རྣམས་གསལ་བྱེད་སྤྱི་དོན་བྲི། །དམ་ཅན་རྒྱ་མཚོའི་བཀའ་གནང་བྱིན་གྱིས་རློབས། །དེ་ལ་རྗེ་དོན་ལྡན་ཞབས་ཀྱིས་མཛད་པའི་དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་འདི་ཡི། འབྲུ་འགྲེལ་དང་ཚིག་དོན་རྒྱས་པར་ནི་ཡི་གེར་འཇིགས་ཕྱིར་


CMR024_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་བསྐྱུངས་ལ། གོ་སླ་བ་རྣམས་བཤད་མ་དགོས་ཤིང་། ཅུང་ཟད་གོ་དཀའ་བ་རྣམས་སྤྲོས་ཏེ་བཤད་ན། དང་པོ། བླ་མ་ཡི་དམ་ལ་ཕྱག་འཚལ་ནས་རྩོམ་པར་དམ་བཅའ་བ་ནི། རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་པ་དང་། རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད་པའོ། །སྔོན་གྱི་ཡི་གེའི་རིམ་པ་རྟོག་དཀའ་བས། ཞེས་པ་ནི། སྔོན་སྲོང་བཙན་སྒམ་པོའི་དུས་ཀྱི་ཐུགས་རྗེ་ཆེན་པོའི་རྒྱབ་ཆོས་དཀར་ཆག་ལས། མདོ་དང་རྒྱུད་དང་གཟུངས་ཉི་ཤུ་རྩ་གཅིག་བྱུང་ཞིང་། སྲོང་བཙན་སྒམ་པོས་བལ་པོ་མམྦུཤི་ལས་གསན་ནས། ཐོན་མི་སཾ་བྷོ་ཊས་དར་


CMR024_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དང་ཆུ་དར་ལ་ཡི་གེར་བཀོད་པའི་སྦ་ལྕག་མ་དང་། སྲོང་བཙན་ཉིད་ལ་མཁའ་འགྲོས་ལུང་བསྟན་མཛད་པའི་རྒྱལ་བ་རྒྱ་མཚོའི་མཁའ་འགྲོའི་ཐུགས་སྒྲུབ། གསང་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་གཉིས་སོགས་གྲུབ་ཐོབ་དངོས་གྲུབ་ཀྱིས་གཏེར་ནས་ཕྱུང་ཉང་ནས་བརྒྱུད་དེ་གྲུབ་ཆེན་ཀརྨ་པ་དང་རང་བྱུང་བ་སོགས་ཀྱིས་གསན་པ་དང་། རྟ་མཆོག་རོལ་པའི་རྒྱུད་དང་། པདྨ་དབང་ཆེན་གྱི་རྒྱུད་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལ་བསྟེན་ནས་རང་གི་ཞལ་གཟིགས་དང་མཐུན་པར་སློབ་དཔོན་པདྨས་མཛད་ནས། ཡེ་ཤེས་མཚོ་རྒྱལ་དང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གསུངས་པའི་གཞུང་ལེའུ་བཅུ་གཉིས་པ་ཆ་ལག་དང་བཅས་པ་མངའ་བདག་ཉང་གིས་གཏེར་ནས་བཏོན་པ་ཀཿདམ་པ་བདེ་གཤེགས་ནས་གྲུབ་ཆེན་པཀྴི་ལ་བརྒྱུད་པ་དང་། པདྨ་རྒྱལ་པོ་དང་། པདྨ་ཟབ་པའི་རྒྱུད་ལ་བརྟེན་ནས་གྲུབ་ཆེན་ཛ་ལན་རས་མཛད་པའི་ལྷ་དགུ་བལ་པོ་ཨ་སུ་ར་ནས་རས་ཆུང་པ་ལ་བརྒྱུད་པ་དང་། ཡང་རྒྱུད་དེ་གཉིས་ལ་བརྟེན་ནས་བྷ་ག་ལའི་ཕག་མོས་མཛད་དེ་ཏི་པུ་པ་ལ་གནང་བ་དང་། བྷ་ག་ལའི་ཕག་མོས་ཏ་ལའི་ལོ་མ་ལ་མཁའ་འགྲོའི་བརྡ་ཡིག་ཏུ་བྲིས་ནས། རས་ཆུང་པ་ལ་གནང་བ་དེ་ཕྱིས་གཉན་ཆུང་ལོ་ཙྪས་བོད་


CMR024_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཏུ་བསྒྱུར་བ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལྷ་ལྔའི་རྒྱ་གཞུང་དང་། རྗེ་ཀརྨ་པཀྴིསམཛད་པའི་རྒྱལ་བ་རྒྱ་མཚོའི་སྐོར་གསུམ་གྱི་དང་པོའི་ནང་དུ་སྔགས་ཀྱི་སྒྲུབ་གཞུང་རྒྱུད་དང་རྒྱ་གཞུང་རྣམས་དང་། གཉིས་པ་ལ་མངོན་རྟོགས་ལག་མཆོད་འགྲིགས་སོགས་ཕྱག་ལེན་སྐོར། གསུམ་པའི་ནང་དུ་རྒྱལ་བ་རྒྱ་མཚོའི་ཡི་གེ་ལྔའི་ངོ་སྤྲོད་སོགས་ཟབ་ཆོས་སྐོར་རྣམས་བཞུགས་ཤིང་། རང་བྱུང་བས་རྒྱལ་བ་རྒྱ་མཚོའི་རིགས་བཞིའི་ཤམ་བུ་ཅན་གསན་ཞིང་། ལྷ་ལྔ་ལྷ་དགུའི་སྒྲུབ་ཐབས་གཉིས། ཞལ་གདམས་ཡི་གེ་གཉིས། བདུན་ཚིག་གཏོར་དབང་པདྨའི་སྣང་བ་རབ་ཏུ་རྒྱས་པའི། དབང་ཆོག་བཤད་པ་དང་བཅས་པ་ཤིན་ཏུ་རྒྱས་པ་སོགས་རྒྱལ་བ་རྒྱ་མཚོའི་དབང་ཆོག་དྲི་མེད་དོན་བསྡུས་སོགས་མཛད་དོ། །རོལ་པའི་རྡོ་རྗེས་ལྷ་དགུའི་བསྟོད་པ་ལག་མཆོད་མཛད་ཅིང་རྟ་བྲོ་བརྟན་སྐྱོང་སངས་རྒྱས་གླིང་པའི་གཏེར་མ་ཁ་སབ་པར་མཛད། མཁའ་སྤྱོད་དབང་པོས་བདུན་ཚིག་ཆོ་ག་རྒྱས་པ་སོགས་མཛད། དེ་བཞིན་གཤེགས་པས་ལྷ་དགུའི་ཆོ་ག་མཛད། དེའི་ལྷན་ཐབས་བསོད་ནམས་སེང་གེས་སྦྱར་བ་སོགས་ཤིན་ཏུ་མང་ཞིང་རྟོགས་དཀའ་བས། དེ་ཐམས་


CMR024_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དོན་འདིར་འཇུག་བདེ་ཞིང་གསལ་བར་རྗེ་དྲུག་པས་མཛད་དེ། དེ་ཡང་ལྷ་དགུ་དང་ལྷ་ལྔ་ལན་མང་དུ་ཞལ་གཟིགས་པ་ལ་བརྟེན་ནས་མཛད་དེ། ཉིད་ཀྱིས་ཞལ་གཟིགས་པའི་ཡི་དམ་ཕལ་ཆེར་ལ་དཀྱིལ་ཆོག་རེ་མཛད་སྐད་དོ། །དེ་ལྟར་སྔོན་སྨོས་པའི་གཞུང་དེ་དག་ལེགས་པར་ཁོང་དུ་ཆུད་ཅིང་གླེགས་བམ་ཆེན་པོ་གཅིག་ཏུ་བསྒྲིགས་ཤིང་བྲི་བར་མཛད་ནས། དབང་ལུང་རྒྱུན་རྣམས་ནན་ཏན་ཆེན་པོས་གསན་ནས། ཐུགས་དམ་དུ་མཛད་པས་ལན་དུ་མར་ཞལ་གཟིགས་ནས་སྔོན་གྱི་རྒྱུད་འགྲེལ་མན་ངག་ཐམས་ཅད་ཀྱི་སྙིང་པོ་བསྡུས་ཏེ་མཛད་པའི་ཕྱིར་ན། འདིར་ཞུགས་ཏེ་དང་བས་ཉམས་སུ་བླང་བར་བྱ་བའི་ཕྱིར་ན་འོས་སུ་གྱུར་པ་ཉིད་དོ། །དེ་ཡང་གྲུབ་ཐོབ་དངོས་གྲུབ་དང་ཉང་གི་གཏེར་མ་གཉིས། ཏི་ཕུ་པ་དང་། གྲུབ་པའི་རྒྱལ་མོ་གཉིས་ཀས་གནང་བའི་ལྷ་ལྔ། བལ་པོ་ཨ་སུ་ནས་བརྒྱུད་པའི་ལྷ་དགུ་དང་བརྒྱུད་པ་བཞི་ཀ་བརྒྱུད་པ་འདི་ལ་གཅིག་ཏུ་བསྡོམས་པ་ཡིན་པར་མཚུར་ཕུ་འཇམ་དབྱངས་ཆེན་པོས་གསུངས་སོ། །དེའི་ཕྱིར་འདིའི་དབང་བཞི་དང་གཏོར་དབང་དང་བཅས་པ་ཐོབ་པས་བཀའ་གཏེར་དེ་བཞི་ཀའི་དབང་ཐོབ་པ་ཤེས་པར་བྱའོ། །འདིའི་རྒྱ་གཞུང་ལས་ཀྱང་དབང་ཐོབ་ཅིང་


CMR024_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་གནང་བ་ཐོབ་ཅེས་གསུངས་སོ། །འདི་བཀའ་མ་གཏེར་མ་གཉིས་ཀ་ཡིན་པས། གསར་མ་ལྟར་རྩ་ལྟུང་བཅུ་བཞི་ཡན་ལག་དང་བཅས་པ། རྙིང་མ་ལྟར་རྩ་བ་སྐུ་གསུང་ཐུགས་ཡན་ལག་ཉི་ཤུ་རྩ་ལྔ་ཐམས་ཅད་བསྲུང་བར་བྱའོ། །དེ་ལྟར་དབང་ཐོབ་པའི་དམ་ཚིག་ལ་གནས་ནས། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། ཤེས་རབ་སྟོང་ཉིད་ཀྱི་ལྟ་བའི་གནས་ཚུལ་ཅུང་ཟད་གོ་བ། ལམ་མྱུར་བར་སངས་རྒྱས་བསྒྲུབ་འདོད་པའི་གང་ཟག་གིས་འདི་ཉམས་སུ་ལེན་ནོ། །དུས་ནི། འཇམ་དཔལ་རྩ་རྒྱུད་ལས། གང་ཚེ་འཁོར་ལོས་སྒྱུར་བ་ནི། །འཛམ་བུའི་གླིང་དུ་བྱུང་གྱུར་ཅིང་། །ཆོས་ཀྱི་རྒྱལ་པོ་རྫོགས་སངས་རྒྱས། །རྐང་གཉིས་དམ་པ་བཞུགས་པ་ནི། །སྔགས་རྣམས་མ་ལུས་བཤད་པ་དག །དེ་ཡི་ཚེ་ན་འགྲུབ་པར་འགྱུར། །གསུངས་པས་སྔགས་གཞན་དུས་ནམ་ཡིན་འགྲུབ་དཀའ་ནའང་། པདྨའི་རིགས་ལས་བྱུང་བ་ཡི། །ཐམས་ཅད་དུ་ནི་ཐམས་ཅད་འགྲུབ། །ཅེས་དང་། རྡོ་རྗེ་པདྨའི་རིགས་དག་དང་། །དུས་རྣམས་ཀུན་ཏུ་འགྲུབ་པར་འགྱུར། །གསུངས་པས་ནམ་ཡང་རུང་ལ། ཁྱད་པར་ཚེས་བཅུ་ལྟ་བུ་དུས་ཁྱད་


CMR024_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ནམ། སྟོན་པའི་དུས་ཆེན་བཞི་ལྟ་བུ་ཕན་ཡོན་ཆེ་བའི་དུས་སམ། རྒྱལ་ཕུར་སོགས་འགྲུབ་སྦྱོར་བཟང་པོ་ལ་དབུ་འཛུགས་སོ། །དེ་ནས་ལས་དང་པོ་པས་མཚན་མོའི་དུས་སུ་ཉམས་སུ་ལེན་ཏེ། ཤཱནྟི་པ་དང་། ནག་པོ་པ་དང་། བྷ་ཝ་བྷ་དྲ་གསུམ་གྱི་བརྟག་གཉིས་འགྲེལ་པ་ལས་ཀྱང་། མཚན་མོ་བསྒོམ་པར་གསུངས་ཏེ། རྣམ་པར་རྟོག་པ་ཉུང་བ་དང་། །བར་ཆད་ཉུང་བ་དང་། དངོས་གྲུབ་མང་བའི་རྟེན་འབྲེལ་ཡོད་པར་བཞེད་དེ། བརྟག་གཉིས་ལས། མཚན་མོའི་དུས་སུ་ཞེས་དང་། བྷ་ཝ་བྷ་དྲའི་འགྲེལ་པ། མཚན་མོ་ཉིད་ལ་དངོས་གྲུབ་མང་བར་འགྱུར་བས་སོ། །ཞེས་གསུངས་སོ། །ཅུང་ཟད་བརྟན་ན་ཐུན་བཞིར་བྱ་སྟེ། ཛ་ལན་རའི་ཞལ་ནས། ཐོ་རངས་དང་ཉི་མའི་གུང་དང་། ཕྱི་དྲོ་དང་མཚན་མོ་སྟེ་བསྒོམ་པའི་རིམ་པའོ། །ཞེས་སོགས་དེ་ནས་བརྟན་པ་བག་ཙམ་ཐོབ་ནས་ཐུན་གསུམ་བསྒོམ་སྟེ། བརྟག་གཉིས་ལས། ཐུན་གསུམ་གསུངས་པའི་དོན་ནོ། །སློབ་དཔོན་ནག་པོ་པས་ཐོ་རངས་དང་གུང་གི་ཐུན་དང་ཕྱི་དྲོའི་ཐུན་ལ་བཤད་པའོ། །བརྟན་པ་ཆེར་ཐོབ་ནས་དུས་ཐམས་ཅད་དུ་བསྒོམ་པ་བདེ་དགྱེས་སོགས་བླ་མེད་རྒྱུད་ཐམས་ཅད་ནས་གསུངས་ཏེ། བདེ་


CMR024_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྒྱུད་ལས། རྟག་ཏུ་ཧེ་རུ་ཀ་རྣལ་འབྱོར་ཞེས་སོགས་དང་། བརྟག་གཉིས་ལས། རྐང་པ་འཁྲུ་དང་ཟ་བ་དང་། །འཐོར་འཐུང་སོ་རྩི་ཟ་བ་དང་། །ཙནྡན་གྱིས་ནི་ལག་ཉེ་དང་། །སྨད་གཡོགས་ཀྱིས་ནི་སྐེད་འགེབས་དང་། །འབྱུང་དང་སྨྲ་བ་འགྲོ་བ་དང་། །འདུག་དང་ཁྲོ་དང་དགོད་པ་དང་། །བཅོམ་ལྡན་འདས་མ་བསྟེན་པ་དང་། །བ་བརྟུལ་ཞུགས་ཅན་ཉིད་ཀྱི། །རྟག་ཏུ་རྣལ་འབྱོར་མ་རྣམས་བསྒོམ། །ཞེས་གསུངས་སོ། །དེའི་ཚེ་ཞེས་པའི་དོན་འགྲེལ་ལ། གཙང་ཞིང་ཉམས་དགའ་བའི་གནས་སུ་གསུངས་པའི་དོན་ནི། བརྟག་གཉིས་ལས། གནས་ནི་གང་དུ་བསགས་པའི་སེམས། །གཅིག་ཏུ་མཉམ་བཞག་འགྲུབ་པ་ཡི། །གནས་ནི་བཟང་པོ་ངེས་པར་བརྟག །ཅེས་དང་། །རྡོ་རྗེ་གུར་ལས། མེ་ཏོག་འབྲས་བུས་བརྒྱན་པ་དང་། །རི་ཁྲོད་དང་ནི་སྨན་ལྗོངས་དང་། །ཞེས་དང་། རྒྱལ་བ་རྒྱ་མཚོ་ལྷ་དགུ་རྒྱ་གཞུང་དཔལ་ཐུགས་རྗེ་ཆེན་པོ་པདྨ་ཟབ་པའི་སྒྲུབ་ཐབས་ཞེས་བྱ་བ་ལས། དང་པོ་རེ་ཞིག་ཉམས་དགའ་ལ་ཡིད་བདེ་བའི་གནས་སུ་ཞེས་གསུངས་སོ། །སྤྱིར་བོད་ཡུལ་འདི་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཡིན་པས་གང་དུ་ཡང་བསྒྲུབ་རུང་


CMR024_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འཇམ་དཔལ་རྩ་རྒྱུད་ལས། འཛམ་བུ་གླིང་གི་ཡུལ་ཅན་སོ་སོར་ལྷ་དང་རིག་སྔགས་སོ་སོར་གང་དང་གང་འགྲུབ་པར་འགྱུར་བར་ངེས་པར་གསུངས་པའི་སྐབས་སུ། མདོར་ན་བྱང་ཕྱོགས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་རྒྱལ་པོ་འགྲུབ་པར་འགྱུར་ཏེ། ཞེས་དང་། ཁ་བ་ཅན་གྱི་མཚམས་ཀུན་དང་། །བྱང་ཕྱོགས་སུ་ནི་གནས་བརྟན་ལ། །དགེ་བའི་སྔགས་ནི་འགྲུབ་པར་འགྱུར། །ཅེས་དང་། ཁ་བ་ཅན་རི་ནང་འབྱུང་བ། །ལས་ནི་ཐམས་ཅད་འགྲུབ་པར་འགྱུར། །ཅེས་དང་། རྒྱལ་བའི་རིགས་ཀྱི་སྔགས་དག་ནི། །བྱང་གི་ཕྱོགས་སུ་འགྲུབ་པ་ཡིན། །ཞེས་གསུངས་སོ། །སྦ་ལྕག་མའི་རྒྱ་གཞུང་ལས། ཉམས་དགའ་དབེན་པའི་གནས་དག་ཏུའོ། །ཞེས་དང་། དེའི་འགྲེལ་པ་རྗེ་དེ་བཞིན་གཤེགས་པའི་གསུང་རྒྱུན་ལས་ཀྱང་། ཐ་མལ་ཡང་གཡའ་རི་གངས་རི་བྲག་རི་སོགས་ཏེ། དབེན་པའི་གནས་གང་ཡང་རུང་བར་ཞེས་གསུངས་སོ། །དེས་ན་རང་གི་ཁྱིམ་མམ་གང་ཡིད་དུ་འོང་བར་རུང་ངོ་། །བསྐྱེད་རྫོགས་ལ་ཅུང་ཟད་གོམས་པས་ནི་བྱིན་གྱིས་བརླབས་པའི་གནས་སུ་བསྒོམ་སྟེ། ལྷ་ལྔའི་རྒྱ་གཞུང་ལས། དུར་ཁྲོད་གཡའ་རི་གངས་བྲག་གི །ཞེས་


CMR024_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲེལ་པ་ལས། འབྲིང་དྷ་ཀི་འདུ་བའི་མཚན་རྟགས་བཟང་པོ་དང་ལྡན་པའི་གནས་ཆེན་གང་རུང་། ཞེས་གསུངས་པས། སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་གནས་ཕྲན་གང་རུང་ངམ། ཆོས་འདི་ཡང་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པའི་གནས་རྣམས་སུ་སྒྲུབ་པར་བྱའོ། །ཨོ་རྒྱན་རིན་པོ་ཆེས་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གཞན་དུ་ལོར་བསྒྲུབས་པ་བས་གནས་དེ་དག་ཏུ་ཟླ་བསྒྲུབས་དགའ་བ་དང་། གཞན་དུ་ཟླ་བསྒྲུབས་པས་གནས་ཕྲན་དེ་དག་ཏུ་ཞག་བསྒྲུབ་དགའ་བར་གསུངས་པས་སོ། །བརྟན་པ་ཆེར་ཐོབ་ནས་གནས་ཆེན་དུར་ཁྲོད་རྣམས་སུ་བསྒོམ་སྟེ། སྦ་ལྕག་མའི་ཡིག་རྙིང་ལས། རབ་དཔའ་བོ་མཁའ་འགྲོ་དངོས་སུ་འབྱོན་པའི་དུར་ཁྲོད་དང་། ཞེས་གསུངས་པས། བརྟག་གཉིས་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའི་བས་མཐའ་རུ། །ཞེས་སོགས་གསུངས་པས། ཙཱ་རི་དཔལ་གྱི་རི་བཅུ་གཉིས་ཀྱི་ཡ་རྒྱལ་རི་ཤི་སརྦ་ཏ་ཡིན་ལ། ཏི་སེ་རི་བོ་གངས་ཅན་དང་། །ལ་ཕྱི་གོ་ཏ་ཝ་རི་དང་། །ཞིང་སྐྱོང་མཁའ་འགྲོའི་གནས་ཆུ་བར། །ཀ་མ་རུ་པ་ཀཾ་པོ་


CMR024_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་། རོང་བཙུན་ཁ་བ་དཀར་པོ་ཁ་ཝ་རི་དང་། སྒམ་པོ་རི་བོ་ཤཱནྟི་སོགས་གནས་སུམ་ཅུ་སོ་གཉིས་དང་། འབྲས་མོ་ཟམ་བུ་མཁར་ཆུ་སོགས་གནས་ཆེན་དང་། ཁྱད་པར་པདྨ་གསུང་གི་སྒྲུབ་གནས་མཆིམས་ཕུ་སོགས་སུ་བསྒོམས་ལ། ཡང་འདི་དབང་གི་ལྷ་ཡིན་པས་ཚོང་འདུས་སོགས་མང་པོ་འདུ་བའི་གནས་སུ་ཡང་འགྲུབ་སྟེ། རྡོ་རྗེ་གུར་ལས། གླུ་གར་རབ་ཏུ་འཆང་བ་དང་། །ཆང་ཚོང་མ་ཡི་ཁྱིམ་དུ་ནི། །འདི་ལྟར་པདྨ་གར་མཁན་དང་། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །ཞེས་གསུངས་སོ། །དེ་ལ་ལས་དང་པོ་པས་གནས་ནི་དབེན་པ་དང་། བཀྲ་ཤིས་པ་དང་། ཡིད་དང་མཐུན་པ་དང་། རང་གི་ཁྱིམ་དང་གཞི་གང་རུང་དུ་བསྒོམ་པ་དང་། ཡང་ན་ནད་གཞི་མི་བསྐྱེད་པ། གདོན་གྱིས་བར་ཆད་མི་འབྱུང་བ། ཏིང་ངེ་འཛིན་སྐྱེ་བ་ཡིད་དུ་འོང་བ་སྟེ། བཞི་པོ་གང་རུང་དུ་སྒོམ་པར་བཤད་དོ། །སློབ་དཔོན་གརྦྷ་རི་པས། དབེན་དང་རང་དགའི་རང་ཁྱིམ་དུ། །ཞེས་པ་འདིའི་གཞུང་དང་གསུངས་པ་མཐུན་ནོ། །གནས་དེར་གསར་དུ་ཉམས་སུ་ལེན་ན། །བྱི་དོར་དང་། གུ་གུལ་བདུག །སྨེ་བརྩེགས་སྔགས་དང་རྣམ་འཇོམས་སོགས་བཟླས་པའི་ཆུས་ཆག་


CMR024_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་གདབ། བདག་མདུན་འབྲེལ་ན་དཀྱིལ་ཐང་སོགས་མཆོད་གཏོར་རྒྱས་པར་བཤམས། བདག་བསྐྱེད་བསྙེན་པ་ལ་ནི་སྔོན་འགྲོ་གཏོར་མ། ནང་མཆོད་བདུད་རིལ་བུ་བཏབ་པ། རྡོ་རྗེ་དྲིལ་བུ། ཌཱ་མ་རུ་གཏོར་མ་དཀར་དམར་བརྒྱན་པ་ལྷ་གྲངས་སམ་ལྔ་སོགས་རང་གི་གཡོན་ངོས་ནས་མགོ་བཟུང་བའི་ཉེར་སྤྱོད་བདུན་སོགས་བཤམས་པ་སྤྱི་མཐུན་ནོ། །དེ་ནས་མཆོད་པ་ཐམས་ཅད་ཀྱི་ཐོག་མར་ཁྲོ་བོས་སྔགས་ཀྱིས་ཐོག་མར་བསང་བས་བགེགས་བསྐྲད་པར་བྱ་སྟེ། དེ་ལ་འདི་པདྨའི་རིགས་ཡིན་པས། རྟ་མགྲིན་གྱི་སྔགས་ཀྱིས་བསང་བའོ། །དེ་ནས་དངོས་པོ་རང་རྒྱུད་པ་དེ་རང་བཞིན་མེད་པར་སྲ་བྷ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་བའོ། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཉིད་། །ཅེས་པས་སྟོང་པ་ཉིད་དེའི་ངང་ལས་བདུད་རྩི་བྱིན་གྱིས་བརླབ་པ་སྟེ། ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པོའི་རྒྱུད་ལས། སྣོད་ཀྱི་མཐར་ཐུག་མཚན་ལྡན་ཀ་པཱ་ལར། །བཅུད་ཀྱི་མཐར་ཐུག་བདུད་རྩི་རྣམ་པ་ལྔ། །ཞེས་སོགས་དང་། སྡོམ་འབྱུང་ལས། དེ་ནས་དེའི་ཕྱིར་བདུད་རྩི་ལྔ། །སྒྲུབ་པ་ཡང་དག་རབ་ཏུ་བཤད།། །ཅེས་


CMR024_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བདུད་རྩི་ལྔའི་རྒྱས་བཤད་དང་། བ་ལང་ཤ་དང་རྟ་ཤ་དང་། །གླང་པོའི་ཤ་དང་དེ་བཞིན་ཏེ། །མི་ཡི་ཤ་དང་ཁྱི་ཤ་དང་། །མཁས་པ་ཡིས་ནི་བཟུང་བར་བྱ། །ཞེས་སོགས་ཤ་ལྔའི་རྒྱས་བཤད་དང་། དུས་འཁོར་ལས། ཨོཾ་ཨཱཿཧཱུྃ་ཧོ་རིམ་པར་གནས་པས་དང་པོར་འདི་ནི་རྟག་ཏུ་ཆང་ནི་སྦྱངས་ནས་རྟོག་པར་བྱ། ཞེས་དང་། གསང་བ་འདུས་པ་སོགས་གསར་མའི་རྒྱུད་སྡེ་ཆེན་པོ་དུ་མ་ནས་བདུད་རྩི་སྒྲུབ་ཐབས་ལྔ་ཡང་གསུངས་ལ། དྲི་མེད་བཤགས་རྒྱུད་ལས། དང་དུ་བླང་བའི་དམ་ཚིག་ལྔ་པོ་ནི། །དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་དང་། །ཚྭ་ས་ཤ་ཆེན་ལ་སོགས་དམ་རྫས་ལྔ། །གྲུབ་པ་བཞི་དང་ཡིན་པ་གསུམ་ལ་སོགས། །སོ་སོའི་རྣམ་པར་རྟོག་པ་ཀུན་སྦྱངས་ཤིང་། །དངོས་གྲུབ་འགྲུབ་པར་བྱེད་པའི་ཐབས་ཆེན་པོ། །ཞེས་དང་། སྒྲུབ་པའི་རྫས་མཆོག་བདུད་རྩི་ཨ་མྲྀ་ཏ། །ཞེས་སོགས། ཁྱད་པར་བདུད་རྩིའི་རིལ་བུ་བཏབ་ན། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་བདུད་རྩི་ཡི། །དྷ་ཀི་ཀུན་གྱིས་སྙིང་ཁྲག་འདི། །ཟོས་པས་ཡོན་ཏན་བརྗོད་མི་ལོངས། །སངས་རྒྱས་སྐུ་ལྔའི་བདག་ཉིད་འགྲུབ། །ཕྱི་ཡི་གདོན་ཞི་ལུས་ནད་འཇོམས། །ནང་


CMR024_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཉོན་མོངས་དུག་ལྔ་ནི། །ཐུན་མོང་དམ་ཚིག་ཉམས་ཆག་བསྐང་། །གསང་བ་རང་བྱུང་རྣམ་པར་དག །ཉན་ཐོས་རང་རྒྱལ་ལ་སོགས་པ། །བསྐལ་པ་གྲངས་མེད་སྐད་ཅིག་གིས། །མཉམ་དང་ཆེ་ལྡན་ཡོན་ཏན་རྫོགས། །ཞེས་གསུངས་སོ། །རྙིང་མའི་རྒྱུད་འགྲེལ་དུ་མ་ནས། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་སྒྲུབ་ཐབས་མཐའ་ཡས་པ་འབྱུང་བ་ཐམས་ཅད་བདུད་རྩི་བྱིན་རླབས་འདི་ལ་འདུས་ཤིང་། ཤ་ལྔ་བདུད་རྩི་ལྔ་དངོས་སུ་མེད་ཀྱང་བསྒོམས་པས་ཆོག་པ་སྟེ། གསང་འདུས་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཐམས་ཅད་བསམ་པ་རྣམ་པར་དག །ཅེས་གསུངས་སོ། །དེ་ལྟར་གཞུང་ལྟར་བྱིན་གྱིས་རླབས་པའི་བདུད་རྩི་ཐིགས་པ་ལྕེར་བཞག་པས་ཁ་གསང་བར་བྱེད་ཅིང་ཕན་ཡོན་ནི། གསང་བ་འདུས་པའི་རྒྱུད་ལས། རྡོ་རྗེའི་སྦྱོར་བ་ཟོས་པ་ཡིས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབས། །ཞེས་གསུངས་པ་དང་། སྡོམ་འབྱུང་ལས། སྔགས་བཟླས་དེ་བཞིན་བསམ་གཏན་དང་། །འདོད་པ་ཀུན་གྱི་འབྲས་འབྱུང་ཞིང་། །ལུས་ཀྱི་བཅུད་ཀྱི་ལེན་དང་ནི། །མཆོག་ཏུ་གྲོལ་བའི་དངོས་གྲུབ་སྟེར། །རྟག་ཏུ་རིལ་བུ་བརྟེན་བྱེད་པ། །འདོད་པ་ཀུན་


CMR024_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འབྲས་རབ་སྟེར། །ལས་རྣམས་ཀུན་ལ་རབ་སྦྱར་ན། །མཁའ་སྤྱོད་གོ་འཕང་ཐོབ་པར་འགྱུར། །འདི་ནི་བདུད་རྩི་ལྔ་འགྲུབ་པ་ངེས་པར་བརྟན་པ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་ཆེ། །ཞེས་གསུངས་སོ། །སྒྲུབ་པ་བཀའ་བརྒྱད་ཀྱི་གཞུང་ལས། །ར་ས་ཡ་ན་བདུད་རྩི་འདི། །སྐལ་ལྡན་རྣམས་ཀྱི་བདུད་རྩི་སྟེ། །སྐལ་མེད་རྣམས་ཀྱི་དུག་ཏུ་འགྱུར། །ནམ་མཁའི་རྡོ་རྗེའི་གཞལ་ཡས་སུ། །མཚོན་ཆ་རྡོ་རྗེའི་གཏོར་བྱས་ནས། །ཡེ་ཤེས་ལྷ་ལ་ཕོག་ན་ཐུགས་དམ་བསྐང་། །མཆེད་ལྕམ་རྣམས་ལ་ཕོག་ན་ཉམས་ཆག་མ་ལུས་བསྐང་། །བདུད་དང་བགེགས་ལ་ཕོག་ན་རྡུལ་དུ་བརླག །ཅེས་གསུངས་པས། བགེགས་བསྐྲད་པ་དང་། ཉམས་ཆག་བསྐང་བ་དང་། མཆོད་པ་གཞན་མི་གཙང་བ་བསང་བ་དང་། སྤེལ་བ་སོགས་ལས་ཐམས་ཅད་བདུད་རྩིས་བྱེད་དེ། བདག་བསྐྱེད་རྐྱང་པའི་སྐབས་སུ་ལས་བུམ་གྱི་ཚབ་ལྟ་བུ་ཡིན་ནོ། །དེ་ཡང་བདུད་རྩི་བྱིན་རླབས་འདི་རྗེ་དྭགས་པོ་རིན་པོ་ཆེས་མཛད་པའི་ཁམས་གསུམ་མའི་གཏོར་ཆོག་དང་། འགྲོ་མགོན་རས་ཆེན་པས་མཛད་པའི་ཞལ་


CMR024_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མའི་གཏོར་ཆོག་གཉིས་ནས་རང་བྱུང་བས་བསྡུས་ནས་གསང་སྔགས་ནང་གཏོར་གྱི་བྱིན་བརླབ་ཏུ་བྲིས་པ་སྟེ། དེ་ལས་དོན་ལྡན་ཞབས་ཀྱིས་བཏུས་ཏེ་ཟུར་ཙམ་བཅོས་ཏེ། སློབ་དཔོན་པདྨས་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་སྐབས་སུ་མེ་རླུང་གིས་སྦྱོར་བས་འོད་དུ་ཞུ་བའི་སྟེང་དུ་ཨོ་ཨཱཧཱུཾ་གསུམ་རིམ་གྱིས་ཡར་མར་ཞུ་ནས། སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར་པར་བསམ་སྟེ། ཞེས་དང་། ཐུགས་རྗེ་ཆེན་པོ་དོན་ཏིག་གི་ཚོགས་གཞུང་ལས་ཀྱང་། བླ་མ་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་མཐིང་ཁ་འཕྲོས་ཏེ་ཆང་ལ་ཕོག་པས་སྔོ་ལྟེམས་སེ་སོང་བར་བསམ། ཨཱའཕྲོས་ཏེ་འོད་དམར་པོ། ཨོཾ་འཕྲོས་ཏེ་འོད་དཀར་པོར་བསམ། ཨོཾ་ཨཱཿཧཱུྃ། ཞེས་སྲིན་ལག་གཡོན་པས་དཀྲུགས་པས་བདུད་རྩི་ཆེན་པོ་དཀར་ལྟེམ་མེར་གང་བར་བསམ། ཞེས་དང་། རང་བྱུང་བས་ལྷན་སྐྱེས་མའི་གཏོར་ཆོག་ཏུ་ཡང་ཡི་གེ་གསུམ་གྱིས་བདུད་རྩི་འགུགས་པ་ལས་གཞན་མ་གསུངས་པས། ཁ་ཊཾ་སོགས་བསྒོམ་མི་དགོས་པས་གཞུང་འདི་རང་ལེགས་སོ། །དེ་ནས་སྔོན་འགྲོ་གཏོར་མ་གལ་ཆེ་བ་སྟེ། རྒྱུད་བརྟག་པ་གཉིས་པ་ལས། བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་


CMR024_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔའི་གཏོར་མ་བརྟེན། །ཞེས་དང་། ཨ་ཀཱ་རོའི་སྔགས་འདི་ཡང་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སུ་གསུངས་ཤིང་། གལ་ཏེ་གཏོར་མ་འདིས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན། རྣལ་འབྱོར་པ་རྣམས་ལེགས་པར་འགྱུར་རོ། །དེ་རྣམས་ལ་བདེ་བ་དྲི་མ་མེད་པ་དང་། ལྷ་མོ་རྣམས་དང་འགྲོ་བ་རབ་ཏུ་འབྱོར་བ་རྣམས་དགའ་བ་འགྱུར་རོ། །གལ་ཏེ་འདིར་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་གཏོར་མ་བྱིན་ན་དབང་དང་མངོན་སྤྱོད་དང་། དགྲ་སྡེའི་འཇིགས་པ་དང་། བསྐྲད་པ་དང་། །བསད་པ་དང་། འགུགས་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་མཚམས་ལྷ་བསྐྱེད་པ་ནི། རྒྱས་པར་ཆོ་ག་གསུམ་གྱིས་སམ། འདིར་སྐད་ཅིག་དྲན་རྫོགས་ལ་བསྐྱེད་པར་བྱ་སྟེ། ཕྱག་གཡས་དབྱུག་ཐོ་དང་གཡོན་སྡིགས་མཛུབ་དྲིལ་བུ་ཅན་ཁྲོ་བོའི་ཆས་ཐམས་ཅད་དང་རྟ་དབུའི་བརྒྱན་པ་ཞིག་བསྐྱེད་པར་རྗེ་དེ་བཞིན་གཤེགས་པས་བཞེད་དོ། །དེ་ཡང་འགུགས་གཞུག་གི་སྐབས་སུ་གདོན་ཞེས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་སྟེ། ལྷའི་གདོན་དང་ཀླུའི་གདོན་ཞེས་དང་།


CMR024_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་གྱི་རྒྱལ་པོ་ཕྱོགས་སྐྱོང་བཅུ། ཞེས་སོགས་བགེགས་ཞེས་པ་ནི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སྟེ་ལན་ཆགས་རྣམས་སོ། །འབྱུང་པོ་ནི་འཇིག་རྟེན་པའི་ཆོས་སྐྱོང་ཕལ་ཆེར་དང་། གཞི་བདག་གནས་བདག་ཕལ་མོ་ཆེའོ། །དེ་དག་བཀུག་ནས་མཆོད་ཡོན་སོགས་ཀྱིས་མཆོད་ནས། ན་མསརྦ་སོགས་ཀྱིས་གཏོར་མ་བྱིན་ལ། ཕྲིན་ལས་སོ་སོར་བཅོལ་བ་སྟེ་དཀར་ཕྱོགས་ནག་ཕྱོགས་ཕྱེ་བའོ། །དང་པོ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་སྒོམ་སྒྲུབ་བྱེད་པ་ལ་མངོན་པར་དགའ་བ་ནི། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། །ཡི་གེ་དྲུག་པའི་རིག་སྔགས་འདི་ལ་སློབ་པའི་ཚེ། གཞན་ཡང་ལྷའི་སྡེ་དཔོན་སུམ་ཅུ་རྩ་གསུམ་གྱིས་ལྷའི་བུ་དག་འདུ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དག་ཀྱང་ཕྱོགས་བཞི་བསྲུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་འཆིངས་རྣམས་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་སྟེ་ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ནི་ཡོངས་སུ་སྲུང་བར་བྱེད་དོ། །གཞན་ཡང་ས་བླའི་གནོད་སྦྱིན་བླ་གབ་མེད་པར་ཡོངས་སུ་སྲུང་བར་བྱེད་དོ། །ཞེས་གསུངས་པ་ལྟར། ཟ་མ་ཏོག་གི་མདོ་སྡེ་གསུངས་པའི་ཚེ།


CMR024_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་དབང་ཕྱུག་དང་། མཐུ་བོ་ཆེ་དང་ཉི་ཟླ་དང་རླུང་ལྷ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དགའ་བོ་ལ་སོགས་པའི་ཀླུའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། ཆོས་དགའ་ལ་སོགས་པ་དྲི་ཟའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། བཞིན་བརྒྱ་པ་ལ་སོགས་མིའམ་ཅིའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། གཙུག་ཕུད་ཅན་ལ་སོགས་པ་ལྷའི་བུ་མོ་བརྒྱ་སྟོང་ཕྲག་དུ་མ་དང་། །ཀླུའི་བུ་མོ་བདེ་བྱེད་མ་ལ་སོགས་པ་ཀླུའི་བུ་མོ་བརྒྱ་ཕྲག་དུ་མ་དང་། ཕྲེང་བ་བཟང་མོ་ལ་སོགས་པ་དྲི་ཟའི་བུ་མོ་བརྒྱ་ཕྲག་དུ་མ་དང་། ཡིད་ལས་བྱུང་བ་ལ་སོགས་མིའམ་ཅིའི་བུ་མོ་བརྒྱ་ཕྲག་དུ་མ་འཚོགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཟ་མ་ཏོག་གི་མདོ་སྡེ་ཡི་གེ་དྲུག་པ་འདི་བཅོམ་ལྡན་འདས་ལས་དངོས་སུ་ཐོབ་པས་མི་ཕྱེད་པའི་དད་པ་ཐོབ་སྟེ་བསྟན་པ་སྲུང་བར་དམ་བཅས་ནས། ད་ལྟ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པ་གང་དུ་སྒྲུབ་ཅིང་ཉམས་སུ་ལེན་པའི་གནས་དེར་འཚོགས་ནས་སྲུང་སྐྱོབ་དང་སྡོང་གྲོགས་བྱེད་པ་ཤ་སྟག་ཡིན་ལ། དེར་མ་ཟད་སྔོན་ཆོས་རྒྱལ་སྲོང་བཙན་དང་སློབ་དཔོན་པདྨ་རིན་པོ་ཆེ་དང་ཀརྨ་པཀྵི་སོགས་ཆོས་འདིའི་བཀའ་བརྒྱུད་རིན་པོ་ཆེ་ཐམས་ཅད་ཀྱིས་དམ་ལ་བཏགས་པའི་ལྷ་སྲིན་ཡུལ་ལྷ་ཐམས་ཅད་དང་། ཁྱད་


CMR024_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་དེ་ཉིད་ཀྱི་གཉུག་མར་གནས་པའི་དཀར་ཕྱོགས་རྣམས་ལ་གཏོར་མ་བསྔོས་ལ་སྡོང་གྲོགས་བཅོལ་བ་སྟེ། ཕྲིན་ལས་བཅོལ་བའི་ཚིག་འདི་ནི་ཇོ་བོ་རྗེས་མཛད་པའི་བདེ་མཆོག་གི་གཏོར་ཆོག་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བའི་ནང་ནས་བསྡུས་པའོ། །གང་དག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་བྱ་བ་མཐོང་བ་དང་ཐོས་པར་མི་དབང་བའི་བགེགས་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་ལས་རྒྱ་ཆེར་གསུངས་པའི་དོན་བསྡུས་ཏེ་བཤད་ན། བགེགས་རྣམས་སྒྲུབ་པ་ལ་མི་དགའ་སྟེ། སྒྲུབ་པ་པོ་ལ་གླགས་སྣ་ཚོགས་འཚོལ་ཞིང་མདུན་དུ་རྒྱུ་སྟེ། དེ་ལ་རིགས་བཞི་སྟེ། རྒྱལ་པོ་ཆེན་པོ་བཞིའི་འཁོར་རྣམས་ཡིན་ནོ། །གྲངས་ནི་བྱེ་བ་ཕྲག་བདུན་ཏེ། སྔགས་སྒྲུབ་པ་ལ་བགེགས་བྱེད་དོ། །ཝའི་རིགས་བྱེ་བ་བཅོ་བརྒྱད་དེ་གཙོ་བོ་ནི་གླང་ཆེན་གདོང་ཡིན་ཏེ་དབང་ཕྱུག་གི་འཁོར་ཡིན་ཅིང་ས་སྟེང་ཐམས་ཅད་དུ་བགེགས་བྱེད་དོ། །སོ་གཅིག་གིས་གཙུག་ཕུད་དང་། ཡང་འཁོར་བྱེ་བ་ཕྲག་དྲུག་ཅུ་སྟེ། ཚངས་པ་དང་ཁྱབ་འཇུག་དང་། ཉི་ཟླ་དང་རླུང་ལྷས་བཤད་པའི་སྔགས་ལ་བགེགས་བྱེད་དོ། །ནེའུ་ལེའི་རིགས་ཁྲི་ཕྲག་བྱེ་བ་ཐེར་འབུམ་སྟོང་ཕྲག་སྟེ། དེའི་དཔོན་ནི་གཙུག་


CMR024_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱུང་བ་སྟེ། ཕྱག་ན་རྡོ་རྗེའི་རིག་སྔགས་ལ་བགེགས་བྱེད་དོ། །དགའ་བྱེད་ལྔས་བརྟེན་རིགས་ཀྱིས་སྔགས་ལ་གེགས་བྱེད་དོ། །ནོར་སྤྱོད་བུ་གསང་བ་པས་རང་གི་སྔགས་རྒྱུད་ལ་གེགས་བྱེད་དོ། །དེ་ལྟར་རང་རང་གི་རིགས་ཀྱིས་སྔགས་རྒྱུད་ལ་གེགས་བྱེད་དོ། །དེ་གསང་སྔགས་ཀྱི་ལྷར་སྤྲུལ་ནས་གཏོར་མ་ལེན་ནོ། །བགེགས་ཀྱིས་དེ་བྱས་པ་ལྷས་མཐོང་ནས་མི་དགའ་ཁྲོས་ནས་ཕྱིར་ལོག་ནས་འབྱོན་ནོ། །བགེགས་འདི་རྣམས་ནི་ལྷ་ཀླུ་དང་སུམ་ཅུ་རྩ་གསུམ་པའི་ལྷས་ཀྱང་ཟློག་མི་ནུས་ཏེ། མཆོད་པ་ལ་ཆོ་ག་མེད་པ་དང་། བསྙེན་པ་ལ་སྦྱིན་སྲེག་མེད་པ་དང་། བསྙེན་པ་གང་བྱས་སྙམ་པ་སོགས་སེམས་གཡེང་བ་ལ་བགེགས་དེ་དག་འཇུག་གོ །དེ་བཞིན་དུ་སྦྱིན་སྲེག་སོགས་བྱ་བ་གང་བྱེད་ཀྱང་བགེགས་སོ་སོར་འཇུག་གོ །བགེགས་ཞུགས་ན་འདོད་ཆགས་ཆེན་པོ་སྐྱེའོ། གཡོ་འགུལ་ཞེས་བྱ་བའི་བགེགས་ནི་ཁྲུས་བྱེད་དུས་སུ་འཇུག་སྟེ། བཀྲེས་ཤིང་སྐོམ་ལ་གཉིད་ཆེ་བ་དང་ལུས་ལྕི་ཞིང་ཁྲོ་བར་འགྱུར་རོ། །བགེགས་དྲི་ཟ་བྱ་བ་དྲི་འབུལ་དུས་འཇུག་སྟེ། ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས་ཤིང་བུད་མེད་ལ་ཚགས་པར་འགྱུར་རོ། །ནག་པོ་ལུས་ཅན་ས་ལས་ལངས་ནས་བདུག་པ་


CMR024_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་དུས་འཇུག་སྟེ་སེར་སྣ་དང་གཡོ་སྒྱུ་འདོད་ཆགས་ཆེ་ལ་གཏུམ་ཞིང་ཁུ་ཆུ་འཛག་གོ །མར་མེ་འབུལ་དུས་གཙུག་ཕུད་གཅིག་པ་འཇུག་སྟེ་སྙིང་ཁ་ཚ་ཞིང་གཟེར་ཐབས་ན་ཞིང་སེམས་མྱའོ། །ལང་དུས་གཙུག་ཕུད་ཅན་འཇུག་སྟེ་རིམས་དང་འཁྲུ་སྐྱུགས་དྲག་པོ་འབྱུང་། མེ་ཏོག་འབུལ་དུས་མེ་ཏོག་ཆེར་རྒོད་འཇུག་སྟེ། རིམས་དང་ཆམ་པ་རྒྱུ་ཞིང་ན་བ་དང་། གྲོགས་པོ་དང་འབྲལ་བར་བྱེད་དོ། །དེ་ལྟར་བགེགས་ཞུགས་ན་ལམ་མ་ཡིན་པ་ལ་ལམ་དུ་མཐོང་ནས་འདོད་པ་ཆེན་པོས་སེམས་མྱོས་ཤིང་སྤྱོད་ངན་སྣ་ཚོགས་བྱེད། གློ་བུར་དུ་ཅི་ཡང་སྨྲ་ཞིང་དོན་མེད་འཁྱམས་པ་དང་། དོན་གྱི་སྒྲུབ་པ་ལ་ཐེ་ཚོམ་ཡིད་གཉིས་བྱེད། སེམས་ལོག་ལྟ་ཆེ་ཞིང་ངག་འཁྱལ་དོན་མེད་སྨྲའོ། །དེ་ནི་འབྲས་བུ་ཅི་ཡོང་མེད་པར་སྙོམས་ལས་སུ་ལུས་སོ། །ཡང་དཔུང་བཟང་གིས་ཞུས་པར་བགེགས་ཞུགས་པའི་རྟགས་གསུངས་པར། སེན་མོའི་རྩེ་གཅོད་བོང་རྡོས་འཇིགས་པ་དང་། །མཚན་མོ་སོ་ནི་ཀྲིག་ཀྲིག་འཆའ་བ་དང་། །བུ་མོ་བདག་འདོད་ཁྱོ་ནི་མི་རྙེད་དང་། །སྐྱེས་པ་བདག་འདོད་ཆུང་མ་གཞན་མི་རྙེད། །དགོས་པའི་དོན་མི་འགྲུབ་ཅིང་མི་དགོས་འགྲུབ། །གང་ཡང་འགྲོ་འདོད་རྙེད་


CMR024_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མི་ཡང་བརླམས། །དེ་བཞིན་སྟག་གཟིག་སེངྒེ་ཁྱི་དང་ཕག །བོང་བུ་རྔ་མོང་བྱི་ལ་ཤ་ཟ་ཝ། །བྱ་རྒོད་འུག་པ་སྐྱར་མོ་མི་ཐུང་ཧྲལ། །གཅེར་བུ་ཐལ་རས་ཅན་དང་མི་ནག་པོ། །ཁྲོན་སྐལ་ཐོད་རུས་སྒྲུང་པ་ཕུང་པོ་དང་། །ལྕགས་དང་རྡོ་ཁུང་མི་གཙང་ཁང་རུལ་དང་། །ཁ་བཞིན་བསྒྱུར་ཞིང་རལ་གྲི་མདུང་ཐོགས་པ། །རྨི་ལམ་འདི་ཡང་རྨིས་པའི་མི་ཡང་བརླམས། ཞེས་གསུངས་པ་དང་། རིག་པ་མཆོག་གི་རྒྱུད་ལས་ཀྱང་རྒྱ་ཆེར་གསུངས་པ་དོན་བསྡུས་ཏེ་བཤད་ན། ལོག་འདྲེན་པའི་སྤྱི་ཕུད་པ་ལས་དོན་ནས་གོམ་པ་འདོར་བ་ན་འཛིན་ཏེ། ལེ་ལོ་དང་སྐྱུགས་པ་དང་མགོ་འཁོར་ཞིང་ལོ་སྟོང་དུ་བསགས་པའི་བསོད་ནམས་དང་སྔགས་ཀྱི་ནུས་པ་མེད་པར་བྱེད་དོ། །ལོག་འདྲེན་ཆུ་ལྟར་གཡོ་བ་ཁྲུས་བྱེད་དུས་འཛིན་ཏེ། སེམས་འཁྲུགས་པ་འདོད་པས་ཁ་ཟས་ལྷུར་ལེན་ཅིང་འཇིགས་སེམས་སྐྱེ། རིག་སྔགས་ཀྱིས་མངག་གཞུག་བྱ་བ་སྔགས་ལས་སྡང་བ་བྱ་བ་ཞིག་ཞུགས་ཏེ་ལུས་ཚ་ཞིང་སྡིག་སེམས་སྐྱེའོ། །ལོག་འདྲེན་འདི་དག་ནི་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་ཕྱི་བཞིན་དུ་འབྲང་སྟེ་རིག་སྔགས་འདོན་པ་དང་སྒྲུབ་པ་མཆོད་པ་བྱེད་པ་ཐམས་ཅད་ལ་བགེགས་བྱེད་དོ། །འདུན་པ་ཟློག །ལེ་ལོ་


CMR024_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། གླན་ཀ་ཚོལ་ལོ། །གཞན་ཡང་ལོག་འདྲེན་འཇིག་རྟེན་གྱི་མེ་ཏོག་ལྷ་ལ་མེ་ཏོག་ཕུལ་དུས་མེ་ཏོག་ལ་འཇུག་གོ །ཟས་སུ་དྲི་ཟ་བ་ནི་དྲི་ལ་རེག་པ་ན་ཞུགས་ནས་ལྷ་མི་དགའ་བར་བྱེད་དོ། །ལོག་འདྲེན་ནག་པོ་ནི་སྤོས་ཕུལ་བའི་ཚེ་ཞུགས་ནས་དྲན་པ་ཉམས་ཤིང་སྔགས་དེ་སྐྱུར་བར་བྱེད་ཅིང་ལྷ་མི་དགའ་བར་བྱེད། གཙུག་ཕུད་གཅིག་པ་ནི་མར་མེ་ལ་འཇུག་པར་གསུངས་སོ། །གཞན་ཡང་དངོས་གྲུབ་ཕལ་པ་བསྒྲུབ་ན་ལྷོ་ནས་ཡི་དྭགས་ནག་མོ་ཝ་དང་སྟག་གི་གཟུགས་ཀྱིས་བར་ཆད་བྱེད། དངོས་གྲུབ་ཆེན་པོ་བསྒྲུབ་པ་ན་ཡི་དྭགས་ཀུ་མུ་ཏས་ཁྱི་དང་རྔ་མོང་བོང་བུའི་མགོ་ཅན་དང་། སྲིན་པོའི་གཟུགས་ཀྱིས་ཧ་ཧའི་སྒྲ་དང་ཁ་ནས་སྐར་མདའ་འཕེན་ཞིང་བར་ཆད་བྱེད། སྣ་ཆད་མ་ནི་སྐར་མདའ་འཕེན་ཞིང་སྐྱུགས་པ་ལེན་ཅིང་འོང་ནས་བར་ཆད་བྱེད། སྔགས་དང་ཏིང་འཛིན་གང་གིས་ཀྱང་ཟློག་མི་ནུས་པར་གསུངས་པ་དང་། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚེ་ན་ནི། སྲིན་མོ་བཙན་མོ་ཅན་གྱིས་བྱ་ཡི་གཟུགས་ཀྱིས་ང་རོ་མི་སྙན་པར་སྒྲོག་ཅིང་བར་ཆད་བྱེད། དངོས་གྲུབ་ཆེན་པོ་བསྒྲུབ་པ་ན་སྲིན་མོ་མི་སྡུག་པས་ཁྱི་དང་གླང་པོ་ཆེ་དང་སེང་གེའི་མགོ་ཅན་གྱིས་ཁ་ནས་སྐར་


CMR024_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་འཕེན་ཅིང་འཇིགས་པའི་སྒྲ་དང་བྲག་འཕེན་ཅིང་བར་ཆད་བྱེད། སྲིན་མོ་སོ་དཀར་གྱིས་ངུ་འབོད་བྱེད་ཅིང་རི་རྣམས་གཡོའོ། །ཡི་དྭགས་རྣམས་གར་བྱེད། ཝ་རྣམས་རྩེ། གླང་པོ་ཆེའི་སྐད་འབྱིན་ཅིང་བར་ཆད་བྱེད་དེ་ལྷའི་གཟུགས་སམ་བུང་བའི་གཟུགས་ཀྱིས་སྒྲ་འབྱིན་ཅིང་ནམ་གུང་གི་ཐུན་ལ་བར་ཆད་བྱེད་དོ། །དངོས་གྲུབ་ཕལ་པ་བསྒྲུབ་པ་ན་ནུབ་བྱང་ནས་གཡོག་མོ་སོ་ལྔ་མས་མར་མེ་གསོད་ལྷ་བཤོས་འབགས་པར་བྱེད་ཅིང་སྲོད་ལ་བར་ཆད་བྱེད། དངོས་གྲུབ་ཆེན་པོ་བསྒྲུབ་པ་ན་གནོད་སྦྱིན་འཚུབས་མ་གཅིག་པས་ཝ་དང་སྟག་དང་གླང་གི་གཟུགས་ཀྱིས་ཧ་ཧ་ཟེར་ཞིང་གནམ་གྲུམ་པ་དང་སྐར་མདའ་ལྟུང་ཞིང་འགྱིང་གི་ཐུན་ལ་བར་ཆད་བྱེད། ལྕགས་སྤང་དཀར་མོས་དུས་མ་ཡིན་པའི་འབྲུག་གི་སྒྲ་དང་ཆར་འབེབས། གནམ་གྲུམ་པར་བྱེད་ཅིང་མདོག་དཀར་པོ་སྟོན་ནས་དཀྱིལ་འཁོར་བཤིག་གོ །ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ནི་ཀླུ་མོ་སྐྱ་བ་མོས་ཐོག་སྐམ་དང་ཕ་གུ་འཕེན་ཅིང་སྲོད་ལ་བར་ཆད་བྱེད། ཀླུ་སོ་གཙིགས་ཀྱིས་ཀུན་ཏུ་རྒྱུ་དང་གཅེར་བུ་པ་དང་དུད་འགྲོ་སྣ་ཚོགས་ཀྱི་གཟུགས་ཀྱིས་སྐར་མདའ་འཕེན་ཅིང་ངུ་འབོད་དང་བཅས་འགྱིང་ཐུན་ལ་བར་ཆད་བྱེད། མིག་སེར་མས་སྐར་མདའི་


CMR024_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ཞིང་སྒྲ་ཕྱུང་བས་དཀྱིལ་འཁོར་བཤིགས་ཏེ་ནམ་གུང་ལ་བར་ཆད་བྱེད་པར་བཤད་ལ། གསང་སྔགས་སྔ་འགྱུར་གྱི་བདུད་རྩི་སྨན་སྒྲུབ་དང་སྒྲུབ་པ་ཆེན་པོའི་རིགས་གང་བྱེད་ཀྱང་ཞག་རེ་ལ་ཡང་དུས་ཚོད་བཅུ་ལ་ཉུལ་ཞིང་བར་ཆད་བྱེད་པའི་ཉུལ་ལེ་བཅུ་ཡོད་པར་གསུངས་ཏེ། ཨོ་རྒྱན་རིན་པོ་ཆེས། ནུབ་ཉི་ཟེར་དང་དགོང་མོའི་དུས་དག་ལ། །ཉུལ་ལེ་ནག་མོ་བྱ་རོག་སྐད་འགྱུར་འོང་། །རྟོག་ཏུ་ཉམས་མི་དགའ་ཞིང་བག་མི་དྲོ། །ཤེས་པ་བྱིང་འཐིབས་གཉིད་དུ་འགྲོ་བ་འོང་། །སྲོད་ལ་གྲོང་ཀུན་ནག་མོ་འོང་བར་འགྱུར། །བཀྲག་མེད་མདངས་ཉམས་ཆགས་པ་དབང་མེད་སྐྱེ། །ནམ་ཕྱེད་འདོད་ཆགས་དམར་མོ་ར་ནུ་འོང་། །དཀྱིལ་འཁོར་སྟེང་དུ་ཞིང་ལྤགས་ཐུར་དུ་གོན། །སྲུང་མར་བརྫུ་ཞིང་ཆགས་པ་སྤྱོད་ཚུལ་སྟོན། །ནམ་ཕྱེད་ཡོལ་དུས་གནམ་སྨན་དུན་རྩེ་འོང་། །ཉམས་ནི་སང་སེང་བྱིན་མེད་རིག་པ་ན། །ཐོ་རངས་དང་པོ་ལག་བསེ་མགོ་དམར་འོང་། །རིག་པ་འཕྲོ་རྒོད་མི་སྡོད་ལང་སྙིང་འདོད་།ཉི་མ་རྩེ་ཤར་གནམ་ཐེལ་ནག་པོ་འོང་། །རིག་པ་ཕྱ་ཕྱོ་རེས་འགའ་བྱིང་དང་རྨུགས། །ཉི་མ་དྲོས་ཁ་ཀླུ་སྲིན་སྔོན་པོ་འོང་། །སྙིང་ནི་རྩུབ་ཧྲིལ་ཡང་ན་ནད་སོགས་འོང་། །


CMR024_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཕྱེད་ན་ཀླུ་ཆེན་འཁྱམས་པོ་འོང་། །བྱིང་རྨུགས་གཉིད་ལོག་དཀར་དམར་ཟས་ལ་གདུང་། །ཉི་མ་ཕྱེད་ཡོལ་ས་བདག་མ་ཡམས་འོང་། །ཉམས་ཤད་དམའ་ཞིང་རིག་པ་ངར་མེད་འཐིབས། །ཉི་མ་ཕྱི་དྲོ་བདུད་དང་ཐེའུ་རང་འོང་། །དགེ་སྡིག་མི་འཛེམས་ཚིག་པ་ཟ་ཞིང་འཁྲུགས། །དེ་ལྟར་དུས་བཅུ་ཉུལ་ལེ་བཅུ་ཡིས་ཉུལ། །མདོར་ན་དམ་སྲི་རྒྱལ་འགོང་ཀླུ་སྲིན་དང་། །བཙུན་པ་ཁྲིམས་ཉམས་སྔགས་པ་དམ་ཉམས་དང་། །བོན་པོ་ལྟ་ལོག་དྲེད་པོ་དཀོར་སྲེད་སོགས། །ཉིན་མཚན་ཀུན་ཏུ་སྒྲུབ་ལ་བར་ཆད་བརྩམ། །བཟང་རྟགས་སྟོན་ཡང་ཉམས་མེད་བྱིན་མི་ཆགས། །དེ་དག་ནག་ཕྱོགས་བདུད་ཀྱིས་རབ་བསྐུལ་ནས། །རྟག་ཏུ་དྲི་ངན་སྣོམ་ཞིང་སྙིང་མི་དགའ། །ཆོས་ཁྲིག་བྱེད་སྙིང་མི་འདོད་ཐེ་ཚོམ་སྐྱེ། །མོས་གུས་་དག་སྣང་ཟློག་ཅིང་འགྲོ་སྙིང་འདོད། །རིག་པ་བཀྲ་ཡམ་འཚུབ་ཅིང་གླུ་གཞས་དགའ། །ཞེས་སོགས་གསུངས་པས་རིག་སྔགས་སྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་འདི་དག་གིས་གཙོར་བྱས་ནས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་བྱང་ཆུབ་སྒྲུབ་པ་ལ་བར་ཆད་བྱེད་པ་ཐམས་ཅད་ཡིན་ནོ། །དེ་ལ་དཔུང་བཟང་དང་རིག་པ་མཆོག་གཉིས་ཀ་ནས་བགེགས་དེ་


CMR024_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དག་གཞོམ་པ་ལ་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྔགས་སོགས་ཀྱིས་སོ་སོར་གཞོམ་ཚུལ་རྒྱས་པར་གསུངས་ལ། རྙིང་མ་ནས་ཉུལ་ལེ་བསྐད་ཐབས་སོགས་རྒྱ་ཆེར་གསུངས་ཀྱང་་མདོར་བསྡུས་ན་བདེན་པའི་སྟོབས་ཀྱིས་བཀུག་ནས་ཞི་བས་གཏོར་མ་དང་གླུད་སྦྱིན། དྲག་སྔགས་ཀྱིས་བསྐྲད་པ་འདི་གཉིས་ལ་བགེགས་བསྐྲད་ཐམས་ཅད་འདུས་ཤིང་། སྔགས་ཀྱང་རྒྱུད་དེ་གཉིས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱིས་བྱ་བར་གསུངས་ལ། མཁས་པ་རྣམས་ཀྱིས་དཀྱིལ་འཁོར་སོ་སོའི་ལས་བྱང་དུ་བཞུགས་པའི་ཁྲོ་བོ་ཁྲོ་མོས་བྱ་བར་བཤད། འོན་ཀྱང་རྡོ་རྗེའི་རིགས་ལ་བགེགས་མཐར་བྱེད། རིགས་གསུམ་སྤྱི་ལ་བདུད་རྩི་འཁྱིལ་པ། པདྨའི་རིགས་ལ་རྟ་མགྲིན་གྱིས་བགེགས་བསྐྲད་སོགས། ལས་ཀྱི་བྱ་བ་བྱེད་པར་བསྔག་པའི་ཕྱིར། །ལས་བུམ་དུ་ཡང་དེ་དག་བསྐྱེད་པར་གསུངས་སོ། །ཁྱད་པར་གསར་རྙིང་གི་ཐུགས་རྗེ་ཆེན་པོའི་ཆོ་ག་ཐམས་ཅད་ལ་མཚམས་ལྷ་རྟ་མགྲིན་དང་སྔགས་དེའི་སྔགས་གསུངས་ཏེ། ཡང་སྙིང་འདུས་པ་ལས། མཚམས་གཅོད་རང་ཉིད་རྟ་མགྲིན་སྐུ། །ཞེས་སོགས་དང་། གསང་འདུས་རྒྱུད་ལས། བགེགས་གཏོར་ཆ་གསུམ་སྔོན་འགྲོ་བས། །བཀའ་བསྒོ་ཧཱུྃ་བཞིའི་སྔགས་


CMR024_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐྲད། །རབ་འཇིགས་ཁྲོས་པས་མཚམས་ཀྱང་བཅད། །སོགས་ནས་བཛྲ་ཀྲོ་ཏ་ཧྱ་གྷི་ཝ་ཞེས་སོགས་གསུངས་སོ། །མི་ཏྲ་གསང་སྒྲུབ་རྒྱ་གཞུང་གཏེར་མ་ལས་ཀྱང་རྟ་མགྲིན་སྔགས་གསུངས་ནས། བདེན་པའི་སྟོབས་བརྗོད་གནོད་བྱེད་གཟིར་སོགས་བྱ། ཞེས་གསུངས་སོ། །ཁྱད་པར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལྷ་དགུའི་རྒྱ་གཞུང་ཉིད་ལས་ཨོ་ཧིརྒྱ་གྷཾ་ཝ་པདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། དལ་ཆེན་པོ་འདིར་འདུ་བ་དང་། ལྟ་བ་དང་ཉན་པ་ལ་མི་དབང་བའི་བགེགས་ཐམས་ཅད་ཨུ་ཙ་ཏ་ཡ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་གསུངས་སོ། །དེ་ལ་སྔགས་དོན་ཨོ་སྐུ་ལྔ་ཧཱིས་བོན་ཧཱུཾ་གིས་སྡུད་པར་བྱེད་ཕཊ་ཀྱིས་གཏོར་བར་བྱེད་པའོ། །པདྨནྟ་ཀྲྀཏ་ནི་པདྨ་མཐར་བྱེད། རྒྱ་གྷི་ཝ་རྟ་མགྲིན། ཧུ་ལུ་ཧུ་ལུ་ཁུག་ཅིག་ཁུག་ཅིག་ཅེས་སོ། །ཧཱུྃ་བཞིའི་སྔགས་འདི་ནི་ཕྱག་ན་རྡོ་རྗེ་ཁམས་གསུམ་རྣམ་རྒྱལ་ཞལ་བཞི་དང་ལྡན་པའི་སྔགས་ཡིན་པས་ཞལ་བཞི་པའི་སྔགས་ཀྱང་ཟེར་ཏེ་ཤར་ལ་ཕྱོགས་པའི་ཕྱོགས་བཞིའི་བགེགས་བསྐྲད་པའི་སྔགས་མཆོག་ཏུ་གྱུར་པ་གསར་རྙིང་ཐམས་ཅད་ཀྱི་མཚམས་གཅོད་སྔགས་སུ་འབྱུང་སྟེ། ཧཱུཾ་ཕཊ་གོ་སླ་ལ། སུམྦྷ་ནི་སུམྦྷ། གནོད་མཛེས་ངེས་པར་གནོད་


CMR024_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། བྷི་བྷི། ཟུང་ཟུང་། གྷཾཏྟཱ་པ་ཡ་གྷིཏྟཱ་པ་ཡ། འཛིན་པར་གྱིས་འཛིན་པར་གྱིས། ཨཱ་ན་ཡ་ཧོ༔བྷ་ག་ཝཱན་བིདྱ་རཱ་ཛ༔ ཁུག་ཅིག་བཅོམ་ལྡན་འདས་རྣམ་པར་རྒྱལ། ཞེས་པའོ།། ༈ དེ་ནས་མཆོད་པ་བྱིན་རླབས་འདི་ནི་ཕག་མོ་ལ་སོགས་སྔགས་ཀྱི་མཆོད་པ་བྱིན་རླབས་ཕལ་ཆེ་བ་ནས་བཏུས་ནས་བླ་མ་བརྒྱུད་པ་རྣམས་ཀྱི་གསུང་སྒྲོས་ལས་བྱུང་བའོ། །ཇོ་བོ་རྗེས་ཕར་ཕྱིན་པའི་ལུགས་ཀྱི་སྔགས་དང་ཕྱག་རྒྱུ་མེད་པར་དོན་དང་རང་བཞིན་མེད་པར་ཀུན་རྫོབ་སྒྱུ་མའི་རང་བཞིན་བསམ་མོ། །ཀྲི་ཡ་ལུགས་ཀྱི་རྣམ་པར་རྟོག་པ་ཆེ་བས་ཉེས་པ་བསགས་པ་དང་། མཆོད་པ་རེ་རེ་ལའང་ཁྱད་པར་གྱི་བགེགས་བཟློག་ནས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པས་སོ་སོའི་རྣམ་པ་དང་འདྲ་བ་ལས། དོན་ལྷའི་རང་བཞིན་དུ་འདོད་པའོ། །རྣལ་འབྱོར་རྒྱུད་ཀྱི་ལུགས་ཀྱིས་སྔགས་དང་ཕྱག་རྒྱས་མཆོད་པ་སོ་སོའི་ལྷ་མོ་རྣམས་ཀྱི་ཕྱག་མཚན་གྱི་དོན་དང་འདྲ་བའི་མེ་ཏོག་ལ་སོགས་པའི་རྣམ་པར་བསྐྱེད་དོ། །རྣལ་འབྱོར་ནང་པའི་ལུགས་ཀྱིས་མཆོད་པ་རྣམས་ལྷ་མོར་བསྐྱེད་པར་བཞེད་གསུངས་སོ། །སྔགས་དོན་ནི་རྡོ་རྗེའི་མཆོད་ཡོན་སོགས་གོ་སླའོ། །དེ་ཡང་འདི་རྒྱུད་སྡེ་བཞིའི་


CMR024_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་སྒྲུབ་ཡིན་པས་གང་ལྟར་བྱས་ཀྱང་རུང་ལ་ཁྱད་པར་ནི་བླ་མེད་ལྟར་འཐད་དོ། །དེ་ནས་ཏིང་ངེ་འཛིན་ལ་བསྐུལ་པ་ནི། མཆོད་གཡོག་གིས་ཕྱག་འཚལ་ནས་ཞུ་བར་བྱ་ཞིང་། གཅིག་ཡིན་ན་རང་གི་ཐུགས་ཀ་ནས་ལྷ་མོ་ཞིག་སྤྲུལ་ནས་གསོལ་བ་བཏབ་པར་བསམས་ལ། རང་ཉིད་ཀྱིས་བརྗོད་པར་བྱ་སྟེ། ཀ་མཱ་ལ་མ་ཧཱས་མཛད་པའི་ཚོགས་འཁོར་ལས། དེ་ནས་རྡོ་རྗེ་སློབ་དཔོན་ལ། །མེ་ཏོག་ཕུལ་ནས་གསོལ་བ་གདབ། །དེ་ནས་རྣལ་འབྱོར་ཕོ་མོ་ལ། །མེ་ཏོག་དོར་ལ་བསྐུལ་བར་བྱ། །ཞེས་དང་། ཌོམ་བྷི་ཧེ་རུ་ཀས་མཛད་པའི་ཚོགས་འཁོར་གྱི་གདམས་པ་ལས། སློབ་དཔོན་ལ་མེ་ཏོག་མ་ཕུལ་བར་ཐང་ལ་འདུག་པར་མི་བྱའོ། །ལས་ཀྱི་སེམས་དཔའ་དང་སེམས་མས་མ་བཀོད་པར་གྲལ་ལ་འཁོད་པར་མི་བྱའོ། །གསོལ་བ་མ་བཏབ་པར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་མི་བྱའོ། །ཞེས་གསུངས་ཤིང་། རྗེ་པཀིའི་ཚོགས་འབུམ་དུ། ལས་ཀྱི་སློབ་དཔོན་གྱིས་ཕྱག་འཚལ་ནས་ཐུགས་དམ་ལ་སྙོམས་པར་བཞུགས་པ་དང་། ཆོས་སྤྱོད་ཀྱི་རིམ་པ་ཚུལ་བཞིན་དུ་ཞུ་བར་བྱ། ཞེས་དང་། མཚུར་ཕུ་འཇམ་དབྱངས་ཆེན་པོས། སློབ་མ་གཅིག་གིས་ཕྱག་གསུམ་འཚལ་ལ། མཎྜལ་ཕྱིས་


CMR024_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུས་སུ་ཚོམ་བུ་གཅིག་བཀོད་ལ་བཞག །ཕྱག་གསུམ་འཚལ་སློབ་དཔོན་ལ་མེ་ཏོག་ཕུང་པོ་ལ་སྤོས་བཙུགས་ལ་འབུལ། སློབ་མ་རྣམས་ལ་མེ་ཏོག་བཀྲམ། ཕྱག་གསུམ་འཚལ་ཏེ། ཞེས་དང་། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །སོགས་ཚིགས་བཅད་སྔགས་དང་བཅས་པ་འདི། ལྕེ་སྤྱང་ཚོགས་རོལ་ནས་གསུངས་པ་རང་བྱུང་བའི་དུས་འཁོར་མཆོད་ཕྲེང་དུ་བཀོད་པ་ནས་འདིར་བཀོད་པར་སྣང་ངོ་། །དེ་ལ་རྗེ་རང་བྱུང་བའི་ལྷ་དགུའི་སྒྲུབ་ཐབས་ལས། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་ལ་བཞི་ལས། འདི་ཡན་དང་པོ་དང་གཉིས་པ་སྐྱབས་སེམས་བྱ་སྟེ། སྤྱིར་སྐྱབས་འགྲོའི་བཤད་པ་རྒྱས་པ་ནི། སྤྱི་དང་མཐུན་པས་གཞན་དུ་ཤེས་ལ། ཁྱད་པར་འདིར་སྡོམ་པ་གསུམ་ལྡན་ཉམས་སུ་ལེན་པ་ལ་སོ་ཐར་རིགས་བརྒྱད་གང་ཡིན་ཀྱང་སྐྱབས་འགྲོ་རྩ་བར་བྱས་ནས་ལེན་དགོས་པའི་ཕྱིར། སོ་ཐར་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་ལ་འདུས་པས། སོ་ཐར་གྱི་ཉམས་ཉྫིལེན་དངོས་ཡིན་པས། སྐྱབས་གསུམ་བདུན་ཅུ་པ་ལས། གསུམ་པ་སྐྱབས་འགྲོའི་དགེ་བསྙེན་ནི། །དེ་ནི་སྡོམ་བརྒྱུད་རྩ་བ་ཡིན། །ཞེས་གསུངས་སོ། །དེ་ཡང་ལུས་གུས་འདོད་


CMR024_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྦྱར་བས། གང་ཟག་བདག་ཉིད་ཁོ་ན་མ་ཡིན་པ་སེམས་ཅན་ཐམས་ཅད་བྱེད་ལས་སྡུག་བསྔལ་ཐམས་ཅད་སྐྱོབ་པའི་ཆེད་དུ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྟེ། སྐྱབས་ཡུལ་ཕྱི་ལྟར་སྟོན་པ་ཤཱཀྱ་ཐུབ་པ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་སོགས་སྟོན་པ་སྤྲུལ་སྐུའི་ཚུལ་ཅན་རྣམས། ཆོས་སྡེ་སྣོད་གསུམ་དགེ་འདུན་ཉན་རང་ཟུང་བཞི་ཡ་བརྒྱད་དེ་རྒྱུན་ཞུགས་ཞུགས་པ་འབྲས་གནས་གཉིས། ཕྱིར་འོང་ཞུགས་པ་འབྲས་གནས་གཉིས། ཕྱིར་མི་འོང་ཞུགས་པ་འབྲས་གནས་གཉིས། དགྲ་བཅོམ་ཞུགས་པ་འབྲས་གནས་གཉིས་དང་བརྒྱད། རང་རྒྱལ་བསེ་རུ་ལྟ་བུ་དང་ཚོགས་ན་སྤྱོད་པ་རྣམས་སོ། །ནང་ལྟར་ན་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་རྣམ་སྣང་། གསུང་ནི་འོད་དཔག་མེད། ཐུགས་ནི་མི་བསྐྱོད་པ། ཡོན་ཏན་ནི་རིན་འབྱུང་། ཕྲིན་ལས་ནི་དོན་གྲུབ་དང་སྟོན་པ་ལྔ། ཆོས་ནི་རྒྱུད་སྡེ་ཆེན་པོ་བཞིའམ་དྲུག །དགེ་འདུན་ནི་དེའི་དངོས་གྲུབ་ཐོབ་པའི་རིག་འཛིན་རྣམས་སོ། །གསང་བ་ལྟར་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་རྩ་བརྒྱུད་བླ་མ་རྣམས་སངས་རྒྱས་དཀོན་


CMR024_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུགས་རྒྱུད་ཕྱག་རྒྱ་ཆེན་པོའི་ཐུགས་ཅན་ཡིན་ཞིང་ཆོས་ཕུང་བརྒྱད་ཁྲིའི་གསུང་སྤྲོ་བས་ཆོས་ཀུན་འདུས་སོ་སོའི་ཡིད་མཐུན་སྤྲུལ་པའི་སྐུ་ཡིན་པས་དགེ་འདུན་ཀུན་འདུས་བླ་མ་རིན་པོ་ཆེ་དང་རྡོ་རྗེ་འཆང་དངོས་ཐ་དད་མེད་པ་ལ་སྐྱབས་སུ་འགྲོ། ཡི་དམ་རྒྱལ་བ་རྒྱ་མཚོ་མཁའ་འགྲོ་ཆོས་སྐྱོང་སྟེ་རྩ་བ་གསུམ་ལ་སྐྱབས་སུ་འགྲོའོ།། ༈ དེ་ཡང་བསྒོམ་བྱ་མདུན་གྱི་ནམ་མཁར་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་སྐད་ཅིག་ལ་དམིགས་ལ། སྤྱི་བོར་འོད་དཔག་མེད་བླ་མ་དང་དབྱེར་མེད་པ་གཙོ་བོའི་སྐུ་རྒྱབ་ཏུ་གླེགས་བམ་བརྩེགས་པ་འཁོར་རྣམས་དགེ་འདུན་དུ་མོས་ལ་མཐར་འཁོར་རྣམས་འོད་ཟེར་དཀར་པོར་ཞུ་ནས་རང་གི་སྤྱི་བོར་ཐིམ། ཆོས་པོ་ཏི་རྣམས་འོད་ཟེར་དམར་པོར་ཞུ་ནས་མགྲིན་པར་ཐིམ། གཙོ་བོ་འོད་ཟེར་སྔོན་པོར་ཞུ་ནས་སྙིང་ཁར་ཐིམ་པས་དཀོན་མཆོག་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསམས་ལ། རང་གི་སེམས་ཉིད་ཡེ་ནས་སངས་རྒྱས་སུ་སྣང་བས་སངས་རྒྱས་དཀོན་མཆོག །དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་སྣང་བས་ཆོས་དཀོན་མཆོག །དེ་གང་གིས་རྟོགས་པ་དེ་དགེ་འདུན་དཀོན་མཆོག་ཡིན་པར་ཤེས་པ་དེའི་ངང་ལ་ཅུང་ཟད་


CMR024_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་ཡིན་ནོ།། ༈ དེ་ནས་སེམས་བསྐྱེད་པ་ནི། ཛ་ལན་དྷ་རའི་རྒྱ་གཞུང་ཉིད་ལས་དེ་ལ་ཐོག་མར་ཐུགས་རྗེ་ཆེན་པོས་སེམས་ཅན་རྣམས་རྗེས་སུ་བཟུང་བའི་དོན་དུ། ཞེས་དང་། རྗེ་རང་བྱུང་བའི་སྣ་ཚོགས་དཔེ་བུམ་དང་། གྲུབ་ཆེན་ཀརྨ་སྣ་ཚོགས་དཔེ་བུམ་གཉིས་ན་ཕྱོགས་བཅུ་དུས་གསུམ་ནས་སངས་རྒྱས་ཐོབ་པར་ཤོག་གི་བར་འདི་འབྱུང་སྟེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པས་རྒྱས་བཤད་གཞན་དུ་ཤེས་སོ། །དེ་ཡང་སྡོམ་པ་གསུམ་ལྡན་ཉམས་སུ་ལེན་པ་ལ་འདིར་སེམས་བསྐྱེད་བྱང་སྡོམ་གྱི་རྩ་བ་ཐེག་པ་ཆེན་པོའི་རྨང་རྡོ་ཡིན་ནོ། །ནམ་མཁའ་དང་མཉམ་སེམས་ཅན་ཀུན། །ཞེས་སོགས་ཤོ་ལོ་ཀ་ནི་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་མང་པོའི་དབང་བསྐུར་བའི་ཚིགས་སུ་བཅད་པར་སྣང་སྟེ། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་སངས་རྒྱས་གླིང་པའི་གཏེར་མ་ལས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པའི་མངོན་པར་རྟོགས་པ་བསྒོམ་སྙམ་དུ་བསམས་ལ། ཞེས་དང་། རང་བྱུང་རྡོ་རྗེས་མཛད་པའི་ལྷ་དགུའི་སྒྲུབ་


CMR024_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མངོན་པར་རྟོགས་པ་བསྒོམ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་དང་། རང་བྱུང་བའི་ལྷ་ལྔའི་སྒྲུབ་ཐབས་གཞུང་དུ་ཡང་། ཐོག་མར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་སྤྱན་རས་གཟིགས་དབང་ཕྱུག་གི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མངོན་པར་རྟོགས་པ་བསྒོམ་སྙམ་དུ་བསམས་ལ། །ཞེས་གསུངས་སོ། །དེ་ཡང་ཕྱོགས་བཅུ་དུས་གསུམ་སོགས་ཤོ་ལོ་ཀ་གཅིག་གིས་སེམས་བསྐྱེད་ཡུལ་སངས་རྒྱས་བྱང་སེམས་སློབ་དཔོན་ཐམས་ཅད་ཡིད་ཡུལ་དུ་བཀོད་ནས་དགོངས་གསོལ་བྱས་པས་མདུན་དུ་དམིགས་མི་དགོས་ལ། དམིགས་ཀྱང་རུང་ངོ་། །ཇི་ལྟར་དུས་གསུམ་སོགས་ཤོ་ལོ་ཀ་གཅིག་གིས་སྨོན་པ་སེམས་བསྐྱེད། ཡང་ཇི་ལྟར་ལ་སོགས་ཤོ་ལོ་ཀ་གཅིག་གིས་འཇུག་པ་སེམས་བསྐྱེད། ཐམས་ཅད་མཁྱེན་པ་སོགས་ཤོ་ལོ་ཀ་གཅིག་གིས་འབྲས་བུ་ལ་དམ་བཅའ་ཞིང་འབད་མེད་ལྷུན་གྲུབ་ཀྱིས་འགྲོ་དོན་གྱི་ས་བོན་བཞག །མ་བསྒྲལ་བ་ཤོ་ལོ་


CMR024_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་གཅིག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པར་དམ་བཅའ། སེམས་ཅན་མྱ་ངན་སོགས་ཚིག་རྐང་གཉིས་ཀྱིས་དེ་ལྟ་བུ་བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་པའི་སྨོན་ལྷལམ་གདབ། ཁྱད་པར་འཕྲལ་དུ་རིམ་གཉིས་བསྒོམ་པ་འདི་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཕྱིར། ནམ་མཁའ་དང་མཉམ་ཞེས་སོགས་ཤོ་ལོ་ཀ་གཅིག་སྟེ། གོང་དུ་སྨོན་འཇུག་གཉིས་རྗེས་ཀྱི་ཤོ་ལོ་ཀའི་སེམས་བསྐྱེད་དང་གསུམ་གྱིས་ལན་གསུམ་གྱི་གོ་ཆོད་པར་དགོངས་ནས་ལན་གསུམ་ནི་མ་གསུང་མོད། འོན་ཀྱང་སེམས་བསྐྱེད་ལ་ཉེས་ལྟུང་གི་ཐེ་ཚོམ་ཡོད་ན་ལན་གསུམ་བརྗོད་པས་སོར་ཆུད་ངེས་སོ། །དེ་ནས་རང་བྱུང་བའི་ལྷ་དགུ་ལས་གསུམ་པ་ནི་རང་ཉིད་སྤྱན་རས་གཟིགས་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ་གཡོན་ཕྲེང་བ་ཅན་ཐུགས་ཀར་ཧྲིདམར་པོ་ཚེག་དྲག་དང་ལྡན་པར་བསམ་མོ། །ཞེས་གསུངས་པ་ལྟར་གཞུང་འདིར་བཀོད་ལ། རྒྱ་གཞུང་ལས་ཕྱག་གཡས་ཕྲེང་བ་གཡོན་པདྨ་གཡས་བརྐྱང་གཡོན་བསྐུམ་ཅན་བསྐྱེད་པར་གསུངས་པ་གཉིས་ཁྱད་མེད་ལ། སྤྱན་གསུམ་གསུངས་པས་འདི་སྲུང་འཁོར་དང་དོན་གཉིས་ལྡན་ཡིན་པས་ཅུང་ཟད་ཁྲོ་འཛུམ་བསྒོམ་པར་བྱའོ། །དེ་དང་མཚུངས་པར་


CMR024_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེས་མཛད་པའི་ལྷ་ལྔ་ལས་ཀྱང་། རང་ཉིད་སྐད་ཅིག་གིས་ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་དམར་པོ་གཡས་མུ་ཏིག་གི་ཕྲེང་བ་དང་གཡོན་པདྨ་འཛིན་པའི་ཐུགས་ཀར་ཧཱིདམར་པོ་ཚེག་དྲག་དང་ལྡན་པ་ཞིག་བསམ་མོ། །ཞེས་གསུངས་ཏེ། ལུས་སྐད་ཅིག་ལ་ལྷར་གསལ་བས་ལུས་ལྷར་དག །ཞེས་བརྗོད་པས་ངག་སྔགས་སུ་དག །ལྷའི་སྐུ་འཇའ་ཚོན་ལྟ་བུ་དེ་དང་རང་གི་སེམས་ཅིར་ཡང་མ་གྲུབ་པ་གཉིས་དབྱེར་མེད་དུ་འདུག་པས་སེམས་ཆོས་སྐུར་དག་པས་དག་པར་བསྒོམ་པའོ། །དེ་ལྟར་ལྷར་བསྒོམས་པས་ཐ་མལ་གྱི་རྣམ་རྟོག་ཟློག་པ་དང་། བར་ཆད་ཀྱི་བགེགས་སྲུང་བ་དང་། ལྷས་ལྷ་ལ་ཚོགས་བསགས་པས་ཚོགས་མྱུར་དུ་རྫོགས་པའི་དགོས་པ་ཡོད་དོ།། དེ་ནས་སྲུང་འཁོར་སྒོམ་པ་ནི། ཛ་ལནྡྷ་རའི་ལྷ་དགུའི་གཞུང་ལས། ཐུགས་ཀར་ཧྲིདམར་པོ་ཚེག་དྲག་ཅན་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ། དེ་ནས་ངག་ཏུ་དྷཱིབརྗོད་ཅིང་ཧྲིལས་འོད་འཕྲོས་པ་ལས་ཁྲོ་བོ་རྟ་མགྲིན་དམར་པོ་ཞེས་སོགས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་སྤྲོ་བར་གསུངས་ཀྱང་། ཨོ་རྒྱན་རིན་པོ་ཆེའི་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་ཧྲིདེའི་འོད་ཟེར་ལས་


CMR024_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པའི་ཚོགས་དང་མེ་རི་མཚོན་ཆའི་ཚོགས་འཕྲོས་ཏེ་དགྲ་བགེགས་བར་དུ་གཅོད་པའི་ལོག་འདྲེན་ཐམས་ཅད་ཚར་བཅད་པར་བསམ་ཞེས་དང་། རང་བྱུང་བའི་ལྷ་དགུ་ལས། འོད་ཟེར་ལས་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པའི་ཚོགས་དང་མེ་རི་དང་མཚོན་ཆའི་ཚོགས་སྤྲོས་ཏེ་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམ། ཞེས་དང་། མི་ཏྲ་གསང་སྒྲུབ་ཀྱི་རྒྱ་གཞུང་གཏེར་མ་ལས་ཀྱང་། རང་ཉིད་འཇིག་རྟེན་དབང་པོར་གསལ་བ་ཡིས། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་བསྐུལ་དོན་བྱས། །ཧྲཱིཿཡིག་ལས་བྱུང་བདག་ཉིད་རྟ་མགྲིན་དབང་། །དམར་ནག་གཅེར་བུ་རལ་པ་སྤྱི་གཙུག་འཁྱིལ། །ཕྱག་གཉིས་གཡས་གཡོན་དབྱུག་ཐོ་སྡིགས་མཛུབ་བསྒྲེངས། །དུར་ཁྲོད་ཆས་ལྡན་ཞལ་གདངས་ཧཱུྃ་ཕཊ་སྒྲོགས། །མེ་དཔུང་ཀློང་བཞུགས་དབུ་གཙུག་རྟ་སྐད་འཚེར། །སྐུ་ལ་གནམ་ལྕགས་སྐར་ཆེན་ཚྭ་ཚྭ་འཕྲོས། །དགྲ་བགེགས་ལོག་འདྲེན་བར་ཆད་ཚར་གཅོད་དམིགས། །ཞེས་གསུངས་པས་གོ་སླ་ལ། མེ་རི་དང་མཚོན་ཆའི་ཚོགས་སྤྲོས་ཏེ་ཞེས་པ་ནི། རྡོ་རྗེ་འཁོར་ལོ་རལ་གྲི་དབྱུག་ཐོ་རྒྱ་གྲམ་ཕུར་བུ་མཚོན་ཆ་སྣ་ཚོགས་སྤྲོ་བའོ། །དེ་ནས་སྲུང་འཁོར་འདི་ལ་


CMR024_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྡུས་དུ་མ་བཤད་པར་ཡོད་ཀྱང་། སླར་འོད་ཟེར་ལས་གསུངས་པའི་དོན་ཛ་ལན་རས་འོད་ཟེར་དམར་པོས་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་ཁྱབ། དེ་བཞིན་དུ་སྟོང་གཉིས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་རི་རབ་ཐམས་ཅད་ཁྱབ་སྟེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་ཆེན་པོ་གྱུར་པར་བསམ་ཞིང་། ཞེས་དང་། ལོགས་རྣམས་སུ་རྡོ་རྗེའི་ར་བ་དང་སྟེང་དུ་རྡོ་རྗེའི་གུར་དུ་བསམས་ལ། ཞེས་གསུངས་ཤིང་། རང་བྱུང་རྡོ་རྗེའི་གཞུང་ལས། འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་ཁང་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་དང་། སློབ་དཔོན་གཉིས་མེད་རྡོ་རྗེས། མནར་མེད་པའི་སེམས་ཅན་དམྱལ་བའི་མེ་དང་འདྲ་བའི་འོད་ཟེར་ཤིན་ཏུ་འབར་བའི་ཚོགས་ཇི་ཙམ་འདོད་པ་སྤྲོས་ཏེ་རྡོ་རྗེའི་ར་བ་དང་། སྟེང་དུ་རྡོ་རྗེའི་གུར་དང་། འོག་ཏུ་རྡོ་རྗེའི་ས་གཞི་དམྱལ་བ་ལ་ཐུག་པ་ཡན་ཆད་བསམ་པར་བྱའོ། །ཞེས་དང་། ནག་པོ་པས། འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། སྟེང་དུ་རྡོ་རྗེའི་གུར་དང་། ཐད་ཀར་རྡོ་རྗེའི་ར་བ་དང། དེའི་ཕྱི་རོལ་དུ་རྡོ་རྗེའི་མེ་འབར་བར་


CMR024_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ་ཞིང་། ཞེས་དང་། དེ་བཞིན་ཏུ་ཤཱནྟི་པ་དང་། ཉིན་འབྱུང་ཟླ་བས་ཀྱང་གསུངས་ཤིང་། ཌོམ་བི་པས། སྔགས་ལས་རྡོ་རྗེའི་ར་བ་སྤྲོ། །ཞེས་དང་། མདོར་ན་ར་བ་རྐྱང་པ་བསྒོམ་པ་དང་། ར་བ་བླ་བྲེ་དང་། ར་བ་གུར་ས་གཞི་གསུམ་དང་། དེ་གསུམ་མེ་རི་དང་བསྒོམ་པ་སོགས་ལུགས་མང་སྟེ་གང་བྱས་ཀྱང་རུང་། འདི་ས་གཞི་གུར་ར་བ་གསུམ་ནི་བསྡུས་པ་ཡིན་ལ། མར་མེ་མཛད་ཀྱིས། སྣ་ཚོགས་རྡོ་རྗེའི་ས་གཞི་དང་། །ར་བ་གུར་དང་བླ་བྲེ་དང་། །རྡོ་རྗེའི་ར་བ་འབར་བ་སྤྲོ། །ཞེས་བླ་བྲེ་དྲྭ་བ་མེ་རི་སྟེ་དྲུག་དང་། དག་པ་རྡོ་རྗེའི་སྒྲོན་མེར། རྡོ་རྗེ་ཉིད་ཀྱི་ར་བ་དང་། །གུར་རྣམས་བསྒོམས་ཏེ་དང་པོ་ནི། །ཡེ་ཤེས་རྡོ་རྗེའི་མདའི་དྲྭ་བའོ། །རྡོ་རྗེའི་བླ་བྲེ་དང་རྡོ་རྗེའི་ལས་གྱུར་པའི་ས་འོགཞི་གསུངས་ཏེ། དབང་ཆེན་གྱི་ས་གཞི་ལ་ཐུག་པར་བསམ་པར་བྱའོ། །ཞེས་རིམ་པ་ལྔ་སྒོམ་པ་ཅུང་ཟད་རྒྱས་པ་ཡིན་ལ། དེ་ཡང་འོག་ཏུ་རྡོ་རྗེའི་ས་གཞི་ནི། གཉིས་མེད་རྡོ་རྗེས། དམྱལ་བའི་ས་གཞིའི་བར་དུ་བསྒོམ་པར་གསུངས་ལ། དག་པ་རྡོ་རྗེའི་སྒྲོན་མེའི། དབང་ཆེན་གྱི་ས་གཞི་ལ་ཐུག་གི་བར་དུ་བསྒོམ་པར་གསུངས་ལ། །རྒྱ་ནི་སློབ་དཔོན་མཚོ་


CMR024_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རྡོ་རྗེས་ཇི་སྐད་འདོད་པའི་ཞེས་རང་གི་བློས་ཇི་ཙམ་འཚམས་པར་བསྒོམ་གསུངས་ཤིང་རང་གིས་གཞལ་ཡས་ཁང་ཅི་ཙམ་བསྒོམས་པ་དང་འཚམས་པར་བསྒོམ་དགོས་པས། ལྷ་དགུའི་རྒྱ་གཞུང་ནས་གཞལ་ཡས་ཁང་བློ་རབ་ཀྱིས་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཙམ་བསྒོམ་པར་གསུངས་པས། སྲུང་འཁོར་ཡང་དེ་དང་འཚམས་པར་བསྒོམ་དགོས་པས་སྟོང་གསུམ་ཙམ་མོ། །བསྒོམ་ལུགས་ནི་འོག་སྣ་ཚོགས་རྡོ་རྗེའི་རང་བཞིན་ས་གཞི། ལོགས་ནི་རྡོ་རྗེ་ནག་པོ་ཁ་གདེངས་པ་འགྲེང་བུར་གྱུར་པས་བར་མཚམས་མེད་པའི་ར་བ་གྲུ་བཞི་པར་ཤཱནྟི་པ་དང་ཉིན་འབྱུང་པས་བཞེད་ཀྱང་། བླ་མ་བརྒྱུད་པ་རྣམས་ཀྱིས་ནི་ཐིག་དང་བསྟུན་ནས་ར་བ་ཟླུམ་པོ་ལ་རྡོ་རྗེ་ཡང་ཕྱོགས་མདོག་ཅན་དུ་བཞེད་དོ། །གུར་ནི་རྭ་བའི་ནང་དུ་ར་བ་དང་དཔངས་མཉམ་པའི་ཟླུམ་པོའི་སྟེང་དུ་གུར་ཐབས་སུ་གྱུར་པ་སྟེ། འོག་རྣམས་སུ་ར་གུར་གཉིས་བརྩེགས་སོ། །དེ་ཇི་ལྟར་བསྒོམ་ཚུལ། ཨོ་རྒྱན་རིན་པོ་ཆེས་གསུངས་ཡང་སྙིང་འདུས་པའི་གཞུང་ཀློང་ཆེན་རབ་འབྱམས་པས་བསྒྲིགས་པ་ལས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་དྲ་བ་


CMR024_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དང་ར་བ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་དང་ལྡན་པ། རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་སྲ་བ་བརྟན་པ། རྔམས་ལ་འཐུག་པ་གོ་སྐབས་མེད་པ། དེའི་ནང་དུ་བདག་འཁོར་དང་བཅས་པ་སྔགས་ཀྱི་སྤྱོད་པ་ལ་ཅི་བདེར་དགོད་པར་བྱའོ། །ཞེས་གསུངས། དེ་དག་བསྡུས་པ་ཐུན་མོང་གི་སྲུང་འཁོར་ཡིན་ལ། ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ་པར་འདོད་ན་ཡང་གོང་གི་མེ་རི་དང་མཚོན་ཆའི་ཚོགས་སྤྲོས་ཏེ་ཞེས་དང་། སླར་འོད་ཟེར་ལས་ཞེས་པའི་ཚིག་ཟུར་ནས་ཐོན་པ་ཡིན་ཏེ། སློབ་དཔོན་པདྨའི་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་གཞུང་ལས། དཔལ་རྟ་མགྲིན་གྱི་སྐུ་ནས་ཙམ་པ་ཞིག་གིས་ས་དང་བར་སྣང་ཐམས་ཅད་ཁེངས་ནས་བགེགས་ཀྱིས་གླགས་མི་རྙེད་པར་བསམ་པའི་ཕྱི་རོལ་ཐམས་ཅད་ཀྱང་བསྐལ་མེ་དང་། གནམ་ལྕགས་ཀྱི་རལ་གྲི་དང་། རྡོ་རྗེ་ཕ་ལམ་གྱི་ར་བས་ཁྲིགས་ཀྱིས་གཏམས་པར་བསམ། ཞེས་དང་། སྦ་ལྕག་མའི་སྒྲུབ་གཞུང་རྗེ་དེ་བཞིན་གཤེགས་པའི་གསུངས་ལས་བྱུང་བ་ལ་ཡང་། སྐུ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཚོགས་འཕྲོས་ཏེ། ཕྱི་རོལ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། སྲུང་བའི་འཁོར་ལོ་རྩིབས་བྱེ་བ་


CMR024_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་དང་ལྡན་པར་བསྒོམ། སླར་ཡང་ཕྱག་མཚན་ཐོད་དབྱུག་དང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་སྲུང་བའི་འཁོར་ལོ་དབྱིབས་སྔ་མ་ལྟ་བུ། སླར་ཡང་བདག་ཉིད་ཀྱི་སྐུ་ལས་སྐུའི་ཚོགས་གྲངས་མེད་འཕྲོས་ཁྲོ་བོའི་ཚོགས་གྲངས་མེད་འགའ་ཞིག་ཞལ་ནང་དུ་གཟིགས་ཏེ་སྲུང་བའི་ལས་མཛད། འགའ་ཞིག་ཞལ་ཕྱིར་གཟིགས་ཏེ་ཟློག་པའི་ལས་མཛད་བཞིན་པར་བསྒོམ། ཞེས་གསུངས་སོ། །དེ་ལྟར་རྒྱས་པར་བསྒོམ་ཚུལ་ཡང་རྡོ་རྗེའི་ས་གཞི་ནི་བརྟན་པར་མནར་མེད་པར་ཁྱབ་པ། སྟེང་དང་ལོགས་རྣམས་སུ་རྡོ་རྗེའི་ར་གུར། །དེ་རྒྱབ་མེ་ཁ་དོག་ལྔ་ནི་བསྡུས་པ་དང་སྟེང་འོག་རྡོ་རྗེའི་ས་གཞི་ར་གུར་གྱི་རྒྱབ་ཏུ་གསེར་གྱི་འཁོར་ལོ་ཞྭ་ཐེབས་ཁ་སྦྱོར་བ་ལྟ་བུའི་རྩིབས་བྱེ་བ་གྲངས་མེད་སྤུ་གྲི་ལྟར་རྣ་བ་གཡས་སུ་འཁོར་བའམ། འཁོར་ལོ་གཉིས་ཁ་སྦྱོར་རྩིབས་སོ་འཐབས་པ་གཡས་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་གཏུབས་པའམ། འཁོར་ལོ་རྩིབས་བརྒྱད་པ་ཆུང་ངུ་གྲངས་མེད་པའི་ས་གཞི་དྲྭ་བ་ར་བ་གུར་དུ་གྱུར་པ་ཐམས་ཅད་སོ་སོར་གསོལ་ལོ་ལྟར་འཁོར་བས་བར་མཚམས་སུ་གནོད་བྱེད་གཏུབས་པ་སྟེ་གསུམ་པོ་གང་འདོད་ཡིན་ལ། དེ་རྒྱབ་རལ་གྲི་རིན་པོ་ཆེའི་ཡུ་བ་


CMR024_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་གུར་ས་གཞི་དྲྭ་བ་ར་བ་སྟེ་འདི་དག་རལ་གྲི་རྣམས་རྒྱ་གྲམ་དུ་འཁོར་བས་དྲྭ་བའི་བར་རྣམས་སུ་དེ་བས་ཆུང་བས་གཏམས་པའོ། །དེ་རྒྱབ་པདྨས་མཚན་པའི་དབྱུག་ཏོའི་གུར་རོ། །དེ་རྒྱབ་སྣ་ཚོགས་རྡོ་རྗེའི་ར་རྣོ་དབལ་ཅན་ཁ་གདེངས་ཤིང་དྲག་ཏུ་འཁོར་བའི་ས་གཞི་ར་གུར་རོ། །དེ་རྒྱབ་ཕུར་པའི་ས་གཞི་གུར་དྲ་བ་ར་བ། དེ་རྒྱབ་མཚོན་ཆ་སྣ་ཚོགས་རྩེ་ཕྱིར་བསྟན་པ་སྟེ་དགྲ་སྟ་སྤུ་གྲི་ཆུ་གྲི་མདའ་མདུང་སྟ་རེ་ཐོ་བ་ཞགས་པ་ལ་སོགས་པས་བར་མཚམས་མེད་ཅིང་། རྩ་བ་གཅིག་ཏུ་གྱུར་པས་དྲག་ཏུ་འཁོར་བའོ། །དེ་རྒྱབ་མེ་ཁ་དོག་ལྔ་ལྡན་འུར་རྒྱང་དུས་མཐའི་མེ་ལྟར་འབར་བས་སྒོ་ང་ལྟར་སྲུབ་མེད་ཅིང་ལྟ་བར་མི་བཟོད་པ་དུམ་བུ་གཅིག་ཏུ་གྱུར་པའོ། །དེ་ནས་རྟ་མགྲིན་གྱི་ཚོགས་སྔར་ལྟར་འཕྲོས་དེ་དག་ཚུར་འདུས་པས་སྲུང་འཁོར་གྱི་བར་མཚམས་རྣམས་སུ་ཞལ་ཕྱིར་གྱུ་བའི་ཁྲོ་ཆུང་དཔག་མེད་ཧཱུྃ་ཕཊ་ཀྱི་སྒྲས་ཟློག་པའི་ལས་མཛད་པ་དང་། འཁོར་ལོའི་རྩིབས་ནང་ནས་ཞལ་ནང་དུ་གཟིགས་པ་རྣམས་ཀྱིས་རཀྟ་ཞེས་སྲུང་སྔགས་དང་བསྲུང་བའི་ལས་མཛད་པར་བསྒོམས་པ་སྟེ་ཁྲོ་བོ་གཉིས་གཅིག་ཏུ་རྩིས་པས་སྲུང་འཁོར་དགུ་རིམ་འདི་ནི་ལས་དང་པོ་པ་སྒྲུབ་པའི་བར་ཆད་སྲུང་བ་དང་། རྣལ་འབྱོར་པའི་རྐྱེན་


CMR024_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སོགས་སྲུང་བའི་མཆོག་ཡིན་ལ། གཞན་བསྲུང་བྱ་གྲྭ་འཁོར་ནོར་ཕྱུགས་སྦྱིན་བདག་སོགས་སྲུང་འཁོར་འདི་ཡི་ནང་དུ་ཚུད་པར་བསྒོམ་པ་མན་ངག་གོ །དེ་ལྟར་དམིགས་པ་མ་ཟིན་བར་དུ་སྲུང་སྔགས་གསུམ་ཡན་བརྒྱ་མན་གང་རུང་བཟླ་བར་བྱ་སྟེ། ཨོ་ནི་སྐུ་ལྔའི་ངོ་བོ་འདིར་ཕྱག་མཚན་མཚོན་ཆ་ལྔ་ཡེ་ཤེས་ལྔའི་ངོ་བོ་མེ་ཁ་དོག་ལྔའི་ངོ་བོ་སྟེ། ཐབས་སྙིང་རྗེ་ཆེན་པོས་ཞི་བ་ཉན་རང་གི་གཡང་ས་ལས་སྲུང་བར་མཚོན། བཛྲ་ནི་རྡོ་རྗེ་སྟེ་སྟོང་ཉིད་དོན་དམ་པའི་བདེན་པས་འཁོར་བའི་སྡུག་བསྔལ་མཐའ་དག་ལས་སྲུང་བར་མཚོན། རཀྟ་གཉིས་ནི་སྲིད་ཞི་གཉིས་དང་། རྟག་ཆོད་གཉིས་དང་། ཡོད་མེད་གཉིས་དང་། སྐྱེ་འཆི་གཉིས་དང་། ཕོ་གདོན་མོ་གདོན་གཉིས་སོགས་ལས། བདག་གཞན་གཉིས་དང་། །བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་རིམ་པ་གཉིས་དང་། མཉམ་རྗེས་གཉིས་སོགས་སྲུང་བར་མཚོན་ལ། ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ལུས་ངག་ཡིད་གསུམ་དང་། ཆོ་གའི་སྦྱོར་དངོས་རྗེས་གསུམ་སྲུང་བར་བྱེད་པའོ།། ༈ བཞི་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ལྷ་དགུའི་རྒྱ་གཞུང་ལས། ཡང་ཧྭཡི་འོད་ཟེར་གྱིས་འོག་ནས་འཆད་པའི་དལ་


CMR024_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བལྟས་ལ། ཞེས་དང་། རང་བྱུང་བའི་པདྨ་ཟབ་པའི་གཞུང་ལས། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་བདེ་བ་ཅན་གྱི་ཞིང་ཁམས་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་འོག་ནས་འཆད་པ་ལྟར་བལྟས་ལ། ཞེས་གསུངས་པའི་དོན་རྒྱས་པར་ན། རང་གི་སྙིང་ཁར་པདྨ་དམར་པོ་དང་ཉི་མ་ལྷ་དབང་དུ་སྡུད་ཕྱིར་ཁ་དོག་དམར་པོའི་ཏིཿཡིག་བསྒོམས་ཏེ། མར་མེ་མཛད་ཀྱིས་པཾ་དང་རཾ་ལས་གསལ་བ་ནི་པདྨ་ཉི་མ་དམར་པོར་བསྒོམ། ཞེས་དང་། ཌོམ་བྷི་པས། སྙིང་གར་པཾ་སྐྱེས་པདྨ་ལས། །ཨ་སྐྱེས་ཟླ་བ་བསྒོམ་པར་བྱ། །ཞེས་པ་པད་ཟླ་སོགས་བསྒོམ་པའོ། །བསྡུ་ན་སྔར་བསྒོམས་པའི་ཧི༔དྲན་པར་བྱས་པ་ལས་འོད་ཟེར་སྤྲོ་བས་ཆོག་སྟེ། ཤཱནྟི་པ་དང་ཉིན་འབྱུང་གཉིས་ཀྱིས་སྙིང་ཁ་ནས་འོད་ཟེར་གྱིས་སྤྱན་འདྲེན་པ་ཙམ་ལས་མི་བཞེད་དོ། །ཧྲིདེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དམར་པོ་ཤས་ཆེ་བ་སྟེ། འོད་ཟེར་དེ་ཡང་ལྕགས་ཀྱུའི་རྣམ་པ་ཅན་དུ་བསྒོམ་པར། སློབ་དཔོན་ནག་པོ་པས་གསུངས་པས་དབུགས་ཕྱིར་རྒྱུ་བ་དང་མཉམ་དུ་སྣ་བུག་གཡས་ནས་སྤྲོས་ནས་ཚོགས་རྟེན་སྤྱན་འདྲེན་ནོ། །འདིར་ཚོགས་རྟེན་བསྐྱེད་པ་དང་སྤྱན་འདྲེན་པ་གཉིས་ལས། འདིར་སྤྱན་འདྲེན་


CMR024_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ་དཀྱིལ་འཁོར་ཁོ་ན་སྤྱན་འདྲེན་པ་དང་མང་པོ་སྤྱན་འདྲེན་པ་གཉིས་ཡོད་པ་ལས། མར་མེ་མཛད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་སྤྱན་འདྲེན་པར་གསུངས་པ་དང་མཐུན་ནོ། །བཞེངས་ཤིག་སོགས་ཚིག་རྐང་ལྔས་སྤྱན་དྲངས་ཏེ། དོན་དམ་པར་ནི་རང་གི་ལས་ཉོན་གྱི་བསྒྲིབས་པས་མ་མཐོང་བར་ཟད་ཀྱིས། སངས་རྒྱས་རྣམས་ལ་གཤེགས་བཞུགས་ཀྱི་མཚན་མ་མི་མངའ་བར་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བཞུགས་པ་ཡིན་ལ། འོན་ཀྱང་རྣམ་པར་རྟོག་པ་སྦྱང་ཕྱིར་སྤྱན་འདྲེན་པ་ཡང་བྱ་སྟེ། སྤྱན་འདྲེན་གྱི་གཙོ་བོ་ནི་རྡོ་རྗེ་བསྡུ་བའི་སྔགས་ཕྱག་རྒྱ་ཡིན་ཏེ། རྡོ་རྗེ་གུར་གྱི་འགྲེལ་པར། རྡོ་རྗེ་སེ་གོལ་སྦྱོར་བ་ཡིས། །ཞེས་བྱ་བ་ནི། ལག་པ་གཉིས་དཔུང་མགོར་རྡོ་རྗེ་བཅིངས་བར་བྱས་ལ། ཨོཾ་བཛྲ་ས་མཱ་ཛཞེས་བྱ་བ་བརྗོད་ཅིང་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག་ནས་མཐེ་བོང་དང་གུང་མོ་སེ་གོལ་བརྡབ་པའོ། །ཞེས་པ་ལྟར་ལག་པ་གཉིས་བསྣོལ་ལ་དཔུང་མགོར་མཛུབ་མོ་བཀུག་ནས་མཐེ་བོང་དང་གུང་མོ་གཉིས་སེ་གོལ་བརྡབ་པའོ། །དེ་ནས་བྱོན་ལེགས་དང་གདན་འབུལ་ལ་ཕྱག་མཆོད་ནི། རྒྱ་གཞུང་ལས་ལྷ་མོ་རྣམས་ཀྱིས་མཆོད། ཅེས་


CMR024_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱུད་ཀྱི་རྒྱལ་པོ་པདྨ་ཟབ་པ་ལས། ཕྱོགས་བཅུའི་མཁའ་འགྲོ་མ་ལུས་པ་རི་རབ་ཀྱི་རྡུལ་དང་མཉམ་པས། ཕྱག་ཏུ་ཕྲེང་བ་དང་། མེ་ཏོག་དང་། མེ་ལོང་དང་། བདུག་པ་དང་། པདྨ་རིགས་མི་འདྲ་བ་བདུན་ཅུ་རྩ་བདུན་དང་བཅས་ནས། ནམ་མཁའི་ཕྱོགས་ཐམས་ཅད་བར་མཚམས་མེད་པར་གང་སྟེ། གར་དུ་མར་མཛད་ནས་དབྱངས་སུ་འདི་སྐད་བརྗོད་པས་། བདུག་པ་མར་མེ་དྲི་ཆབ་དང་། །ཞལ་ཟས་སིལ་སྙན་སྣ་ཚོགས་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །བདེ་བའི་མཆོད་པ་འདི་རྣམས་ནི། །བདག་ཅག་མོས་པས་འབུལ་ལགས་སོ། །བཞེས་ཤིག་བདེ་བ་ཆེན་པོར་བཞེས། །ཞེས་གསུངས་པ་དང་། སློབ་དཔོན་ཛ་ལནྡྷ་ར་པས། མེ་ཏོག་ལ་སོགས་ཉེར་སྤྱོད་ལ་ཕྱི་ཡི་མཆོད་པ་དང་། ལྷ་མོ་བརྒྱུད་ནང་གི་མཆོད་པ་དང་། མཆོད་པའི་ལྷ་མོའི་སྐུ་རྣམས་སྤྲོ་བ་དང་། སྡུད་པ་ལས། དེ་ཁོ་ན་ཉིད་ཀྱི་མཆོད་པར་བཞེད་ལ། འདིར་ཨོ་ཞེས་བརྗོད་པས་རང་གི་སྙིང་ཁ་ནས་མཆོད་ལྷ་རྣམས་སྤྲོས་ཏེ། མཆོད་ཡོན་སོགས་ཉེར་སྤྱོད་བདུན་ཕྱིའི་མཆོད་པ་དང་། རིགས་ཀྱི་ཌཱཀི་ལྔས་ཤ་ལྔས་གང་བའི་ཐོད་པ་ཐོགས་པ་ནང་མཆོད་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་


CMR024_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མ་དཀར་དམར་མཐིང་སེར་ལྗང་མོ་ལྔ་འཕྲོས་ནས། རིགས་ལྔའི་སྤྱན་རས་གཟིགས་ཡུམ་ལ་ཐིམ་པའམ། ལྷ་ལྔ་དུས་སྐུ་ལ་འཁྱུད་པས་དགའ་བ་བཞིའི་ཡེ་ཤེས་བདེ་བ་ཆེན་པོ་རབ་ཏུ་རྒྱས་པས་ཐུགས་བལྟར་བ་དང་། བདུད་རྩི་ལྔའི་ཐོད་པ་དང་ཤ་ཆེན་གསུར་དང་། ཞུན་ཆེན་དམར་ནག་ཆེན་པོ་རྡོ་རྗེ་མར་མེ་མ་སོགས་དྲག་པོའི་མཆོད་པ་དང་། སྣང་བ་སྣ་ཚོགས་གང་ཅི་སྣང་ཐམས་ཅད་ལྷན་སྐྱེས་ཕྱག་རྒྱ་ཆེན་པོར་རོ་སྙོམས་པ་རང་བྱུང་ཡེ་ཤེས་ཀྱི་མཆོད་པའི་སྤྲིན་རྣམས་མཆོད་པའོ། །དེ་ལྟར་དངོས་སུ་བཤམས་པ་དང་ཡིད་ལས་སྤྲུལ་པ་དང་། སྣང་སྲིད་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་ཀྱི་མཆོད་པར་གདོད་ནས་རང་བྱུང་དུ་གྲུབ་པ་དེ་ཤེས་པས་མཆོད་པར་བཞེས་ལ། མཆོག་ཐུན་མོང་གི་དངོས་གྲུབ་རང་བྱུང་དུ་སྩོལ་ཅིག་པའོ། དཔལ་མཆོག་ཌོམ་བྷི་པས། རང་གི་སྙིང་ཁའི་ས་བོན་ལས་མེ་ཏོག་སྤོས་སོགས་གསང་སྔགས་སྔོན་འགྲོ་སྤྲོ་ཞེས་པ་ལྟར། ཨོ་རྡོ་རྗེའི་མཆོད་ཡོན་མཆོད་པ་ཡི། གཞི་ཚུགས་ཞེས་པ་ལྟ་བུའོ། །དེ་ནས་ཕྱག་འཚལ་བ་ནི། སཾ་བྷུ་ཏྲི་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །མཆོད་ནས་ཕྱག་འཚལ་འདི་སྐད་གསོལ། །ཞེས་དང་། གཉིས་མེད་


CMR024_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི། མཆོད་པ་བྱས་ནས་ལུས་ངག་ཡིད་གསུམ་དང་བས་ཕྱག་བྱས་ཏེ། ཞེས་དང་། ལྷ་དགུའི་རྒྱ་གཞུང་ཉིད་ལས་ཀྱང་། དེ་རྣམས་ལ་ཕྱག་འཚལ་ལོ་ཞེས་གསུངས་ཤིང་། གང་དྲིན་མའི་ཤོ་ལོ་ཀ་གཅིག་གི་རྩ་བའི་བླ་མ་ལ་ཕྱག་འཚལ། ཨེ་མ་སོགས་ཤོ་ལོའི་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ། པདྨ་དབང་གི་སོགས་ཤོ་ལོའི་ཆོས་འདིས་རིག་འཛིན་དམ་པ་ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ། ཧཱིཐུགས་རྗེ་ཆེན་པོ་ནས་བསྩལ་དུ་གསོལ་གྱི་བར་ནི་རྒྱུད་ཀྱི་བསྟོད་པ་ཕྲེང་སྔགས་ཡིན་པར་བཤད་དོ། །གསང་སྔགས་སྔ་འགྱུར་ལ་རྒྱལ་བ་རྒྱ་མཚོའི་རྒྱུད་ཆེན་པོ་གཅིག་ཡོད་དེ། དེར་ཆུ་འཁོར་ལག་འཁོར་གྱི་ལུང་ཨོ་རྒྱན་རིན་པོ་ཆེས་འདྲེན་པར་མཛད་འདུག་པས། རྒྱུད་དེ་ནས་བཤད་པ་ཡིན་ནམ་སེམས། རྒྱུད་ཚིག་བསྔགས་བསྟོད་ཡིན་ངེས་ཀྱང་རྒྱུད་དེའི་ཁུངས་མ་འཚལ་ལོ། །དམ་པའི་ཆོས་པདྨ་དཀར་པོ་ལས། གང་ཞིག་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་འཚལ་ཞིང་མིང་འཛིན་པ་དང་། ཡང་གང་ཞིག་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་བཞུགས་ཏེ་འཚོ་ཞིང་བཞེས་པ་དེ་དག་ལ་ན་བཟའ་དང་། བསོད་


CMR024_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་དང་། གཟིམ་ཆ་དང་། སྙན་གྱི་གསོལ་སྨན་དང་། ཡོ་བྱད་ཀྱི་མཆོད་པ་བྱེད་ན། རིགས་ཀྱི་བུ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་སྙེད་ལ་བཀུར་སྟེ་བྱེད་པའི་བསོད་ནམས་མངོན་པར་འདུ་བར་བྱེད་པ་དང་། གང་གིས་ཐ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ལན་གཅིག་བྱས་པ་དང་མིང་འཛིན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་གཉིས་ག་མཉམ་སྟེ། ལྷག་པའང་མེད་འཕགས་པའང་མེད་དོ་ཞེས་གསུངས་པའི་ཕྱིར་བསྟོད་ཕྱག་རྒྱུད་ནས་གསུངས་པའི་ཕྲེང་སྔགས་འདི་འཛིན་ཅིང་ཞེ་ཐག་པ་ནས་ལན་གཅིག་བརྗོད་ན་ཡང་འཁོར་བ་མཐའ་ཅན་མི་ལུས་དོན་ལྡན་ཡིན་པར་ཤེས་པར་བྱའོ། །གསུང་གི་དབང་ཕྱུག་སོགས་ཚིག་རྐང་གསུམ་ནི་རིགས་བདག་ལ་བསྟོད་པ་དང་། སྒྲུབ་མཆོག་སོགས་ཚིག་རྐང་གཉིས་ནི་དབང་བཞི་བླངས་བ་དང་བྱིན་རླབས་དངོས་གྲུབ་ཞུ་བའོ། །གསོལ་འདེབས་བླ་མའི་རྣལ་འབྱོར་ཐམས་ཅད་དེ་ལ་ཚང་བས། བླ་མ་ཡི་དམ་དབྱེར་མེད་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུའི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔའི་རྣམ་པར་རང་གི་གནས་ལྔར་ཐིམ་པས་སྒྲིབ་པ་དག་ཅིང་དབང་དང་བྱིན་རླབས་


CMR024_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བསྒོམ་མོ། །དེ་ནས་ཕྱོགས་བཅུ་དུས་གསུམ་སོགས་ཚིག་རྐང་ལྔ་ནི་རྟེན་གྱི་སྟོབས་ཏེ། ཕྱི་ལྟར་ན་སངས་རྒྱས་བྱང་སེམས་ཐམས་ཅད། ནང་ལྟར་ན་རྩ་བ་གསུམ་སྟེ་ཕྱིའི་རྟེན་ལ་རང་བཞིན་གྱི་སྡིག་པ་དང་སོ་ཐར་བྱང་སྡོམ་གྱི་ཉེས་ལྟུང་བཤགས། རྩ་བ་གསུམ་ལ་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་ཏེ། ཐུགས་རྗེ་དང་ལྡན་པ་དེ་རྣམས་ལ་བཤགས་ན་ཐུགས་རྗེས་བཟུང་སྟེ་སྡིག་ལྟུང་དག་པར་བྱིན་གྱིས་རླབས་པར་འགྱུར་བས་དག་པར་ངེས་སོ། །འཁོར་བ་ཐོག་མ་སོགས་ནས་བཤགས་པར་བགྱི་བའི་བར་དུ་ཤོ་ལོ་ཀ་གཉིས་ནི། རྣམ་པར་སུན་འབྱིན་པའི་སྟོབས་ཏེ་སྡིག་པ་དེ་དྲན་ནས་ཡིད་ཡུལ་དུ་བཀོད་ནས། རྒྱལ་པོའི་ཁྲིམས་ལ་འགལ་བ་ལྟར་སྐྱག་པ་དང་བཙན་དུག་ཁོང་དུ་སོང་བ་ལྟར་འགྱོད་པས་བཤགས་པའོ། །སླན་ཆད་སོགས་ཚིག་གཅིག་པོ་ནི་གཉེན་པོའི་སྟོབས་ཏེ་ད་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱི་བར་སྤངས་བར་འདོད་པའོ། །དེས་སྡིག་པ་འདག་པ་ལ་དགའ་བ་རང་གི་ངང་གིས་སྐྱེ་བ་ནི་སོར་ཆུད་པའི་སྟོབས་སོ། །སངས་རྒྱས་སོགས་ཚིག་རྐང་གསུམ་ནི་བསླབ་གསུམ་འཛིན་པ་སྟེ། སངས་རྒྱས་རྣལ་འབྱོར་ཏེ་སྔགས་སྡོམ་དང་། བྱང་ཆུབ་སེམས་དཔའ་བྱང་སྡོམ་དང་།


CMR024_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་རང་གི་ཡན་ལག་སོ་ཐར་རང་གིས་གང་ཞུས་པ་དེ་ཐམས་ཅད་མི་ཉམས་པར་སྡོམ་པ་བཟུང་ཞེས་ཏེ་བསྲུང་བའོ། །འགྲོ་བའི་དགེ་བ་ཐམས་ཅད་ལ་ཕྲག་དོག་མེད་པར་ཡི་རང་བསྒོམས་པས་བསོད་ནམས་མཉམ་དུ་ཐོབ་པ་སྟེ་ཚིག་རྐང་གཉིས། དེ་ནས་བདེ་བཤེགས་སོགས་ཤོ་ལོ་ཀས་སངས་རྒྱས་རྣམས་ལ་ཆོས་གསུངས་པར་བསྐུལ་མ་གདབ་པ་དང་། མྱ་ངན་ལས་འདའ་བར་བཞེད་པ་རྣམས་མི་འདའ་བའི་གསོལ་བ་གདབ་པའི་ཤོ་ལོ་ཀ་གཅིག་དང་། དགེ་བ་སེམས་ཅན་ལ་བསྔོ་བ་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པའི་ཐབས་ཤོ་ལོ་ཀ་གཅིག་དང་། སྤྱན་རས་གཟིགས་སོགས་ཚིག་རྐང་གསུམ་གྱིས་རང་ཉིད་དུས་གསུམ་གྱི་ལུས་ཇི་སྙེད་བླངས་པ་དང་ད་ལྟའི་འདི་དང་ལེན་པར་འགྱུར་པ་ཐམས་ཅད་ལྷ་དང་བླ་མ་ལ་ཕུལ་བས་ལུས་དོན་ཡོད་ཅིང་ཆུད་མི་ཟ་བ་དང་། ཐེག་པ་སོགས་ཚིག་རྐང་གསུམ་གྱིས་སྐྱེ་བ་ཐམས་ཅད་དུ་ཐེག་པ་ཆེན་པོའི་བཤེས་གཉེན་དང་མི་འབྲལ་བའི་སྨོན་ལམ་སྟེ། བཤགས་པ་སྡོམ་བཟུང་ཡི་རང་། ཆོས་འཁོར་བསྐོར་བ་བཞུགས་སུ་གསོལ། བསྔོ་བ་ལུས་འབུལ་ཡན་ལག་བདུན་པའོ། །རང་བྱུང་རྒྱལ་བའི་ལྷ་དགུའི་གཞུང་ལས། ཡན་ལག་བདུན་པའམ་བརྒྱད་པས་


CMR024_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ཚོགས་བསགས་པའོ། །ཞེས་དང་། རྒྱ་གཞུང་ཉིད་ནས་སྡིག་པ་བཤགས་པ་སོགས་བྱའོ། །དེ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཞེས་དང་། རང་བྱུང་རྡོ་རྗེས་ལྷ་ལྔའི་གཞུང་ལས། མཆོད་ཅིང་ཕྱག་འཚལ་བ་ལ་སོགས་ཡན་ལག་བདུན་པས་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཞེས་གསུངས། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རྒྱལ་བ་རྒྱ་མཚོའི་ལྷ་ལྔའི་གཞུང་ལས། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་ཡན་ལག་བདུན་པ་རྒྱས་པར་བྱས་ལ། ཞེས་གསུངས་པ་དང་མཐུན་པར་ཕྱེད་བཅས་བཞི་བརྒྱ་པའི་འགྲེལ་པར་ཤཱནྟི་པས་བཟང་པོ་སྤྱོད་པ་ལ་སོགས་སྨོན་ལམ་བཏབ། ཅེས་གསུངས་པ་ལྟར་ཇོ་བོ་རྗེས་གསང་སྔགས་ཀྱི་ཉམས་ལེན་བསྡུས་པར་ཚོགས་ཞིང་གི་ཆོ་གར་ཡན་ལག་བདུན་པ་བཤད་ལ། ནག་པོ་པས་ཀྱང་ཚོགས་འཁོར་དུ་ཡན་ལག་བདུན་པ་མཛད། དེ་དག་དོན་གྱིས་འདིར་སྨོན་ཐུང་སྦྱར་བར་མཛད་པ་སྟེ། ཕྱོགས་དུས་ཇི་སྙེད་པ་རྣམས་སུ་སངས་རྒྱས་ཚད་མེད་པ་དག་ལ་ཕྱག་འཚལ་བ་ཡིན་ཏེ་ཡུལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དུས་གསུམ་གྱི་བདེ་བར་གཤེགས་པ་རྒྱལ་རིགས་སམ་བྲམ་ཟེའི་རིགས་སུ་འཁྲུངས་པས་མི་ཡི་མཆོག་ཡིན་ལཾ།


CMR024_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བཞི་བཅོམ་པས་བག་ཚ་བ་མེད་ཅིང་འཇིགས་པ་ཐམས་ཅད་དང་བྲལ་བས་སེང་གེ་ལྟ་བུ་དེ་དག་ཀུན། གང་ཟག་བདག་གིས་དུས་གསུམ་གྱི་རྒྱལ་བ་སྲིད་དོ་འཚལ་གཅིག་ཀྱང་མ་ལུས་པ་དེདག་ཐམས་ཅད་ལ། ལུས་དད་པ་དང་བས་ཐལ་མོ་སྦྱར་ཏེ་ཡན་ལག་ལྔ་ས་ལ་བཙུགས། ངག་དད་ཅིང་དང་བས་བསྟོད་དབྱངས་དང་བཅས་ཕྱག་འཚལ་བའི་ཚིག་བརྗོད་ལ་ཡིད་རབ་ཏུ་དད་ཅིང་དྭངས་བས་བཅས་པ་སྟེ་ཕྱག་བགྱིའོ། །དེ་ནི་སྤྱིར་ལུས་ངག་མི་འབྱེད་པར་འཚལ་བའོ། །རྒྱས་པར་སོ་སོར་བཤད་པ་ནི། བཟང་པོ་ནི། དགེ་བ་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྟོབས་དག་གིས་གལ་ཏེ་གཞན་གྱིས་ནི་འདི་ལྟ་བུ་བྱེད་མི་སྲིད་པའི་ཕྱིར་རོ། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དེ་སྡིག་པ་མི་དགེ་བའི་ཆོས་ལས་རྒྱལ་བས་རྒྱལ་བ་སྟེ་སངས་རྒྱས་ཐམས་ཅད་ལ་སྤྱིར་སེམས་གཏད་པའམ་གཅིག་ལ་མ་ཡིན་ཏེ། རྒྱལ་བ་ཐམས་ཅད་རེ་རེ་ཞིང་ཡིད་ཀྱིས་མངོན་སུམ་དུ་དམིགས་ཏེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲན་ཐམས་ཅད་གྲངས་དང་མཉམ་པའི་དེ་སྙེད་རང་གི་ལུས་སྤྲུལ་ནས། རབ་ཏུ་གུས་པས་བཏུད་པ་ཡིས། རྒྱལ་


CMR024_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་དག་ཀུན་ལ་རབ་ཏུ་དང་བས་ཕྱག་འཚལ་ལོ། །ཡིད་ཀྱིས་ཕྱག་འཚལ་བ་ནི། རྡུལ་གཅིག་གི་སྟེང་ན་འཇིག་རྟེན་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས། དེ་རེ་རེ་ལ་ཡང་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའི་ཚོགས་མང་པོའི་དབུས་ནཱ་བཞུགས་པ་དེ་དག་གིས་རྡུལ་གཅིག་ལ་ཇི་ལྟ་བར་དེ་ལྟར་ཆོས་ཀྱི་དབྱིངས་ནམ་མཁའི་མཐས་གཏུག་པ་རྣམས་མ་ལུས་པར་ཐམས་ཅད་རྒྱལ་བ་འཁོར་དང་བཅས་པ་དག་གིས་བར་མཚམས་མེད་པར་གང་བར་བཞུགས་ཡོད་པར་ཡིད་ཀྱིས་མོས་པར་བྱའོ། །ཕྱག་འཚལ་ནི་གང་ཡིད་ཀྱིས་མོས་པའི་རྒྱལ་བ་དེ་དག་ཐམས་ཅད་ཀྱི་བསྔགས་པ་སྟེ་ཡོན་ཏན་གྱི་ཆ་ནས་བསྟོད་པ་ཡོན་ཏན་ཚད་མེད་པས་མི་ཟད་པ་རྒྱུ་མཚོ་ལྟ་བུ་རྣམས། གང་གིས་བསྟོད་ན་དབྱངས་ཀྱིཡན་ལག་རྒྱ་མཚོའི་ལྟར་མཐའ་ཡས་པ་སྒྲ་སྙན་པ་ཀུན་གྱིས་དང་པོར་ཐུགས་བསྐྱེད་པ་ནས་བཟུང་སྟེ་མཐར་སྐུ་བཞིའི་ཡོན་ཏན་བར་གྱིས་རྒྱལ་བ་ཐམས་ཅད་ཀུན་གྱི་ཡོན་ཏན་ཚུལ་དེ་ལྟ་བུ་རབ་ཏུ་བརྗོད་ཅིང་། བདེ་བར་གཤེགས་པ་རེ་རེའི་སྤྱན་སྔར་ན་འདུག་བཞིན་དུ་ཐམས་ཅད་ལ་ཡང་དེ་བཞིན་ཏུ་བདག་གིས་བསྟོད་དོ། །གཉིས་པ་


CMR024_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ཡན་ལག་ལ་གཉིས་ཏེ། བླ་ན་ཡོད་པ་དང་བླ་ན་མེད་པའོ། །དང་པོ་ནི་པདྨ་དང་། ཀུ་མུ་ཏ་དང་། ཨུ་དུམ་ཝ་ར་ལ་སོགས་ཏེ་འཇིག་རྟེན་ན་མེ་ཏོག་གི་མཆོག་དམ་པ་ཐམས་ཅད་དང་། གསེར་དང་། དངུལ་དང་། བྱི་རུ་དང་། ཤེལ་དང་། སྦྱར་ལེན་དང་། པདྨ་རཱ་ག་ལ་སོགས་པ་རིན་པོའི་ཕྲེང་བ་དམ་པ་ཐམས་ཅད་དང་། །རྔ་དང་ཆ་ལང་ཕེབ་རྡོབ་པ་དང་། རྫ་རྔ་ལ་སོགས་པའི་འཇིག་རྟེན་ན་རོལ་མོ་དང་སིལ་སྙན་དམ་པ་ཐམས་ཅད་རྣམས་དང་། ཙནྡན་གོར་ཤི་ཤ་དང་། སྦྲུལ་གྱི་སྙིང་པོ་དང་། གུར་གུམ་འབྲུ་མར་ལ་སོགས་སྦྱར་བའི་བྱུག་པ་དམ་པ་དང་། རྐང་བྱུག་གི་རྫས་དང་། མིག་སྨན་ལ་སོགས་པའི་བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པའི་མཆོག་རྣམས་དང་། མར་མེའི་མཆོག་སྟེ་རིན་པོ་ཆེ་སྣ་ཚོགས་པའི་ཀོང་བུ་ཅན་དང་། ཧ་རི་ཙནྡན་ལ་སོགས་པའི་ལྷ་རྫས་ཀྱི་བདུག་སྤོས་དམ་པ་ཡིས། གང་དུ་ཆོས་དབྱིངས་ཐམས་ཅད་གང་བར་མོས་པའི་རྒྱལ་བ་དེ་དག་རྣམས་ལ་ནི་མཆོད་པར་བགྱིའོ། །ལོངས་སྤྱོད་རྫོགས་སྐུ་ལ་མོས་པའི་སྟོད་གཡོགས་སྨད་དཀྲིས་དར་དཔྱངས་སོགས་དང་། སྤྲུལ་པའི་སྐུ་


CMR024_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོས་པའི་ངུར་སྨྲིག་ཆོས་གོས་གསུམ་འཚོ་བའི་གོས་སོགས་ན་བཟའ་དྭམ་པ་རྣམས་དང་། དྲི་བཟང་པོ་སྣ་ཚོགས་སྦྱར་བ་དང་། རང་བཞིན་གྱུར་པའི་རྟེན་འབྲེལ་དྲི་མཆོག་ཏུ་གྱུར་པ་ཐམས་ཅད་དང་། ཙནྡན་གུ་གུལ་ག་པུར་ཨ་ག་རུ་ལ་སོགས་སྤོས་ཕྱེ་མའི་ཕུར་མ་ནི་ཐུམ་པོར་བཏུམ་པའི་མིང་སྟེ། སྤོས་ཕྱེ་མ་བཏུམ་པའི་ཐུམ་བུའམ་ཕུར་མ་རི་རབ་དང་མཉམ་པའོ། ཡང་གཙུག་ལག་ཁང་དུ་དར་སྣ་ཚོགས་ཀྱི་འཕན་གདུགས་ཕུབ་པ་ལ་ཕྱེ་མའི་ཕུར་མ་ཞེས་ཀྱང་ཟེར་མོད་ཀྱིས། འདི་སྐབས་ཕྱེ་མའི་ཕུར་མ་སྤོས་ཕྱེ་མའི་ཐུམ་པོ་འགྲེལ་པ་རྣམས་སུ་བཤད་དོ། །འདི་ལྟར་དངོས་སམ་ཡིད་ཀྱིས་སྤྲུལ་ཏེ་བཀོདཔ་འདི་ནི་ལྷ་དང་མིའི་མཆོད་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་མཆོག་ཀུན་གྱིས་གང་དུ་དམིགས་པའི་རྒྱལ་བ་དེ་དག་ལ་ནི་ཡང་དང་ཡང་དུ་མཆོས་པར་བགྱིའོ། །དེ་ནས་བླ་མེད་ཀྱི་མཆོད་པ་ནི། མཆོད་པ་གང་དག་རྣམས་བླ་ན་མེད་ཅིང་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལས་སྤྲུལ་པའམ་སངས་རྒྱས་ཀྱིས་སྨོན་ལམ་གྱིས་ཞིང་ཡོངས་སུ་སྦྱངས་པ་ལས་གྲུབ་པ་ཆོས་ཀྱི་དབྱིངས་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་རྒྱས་པར་འགེངས་པས། མཆོད་པ་དེ་དག་གིས་གོང་དུ་སྨོས་པའི་


CMR024_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་གང་བའི་རྒྱལ་བ་དེ་དག་ཐམས་ཅད་ལ་ཡང་མཆོད་པ་བྱེད་པར་ཡིད་ཀྱིས་མོས་པ་བསྒོམ་མོ། །ཡང་ཞེས་པས་འཁོར་སེམས་དཔའ་རྣམས་མཆོད་པར་མོས་པའོ། །བཟང་པོ་དགེ་བའི་འབྲས་བུ་དང་སྤྱོད་པ་བྱང་ཆུབ་ཀྱི་སྤྱོད་པ་ལ་དད་ཅིང་ཡིད་ཆེས་པའི་སྟོབས་ཀྱིས། མཆོད་པ་དེ་དག་ནི་མདོ་སྡེ་རྣམས་ནས་བྱང་ཆུབ་སེམས་དཔའི་རྫུའཕྲུལ་དེ་དང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཤད་པའི་སྐབས་སུ་འབྱུང་བ་དག་གིས་དཔེ་བྱས་ཏེ་བསྒོམས་ནས། རྒྱལ་བ་སྲས་བཅས་ཀུན་ལ་ཕྱག་འཚལ་ཞིང་མཆོད་པར་བགྱིའོ། །དེས་ཕྱག་མཆོད་ཀྱི་དོན་བསྡུས་པའོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་འདོད་ཆགས་ཀྱིས་ཀུན་ནས་བསླངས། ཡུལ་ཡིད་དུ་མི་འོང་པ་ལ་བརྟེན་ནས་ཞེ་སྡང་དང་། བར་མ་ལ་བརྟེན་ནས་རྨོངས་པའི་གཏི་མུག་གིས་ཀུན་ནས་བསླང་བའི་དབང་གིས་ནི། རྟེན་ལུས་ཀྱི་སྒོ་ནས་སྲོག་བཅད་མ་བྱིན་ལེན་འདོད་ལོག་སྤྱོད་རྩ་བ་དྲུང་༔ ཆ་མཐུན་དང་ཡན་ལག་དང་བཅས་པ་དང་། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་ཆེ་ཕྲ་ཐམས་ཅད་དང་། ཡིད་ཀྱི་སྒོ་ནས་དེ་བཞིན་དུ་ཡིད་ཀྱིས་ཀྱང་བརྣབ་སེམས་གནོད་


CMR024_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལོག་ལྟ་ཆེ་ཕྲ་སྣ་ཚོགས་དང་། སྡིག་པ་མི་དགེ་བའི་ལས་བདག་གིས་སྐྱེ་བ་འདིའམ་ཚེ་རབས་སྔ་མ་རྣམས་སུ་བགྱིས་པ་དང་བགྱིད་དུ་རྩལ་བ་དང་བགྱིད་པ་ལ་ཡི་རང་ཅི་མཆིས་པ་དེ་དག་ཐམས་ཅད་བདག་གིས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔ་ན། འདུག་བཞིན་དུ་ཤིན་ཏུ་འགྱོད་པས་སྐད་ཅིག་རེ་རེ་ལ་སོ་སོར་བཤགས་ཤིང་བསལ་བར་བགྱིའོ། །བཞི་པ་ཡི་རང་བའི་ཡན་ལག་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་བསམ་ལས་འདས་པ་དང་། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ནས་ས་བཅུ་པའི་བར་གྱི་ས་ལམ་ན་བཞུགས་པ་ཐམས་ཅད་དང་། ཚོགས་ན་སྤྱོད་པ་དང་བསེ་རུ་ལྟ་བུ་རང་སངས་རྒྱས་ཐམས་ཅད་དང་། །སློབ་པའི་གནས་བདུན་དང་། མི་སློབ་པ་དགྲ་བཅོམ་པ་རྣམས་ཀྱི་བསོད་ནམས་དང་། འགྲོ་བ་སེམས་ཅན་ཀུན་གྱིས་སྦྱིན་པ་ཚུལ་ཁྲིམས་སོགས་བསོད་ནམས་དུས་གསུམ་དུ་བསགས་པ་གང་ལགས་པ་ཐམས་ཅད་ལ་ཡང་། དེ་དག་ཀུན་གྱི་རྗེས་སུ་བདག་གིས་ཡིད་རབ་ཏུ་དང་བ་དང་དགའ་བ་དང་ཡི་རང་བ་བསྐྱེད་དོ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་


CMR024_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ནི། བཅོམ་ལྡན་འདས་གང་རྣམས་ཕྱོགས་བཅུའི་འཇིག་རྟེན་དག་ན་ཉི་ཟླ་མི་སྣང་བར་སྐུའི་འོད་ཀྱིས་གསལ་བས་ཕྱིའི་སྒྲོན་མེ་དང་། འཇིག་རྟེན་ན་དགེ་སྡིག་སོགས་བླང་དོར་མི་ཤེས་པའི་མུན་པ་སེལ་བས་ནང་གི་སྒྲོན་མེར་གྱུར་པ་དེ་དག་རྣམས་ནི། དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་བསྐལ་པ་གྲངས་མེད་པར་བྱང་ཆུབ་ཀྱི་སྤྱོད་པ་རིམ་པར་བྱང་ཆུབ་ཡང་དག་པར་བསྒྲུབས་ནས་རྫོགས་པའི་སངས་རྒྱས་ཐོབ་སྟེ། འཁོར་འདས་གང་ལའང་མ་ཆགས་ཤིང་མི་གནས་པའི་མྱ་ངན་ལས་འདས་པ་མཆོག་བརྙེས་ཀྱང་ཆོས་མ་གསུངས་པར་བྱང་ཆུབ་ཤིང་དྲུང་དུ་བཞུགས་པའི་མགོན་པོ་དེ་དག་ཐམས་ཅད་ལ་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ། སྤྱན་སྔར་པུས་བཙུགས་ཐལ་མོ་སྦྱར་ནས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་མ་གདབ་བོ། །དྲུག་པ་བཞུགས་སུ་གསོལ་བའི་ཡན་ལག་ནི། ཕྱོགས་བཅུའི་འཇིག་རྟེན་གང་དག་ན། སངས་རྒྱས་མྱ་ངན་ལས་འདའ་བར་སྟོན་པ་གང་བཞེད་དེ་དག་ཐམས་ཅད་ལ། འགྲོ་བ་སེམས་ཅན་ཐམས་ཅད་ཀུན་ལ་ཕན་པ་དང་བདེ་བ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་དུ་སྟེ། གནས་སྐབས་དང་


CMR024_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གི་ཕན་བདེའི་དོན་དུ་བསྐུལ་པ་དུས་གསུམ་གྱི་སངས་རྒྱས་ཀྱི་ལྡིང་གི་རྡུལ་ཇི་སྙེད་པའི་གྲངས་དང་མཉམ་པར་བཞུགས་པར་ཡང་། བདག་གིས་ལུས་ཐལ་མོ་རབ་ཏུ་སྦྱར་ནས་ཞེ་ཐག་པ་ནས་གསོལ་བ་འདེབས་བར་བགྱིའོ།། །བདུན་པ་བསྔོ་བའི་ཡན་ལག་ནི། འདི་ལྟར་སྒོ་གསུམ་གྱིས་ཕྱག་འཚལ་བའི་བསོད་ནམས་དང་། སངས་རྒྱས་སྲས་བཅས་ལ་དངོས་དང་ཡིད་ཀྱིས་སྤྲུལ་ཏེ་མཆོད་པའི་བསོད་ནམས་དང་། འདི་དང་སྔ་མའི་སྡིག་པ་ཐམས་ཅད་བཤགས་པ་དང་། འཕགས་སྐྱེས་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་བསོད་ནམས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་གདབ་པ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་བསོད་ནམས་ལ་སོགས་པ་མདོར་ན་བདག་གིས་ཚེ་རབས་ཐོག་མེད་ནས་ད་ལྟ་ཡན་ཆད་དུ་ཐ་ན་དུད་འགྲོ་ལ་ཁ་ཟས་ཁམ་གཅིག་བྱིན་པའམ་ཕྱག་གཅིག་གམ་བསྐོར་བ་གཅིག་གམ་ཐ་ན་དགེ་བ་ཅུང་ཟད་ཅིག་བདག་གིས་ཅི་བསགས་ཤིང་ཡོད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་བསྔོའོ། །ཞེས་ཡན་ལག་བདུན་པའི་ཚོགས་བསགས་པའོ། །དེ་ནས་གནས་སྐབས་


CMR024_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚངས་པ་ལྷ་ཚངས་པ་དང་མཐར་ཐུག་གི་ཚངས་པ་སངས་རྒྱས་བཅོམ་ལྡན་འདས་ཐོབ་པའི་ཐབས་ཚངས་པའི་གནས་བཞི་སྟེ་ཚད་མེད་པ་བསྒོམ་པ་ནི། པདྨ་ཟབ་པའི་རྒྱུད་ལས། བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱིས། །ཉོན་མོངས་ལོག་པར་ལྟ་བའི་དགྲ་སྡང་འཇོམས། །ཞེས་དང་། རྒྱལ་བ་རྒྱ་མཚོ་ལྷ་དགུའི་རྒྱ་གཞུང་ལས། དེ་ལ་ཐོག་མར་ཐུགས་རྗེ་ཆེན་པོའི་སེམས་ཅན་རྣམས་རྗེས་སུ་བཟུང་བའི་དོན་དུ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་མོ། །ཞེས་དང་། རང་བྱུང་བའི་ལྷ་དགུའི་གཞུང་ལས། དེ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམས་ནས། ཞེས་དང་། རྡོ་རྗེ་གུར་ལས། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱིས་ངལ་ནི་གསོ་བར་བྱ། །ཞེས་གསུངས་ཤིང་། བསྒོམ་པའི་གོ་རིམ་ཡང་དང་པོ་བྱམས་པ་བསྒོམས་པས་སྙིང་རྗེ་སྐྱེ་སླ་ཞིང་། སྙིང་རྗེ་སྐྱེས་ན་སེམས་ཅན་བདེ་བ་ལ་དགའ་བ་སྐྱེས་ལ། སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་ཐམས་ཅད་བདེ་བ་དང་དགའ་བ་ལ་ཕྱོགས་རིས་མེད་པས་བཏང་


CMR024_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ཤུགས་ལ་སྐྱེ་བའི་ཕྱིར་བརྟག་གཉིས་ལས། དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་རྣམས་བསྒོམ་ཞིང་། །གསུམ་པ་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐའ་ནི་བཏང་སྙོམས་སོ། །ཞེས་གསུངས་ཏེ། སྙིང་རྗེ་རྣམ་གསུམ་ཞེས་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་ལས་ཐར་བར་འདོད་པ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་ནི་འགྲོ་བ་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པར་མཐོང་ཞིང་། དེ་མ་རྟོགས་པ་རྣམས་ལ་ངང་གིས་སྙིང་རྗེ་སྐྱེ་བ་དང་། དམིགས་པ་མེད་པའི་སྙིང་རྗེ་ནི་སྙིང་རྗེ་སྒོམ་མཁན་དང་སྒོམ་ཡུལ་བསྒོམ་བྱའི་རང་བཞིན་མ་གྲུབ་པའི་ངང་ནས་གདང་སྙིང་རྗེ་ལམ་མེར་སྣང་བ་ཡིན་ཏེ། དེ་དག་མདོ་ལུགས་བསྒོམ་བྱ། སེམས་ཅན་ཐམས་ཅད་བདེ་བའི་རྒྱུ་འབྲས་ཐོབ་འདོད་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ལས་བྲལ་ཞིང་སྡུག་བསྔལ་ལས་སྐྱོབ་འདོད་པ་གཙོ་ཆེར་སེམས་ཅན་ལ་དམིགས་པའི་སྙིང་རྗེ། བདེ་བ་དང་མི་འབྲལ་བའི་རྒྱུ་ལས་རྣམ་པར་དག་པ་དང་འཕྲད་འདོད་དགའ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཆོས་ཉིད་ལ་སྦྱོར་བར་འདོད་པའི་བཏང་སྙོམས་ཏེ། བསྒོམ་


CMR024_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གཞུང་ཚིག་རང་གི་དེས་འཐུས་སོ། །སྔགས་ལུགས་ཀྱི་ཚད་མེད་བསྒོམ་ལུགས་ནི་གཉིས་ཏེ། རང་གའི་སྙིང་ཁའི་ས་བོན་ལས་འོད་ཟེར་སྔོན་པོ་འཕྲོས་པས་སེམས་ཅན་ཐམས་ཅད་བྱམས་པ་ཚད་མེད་པ་ལ་བཀོད། དེ་བཞིན་དུ་འོད་ཟེར་དཀར་པོས་སྙིང་རྗེ་ཚད་མེད་ལ་བཀོད། དམར་པོས་དགའ་བ་ཚད་མེད་ལ་བཀོད། འོད་ཟེར་སྣ་ཚོགས་ཀྱིས་བཏང་སྙོམས་ཚད་མེད་ལ་བཀོད་པར་བསྒོམ་མོ། །ཡང་ན་ལྕགས་ཀྱུ་མའམ་རྡོ་རྗེ་མཁའ་འགྲོའི་ཚོགས་འཕྲོས་པས་སེམས་ཅན་ཐམས་ཅད་བྱམས་པ་ཚད་མེད་ལ་བཀོད། ཞགས་པ་མའམ་རིན་ཆེན་མཁའ་འགྲོའི་ཚོགས་འཕྲོས་པས་སྙིང་རྗེ་ཚད་མེད་ལ་བཀོད། ལྕགས་སྒྲོག་མའམ་པདྨ་མཁའ་འགྲོའི་ཚོགས་སེམས་ཅན་ཐམས་ཅད་ཀྱི་གྲངས་དང་མཉམ་པར་འཕྲོས་པས་དགའ་བ་ཚད་མེད་ལ་བཀོད། དྲིལ་བུ་མའམ་ལས་ཀྱི་ཊཱཀི་མ་དཔག་ཏུ་མེད་པ་འཕྲོས་པས་བཏང་སྙོམས་ཚད་མེད་ལ་བཀོད་པར་བསྒོམ་མོ། །དེ་ལྟར་ཡན་ལག་བདུན་པ་དང་། ཚད་མེད་བསྒོམས་ནས་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་མདུན་གྱི་ནམ་མཁར་བཞུགས་པའི་ཚོགས་ཞིང་རྣམས་ཀྱི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་མཆོག་གི་དངོས་གྲུབ་ཐོབ་པའི་


CMR024_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་ཡོད་པས་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་སྒོམས་ཤིག་ཅེས་གནང་བ་བྱིན་པས། ལྷ་ཚོགས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཞུ་ནས་རང་ལ་ཐིམ་པར་བསྒོམས་ཏེ། རང་བྱུང་བའི་ལྷ་དགུའི་ཚོགས་ཞིང་རྣམས་ཨོཾ་ཨཱཿཧཱུྃ་གིས་ལྷ་ཚོགས་ཐམས་ཅད་བདག་ཉིད་ལ་བསྡུས་ཏེ། ཞེས་གསུངས་སོ། །དེ་ཡན་བསོད་ནམས་ཀྱི་ཚོགས་བསགས་པ་སྟེ། རྒྱ་གཞུང་ལས་ཀྱང་། དེ་ནི་བསོད་ནམས་ཚོགས་བསགས་པའོ། །ཞེས་གསུངས་སོ། །དེ་ལྟར་ཚོགས་བསགས་པའི་དགོས་པ་ཡང་ཟས་བཟང་པོ་འདྲེན་པའི་ཐོག་མར་སྣོད་བྱི་དོར་བྱེད་པ་ལྟར་རང་རྒྱུད་དག་པར་འགྱུར་བ་དང་། སྔོན་གྱི་སངས་རྒྱས་རྣམས་ཀྱིས་མཛད་པ་དང་མཚུངས་ཏེ། སངས་རྒྱས་རྣམས་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལྟར་འདིར་ཡང་སྐྱབས་སེམས་བར་དུ་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་སོགས་ཚོགས་བསགས་པ་ལྟར་འདིར་ཡང་བར་དུ་ཡན་ལག་བདུན་པས་ཚོགས་བསགས་ཐ་མལ་ཞིང་སྦྱོང་ནས་སངས་རྒྱས་པ་དང་མཚུངས་པར་གཞལ་ཡས་ཁང་བསྐྱེད་ནས་ལྷའི་སྐུར་བསྒོམ་པ་ནི། ཕར་ཕྱིན་ཐེག་པས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་མཐར་བྱང་ཆུབ་ཐོབ་ཚུལ་ཏེ། གསང་


CMR024_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བླ་མེད་ཐེག་པ་འདིར་སྟན་ཐོག་གཅིག་ཏུ་བསྒོམ་སྟེ་དང་པོ་ཚོགས་བསགས་པ། དེ་ནས་ལྷར་བསྐྱེད་འགྲོ་བའི་དོན་བྱེད་པ་འོད་ཟེར་སྤྲོ་བསྡུ་སོགས་ཕྲིན་ལས་སྣ་ཚོགས་བསྒྲུབས་ནས་མཐར་མྱ་ངན་ལས་འདའ་བ་དང་མཚུངས་པར་རྫོགས་རིམ་དུ་བསྡུས་པ་ཡིན་ནོ། །དེ་ནས་སྭ་བྷ་ཝས། ཨོ་རང་བཞིན་གྱིས་དག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ། །ཞེས་བྱ་སྟེ། རྒྱ་གཞུང་ཛ་ལན་རའི་གསུངས་ལས། ཡར་མཆོད་པའི་ཡུལ་དང་མཆོད་པ་དང་མཆོད་པ་པོ་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་བསྒོམས་ལ། ཨོཾ་སྭ་བྷ་ཝ་སོགས་ཧཾ་གིས་བར་བརྗོད་པས་སྟོང་གསལ་ནམ་མཁའ་ལྟ་བུ་བསམ་པའི་ངང་ལས་ཞེས་དང་། ཨོ་རྒྱན་རིན་པོ་ཆེས་ལྷ་ལྔའི་སྒྲུབ་གཞུང་ལས། ཨོཾ་སྭ་བྷ་ཝ་ནས་ཧཾ་གི་བར་ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་པའི་ངང་ལས། ཞེས་དང་། རང་བྱུང་བའི་ལྷ་དགུར། ཨོཾ་སྭ་བྷཱ་ཝ་སོགས་ཧཾ་ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་སྟེ་སྔོན་དུ་འགྲོ་བའོ། །ཞེས་དང་། རིན་པོ་ཆེ་རང་བྱུང་རྡོ་རྗེའི་ལྷ་ལྔའི་གཞུང་ལས། དེ་ནས་ཨོཾ་སྭ་བྷཱ་ཝ་ནས་ཧཾ། ཞེས་པ་དེ་དག་ཐམས་ཅད་བསྡུས་


CMR024_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཞེས་གསུངས་ཏེ། འདིའི་དོན་སྟོང་ཉིད་བཤིགས་ནས་བསྒོམ་ཐབས་དང་། བཙན་ཐབས་སུ་བསྒོམ་ལུགས་གཉིས་ཏེ། བཤིགས་ནས་བསྒོམ་པ་ནི་གཅིག་ཏུ་བྲལ་གྱིས་རིགས་པས་སྟོང་ཉིད་དུ་གཏན་ལ་ཕབ་ནས་བསྒོམ་པ་སྟེ་རྒྱས་པར་དབུ་མའི་གཞུང་ལྟར་རོ། །དེ་ལ་ནི་སྟོང་ཉིད་བསྒོམ་པའི་རྗེས་སུ་ཤུ་ནྱ་ཏ་བརྗོད་པར་བྱ་བ་ཡིན་ལ། འདི་ནི་སྔགས་བརྗོད་པ་ཙམ་གྱིས་དེའི་དོན་སྟོང་ཉིད་ལ་མཉམ་པར་བཞག་པར་བྱ་སྟེ། བཙན་ཐབས་སུ་བསྒོམ་པའོ། །དེ་ཡང་རྒྱ་གར་ཕྱོགས་ནས་སྔགས་ཀྱི་ཐེག་པ་ལ་ཡང་དབུ་མར་གནས་པ་དང་སེམས་ཙམ་དུ་གནས་པ་གཉིས་སུ་གནས་སོ། །ཞེས་བཞེད་པ་ཤཱནྟི་པས། བརྟག་གཉིས་གསང་འདུས་མཱ་ཡཱ་སོགས་རྣམ་རིག་གི་ཚུལ་ཙམ་དུ་རྒྱུད་འགྲེལ་མཛད། རྒྱ་བོད་ཀྱི་སློབ་དཔོན་ཕལ་ཆེར་ཀླུ་སྒྲུབ་ལུགས་དབུ་མ་ལྟར་སྔགས་ཀྱི་སྟོང་ཉིད་བསྒོམ་སྟེ། རྒྱུད་སྡེ་རྣམས་ནས་ཀྱང་ཕར་ཕྱིན་ཐེག་པ་ལས་གཞན་པའི་སྟོང་ཉིད་བསྒོམ་ཚུལ་མ་གསུངས་ཞེས་པ་ས་སྐྱ་པ་རྣམས་བཞེད་ཀྱང་། རྗེ་མི་བསྐྱོད་ཞབས་སོགས་བཀའ་བརྒྱུད་རིན་པོ་ཆེས་ཟབ་པ་མདོའི་དབུ་མ་དང་། ཟབ་གསལ་སྔགས་


CMR024_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུ་མ་ཞེས་ཕྱེས་ནས་གསུངས་ལ། ཟབ་གསལ་སྔགས་ཀྱི་དབུ་མ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་ཆེན་པོ་གསུམ་གྱིས་བློས་མ་རིག་པ་འོད་གསལ་ལས་ཁྱད་པར་དུ་འགྱུར་བ་ཞེས། ས་ར་ཧའི་རིང་ལུགས་ཀྱི་ཆོས་སྐད་དུ་བྱུང་ཞིང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ལ། །རང་གར་སྤྱོད་པས་སྐྱེ་བོ་འཁྲུལ་པའི་ངོར། །ཡོད་མེད་ལྟ་སྤྱོད་མུ་སྟེགས་འཁྲུལ་པའི་བློ། །དངོས་འཛིན་པ་རྣམས་ཉན་ཐོས་དམན་པའི་རིགས། །གཉིས་འཛིན་རང་རྒྱལ་ས་མི་ཟིན་པ་སྟེ། །བདེན་འདོད་བརྫུན་འདོད་སེམས་ཙམ་འདོད་པས་བཅིངས། །སྒྱུ་མས་ཁས་ལེན་དབུ་མས་སྐྱོན་མི་སྤང་། །ཁས་ལེན་མེད་པའི་ཐལ་འགྱུར་རྟོག་གེ་བ། །ལྷ་རུ་འཛིན་པ་འདྲེ་ཡི་ལྟ་བ་ཡིན། །གསལ་བར་འདོད་པ་གཏི་མུག་ཆེན་པོ་ཡིན། །ཉོན་མོངས་བདེ་བ་འདོད་པ་སྡུག་བསྔལ་རྒྱུ། །སྙིང་པོའི་དོན་ལ་ཚིག་གི་ལྟ་བ་མེད། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟན་པ་རྨོངས་པས་ཤེས་པར་བྱ། །ཞེས་དང་། དོ་ཧ་རྣམས་ལས་


CMR024_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། དབུ་སེམས་སོགས་ཀྱི་ཕྱག་ཆེན་མི་རྟོགས་པར་གསུངས་ཤིང་། རྫོགས་ཆེན་རྒྱུད་གཞུང་རྣམས་ནས། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་དགོངས། །ཞེས་སོགས་བྱང་སེམས་ཐེག་པས་རྫོགས་པ་ཆེན་པོར་མི་རྟོགས་པར་གསུངས་པའི་ཕྱིར། དབུ་མ་ལས་གསང་སྔགས་བླ་མེད་ཀྱི་ལྟ་བ་དེ་མཐོ་བར་གསུངས་པའི་ལུང་རིགས་མང་དུ་སྣང་ངོ་། །ཕྱིས་ཀྱི་བོད་གངས་ཅན་གྱི་མཁས་པ་ཆེན་པོ་འགའ་ཞིག་གིས་བཞེད་པས། འདི་ལྟར་སྣང་བའི་དངོས་པོ་འདི། མེད་པར་སྟོང་ཉིད་དུ་བསྒོམ་ན་སྣང་བ་ལ་སྐུར་པ་བཏབ་པས་ངན་འགྲོའི་རྒྱུ་ཡིན་པས། དེས་ན་སྣང་བ་དེ་དག་ཡོད་བཞིན་དུ་བདེན་པ་བསལ་ནས། རང་བཞིན་མེད་པར་སྒྱུ་མ་ལྟ་བུར་བསྒོམ་དགོས་ཟེར་རོ། །དེ་ལ་གསང་འདུས་ཡེ་ཤེས་ཀྱིས་བསྐྱེད་པའི་དུས་ཀྱང་སྣོད་བཅུད་སྟོང་ཉིད་དུ་ཐིམ་པར་བསམ་དགོས་པ་ཡོང་། ངན་འགྲོའི་རྒྱུར་འགྱུར་རམ། སྣང་བ་མི་གསལ་དཀྱིལ་འཁོར་ལྷ་དང་བཅས་པ་བསྒོམ་པའི་ཚེ་རང་གི་གནས་ཁང་གོས་ལག་མལ་སྟན་ཐ་མལ་གྱི་ལུས་རྣམས་དེ་དུས་དཀྱིལ་འཁོར་གྱི་ཕྱི་ནང་གང་དུ་ཡོད་ཅེས་སོགས་མཁས་པ་རྣམས་ཀྱིས་གནོད་བྱེད་འཕེན་པར་ཡང་མཛད་དོ། །དེས་ན་


CMR024_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་ཐེག་པའི་སྣང་བའི་གནས་ཚུལ་ལ་དཔྱད་པར་རང་བཞིན་མ་རྙེད་པ་དེ་ཐལ་འགྱུར་པའི་ལྟ་བ་ཡིན་པར་ཀུན་ལ་གྲགས་ཀྱང་། བླ་མེད་སྔགས་ཀྱི་ལུགས་ལ་སྣང་བའི་དམིགས་པ་གང་ཡང་མེད་པར་བཙན་ཐབས་སུ་སྟོང་ཉིད་བསྒོམ་པ་ཡིན་ཏེ། རྗེ་བཙུན་བསོད་ནམས་རྩེ་མོས་སྣང་ལ་རང་བཞིན་མེད་པར་བསྒོམ་པ་དང་། སྣང་མེད་དུ་བསྒོམ་པ་གཉིས་ལས་འདི་སྣང་བ་མེད་པར་བསྒོམ་པའི་ལུགས་སོ། །ཞེས་གསུངས་སོ། །རྙིང་མ་དང་བཀའ་བརྒྱུད་ཀུན་གྱིས་བཞེད་པ་ཡང་འདི་ཡིན་ནོ། །དེ་ཡང་ལག་ལེན་དུ་བསྒོམ་ལུགས་ལ་གསུམ་སྟེ། རབ་སྭ་བྷ་ཝའི་སྔགས་བརྗོད་ཙམ་ནས་ལྟ་བའི་སྟེང་དུ་ཁྲིག་གེར་བཞག །འབྲིང་ལྟ་བ་དངོས་སུ་མ་རྟོགས་པས་ལུང་རིགས་ཀྱི་གོ་བས་ཐམས་ཅད་སྟོང་པ་ཉིད་བསམ་པའི་ངེས་ཤེས་བསྐྱེད། ཐ་མ་ལྟ་བ་མ་རྟོགས་ལུང་རིགས་ཀྱི་གོ་བ་མེད་ན་ཡང་། སྭ་བྷ་ཝ་བརྗོད་པ་ཙམ་གྱིས་སྣང་སྲིད་འཁོར་འདས་ཐམས་ཅད་སྟོང་ཉིད་ནམ་མཁའ་གཡའ་དག་པ་ལྟ་བུར་གྱུར་སོང་སྙམ་དུ་ཡིད་ཀྱིས་བསྒོམ་མོ། །དེ་ལ་འབྲིང་ཐ་མ་གཉིས་སྟོང་ཉིད་དངོས་ཀྱི་གོ་མི་ཆོད་ཀྱང་རེ་ཞིག་ཆོ་གའི་ས་བཅད་མ་སྟོང་ཙམ་དུ་འགྱུར་ཏེ། དེ་ལྟར་རབ་འབྲིང་ཐ་མ་གསུམ་བསྒོམ་


CMR024_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འདི་བདུད་མོ་བཀྲ་ཤིས་འོད་ཟེར་པའི་བཞེད་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཀྱི་ཚོགས་བསགས་པའི་དགོས་པ་ནི་བཞི་སྟེ། སཾ་བྷུ་ཊི་ལས། དང་པོ་སྟོང་ཉིད་བསམས་པས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་གསུངས་པས། བདག་མེད་པ་ལ་བདག་ཏུ་འཛིན་པ་ལ་སོགས་ཀུན་རྟོག་གི་དྲི་མ་དག་པ་དང་། རྒྱུད་ལས། ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་བཏབ། །ཅེས་གསུངས་པ་ལྟར། དང་པོ་རྡོ་སོགས་བསལ་ནས་ས་བོན་བཏབ་ན་མྱུ་གུ་འབྱུང་བ་ལྟར། ལན་གཅིག་སྟོང་པར་མ་བྷེ་ན་ལུས་རགས་པ་འདི། ལྷར་བསྐྱེད་མི་ཐུབ་པའི་ཕྱིར་དང་། ཐབས་ཤེས་ཡ་བྲལ་བས་གྲོལ་བར་མི་འགྱུར་བའི་ཕྱིར་དང་། གང་དུ་བསོད་ནམས་ཚོགས་བསགས་མ་ཐག་འདིར་ཡེ་ཤེས་ཀྱི་ཚོགས། །སྟོང་ཉིད་བྷེ་པས་ཟུང་འཇུག་ཏུ་འགྱུར་བའི་ཕྱིར་དང་། ཌོམ་བྷི་པས། རང་བཞིན་སྟོང་པ་ཉིད་དུ་རྣམས་བྷེ་སྔོན་གྱིས་ནི། །རྣལ་འབྱོར་པས་ནི་སྨོན་ལམ་རྗེས་སུ་དྲན་པར་བྱ། །ཞེས་་པས་དང་པོ་སྟོང་ཉིད་ཆོས་སྐུར་མངོན་དུ་བྱས་ནས་སླར་གཟུགས་སྐུ་གཉིས་འཚར་དགོས་པ་དང་བཞུགས་པར་འདིར་ཡང་། སྟོང་ཉིད་བྷེ་པ་ཆོས་སྐུ། ལྷ་བསྒོམ་པ་གཟུགས་སྐུའོ། །


CMR024_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྔོན་དུ་སྟོང་ཉིད་ལྟ་བ་བྷོ་ནས་ལྷ་དང་དཀྱིལ་འཁོར་བྷེ་ན་དེ་རྣམས་ཐེར་ཟུག་མ་ཡིན་པར་སྒྱུ་མ་ལྟ་བུར་ཤུགས་ཀྱིས་འཆར་བའི་གནད་ཡོད་དོ། །སྟོང་ཉིད་དུ་ཞུགས་པའི་སྣང་མེད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེ་ལ་ལྷའི་སྣང་བར་ལང་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤཱནྟི་པས་བཞེད་དོ། །དངོས་གཞི་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་བསྐྱེད་རིམ་ལ་ཡང་བདུན་ཏེ། རྒྱ་གཞུང་ལྷ་དགུའི་གཞུང་ལས། སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལས་རང་གི་རིག་པ་ཧྲིདམར་པོ་ཐིག་ལེ་གཉིས་དང་བཅས་པར་བསམ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས། རང་གི་རྣམ་པར་ཤེས་པ་ཧྲཱི༔དམར་པོ་ལ་ཞེས་དང་། རང་བྱུང་བའི་ལྷ་དགུའི་གཞུང་ལས། སྟོང་པ་ཉིད་ཀྱི་ངང་ལས་རང་གི་རྣམ་པར་ཤེས་པའི་ཡི་གེ་ཧྲིདམར་པོ་ཡེ་ཤེས་ལྔའི་རང་བཞིན་འོད་ཁ་དོག་ལྔ་འཕྲོ་བའི་ཞེས་དང་། རང་བྱུང་རྒྱལ་བའི་ལྷ་ལྔའི་གཞུང་ལས། དེ་ནས་སྟོང་པའི་ངང་ལས་རང་གི་རྣམ་པར་ཤེས་པ་ཡི་གེ་དམར་པོ་ལས་ཞེས་གསུངས་ཏེ། འདི་ནི་བར་དོའི་རྣམ་ཤེས་སྦྱོང་བྱེད་ཡིན་ཏེ། ཡེ་ཤེས་ཞབས་ལུགས་སོགས་ལ་ཡི་གེ་འབྲུ་ལྔ་བར་སྣང་དུ་བྷེ་པ་ཧོ་གཉིས་ཀྱིས་


CMR024_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་འབྲུ་གསུམ་བྷོ་པར་བཤད་པ་དང་དོན་གཅིག་པ་ཡིན་ནོ། །དེ་ནས་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། དཀྱིལ་འཁོར་གཞན་ཐམས་ཅད་གླིང་བཞིའི་འཇིག་རྟེན་ཁམས་ཆུང་ངུ་འདི་ཙམ་ཞིག་སྦྱང་ཚུལ་ལས་མ་གསུངས་ལ། འདིར་ནི་སངས་རྒྱས་སྐུ་གསུམ་གྱི་ཞིང་མཐའ་དག་སྦྱངས་པ་སྟེ། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རྒྱལ་བ་རྒྱ་མཚོའི་ལྷ་ལྔའི་གཞུང་ལས། འོག་གི་ཕྱོགས་སུ་འོད་ཟེར་འཕྲོས་པ་ལས་གྱུར་པའི་སངས་རྒྱས་ཀྱི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ་ཆོས་ཀྱི་དབྱིངས་དང་མཉམ་པ། ཞེས་དང་། རང་བྱུང་རྒྱལ་བའི་ལྷ་དགུའི་གཞུང་ལས། འོད་ཟེར་འོག་གི་ཕྱོགས་སུ་འཕྲོས་པས་འོད་ཟེར་ལས་གྱུར་པའི་སངས་རྒྱས་ཀྱི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ་ཆོས་ཀྱི་དབྱིངས་དང་མཉམ་པ། ཞེས་དང་། ཆོས་རྗེ་རང་བྱུང་བའི་ལྷ་ལྔའི་གཞུང་ལས། འོད་ཟེར་འོག་གི་ཕྱོགས་སུ་འཕྲོས་པས་འོད་ཟེར་ལས་གྱུར་པའི་སངས་རྒྱས་ཀྱི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ་ཆོས་ཀྱི་དབྱིངས་དང་མཉམ་པ། ཞེས་གསུངས་ཏེ། འདི་ནི་ཆོས་སྐུའི་ཞིང་ཁམས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནམ་མཁས་གར་ཁྱབ་པར་ཁྱབ་པ་དེ་མཚོན་བྱེད་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་གསུངས་ལས། ཆོས་ཀྱི་


CMR024_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་ཞིང་ཁམས་ནས། །དཔག་ཡས་ནམ་མཁའི་མཐའ་དང་མཉམ། །ཞེས་གསུངས་པས། དེ་ལྟ་བུའི་ཞིང་དུ། དང་པོའི་སངས་རྒྱས་ཀུན་བཟང་དེ། །དུས་གསུམ་དུས་མེད་དུ་བཞུགས་ནས། །སངས་རྒྱས་བྱང་སེམས་ཐམས་ཅད་ལ། །ཆོས་སྐུའི་བསྟན་པ་རྫོགས་པ་ཆེ། །ནམ་མཁའ་ལྟ་བུའི་སྨྲ་བརྗོད་དང་། །བྲལ་བའི་ངང་ནས་གསུངས་པ་སྟེ། །དེ་ནི་ཐུགས་ཀྱི་འདུལ་བའོ། །དེ་ནས་ལོངས་སྐུའི་ཞིང་ཁམས་བྷི་པ་ནི། ཨོ་རྒྱན་རིན་པོ་ཆེའི་ལྷ་ལྔ་ལས། དེའི་དབུས་སུ་པདྨའི་སྡོང་པོ་ཞེས་དང་། རང་བྱུང་བའི་ལྷ་ཟླ་དགུར། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་བྱང་ཆུབ་ཀྱི་ཤིང་སྙིང་པོ་རྒྱན་ཡིད་དུ་འོང་བ་འབྲས་བུ་དང་ལོ་མ་ཐམས་ཅད་ནོར་བུ་རིན་པོ་ཆེ་དང་། བཀྲ་ཤིས་རྫས་བརྒྱད་དུ་གྲུབ་པ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་འབུམ་ལྡན་རྒྱས་པ་ཆོས་ཀྱི་དབྱིངས་དང་མཉམ་པ་སྟེ། དེས་ནི་སངས་རྒྱས་ཀྱི་ཞིང་སྦྱང་བའོ། །ཞེས་གསུངས་ཏེ། དེ་དག་གི་དོན་ཨོ་རྒྱན་རིན་པོ་ཆེས་རྒྱ་ཆེར་གསུངས་པའི་དོན་བསྡུས་ཏེ་བཤད་ན། ཆོས་དབྱིངས་མཐའ་དབུས་མེད་པའི་ཀློང་དུ་རིན་ཆེན་འོད་འཕྲོ་ཞེས་བྱ་བ་རླུང་གི་དཀྱིལ་འཁོར་ཀུན་ལ་ཁྱབ་པ། །


CMR024_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་གཟི་བརྗིད་དཔལ་གྱི་སྙིང་པོ་ཞེས་བྱ་བའི་རླུང་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཡོད་པར་བཤད་དེ་འོད་ཟེར་ལས་གྲུབ་པ་ཞེས་བྱ་བའི་དོན་ནོ། །དེའི་སྟེང་དུ་ནོར་བུ་སྣང་ཡང་ཞེས་བྱ་བའི་རྒྱ་མཚོ་ཆེན་པོ་ལ་པདྨའི་སྡོང་པོ་ཆེན་པོ་བསམ་ལས་འདས་པ་ཞིག་སྐྱེས་ཏེ་པདྨ་དེའི་ཟེའུ་འབྲུ་ལ་མིང་སྤོས་ཀྱི་རྒྱལ་པོའི་འོད་ཟེར་ཞེས་བྱ་བ་དེ་ལས་མེ་ཏོག་དཔག་ཏུ་མེད་པ་སྐྱེས་ནས་མེ་ཏོག་རེ་རེའི་སྟེང་དུ་རྒྱ་མཚོ་ཆེན་པོ་རེ་རེ། དེ་རེ་རེའི་སྟེང་དུ་འཇིག་རྟེན་གྱི་ཁམས་རྡུལ་སྙེད་དཔག་ཏུ་མེད་པ་ཡོད་དེ་ཡར་མར་རྒྱ་དར་བརྩེགས་འདྲ་ཕན་ཚུན་ཟ་འོག་གུར་ཁྱིམ་ལྟ་བུའོ། །པདྨ་འདབ་མ་འབུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའོ། །ཞེས་གསུངས་པའི་དོན་དེ་ཡིན་ནོ། །སྣ་ཚོགས་རྡོ་རྗེའི་ལྟེ་བར་པད་སྡོང་བྷེ་པས་འདི་ལ་གཞན་ཡང་དོན་གཉིས་ཡོད་དེ་ས་གཞི་བྱིན་གྱིས་བརླབ་ཕྱིར་དང་ཞལ་གཟིགས་གཉིས་ཡོད་དོ། །རྒྱལ་བ་འབྲི་གུང་པ་སོགས་བཀའ་བརྒྱུད་རྣམས་ཀྱི་རི་ཆོས་གདམས་པ་ལས་ཀྱང་རྡོ་རྗེ་རྒྱ་གྲམ་ལྟེ་བར་པདྨའི་སྡོང་པོ་ཆེན་པོ་གཅིག་བྷེ་པའི་ཏིང་ངེ་འཛིན་འདི་ས་ཕྱོགས་གང་དུ་བསྡད་ཀྱང་ས་ནོན་ཅིང་སྡོད་ཟུག་པ་དང་། ཆུ་ཤིང་ལ་ཡང་ལོངས་སྤྱོད་ཆོག་པ་ཡིན་གསུངས་པ་དང་། གསང་སྔགས་རྙིང་


CMR024_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྒྲུབ་གཞུང་རྣམས་ལས་མལ་འོག་ཏུ་རྡོ་རྗེ་རྒྱ་གྲམ་བྲིས་པ་སྡོད་ཚུགས་པའི་རྟེན་འབྲེལ་དུ་གསུངས་པ་རྣམས་འདི་ལ་ཚང་བས་གནད་ཀྱང་ཆེ་ཤོས་ཡིན་ལ། གྲུབ་ཆེན་༧ཀརྨ་པཀི་སྤུངས་རིར་ཕྱིན་ནས་ལོ་གཉིས་ཙམ་ལོན་པའི་དུས་སུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པའི་པདྨའི་སྡོང་པོ་བྱང་ཆུབ་ཀྱི་ཤིང་སྙིང་པོའི་རྒྱན་ཡིད་དུ་འོང་བའི་འབྲས་བུ་དང་ལོ་མ་ཐམས་ཅད་ནོར་བུ་རིན་པོ་ཆེ་དང་བཀྲ་ཤིས་རྫས་བརྒྱད་དང་། དངོས་གྲུབ་སྣ་ཚོགས་རྫོགས་པར་འབྱུང་བའི་བུམ་པ་དང་། མི་འགྱུར་བའི་རྡོ་རྗེ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་དབུས་ན་སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་པར་བཞུགས་ཤིང་། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དེ་བཞིན་གཤེགས་པ་གྲངས་མེད་པ་རྣམས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་སྤྲིན་ཕུང་གཏིབས་པ་ལྟ་བུ་མེ་ཏོག་རེ་རེའི་ཁ་ན་རེ་རེ་བཞུགས་ཤིང་མཐའ་ཡས་མུ་མེད་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་གཙོ་བོ་ལ་བསྐོར་ཏེ་བཞུགས་པའི། གཙོ་བོའི་ཞལ་ནས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་འདི་རྣམས་གསུངས་ཤིང་། ད་ཕྱིན་ཆད་འགྲོ་བའི་དོན་ཐམས་ཅད་ཡི་གེ་དྲུག་མས་གྱིས་


CMR024_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཞིག་བྱུང་། བྱང་ཆུབ་ཤིང་གི་བཀོད་པའི་ཐང་ཀའི་དཔེ་ཡང་དེ་ཡིན། དེ་ཕྱིན་ཆད་ཐུགས་རྗེ་ཆེན་པོ་ཕྱོགས་མེད་དུ་བསྟན་པའོ། །ཞེས་གསུངས་པ་རྣམས་གཅིག་ཏུ་ན་འདི་ཞལ་གཟིགས་དུས་དང་མཚུངས་པའི་མངོན་རྟོགས་ཀྱང་ཡིན་པས་བྱིན་རླབས་ཆེ་བ་ཡིན་ནོ། །དེ་ཡང་མེ་ཏོག་རེ་རེ་ལ་འཇིག་རྟེན་རེ་རེ་ཆགས་པའི་ནང་ནས་འདི་ནི་ཀུན་གྱི་དབུས་མ་སྟེ། །ཨོ་རྒྱན་རིན་པོ་ཆེས། སྤོས་དང་ནོར་བུའི་རྒྱལ་པོ་ལས། །རྒྱལ་བའི་རྒྱན་གྱི་པདྨ་འབྱུང་། །དེ་ལ་འཇིག་རྟེན་འདི་ཉིད་གྲུབ། །ཕྱོགས་བཅུར་བརྗོད་མེད་ཞིང་ཁམས་བཀོད། །ཅེས་གསུངས་པས་སྤོས་ཆུའི་རྒྱ་མཚོ་འོད་ཟེར་མཐའ་ཡས་ཞེས་བྱ་བའི་སྟེང་དུ། འོད་ཟེར་མཐའ་ཡས་ཞེས་བྱ་བའི་ནོར་བུ་བྱང་ཆུབ་ཀྱི་ཤིང་ལ་མེ་ཏོག་པདྨ་འདབ་མ་འབུམ་ལྡན་བསམ་ལས་འདས་པ་ཆོས་ཀྱི་དབྱིངས་དང་མཉམ་པ་དེའི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་གྲུབ་ཅིང་། དེ་ལས་གཞན་པད་སྡོང་སོ་སོའི་སྟེང་དུ། ཤར་ཕྱོགས་མངོན་པར་དགའ་བ་དང་། ལྷོ་ཕྱོགས་དཔལ་དང་ལྡན་པ་དང་། ནུབ་ཕྱོགས་བདེ་བ་ཅན། བྱང་ཕྱོགས་ལས་རབ་རྫོགས་པ་དང་། གཞན་ཡང་ལོངས་སྐུའི་


CMR024_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་བརྗོད་ལས་འདས་པ་ཡོད་དོ། །དེ་ལ་དབུས་མ་གཞི་དང་སྙིང་པོ་མེ་ཏོག་གིས་རྒྱན་པ་དེ་ལ་ཡང་། བསམ་ལས་འདས་པ་ཞིག་ཡོད་པར་གསུངས་ཏེ། ཕྱག་ན་རྡོ་རྗེའི་དབང་བསྐུར་བའི་རྒྱུད་ཆེན་ལས། གླིང་བཞི་བྱེ་བ་ཕྲག་བརྒྱ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡིན་ལ། དེ་འདྲ་བ་བྱེ་བ་ཕྲག་བརྒྱ་ནི་མེ་ཏོག་གཞིའི་སྙིང་པོས་རྒྱན་པ་དང་ལྡན་པ་རབ་འབྱམས་ཀྱི་མཚམས་སྦྱོར་བ་རྣམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ནི་མེ་ཏོག་གཞིའི་སྙིང་པོས་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམས་ཀྱི་མཚམས་སྦྱོར་བ་རྣམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ནི་མེ་ཏོག་གི་གཞིའི་སྙིང་པོས་རྒྱན་བཀོད་པ་རབ་འབྱམས་འཇིག་རྟེན་གྱི་ཁམས་རྒྱུད་གཅིག་གོ །དེ་འདྲ་བ་བྱེ་བ་ཕྲག་བརྒྱ་ནི་མེ་ཏོག་གི་གཞིའི་སྙིང་པོའི་རྒྱུད་བར་མ་གཅིག་གོ །དེ་འདྲ་བྱེ་བ་ཕྲག་བརྒྱ་ནི་མེ་ཏོག་གི་གཞིའི་སྙིང་པོས་བརྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་བཀོད་པ་གཅིག་སྟེ། དེ་ཐམས་ཅད་རྣམ་པར་སྣང་མཛད་བྱང་ཆུབ་སེམས་དཔའི་ཚེ་ཞིང་ཡོངས་སུ་སྦྱངས་བའོ། །འཇིག་རྟེན་གྱི་ཁམས་དེ་ན་རྣམ་པར་སྣང་མཛད་དེ་སྔོན་གྱི་


CMR024_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་བར་མ་དེ་ན་རྒྱལ་པོ་དབང་བསྒྱུར་གྱི་ཁང་པ་ཆེན་པོ་ན་བཞུགས་སོ། །དེའི་སྤྱོད་པ་དང་ཡོན་ཏན་ནི་སངས་རྒྱས་རྣམས་ཀྱིས་བསྐལ་པར་བཏགས་ཀྱང་རྟོགས་པར་མི་ནུས་སོ། །གཞི་སྙིང་པོ་མེ་ཏོག་གིས་བརྒྱན་པའི་བཀོད་པ་དང་ལྡན་པའི་འཇིག་རྟེན་རབ་འབྱམས་དེ་དག་ཏུ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལམ་ལ་སློབ་པ་དང་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་བྱིན་རླབས་ཡིན་པར་གསུངས་ལ། འཇིག་རྟེན་དེ་ཐམས་ཅད་དུ་རྟོགས་པའི་སེམས་ཅན་གང་དག་དགེ་བའི་བྱ་བ་བྱེད་པ་ཐམས་ཅད་ཀྱང་། རྣམ་པར་སྣང་མཛད་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་སྦྱིན་པ་སོགས་བསྡུ་བའི་དངོས་པོ་བཞིའི་བསྡུས་པ་ཤ་སྟག་སྟེ་དེའི་རྒྱུས་དགེ་བ་བྱེད་པའོ། །ཞེས་གསུངས་པས་རང་རེ་རྣམས་དགེ་བ་ལ་བློ་ཕྱོགས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡང་ཐུགས་རྗེ་ཆེན་པོའི་ལོངས་སྐུའི་ཞིང་ཁམས་རྣམ་པར་སྣང་མཛད་དེའི་བྱིན་རླབས་ཡིན་པར་ངེས་ལ། རྣམ་པར་སྣང་མཛད་དེའི་སྐུའི་འོད་ཟེར་ཕྱོགས་བཅུར་ཉི་ཟེར་ལྟར་འཕྲོས་པའི་འོད་ཟེར་རེ་རེའི་རྩེ་ལ་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཆགས་ཤིང་། །


CMR024_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་དེ་འདྲ་བ་རེ་རེ་ན་ཡང་རྣམ་སྣང་རེ་རེ་བཞུགས་ཤིང་དེ་རེ་རེའི་བ་སྤུའི་བུ་ག་དང་ཕྱག་གི་རྒྱ་མཚོ་ལས་འཇིག་རྟེན་དཔག་ཏུ་མེད་པ་གྲུབ་ཚུལ་རྩ་བའི་སྤྲུལ་གཞིའི་རྣམ་སྣང་དང་འདྲ་བར་གསུངས་ཤིང་། རྣམ་སྣང་དེའི་བ་སྤུའི་བུ་ག་ཐམས་ཅད་དང་ཞབས་ཀྱི་ལོང་བུར་མཚོ་ཆེན་པོ་ཡོད་པ་རྣམས་སུ་ཡང་འཇིག་རྟེན་གྱི་ཁམས་བགྲང་ལས་འདས་པ་ཆགས་ཤིང་དེ་ཐམས་ཅད་དུ་སྤྲུལ་པས་སེམས་ཅན་གྱི་དོན་གང་འདུལ་དུ་བྱེད་པར་གསུངས་ཤིང་། དེ་ཐམས་ཅད་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་སྐུའི་རྣམ་འཕྲུལ་ཆ་གཅིག་ཙམ་ཡིན་ཞིང་། རྣམ་སྣང་དེ་ཉིད་ཀྱང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་སྐུ་ཡིན་པར་གསུངས་སོ། །གང་ལས་གསུངས་ན་མདོ་ཟ་མ་ཏོག་དང་སྲོང་བཙན་སྒམ་པོས་མཛད་པའི་ལོ་རྒྱུས་ཆེན་པོ་དང་། ཇོ་བོ་རྗེ་ཡི་གཏེར་མ་རྒྱལ་པོའི་བཀའ་ཆེམས་ནས་གསུངས་སོ། །དེ་ནས་བྱང་ཆུབ་ཀྱི་ཤིང་དང་པདྨ་འདབ་མ་འབུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པར་བསྒོམ་པ་ནི། ལོངས་སྐུའི་ཞིང་ཁམས་གཞིའི་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་དེ་བྷེ་པ་ཡིན་ནོ། །འདིའི་དཀྱིལ་འཁོར་གྱི་རྡོ་རའི་ནང་གི་སྣ་ཚོགས་པདྨ་དང་མ་ནོར་བ་གལ་ཆེའོ། །


CMR024_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྤྲུལ་སྐུའི་ཞིང་ཁམས་བསྐྱེད་པ་ནི། རང་བྱུང་བའི་ལྷ་དགུའི་གཞུང་ཉིད་ལས། པདྨའི་ལྟེ་བར་ཞེས་གསུངས་ཤིང་། དེའི་དོན་ཨོ་རྒྱན་རིན་པོ་ཆེས་གསུངས་པའི་དོན་བསྡུ་ན། །རྩ་བའི་རྣམ་སྣང་དེའི་ཕྱག་གི་སྤོས་ཆུའི་རྒྱ་མཚོ་ལས་པདྨའི་སྡོང་པོ་མེ་ཏོག་ཡལ་འདབ་དཔག་ཏུ་མེད་པ། དེ་རེ་རེའི་སྟེང་དུ་ཡང་འཇིག་རྟེན་གྱི་ཁམས་དུ་མ་ཆགས་ཤིང་། པདྨ་རེ་རེ་ལ་ཟེའུ་འབྲུ་དུ་མ་ཡོད་པ་ཟེའུ་འབྲུ་རེ་རེ་ལ་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ཡོད་དེ། མེ་ཏོག་ཕྲུམ་ཕྲུམ་ཉེར་ལྔ་བརྩེགས་མར་ཡོད་པའི་བཅུ་གསུམ་པ་ལ་འཇིག་རྟེན་གྱི་ཁམས་འདི་ཉིད་ཆགས་པའི་ཕྱིར་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཞེས་གྲགས་སོ། །རྣམ་སྣང་དེས་འཁོར་དུས་གསུམ་གྱི་སངས་རྒྱས་དང་། ས་བརྒྱད་པ་ཡན་ཆད་ལ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུངས་ཤིང་སྐུའི་ཕྱག་རྒྱ་བཞུགས་སྟངས་སོགས་ཀྱིས་འདུལ་ལོ། །དེ་ལ་མེ་ཏོག་བཅུ་གསུམ་པའི་ཟེའུ་འབྲུ་འདི་ལ་སྔར་བསྐལ་པ་དཔག་མེད་གཅིག་ཆགས་ཤིང་། འཇིག་པའི་རྗེས་སུ་འཇིག་རྟེན་འདི་འབྱུང་བ་རིམ་བརྩེགས་སུ་ཆགས་པ་ཡིན་པས་དེ་དང་མཚུངས་པར་རྒྱས་པར་འབྱུང་བ་རིམ་བརྩེགས་སམ་བསྡུ་ན་དམིགས་ཀྱང་རུང་བ་དཀྱིལ་འཁོར་བྷོ་པ་ནི། སྤྲུལ་སྐུའི་


CMR024_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་སྣོད་ཀྱི་འཇིག་རྟེན་མ་དག་པ་འདི་སྦྱང་ཕྱིར་དང་། བཅུད་ཀྱི་སེམས་ཅན་གྱི་ལུས་འབྱུང་བ་ལྔ་ལས་གྲུབ་པ་དེ་སྦྱང་བ་ཡིན་ནོ། །དེ་ཡང་མི་ཏྲཱ་གསང་སྒྲུབ་རྒྱ་གཞུང་ལས། ཨེ་ལས་ཆོས་འབྱུང་ཨེ་ཡིས་མཚན་པའི་ཀློང་། །འབྱུང་རིམ་སྟེང་དུ་ཧཱུྃ་ལས་གཞལ་ཡས་ཁང་། །ཞེས་དང་། དེ་བཞིན་གཤེགས་པས་མཛད་པའི་རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་ལས། སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་རླུང་མེ་ཆུ་སའི་དོལ་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཧཱུྃ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཞེས་དང་། རྗེ་ལྔ་པས་མདུན་བསྐྱེད་དུ་ཡང་རླུང་མེ་ཆུ་སའི་དལ་གྱི་སྟེང་དུ་པཾ་ལས་པདྨ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་ཞུ་བ་ལས་བྱུང་བ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཞེས་གསུངས་པས་རིམ་བརྩེགས་བྷེ་པའམ། དུས་གཅིག་ལ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་བྷོ་ཡང་རུང་སྟེ། ལྷ་དགུའི་རྒྱ་གཞུང་ལས། དེ་ལས་འོག་ཏུ་གྷོ་ཁ་དོག་སྣ་ཚོགས་པ་འཕྲོས། ཞེས་དང་། རང་བྱུང་བའི་ལྷ་དགུའི་གཞུང་ལས། གཉིས་པ་རྟེན་གཞལ་


CMR024_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་བསྐྱེད་པ་ནི། པདྨའི་ལྟེ་བར་ཧཱུྃ་ལས་གཞལ་ཡས་ཀྱི་ཁང་པ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རྒྱལ་བ་རྒྱ་མཚོའི་བུམ་ཆུ་སྒྲུབ་པ་ལས་ཀྱང་དེ་བས་དཀྱིལ་འཁོར་། ལྟེ་བ་ལ་བུམ་པ་དེ་ཉིད་ཕོ་བྲང་ཆེན་པོ་གྲུ་བཞི་སྒོ་བཞི་ཞེས་དུས་གཉིས་ལ་བྷེ་པར་གསུང་གི །རིམ་བརྩེགས་རྒྱས་པར་མ་གསུངས་པས། འདིར་རྒྱལ་བ་རྒྱ་མཚོ་ཡང་དུས་གཅིག་ལ་བསྐྱེད་དེ། རང་སེམས་ཧྲིདམར་པོ་ཡེ་ཤེས་ལྔའི་རང་བཞིན་འོད་ཁ་དོག་ལྔ་འཕྲོ་བ་ལས། ཡི་གེ་ཧཱུཾ་འབྱུང་བ་ལྔའི་རང་བཞིན་འོད་ཁ་དོག་ལྔ་དང་ལྡན་པ་ཞིག་འོག་གི་ཕྱོགས་སུ་འཕྲོས་པས་པདྨ་བསམ་གྱིས་མི་ཁྱབ་པ་ལོངས་སྐུའི་ཞིང་ཁམས་ཀྱི་ངོ་བོ་འདབ་མ་དང་ཟེའུ་འབྲུ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་དཔག་ཏུ་མེད་པས་ཁེངས་པའི་ཟེའུ་འབྲུ་དབུས་མ་གཅིག་སྟོང་པར་གནས་པ་དེའི་རྒྱ་ཁྱོན་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དང་མཉམ་པར་བྷོ་ལ། དཀྱིལ་འཁོར་གཞན་རྣམས་པདྨ་ལ་གནས་པའི་འབྱུང་བ་རིམ་བརྩེགས་གསུངས་པ་དང་ཡང་དོན་ལ་མཐུན་ནོ། །སྟོང་པ་དེའི་དབུས་སུ་ཧཱུཾ་ཡིག་འོད་ཁ་དོག་ལྔ་ལྡན་དེ་བྱོན་པ་ལས་འོད་ལྔ་ལས་འབྱུང་བ་རླུང་མེ་ཆུ་ས་རི་རབ་དང་བཅས་པ་སྐད་ཅིག་ལ་གྲུབ། བློ་ལས་གཞལ་


CMR024_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་པ་གྲུབ་པ་རྣམས་དུས་གཅིག་ལ་བསྒོམ་སྟེ། བློ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་ལ་གཞལ་ཡས་ཁང་ཡང་རྣམ་སྣང་གི་རང་བཞིན་ཡིན་པས་ཧཱུྃ་བྷེ། །འོད་ཁ་དོག་ལྔ་ནི་འབྱུང་བ་བཞི་སྟེ་འོད་དང་བྷཾ་འདྲེས་པ་འབྱུང་བ་བཞི་དང་བར་དོའི་རྣམ་ཤེས་འདྲེས་པ་ལས་གྲུབ་པ་མཚོན་པའོ། །སློབ་དཔོན་མི་ཐུབ་ཟླ་བས། སྲིད་པ་བར་མ་བསམས་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །འདྲེས་གྱུར་དེ་ལས་བྱུང་བ་ནི། །སངས་རྒྱས་ཕོ་བྲང་ཐུན་མོང་ཡིན། །ཞེས་དང་། ཌོམ་བྷི་པས། བདག་ཀྱང་བསམ་པར་བྱ་བ་སྟེ། །ཨེ་ཝཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་གསུངས་ཏེ། འདིར་འགའ་ཞིག་འཁོར་ལོ་བྷཾ་གྱིས་མཚན་པའམ་རྣམ་སྣང་གི་སྐུ་བྷེ་པ་ཡོད་ཀྱང་། འདིར་ཧཱུཾ་ཡིག་གྷོ་པ་ནི། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་། གཉིས་མེད་རྡོ་རྗེ་ཤཱནྟི་པ། །ཉིན་འབྱུང་ཟླ་བ་མར་མེ་མཛད་རྣམས་ཀྱིས་བཞེད་པ་མཐུན་ཏེ༔ རང་སེམས་ཧཱུྃཡིག་ལས་འཕྲོས་པའི་ཧཱུཾ་ཡིག་ལས་འབྱུང་བཞི་དཀྱིལ་འཁོར་བྷོ་པའི་དོན་ཕྱི་རོལ་གྱི་འབྱུང་བ་བཞིའི་དཀྱིལ་འཁོར་ཡང་རང་སེམས་ཀྱི་སྣང་བ་ཙམ་ཡིན་གྱིས། སེམས་


CMR024_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་དུ་བདེན་པར་གྲུབ་པ་མེད་དོ། །ཞེས་པའི་དོན་ཡིན་ཏེ། སློབ་དཔོན་བྷ་བ་བྷ་དྲས་སྒོམ་པ་པོ་ཞེས་བྱ་བ་ནི། སེམས་ཀྱི་གཟུགས་ཏེ། སེམས་ཉིད་པ་ལ་སོགས་པས་རང་བཞིན་དུ་འབྱུང་ཞེས་གསུངས་སོ། །གཞན་དག་བྷཾ་རྣམ་སྣང་ཡིན་པས་དཀར་པོ་བྷེ་པ་དང་རྣམ་སྣང་ས་ཁམས་སྦྱོང་བྱེད་ཡིན་པས་སེར་པོ་བྷོ་པ་སོགས་ཡོད་ཀྱང་། འདིའི་ལུགས་ཧཱུཾ་ལས་འབྱུང་བ་བཞིའི་དཀྱིལ་འཁོར་དང་གཞལ་ཡས་ཁང་དུས་གཅིག་ལ་བསྐྱེད་ཕྱིར། ལྷ་དགུའི་རྒྱ་གཞུང་ལས་ཧཱུཾ་ཁ་དོག་སྣ་ཚོགས་འཕྲོས་ཞེས་སོ། །ཁ་དོག་སྣ་ཚོགས་ལས་འབྱུང་བ་བཞིའི་དཀྱིལ་འཁོར་གཅིག་ཆར་དུ་གྲུབ་པར་བྷེ་སྟེ། དེ་ཡང་རིམ་གྱིས་བྷེ་ན། ཨེ་ཡཾ་རཾ་ལཾ་སུཾ་རྣམས་ལས་བྷེ་ཡོང་། འདི་དུས་གཅིག་ལ་བྷོ་ཕྱིར་ཧཱུཾ་ཡིག་གིས་འོད་ཟེར་ལས་བྷེ་སྟེ། འོད་ཟེར་དཀར་པོ་ལ་ནམ་མཁའི་རང་བཞིན་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་ཟུར་གཅིག་འོག་ཏུ་ཟུག་པ་ཁམས་གསུམ་རྣམ་པར་དག་པའི་ཟུར་གསུམ་སྟེང་གི་ཕྱོགས་གསུམ་དུ་ཁ་གདེངས་བ། །ཡུམ་དབང་ཕྱུག་མའི་ངོ་བོ་རྡོ་རྗེ་བཙུན་མོའི་བྷ་ག་མཚོན་ནོ། །འོད་ཟེར་སྔོན་པོ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་བ་དན་གྱིས་མཚན་པ་གཞུའི་དབྱིབས་ཆོས་འབྱུང་གི་ནང་དུ་ཚུད་པའོ། །


CMR024_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་འོད་ཟེར་དམར་པོ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྡོ་རྗེའི་ཕྲེང་བས་བསྐོར་བ། དེའི་སྟེང་དུ་འོད་ཟེར་དཀར་པོ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པས་བསྐོར་བ། འོད་ཟེར་སེར་པོ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེའི་ཕྲེང་བས་བསྐོར་བ། དེ་དག་ནི་རང་གི་ཁམས་བཞི་དང་ཕྱིའི་འབྱུང་བ་བཞི་རྣམ་པར་དག་པ་ཡུམ་བཞིའི་རང་བཞིན་ཡིན་ལ། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་འབྱུང་བའི་དཀྱིལ་འཁོར་ཆགས་པ་དང་འཇིག་པ་དུས་གཅིག་ལ་མཉམ་པ་དེའི་མཚོན་བྱེད་ཀྱང་ཡིན་ནོ། །སྤྲུལ་སྐུའི་ཞིང་ཁམས་སྦྱོང་བའོ། །ནང་གི་ལུས་གྲུབ་པས་རེག་པ་སྲ་བ་ས་སྔོན་དུ་བྱུང་བས་ས་ནས་ལུགས་ལྡོག་བྷོ་པ་དང་ལྟེ་སྙིང་མགྲིན་སྤྱི་ས་ཆུ་མེ་རླུང་གི་དབང་དུ་བྱས་པ་དང་། ལུས་རྐང་མཐིལ། རླུང་སུམ་མདོ། མེ་ལྟོ་བ། ཆུ་སྙིང་ག །སའི་གོ་རིམ་བསྒོམ་ལུགས་གང་བྱས་རུང་བར་གསུངས་ཀྱང་། རྡོ་རྗེ་གུར་ལས། ནམ་མཁའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་སྟེང་དུ་ཡང་། །གསལ་བའི་དཀྱིལ་འཁོར་བྷེ་པར་བྱ། །གསལ་བའི་


CMR024_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བྷེ། །ཞེས་གསུངས་ལ། པད་དཀྱིལ་སྟེང་དུ་རི་རབ་བསྒོམ་པ་ནི། གླིང་བཞིའི་དཀྱིལ་འཁོར་འདི་ཙམ་སྦྱོང་བྱེད་ཡིན་གྱིས། འདི་ནི་སྟོང་གསུམ་གཞལ་ཡས་ཁང་གཅིག་གིས་སྦྱང་བའི་ཕྱིར་རི་རབ་བྷེ་མི་དགོས་ཏེ། །ཛ་ལན་དྷ་ར་པ་ཆེན་པོའི་རྒྱ་གཞུང་ཉིད་ལས། གཞལ་ཡས་ཁང་ཆེན་པོ་ཡངས་ཤིང་རྒྱ་ཆེ་བ། བློ་རབ་ཀྱིས་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཙམ་གྱིས་གྲུ་བཞི་པ་ཞེས་བྱ་བའི་ཕྱིར་རོ། །རྡོ་རྗེ་གུར་ལས། འབྱུང་བཞིའི་བདག་ཉིད་དཀྱིལ་འཁོར་ཉིད། །དེ་ཡི་སྟེང་དུ་སངས་རྒྱས་བསམ། །སྤྲོས་ནས་གཞལ་ཡས་གནས་དགོད་བྱ། །ཞེས་གསུངས་པས། འོད་ཟེར་ལྔ་ལས་འབྱུང་བ་བརྩེགས་པའི་སྟེང་དུ་སངས་རྒྱས་རྣམ་སྣང་གི་རང་བཞིན་ཧཱུཾ་དེ་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པར་བྱའོ། །དེ་ཡང་རིན་པོ་ཆེ་ལས་གྲུབ་པའི་ས་གཞི་ལག་མཐིལ་ལྟར་མཉམ་པའི་དབུས་སུ་པདྨའི་ལྟེ་བར་ལྗང་གུ་འདབ་མ་རྔོག་ལུགས་ལ་སོ་གཉིས་བཞེད་ཀྱང་། ལ་ལི་ཏ་བཛྲ་གྱིས་འབུམ་ལྡན་གསུངས་པ་ལྟར་ཁ་དོག་ནི་སྣ་ཚོགས་སུ་ཨ་བྱཱ་ཀ་རས་


CMR024_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་དོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་མེ་ཤེལ་ཁ་དོག་དམར་པོ་ཡིན་ཀྱང་ཤིན་ཏུ་དྭངས་བས་འོག་པདྨའི་ལྟེ་བའི་ཁ་དོག་ལྗང་གུ་སྣང་བར་བླ་མ་རྣམས་ཀྱིས་བཞེད་དེ། དེའི་སྟེང་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞིར་དཔངས་ཆ་ཆེན་གཅིག་པར་ས་ལུགས་རྣམས་འདོད་དེ། རྒྱ་སྟོན་པ་ཆོས་ཀྱི་བཟང་པོས། སྣ་ཚོགས་རྡོ་རྗེ་རི་མོའི་རྣམ་པར་གྱུར་པར་གསུངས་སོ། །དེ་ལ་འདིར་ནི་ཕྱི་མ་སྟབས་བདེའོ། །དེ་ལས་སྣ་ཚོགས་རྡོ་རྗེ་འབུར་དོད་བྷེ་ན། རྭ་ཕྱོགས་མདོག །དབུས་སྔོན་པོ། རི་མོ་ལྟར་བྷེ་ན། ཤར་གྱི་རྭ་གསུམ་དཀར་བ་སོགས་ཕྱོགས་མདོག་ཏུ་འཐད་དོ། །སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་བསྐྱེད་དེ། ཕྱོགས་མདོག་ནི་ལྷ་དགུའི་རྒྱ་གཞུང་ལས། ཤར་ཤེལ་དཀར་པོ། ལྷོ་གསེར་སེར་པོ། ནུབ་པདྨ་རཱ་ག་དམར་པོ། བྱང་མརྒད་ལྗང་གུའི་རང་བཞིན་ཞེས་གསུངས་སོ། །ཐམས་ཅད་གསང་བའི་རྒྱུད་ལས། ཕྱི་ཡི་གྲུ་བཞི་གང་ཡིན་པ། །ཚད་ཀྱི་མཉམ་པ་ཉིད་གྱུར་པ། ཞེས་དང་། རྡོ་རྗེ་རྩེ་མོ་ལས། ཟུར་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་མཛེས་བྱས་ཤིང་། །ཞེས་དང་། །སཾ་བྷ་ཏྲི་ལས་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཀ་བའི་


CMR024_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་གནས་ལ། །ཞེས་གསུངས་པར་གྲུ་བཞི་རྒྱ་དང་དཔངས་མཉམ་པར་བཞེད་པ་མ་ཡིན་ཏེ། ལོགས་བཞི་མཉམ་པ་ཡིན་ནོ། །དེའི་ཕྱིར་རྒྱ་ཕྱེད་དཔངས་སུ་ཡོད་པའོ། །ཀ་བ་བརྒྱུད་ནི་ཕྱོགས་རེ་རེར་གཉིས་རེ་ཕྱོགས་མདོག་ཅན་ལ་ཁ་དོག་གཞན་པའི་རིན་པོ་ཆེ་ཀ་བ་ཀ་ཞུ་ཀ་གདན་སྤྱད་པ་སྟེ་ཤར་ཤེལ་གྱི་ཀ་བ་གཉིས། ལྷོར་གསེར་གྱི་ཀ་བ་གཉིས། ནུབ་པདྨ་རཱ་གའི་ཀ་བ་གཉིས། བྱང་ཨིནྡྲ་ནི་ལའི་ཀ་བ་གཉིས་ཏེ། ཐམས་ཅད་ཟུར་བརྒྱད་པའི་འདོམ་དོ་དང་གྲུ་རེ་པོ། ཀ་གདན་ཁྲུ་རེ་གྲུ་བཞི་པ། ཀ་ཞུར་རྒྱར་གྲུ་དོ་དཔངས་གྲུ་གང་པའི་དབུས་སུ། ཤར་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་རལ་གྲིས་མཚན་པ་དང་། ཐམས་ཅད་དྲྭ་བ་པ་ཊ་དང་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་ཅན་ནོ། །དེ་ཉིད་སྣང་ཆེན་ལས་། ཀ་བ་བརྒྱད་ཀྱིས་མཛེས་བགྱིས་ལ། ཞེས་བྱ་བ་ནི་ཕྱོགས་ཀྱི་ཆ་རེ་རེར་ཞིང་རྩིག་པ་ལ་བརྟེན་པའི་ཀ་བ་གཉིས་གཉིས་ཡོད་པས། དེའི་ཕྱིར་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །ཞེས་གསུངས་སོ། །ཀ་བའི་སྟེང་དུ་ཀ་ཞུ་ལ་སོགས་ཤིང་བརྩེགས་བྲེ་ཕུལ་གྱི་རྣམ་པ་ཅན་ནོ། །གཞལ་ཡས་ཁང་དབུས་ནས་སྲན་མ་འདྲིལ་ཙམ་ཅུང་ཟད་དུ་


CMR024_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མཐོ་བ་མར་པ་དོ་པས་བཞེད་ལ། རྒྱ་སྟོན་པས། དབུས་སུ་ས་གཞི་གྲུ་གང་གི་མཐོ་བའི་ཟླུམ་སྐོར་རྒྱུར་གཙོ་བོའི་འདོམ་གང་ལ། ལོགས་རྡོ་རྗེའི་ཕྲེང་བས་བསྐོར་བའི་སྟེང་། གཙོ་བོའི་ཁ་དོག་ཅན་བཞེད་དོ། །འདི་ལ་སྟེང་དུ་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་རྭ་བ་ཟླུམ་པོ་དང་གཉིས་ཐད་མཉམ་དུ་ཡོད་དོ། །སྟེང་འོག་གཉིས་འབྲེལ་ནས་ཚད་ཟླུམ་པོར་གནས་པར་སློབ་དཔོན་དཔལ་འཛིན་གྱིས་བཞེད་དོ། །སློབ་དཔོན་དཔལ་འབྲས་རྡོ་རྗེས་ནི། རྡོ་རྗེའི་རྭ་བ་འོབས་ཀྱི་ཚུལ་དུ་ནི་གཤོང་བུར་ཟླུམ་པོར་བཞེད། སློབ་དཔོན་ཀུན་སྙིང་གིས་རྡོ་རྗེ་རྩེ་གསུམ་གྱི་རྭ་བས་ཕྱི་རོལ་ནས་བསྐོར་བའི་དཔངས་ཆ་ཕྲན་གསུམ་དུ་བཞེད་དོ། །འདི་རྒྱ་སྟོན་ལུགས་ལྟར་བྱའོ། །སྟེང་གི་ཐོག་ལ་རིགས་བཞི་ཡོད་དེ། སློབ་དཔོན་དར་པཎ་གྱིས། ཕྱི་དབྱིབས་མཆོད་རྟེན་གུར་ཐབས་དང་། །རྒྱལ་ཐབས་རི་བོ་གུར་དུ་འདོད། །ཅེས་བཞི་བཤད་པ་ལས། ནོར་བུ་རྒྱས་པའི་གཞལ་མེད་ཁང་རབ་ཏུ་མི་གནས་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས། ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱིས་ཁང་བརྩེགས་གྲུ་བཞི་པ་ཀ་བ་བཞི་ཟུག་པ་སྒོ་བཞི་བརྟོད་པ་མཉམ་པ་ཉམས་དགའ་བ། ཤིན་ཏུ་


CMR024_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཕྱེ་བ་ཆེས་མཛེས་པར་བྱས་པ། བཀྲ་བ་ལྟ་ན་སྡུག་པ་འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། འཕངས་སུ་དཔག་ཚད་གསུམ་ཡོད་པ། རྒྱར་དཔག་ཚད་ལྔ་ཡོད་པ་ཞིག་བྱུང་ངོ་། །ཞེས་གསུངས་པས། བོད་ཀྱི་མཁས་པ་འགའ་ཞིག་གིས།། ཀོ་ས་ལའི་རྒྱན་ལས་ཁྱིམ་བདག་བདག་ཉིད་ཆེན་པོའི་ཁང་པ་ཡིན་པ་སྟོན་པར་བྱེད་པས། ཞེས་གསུངས་པས་ཁང་བུ་བརྩེགས་པའི་ཁང་བརྩེགས་ལ་བྱར་བཞེད་ལ། དེ་ཡང་སློབ་དཔོན་རིགས་ཀྱི་སྦྱིན་པས། ཀ་བའི་སྟེང་དུ་གདུང་འཛིན་བཀོད་ནས་དེའི་སྟེང་དུ་གདུང་དགོད་པར་བྱའོ། །གདུང་ཚོགི་སྟེང་དུ་གདུང་དང་མཉམ་པའི་རྩིག་པའི་སྟེང་དུ་ཀླུའི་སྟོབས་སམ། ཡང་ན་དོ་ཤལ་གྱི་སྣམ་བུའོ། །དེའི་སྟེང་དུ་སེང་གེ་རྣམས་ཀྱིས་སྟེང་ནས་བྱས་པས་འབྱུང་བའོ། །དེའི་སྟེང་དུ་རྗེས་སུ་འགུགས་པ་རྣམས་སོ། །དེའི་སྟེང་དུ་སོ་ཕག་རྣམས་ཀྱིས་བྱས་པའི་གཞིའོ། །དེའི་སྟེང་དུ་མགྲིན་པའོ། །ཞེས་པ་དང་མཐུན་པར་ཐོག་ཕུབ་རིམ་པ་གསུམ་སྟེ་གདུང་གི་སྟེང་དུ་ཕྱི་གྲུ་བཞི་ལ་ནང་ཟླུམ་པོར་ཐོག་དང་པོའོ། །དེའི་སྟེང་དུ་ཀླུའི་སྟོབས་ཏེ་ཕ་གུ་དང་ཤིང་བརྩེགས་གདུང་ལེབ་རྣམས་ཟླུམ་པོ་ཆ་ཕྲན་གསུམ་པོའི་སྟེང་དུ་གདུང་མིག་མང་རིས་ཆ་ཕྲན་གཅིག་གིས་ཕྱི་


CMR024_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོ་མདའ་ཡབ་པུ་ཤུ་སྐེ་རགས་དྲ་ཕྱེད་ཀྱིས་བསྐོར་བའི་ཐོག་གཉིས་པ། རེ་མིག་དབུས་མའི་གདུང་སྟེང་དུ་གཙོ་བོའི་ཁ་དོག་རྩིག་པ་ཆ་ཕྲན་གསུམ། དེའི་སྟེང་དུ་ཕ་གུ་ཤིང་རྩིག་གསེར་གྱི་གདུང་ལེབ་རྣམས་ལ་ཆ་ཕྲན་གསུམ་ཡོད་པའི། སྟེང་ཐོག་མཉམ་པར་ཕུབ་ཅིང་བྱ་འདབ་མདའ་ཡབ་པུ་ཤུ་རྣམས་གྲུ་བཞི་ལ་གསེར་གྱི་སྐེ་རགས་ལ་འཕྱང་བའི་དྲྭ་ཕྱེད་ཀྱིས་བརྒྱན་པའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེ་ཏོག་ཆ་ཆེན་གཅིག་སྟེ། རྩིག་པའི་མཐའ་ནས་མཐའི་བར་ཆ་ཆེན་གཅིག་དང་། ས་གཞི་སྣ་ཚོགས་རྡོ་རྗེ་ནས་ཐོག་ཕུབ་དང་ནང་མའི་བར་ཚད་མཉམ་ཆ་ཆེན་བརྒྱད་དོ། །ཏོག་ནི་རྒྱན་ཡིན་པས་མི་ཐེ། ཞེས་དཔལ་ལྡན་ས་སྐྱ་པ་རྣམས་བཞེད་དོ། །རྒྱ་སྟོན་པས་ནི་དབུས་གཙོ་ཁང་ཕྱུར་བུ་འདོམ་གང་བང་རིམ་བཞི་པ་སྟེ། བང་རིམ་རྣམས་སུ་རྒྱལ་སྲིད་སོགས་རྒྱན་བཀོད་པའི་རྩེར་རྡོ་རྗེ་ཕྱེད་པས་མཚན་པ་སྟེ། རྩིག་པ་རྣམས་དང་མཐུན་པའི་ཐོག་རིམ་པ་ལྔར་བཤད་ཀྱང་སྟེང་ཐོག་རིན་པོ་ཆེ་ལྔ་སྦྲགས་ལ་འཕང་དུ་གཙོ་བོའི་འདོམ་གང་ཙམ་པ་གུར་གྱི་ཏོག་ལྟར་རྩེ་ཇེ་ཞུམ་དུ་གྱུར་པའི་རྩེར་རྡོ་རྗེ་ཕྱེད་པ་རྩེ་ལྔ་འཁོར་ཡུག་འདོམ་གང་བའི་ཚད་ཀྱིས་ཟུར་བཞིར་རིན་པོ་ཆེ་མིག་གསུམ་པ་ཁྲུ་རེ་གཉྫའི་རའི་


CMR024_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་མར་པ་དོ་པས་བཞེད་དོ། །རྒྱའི་ཁང་བཟང་གི་རྩེར་རི་མོ་འགའ་ཞིག་ལྟར་རོ། །དཔེར་ན་བསམ་ཡས་དབུ་རྩེ་ལྟར་ཡིན་གསུངས་སོ། །ལྷ་དགུ་རྒྱ་གཞུང་ལས། སྟེང་ཕྱུར་བུ་ཏོག་དང་བཅས་པ། ཞེས་དང་། མི་ཏྲ་གསང་སྒྲུབ་རྒྱ་གཞུང་ལས། དབུས་ཕྱུར་བུ་པདྨའི་ཏོག་གིས་མཚན་པ་ཞེས་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས། རྡོ་རྗེའི་གདུང་བཞིས་མཁའ་ལ་བཏེག་པ། དབུས་ཕྱུར་བུའི་པདྨའི་ཏོག་གིས་མཚན་པ། ཞེས་གསུངས་པས། རྒྱལ་བ་རྒྱ་མཚོ་ལ་ཡང་ཁང་བརྩེགས་རྣམ་པ་ལྔ་རིམ་མམ། ནང་ཐོག་གཅིག་ལ་ཕྱི་སུམ་རིམ་ཅན་གཉིས་གང་འདོད་བྷོ་ཡང་རུང་མོད། འོན་ཀྱང་འདིའི་ནི་རང་གཞུང་ལྟར་ན། གསང་བ་འདུས་པ་ལས། དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །གྲུ་བཞི་ཤིན་ཏུ་མཛེས་པ་ཡི། །མཆོད་རྟེན་རིན་ཆེན་སྣ་བཞི་པ། །གསལ་ཞིང་རང་བཞིན་དྲི་མ་མེད། །ཅེས་གསུངས་པས། ཀླུ་སྒྲུབ་ཡབ་སྲས་དང་། བོད་ཀྱི་སྔ་རབས་པ་འགའ་ཞིག་གིས་གཞལ་ཡས་ཁང་རྒྱ་དཔངས་མཉམ་པའི་གྲུ་བཞི་མདའ་ཡབ་མན་ཆད་ནི། མཆོད་རྟེན་གྱི་རྨང་ལྟ་བུའི་སྟེང་དུ་བང་རིམ་བཞི་ནི་བུམ་རྟེན་བུམ་པ་བྲེ། དེའི་སྟེང་དུ་གདུང་རིམ་པ་བཅུ་གསུམ་


CMR024_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆར་ཁེབས་ཏོག་དང་བཅས་པ་དེའི་སྟེང་དེ་ལྟ་བུའི་གཞལ་ཡས་ཁང་དེ་སྤྱི་ལ། ཕྱི་ནས་བལྟས་ན་མཆོད་རྟེན་རྩེ་ལྔ་པ་འདྲ་བ། ནང་གི་མཐོ་དམན་ཁྱད་གཙོ་བོའི་འདོམ་གང་བ་ཡིན་པར་མར་པ་དོ་བ་སོགས་མཁས་པ་མང་པོས་བཞེད་པའི་ཕྱིར་འདི་ཡང་སྤྱིར་དེའི་ལུགས་ཡིན་ལ། དེ་ནང་ནས་སྟེང་དུ་བལྟས་ན་དབུས་ཀྱི་ནམ་མཁའ་ལ་རྒྱ་གྲམ་གྱིས་མཚན་པའམ་གདུང་འདོམ་གང་གི་ཚད་ཙམ་གདུགས་ཀྱི་ཏོག་ལྟར་མཐོ་བ། དེ་ལས་ཐུར་དུ་དམའ་བའི་རིན་པོ་ཆེའི་མཚན་པའི་གདུང་སྣེ་རྒྱ་གྲམ་གྱི་གདུང་གི་ཁོང་སེང་དུ་སོང་བ། དེའི་མཐར་དེ་ལ་སྣེ་ཟུག་ཅིང་ཐུར་དུ་འབུར་བའི་རྡོ་རྗེའི་མཚན་པའི་གདུང་། དེ་ལ་སྣེ་ཟུག་ཅིང་འཁོར་ལོའི་མཚན་པའི་གདུང་། དེ་ལ་ཡར་སྣེ་ཟུག་ཅིང་རྒྱ་གྲམ་གྱིས་མཚན་པའི་གདུང་སྣེ་འདོམ་ཕྱེད་ཕྱིར་ལྷགས་པས་འདོད་སྣམ་ཁེབས་པའོ། །དེ་ཡང་རྩིག་པའི་སྟེང་ནས་ནང་དུ་འདོམ་དོའི་སོ་ནས་ནང་དུ་ཇེ་ཞུམ་ལ་སོང་བ་ཡིན་ནོ། །དེས་ན་ནང་དབྱིབས་གདུགས་སམ་ཚ་ཚའི་བརྐོས་ཕོར་འདྲ་བ་ཞིག་འབྱུང་བ་བའོ། །ལོགས་རེ་ལ་འདོམ་བརྒྱད་ནི་གྲུ་བཞི་མཉམ་པར་འདོད་པ་དང་། ཕྲད་དུ་ཡིན་གྱིས་གྱེན་ཐུར་དུ་དེའི་ཕྱེད་དམ་སུམ་གཉིས་འདོད་པ་གསུམ་


CMR024_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འདི་སུམ་གཉིས་སམ་ཕྱེད་པར་འདོད་པའི་ལུགས་སོ། །དེ་ཡང་མར་དོའི་གསུང་རྒྱུན་ཡིག་རྙིང་ལས། ཐར་མཆོག་གྲོང་ཁྱེར་སྤྱི་ཡི་རྣམ་བཞག་ནི། །ཕྱི་ནས་བལྟས་ན་མཆོད་རྟེན་རྩེ་ལྔ་འདྲ། །ནང་གི་མཐོ་དམན་གཙོ་བོའི་འདོམ་གསུམ་ཡོད། །ཅེས་གསུངས་སོ། །རྩིག་པ་ལྔ་ནི་རྒྱ་གར་བ་ཁ་ཅིག་གིས་སྟེང་ནས་སྟེང་དུ་ལྔ་བརྩེགས་འདོད་པར་ཡོད་ཀྱང་། འདི་ནི་ནང་ནས་རིམ་པར་གཞུང་དུ་གསལ་བ་ལྟར་ཏེ། ནང་མ་གཙོ་བོའི་ཁ་དོག་ཏུ་བྱས་པ་སྟེ་རྡོ་རྗེ་རྩེ་མོར་སྔོན་པོ་རང་བཞིན་གཉིས་པ་གསེར་ལས་བགྱིས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན་དག་མར་གད་འདྲ། །དཀར་པོའི་ནང་དུ་ཤེས་པར་བྱ། །ཞེས་གསུངས་སོ། །དྷཱ་རི་ཀ་པས། ནང་ནས་ཀུན་ཏུ་མ་འབྲེལ་བར། །རི་མོ་ཀུན་ཏུ་བྲི་བར་བྱ། །ཞེས་གསུངས་པ་ནི། ཚོན་མ་འདྲེས་པ་ལ་དགོངས་པ་ཡིན་གྱི། བར་དུ་ནས་རེའི་ཚད་ཀྱི་ས་སྟོང་པ་ཡོད་པར་མ་ཡིན་ཏེ། རྩིག་པ་ལྔ་ཁ་བསྡོམས་པས་སྒོ་ཡི་བཞི་ཆ་གཅིག་ལས་མེད་པའི་ཕྱིར་རོ། །ཞེས་ཁ་ཅིག་བཞེད་དོ། །རྩིག་པའི་ཁ་དོག་ནི་ཨ་བྱུས་རྩིག་པ་ལྔ་སྦྲག་མ་ལ་དམར་པོ། རྩེགས་མ་ལྟར་ན་དང་པོའི་ཁ་དོག །ཤཱ་དྷས་ནི་ཤར་ནི་


CMR024_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་རང་བཞིན་དུ་བཞེད་པས། རིན་ཆེན་གྲུ་བཞི་དང་ཟླུམ་པོའི་ཕྲ་ཅན་ནོ། །ནང་ཐམས་ཅད་པདྨ་རཱ་ག་དང་། ཕྱི་ཡི་ཕྱོགས་བཞི་ཁ་མརྒད་ཀྱི་མདོག་ཅན་ཡིན་་ནོ། །ལོགས་རེ་ལ་འདོམ་བརྒྱད་རེ་སྟེ་ཆ་ཆེན་བརྒྱད། ཆ་ཕྲན་སོ་གཉིས་དེ་དུམ་བུ་ལྔར་བགོས་ནས་དཔག་ཚད་ལྔའི་ཐ་སྙད་བྱས་སོ། །འཕང་དུ་འདོམ་གསུམ་ནི་གྲུ་བཞིའི་ཐོག་མན་ཆད་དེ་ཆེ་ཕྲན་བཅུ་དགུ་དང་ཆུ་ཕྲན་གཅིག་གིས་ལྔ་སྟེ། རྩིག་པའི་དཔངས་ཆ་ཆེན་བཞི། ཕ་གུ་ཆ་ཕྲན་གཅིག །དྲྭ་ཕྱེད་ཆེ་ཕྲན་གཉིས། གསེར་གྱི་སྐེ་རགས་ཆ་ཕྲན་གཅིག་གིས་ལྔ་ཆ་སྟེ། འདི་མན་དཔག་ཚད་གསུམ། སྐུ་རིགས་དང་ནང་གི་གདུང་དཔངས་མཉམ་པའི་སྟེང་ནས་ཐོག་ཕུབ་པའོ། །ཤཱ་དྷ་ཀ་རས། འགྲམ་རྒྱ་རིན་ཆེན་ཕ་གུ་སྟེ། །ཆ་ཆུང་གཅིག་གིས་ཚད་དུ་བྱས། །ཞེས་གསུངས་པས། དཔངས་སུ་ཆ་ཆུང་གཅིག་ལ་རྒྱུར་རྩིག་པ་ལས་ཆ་ཆུང་ཕྱེད་འཕྱང་དུ་ཡོད་པར་བཞེད་དོ། །དེའི་སྟེང་དུ་ཆ་ཕྲན་གཉིས་སྟོང་པའི་རང་བཞིན་ལ་བར་སྐབས་སུ་རིན་པོ་ཆེའི་བྲེ་ཕུལ་བཞི་སྟེང་འོག་ཏུ་བརྩེགས་པའི་དཔངས་ལ་ཆ་ཕྲན་ཕྱེད་ཕྱེད་དང་། རྒྱ་ནི་འོག་མ་ཆ་ཕྲན་གཅིག་གོང་མ་ཕྱེད་ཕྱེད་ཀྱིས་ཆེའོ། །དེའི་སྟེང་ན་


CMR024_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྐེ་རགས་ནི་གསེར་གྱི་གདུང་ལེབ་དཔངས་སུ་ཐིག་སྐུད་གང་ཡོད་པ་ཆ་ཕྲན་གཅིག་གིས་ལྔ་ཆ་རྒྱུར་བྲེ་ཕུལ་གོང་མ་དང་མཉམ་པ་ལས། དེ་ལ་བརྟག་ན་འོག་གི་སྟོང་པའི་སྟེང་དུ་འཕྱང་བའི་ཆུ་སྲིན་མ་ཀ་ར་ཞེས་ཙི་པ་ཏྲའི་ཁ་ནས་དྲྭ་བ་དྲྭ་ཕྱེད་འཕྱང་བ་སྟེ། དྲྭ་བ་ཁུག་པ་དང་། དྲྭ་ཕྱེད་ཁུག་པ་མེད་པར་འདོད་པ་ཡོད་ཀྱང་། སློབ་དཔོན་དཔལ་འབྲས་རྡོ་རྗེས། །མུ་ཏིག་གི་ཆུན་འཕྱང་དབུས་ན་ཡོད་པའོ། །དབུས་ན་ནོར་བུའི་མཛེས་པ་ལ་ནི་དྲྭ་བ་ཞེས་བྱ་བ། དབུས་ན་རྒྱན་མེད་པ་ལ་ནི་དྲ་བ་ཕྱེད་པ་ཞེས་བྱའོ། །ཞེས་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས། དྲྭ་བ་ནི་མུ་ཏིག་གི་ཆུན་འཕྱང་སྟེ་མཆོག་དབུས་ན་ཡོད་པའོ། །དྲ་བ་ཕྱེད་པ་ནི་མཆོག་མཐའ་ན་ཡོད་པའོ། །ཞེས་སོ། །ས་ལུགས་རྣམས་ཕ་གུ་ལ་དྲྭ་བ་དྲྭ་ཕྱེད་འཕྱང་བར་བཞེད་པ་ལ་འདོགས་པ་ཡིན་གྱིས། འདིར་ནི་གསེང་ཁང་དུ་འཕྱང་བ་ལ་གསུངས་པས་མི་འགལ་ལོ། །གསེར་གྱི་སྐ་རགས་སྟེང་ནས་གདུང་སྣེ་ཕྱིར་ལྷགས་པ་འོག་གི་འདོད་སྣམ་དང་མཉམ་པའི་སྟེང་དུ། ཐོག་ཕུབ་པ་ཙམ་གྱིས་མཐའ་བསྐོར་དུ་རིན་པོ་ཆེའི་ཤར་བུ་ཐུར་དུ་འཕྱང་བ་ནི། སྤྱི་བླུགས་མཆུ་མེད་པའམ་རུས་རྒྱན་གྱི་ཟ་ར་ཚག་མགོ་ཐུར་བསྟན་ལྟ་


no previousཤོག་གྲངས་ ༠༠༡ ནས་ ༡༠༠ བར།next