Nitartha Digital Library
Tibetan
 
previousཤོག་གྲངས་ ༢༠༡ ནས་ ༣༠༠ བར།next

ཤོག་གྲངས་ ༢༠༡ ནས་ ༣༠༠ བར།


CMR024_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་དགོངས་འདུས་རྩ་རྒྱུད་པད་སྡོང་བརྩེགས་པ་ན་ཡང་སྔགས་འདི། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཞེས་གསུངས་སོ། །དེ་ལ་དྷུ་མ་གྷ་ཡེ་ནི། གསང་བ་ཡེ་ཤེས་མཁའ་འགྲོའི་སྲོག་སྔགས་སོ། །ན་མ་ནི་ཕྱག་འཚལ་ལོ། །ཨོ་རྒྱན་གྱིས་སྭཱ་ཧཱ་ནི་ཚིམ་རྒྱས་སུ་འགྲོའོ་གསུངས་སོ། །ཧ་རི་ནི་ས་གསར་མ་ལ་རྒྱུད་ནས་གསུངས་པ་མེད་ཟེར་བ་སོགས་མི་འཐད་དེ། ཆུ་ཀླུང་ཆེན་པོའི་རྒྱུད་ནས། ཨོཾ་ཧ་རི་ནི་ས་སྭཱ་ཧཱ། ཞེས་འབྱུང་ངོ་། །ཧཱིཝམ་ཧ་རི་ནི་ས་ར་ཙ་ཧིཡ། རྒྱུད་པད་སྡོང་བརྩེགས་པ་ནས་བྱུང་ཞིང་། རིགས་བཞི་མཁའ་འགྲོ་དང་དཔའ་བོ་སྟེ། ཧ་རི་རྡོ་རྗེ་མཁའ་འགྲོ་དང་དཔའ་བོ། ར་ཙ་རིན་ཆེན་མཁའ་འགྲོ་དང་དཔའ་བོ། ནི་ཧིཔདྨ་མཁའ་འགྲོ་དང་དཔའ་བོ། ས་ཡ་ལས་ཀྱི་དཔའ་བོ་དང་མཁའ་འགྲོའི་སྙིང་པོས་ས་བོན་ཏེ། ཕག་མོ་མངོན་འབྱུང་གི་རྒྱུད་ལེའུ་འབུམ་ཡོད་པ་ཞིག་མཁའ་འགྲོ་མ་རྣམས་ཀྱིས་ཨོ་རྒྱན་ལ་ཕུལ་བས། དེའི་ནང་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་ཐབས་ལྔ་མཛད་པར་གྲགས་པའི་སྒྲུབ་ཐབས་རྣམས་སུ་སྔགས་འདི་གཙོ་བོར་བྱུང་བས་རྒྱུད་དེ་ན་ཡོད་པས་གསལ་ལོ། །གཞན་ཡང་རྒྱལ་བ་རྒྱ་མཚོ་འདི་དཔལ་རྟ་མཆོག་རོལ་


CMR024_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་དང་། པདྨ་དབང་ཆེན་གྱི་རྒྱུད་དང་། མཁའ་འགྲོའི་རྒྱ་མཚོའི་རྒྱུད་ལ་བརྟེན་ནས། ཨོ་རྒྱན་རིན་པོ་ཆེས་མཛད་པ་ཡིན་པར་གྲུབ་ཆེན་ཀརྨ་པཀྴིསགསུངས་པའི་ཕྱིར། ལྷ་ལྔའི་སྔགས་རིང་རྣམས་རྒྱུད་དེ་དག་ན་ཡོད་པར་ངེས་ཤིང་། ཁྱད་པར་རྒྱལ་བ་རྒྱ་མཚོའི་རྒྱུད་ཟེར་བའི་རྒྱུད་ཆེན་པོ་ཞིག་ཡོད་དེ། དེ་ནས་ཆུ་འཁོར་དང་ལག་འཁོར་གྱི་ལུང་། ཨོ་རྒྱན་རིན་པོ་ཆེས་འདྲེན་པར་མཛད་པ་དང་། པདྨ་སྙིང་གུར་བརྩེགས་པའི་རྒྱུད་ཟེར་བ་ཞིག་གིས་ལུང་འདྲེན་མཛད་པ་དེ་རྣམས་སུ་ལྷ་ལྔའི་སྔགས་སོགས་རྒྱ་ཆེར་གསུངས་ངེས་སོ། །ཨོ་རྒྱན་རིན་པོ་ཆེས་ཐུགས་རྗེ་ཆེན་པོའི་ཞུས་ལན་དུ་ཧཱུཾ་ནི་སྡུད་བྱེད་དོ། །ཛནི་འགུགས་བྱེད་དོ། །ཞེས་དང་། ཛའགུགས་པ་དང་འབོད་པ། ཞེས་སོ། །དེ་ནས་ལྷ་དགུའི་སྔགས་ལ། བཛྲ་བྷ་ར་ཧི་མཚན་སྔགས་བུདྡྷ་ཌཱཀི་སོགས་ཚན་གཉིས་སྙིང་པོ། བེ་རོ་ཙ་ན་ཉེ་སྙིང་། ཧ་རི་ནི་ས་འཁོར་མཁའ་འགྲོ་བཞི་སྟེ། སྙིང་པོ་དང་ཉེ་སྙིང་འདི་དག་བདེ་མཆོག་གི་རྒྱུད་རྣམས་སུ་ལས་ཚོགས་མཐའ་ཡས་ལགས་པས་སྒྲུབ་ཐབས་དང་བཅས་པ་སྔགས་འདི་གཉིས་ལ་བརྟེན་པའི་དཀྱིལ་འཁོར་དཔག་ཏུ་མེད་པ་སོ་སོར་གསུངས་སོ། །ཇི་སྐད་དུ་བླ་མ་རྡོ་རྗེ་གདན་པ་


CMR024_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དང་བལ་པོའི་པཎྜི་ཏ་ཐུགས་རྗེ་ཆེན་པོ་གཉིས་གསུང་མཐུན་པར་གྲུབ་ཆེན་བརྒྱད་ཅུའི་བསྟོད་པ་ལས། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། །རྒྱུད་སྡེ་བཞི་ཡི་དགོངས་པ་མཁས། །ཛ་ལནྡ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། སློབ་དཔོན་འདི་ཨུ་རྒྱན་ཡུལ་དུ་བྱོན་ནས་རྡོ་རྗེ་ཕག་མོ་ལས་རྒྱུད་ཀྱི་བཤད་པ་ཐམས་ཅད་དངོས་སུ་གསན་པར་བཤད་པས་མཚན་སྔགས་སྙིང་པོ་ཉེ་སྙིང་འཁོར་བཞི་དང་བཅས་པ་གཅིག་ཏུ་སྦྲེལ་ནས་ཐུགས་རྗེ་ཆེན་པོའི་སྔགས་ཤམ་བུ་བྱས་པ་འདི་སློབ་དཔོན་འདི་ཡིས་མཛད་པའི་རྒྱ་གཞུང་དུ་བྱུང་བས། ཕག་མོས་དངོས་སུ་གནང་བའི་མན་ངག་ཟབ་མོ་ཁྱད་པར་ཅན་ཞིག་སྣང་ངོ་། །དེ་ལ་སྔགས་དོན་ནི། ཨོཾ་ནི་མཆོག་སྟེར་བའོ། །བཛྲ་ནི་རྡོ་རྗེ་སྟེ། རྡོ་རྗེ་རྩེ་མོ་ལས། ཅི་ཕྱིར་རྡོ་རྗེ་བརྗོད་པར་བྱ། །སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིག་མེད་པས། །སྙིང་པོ་རྡོ་རྗེ་བརྗོད་པ་ཡིན། །འགྲོ་དྲུག་འཁོར་བ་སྤང་བྱེད་ཅིང་། །སྡིག་པ་བྲལ་བར་བྱེད་པ་ཡི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཉོན་མོངས་ཐམས་ཅད་སེལ་བར་བྱེད། །ཅེས་གསུངས་སོ། །ཝཱ་


CMR024_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཧི་ནི་ཕག་སྟེ། དེ་ལ་མོ་བཏགས་ཨི་ཞུགས་ནས། ཧི་བྱས་པས་ཕག་མོའོ། །དེ་ཡང་ཕྱི་ལྟར་དབུ་གཙུག་ཏུ་ཕག་གི་ཞལ་མངའ་བའི་ཕྱིར་ཏེ། སྔོན་རུ་ཏྲ་བཏུལ་བའི་ཚེ། ཐུགས་རྗེ་ཆེན་པོས་རྟེའུ་སྔོན་པོ་དང་། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་འདི་ཕེ་གུ་སྔོན་པོར་སྤྲུལ་ནས་ཡབ་ཡུམ་རུ་ཏྲ་དང་། རུ་ཏྲའི་ཆུང་མ་ཀྲོ་ཏཱི་ཤྭ་རཱིའི་ཁོག་ཏུ་ཞུགས་ནས་སྤྱི་བོ་ནས་རྟ་ཞལ་དང་ཕག་ཞལ་ཕྱུང་ཙམ་ན། རྟ་དབུ་དང་ཕག་དབུ་ཚིལ་གྱིས་ཚོས་ནས་རྟ་མགོ་ལྗང་གུ་རུ་ཏྲ་ཕ་ལས་ཐོབ་པའི་བྱང་སེམས་ཀྱི་ལྗང་ཁུར་བྱུང་བ་དང་། ཕག་ཞལ་སྔོན་པོ་ནག་པོར་སོང་། དེ་ནས་རྟ་སྐད་ལན་གསུམ་བསྒྲགས་ཕག་སྐད་ལན་གསུམ་ངུར་བས་བདུད་བྱེ་བ་ཁྲག་ཁྲིག་དམ་ལ་བཏགས་གནས་དང་ཡུལ་གྱི་དཔའ་བོ་ཌཱཀི་བྱེ་བ་དུང་ཕྱུར་བྲན་དུ་བཀོལ། རྒྱལ་བ་སྲས་བཅས་ཆར་བཞིན་དུ་བབས་ནས་བདུད་ཡབ་ཡུམ་གྱི་ལུས་རྟ་ཕག་ཡབ་ཡུམ་གྱི་སྐུ་དང་རྒྱན་དུ་བྱིན་གྱིས་བརླབས་པའི་ཚུལ་རྒྱ་ཆེར་མདོ་དགོངས་འདུས་སོགས་སྔ་འགྱུར་གྱི་གཞུང་རྣམས་སུ་འབྱུང་ངོ་། ཕག་ཞལ་ཡོད་པའི་རྒྱུ་མཚན་ནོ། །དོན་དམ་པར་ན་རྟོག་མེད་ཕག་ཞལ་ཞེས་པས་ཕག་ལ་གཙང་བཙོག་སོགས་རྣམ་པར་མི་རྟོག་པ་ལྟར་རྣམ་པར་རྟོག་པ་བྲལ་བའི་མི་རྟོག་ཡེ་ཤེས་ནི། །


CMR024_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་ཞལ་རྡོ་རྗེ་ཕག་མོ་ནི་བདག་མེད་མ་སྟེ། ཆོས་བདག་མེད་པའི་ངོ་བོ་ཡིན་ནོ། །དོན་སྟོང་ཉིད་ཕྱག་རྒྱ་ཆེན་པོ་སྟེ། དེ་ལ་འཕགས་པ་བཞི་ཀར་བསྐྱེད་པའི་ཡུམ་ཡིན་ནོ། །བུདྡྷ་ནི་སངས་རྒྱས། ཌཱཀི་ནཱི་མཁའ་འགྲོ་མ། ཡེ་ནི་འགྲེལ་བའི་སྒྲ། བཛྲ་ཝརྞ་ནཱི་ཡེ་རྡོ་རྗེ་རིགས་ལྡན་མ། བཛྲ་བེ་རོ་ཙ་ནི་ཡེ་རྡོ་རྗེ་རྣམ་པར་སྣང་མཛད་མ། ཧ་རི་ནི་ས་འབྱུང་བ་བཞི་དང་མཁའ་འགྲོ་བཞི་ཤ་ཁྲག་དྲོད་དབུགས་བཞིའོ། །ཨོ་རྒྱན་རིན་པོ་ཆེས་ཧཱུྃ་ནི་ཐུགས་ཧཱུྃ་ནི་སྡུད་བྱེད་དོ། །གསུངས་སོ། །རྡོ་རྗེ་རྩེ་མོ་ལས། ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །སྡུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་གསུངས་ཤིང་། ཨོ་རྒྱན་རིན་པོ་ཆེས་ཕཊཅེས་པ་འདི་ནི་འཕེན་བྱེད་དང་སྤྲོས་པའོ་གསུང་ལ། ཕཊནི་མ་གཅིག་དང་དམ་པ་སོགས་ཀྱིས་ཕཊ་ཆོས་ནི་ཡིད་ཅི་བསམ་པའི་དོན་དེ་འགྲུབ་བྱེད་དུ་འགྱུར་བར་གསུངས་སོ། །རྒྱུད་རྡོ་རྗེ་རྩེ་མོ་དེ་ཉིད་ལས། སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་


CMR024_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་གསུངས་ལ། ཡེ་ཤེས་ལྔའི་རྡོ་རྗེ་ཕག་མོ་སངས་རྒྱས་མཁའ་འགྲོ་རྡོ་རྗེ་རིགས་ལྡན་མ་རྡོ་རྗེ་རྣམ་པར་སྣང་མཛད་མ་རིགས་བཞིའི་མཁའ་འགྲོ་རྣམས་ཀྱིས་ཐུགས་ཀྱི་སྡུག་བསྔལ་བཅོམ། དགེ་བའི་ཚོགས་སྤེལ། ཞེས་བྱ་བ་ཡིན་ནོ། །ལྷ་ལྔའི་སྔགས་ཤམ་དེ་ནི་སྲོག་སྔགས་ཀྱི་རྣམ་པ་ཡིན་པས་ར་ཙ་སོགས་སྒྲ་དངོས་སུ་བསྒྱུར་མི་གཏུབས་ལ། དོན་ཐོབ་ནི། དཔལ་གསང་བ་ཡེ་ཤེས་ཡུམ་ལ་ཕྱག་འཚལ་ལོ། །དགེ་ལེགས་སྤེལ། རིགས་བཞིའི་མཁའ་འགྲོ་དཔའ་བོ་སྡེ་བཞིའི་ཐུགས་རྒྱུད་སྤྱན་དྲངས། ཞེས་པའོ། །དེ་ལ་སྔགས་རིང་གཉིས་པོ་རྩ་སྔགས་དང་། ཡི་གེ་བཅུ་པ་སྙིང་པོ་དང་། ཡི་གེ་དྲུག་པ་ཉེ་སྙིང་ཡིན་ལ། ཕ་རྒྱུད་ལུགས་སྐུ་རིགས་པ་བསྐུལ་སླ་བས་སྐུའི་རྩ་སྔགས་དང་པོ་བཟླ། གསུང་ཕྲ་བས་དེ་རྗེས་གསུང་གི་སྔགས་སྙིང་པོ་བཟླ། ཐུགས་ཤིན་ཏུ་ཕྲ་བས་ཐུགས་སྔགས་ཉེ་སྙིང་རྗེས་ནས་བཟླ་བར་བཞེད་ཀྱང་། མ་རྒྱུད་ལུགས་འཇིག་རྟེན་ན་གཞོན་ནུ་མ་བསྒྲོད་པའི་རིམ་པས་ཐོག་མར་ཡིད་དུ་འོང་། དེ་ངག་གི་བརྡ་སྤྲད། ཐ་མ་ལུས་ཀྱི་བདེ་བ་མྱོང་བ་ལྟར། ཐུགས་གསུང་སྐུའི་སྔགས་


CMR024_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་བཟླ་བར་བཤད་དོ། །དེ་ནས་ཕྲེང་བ་ནི་རྒྱས་པར་གཞན་དུ་ཤེས་ལ་བསྡུ་ན། ཨོ་རྒྱན་རིན་པོ་ཆེས་རྭ་དང་རུས་པའི་ཕྲེང་བ་བགྲང་བས་བྱིན་རླབས་ནུས་པ་མི་འབྱུང་གསུངས་པས་སྤངས་བར་བྱ་ལ། ནི་རངས་སུ་མི་རུས་དང་དུང་ཆེན་ཕྲེང་བ་ཐོད་ཕྲེང་བདེ་མཆོག་སོགས་ནས་མཆོག་ཏུ་གསུངས་ལ། རྡོ་རྗེ་རྩེ་མོ་ལས། ལྕགས་ཀྱི་བཟླས་པས་ཉིས་འགྱུར་རོ། །དེ་བཞིན་ཟངས་ལས་བཞི་འགྱུར་ཏེ། །རུ་རཀཱ་ནི་བྱེ་བ་གཉིས། །མུ་ཏིག་གིས་ནི་བརྒྱ་འགྱུར་རོ། །དབང་པོས་སྟོང་འགྱུར་རྣལ་འབྱོར་ཏེ། །དངུལ་གྱི་འབུམ་དུ་འགྱུར་བ་ཡིན། །པདྨས་བྱེ་བ་བརྒྱ་འགྱུར་ཏེ། །བྷོ་དྷི་ཙིཏྟས་གྲངས་མེད་འགྱུར། །ཞེས་དང་། རིགས་སོ་སོ་ལ་ཕྲེང་བ་ནི། རྡོ་རྗེ་རྩེ་མོ་ལས། སངས་རྒྱས་རྣལ་འབྱོར་བྷོ་དྷི་ཙི། །རྡོ་རྗེ་ཅན་ལ་རུ་རིཀཱ། །ཕྱི་རོལ་གདོལ་རིགས་དབང་པོ་སྟེ། །མུ་ཏིག་ནོར་བུའི་ཕྲེང་བ་ཅན། །པདྨའི་སྙིང་པོའི་ཕྲེང་བ་ནི། །པདྨའི་རིགས་ལ་མཆོག་ཏུ་སྔགས། །ཡང་ན་ཀུན་ལ་མཆོག་གྱུར་པ། །བོ་དྷི་ཙིཏྟ་སྲོག་འཛིན་པ། །ཞེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བྷོ་དྷི་ཙིཏྟས་ལས་ཀུན་བྱེད། །ཅེས་


CMR024_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དུང་དང་ལུང་ཏང་མུ་མེན་ནི། །ཚེ་དང་ནད་མེད་འཕེལ་བར་བྱེད། །ཅེས་གསུངས་པ་དང་། གཤེད་དམར་རྒྱུད་ལས། ཉ་སྐྱོག་དང་ནི་ཤེལ་དག་དང་། །ཞི་ལ་མུ་ཏིག་འབྲས་བུ་མཆོག །ནད་མེད་པ་ལ་མུ་མེན་ནོ། །དུང་གིས་བུ་ནི་འཚོ་བ་ལ། །གསེར་དང་དེ་བཞིན་དངུལ་དང་ནི། །ཁྱད་པར་པདྨའི་ས་བོན་དང་། །རིན་ཆེན་ཕྲེང་བ་མཛེས་པ་ནི། །མཁས་པ་ཡི་ནི་གྲངས་སུ་བཤད། །རྒྱལ་སྲིད་ཕྱིར་ནི་སྔགས་བཟླས་ན། །དཔལ་ཆེན་མྱུར་དུ་ཐོབ་པར་འགྱུར། །ཡང་ཁ་དོག་སྒོ་ནས་ཕྲེང་བ་བཤད་པ་ནི། གཤེད་དམར་རྒྱུད་ལས། ཞི་བ་ཁ་དོག་དཀར་པོ་དང་། །ཁ་དོག་སེར་པོ་རྒྱས་པ་ལ། །དམར་པོ་དབང་ལ་རྟག་ཏུ་བསྒོམ། །ནག་པོ་ཤིན་ཏུ་བསད་ལ་འདོད། །ཅེས་གསུངས་པའི་ཕྱིར། འདི་ལ་བྷོ་དྷི་ཙིཏྟ་རྙེད་ན་རབ་ཡིན་ཏེ། བྱང་ཆུབ་ཤིང་གི་འབྲས་བུ་ཡིན་པར་བཤད་པས། རྒྱ་བོ་དྷི་ཙིཏྟ་འོ། །བྱང་ཆུབ་ཤིང་ལ་སངས་རྒྱས་རབ་བདུན་ལ་ཡང་ཤིང་མི་འདྲ་བ་བདུན་ཏེ། བྱམས་པ་བྱང་ཆུབ་ཀླུ་ཤིང་ཡིན་པ་ལྟར། རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་དེའི་འབྲས་བུ་ཡིན་དགོས་པ་ངེས་པ་མེད་དེ། རྒྱ་བྷོ་དྷི་ཙི་ནི་བྱང་ཆུབ་ཀྱི་ཤིང་གི་རིགས་སོ། །ཡང་ན་སྤུ་ཏྲ་ཛི་


CMR024_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས་འབྱུང་བ་ནི་བུ་འཚོ་བ་ལ་འཇུག་པས་རྗེས་མཐུན་གཞན་འགའ་ཞིག་འབྱུང་ཞེས་སྐྱེས་ཆེན་གཙུག་ལག་ཕྲེང་བས་གསུངས་ཏེ། དེང་སང་འཇང་ནས་འབྱུང་བ་འདི་བྷོ་དྷི་ཙི་དང་རྗེས་མཐུན་དེའི་རིགས་ཡིན་ནོ། །ཁྲིང་ལྕགས་རར་རྗེ་རང་བྱུང་བའི་ཕྱག་ཕྲེང་འཐོར་ནས་འགའ་ཞིག་མ་རྙེད་པ་ལ། འདི་བདག་པོ་གྱིས་རྒན་མོ་ཞིག་ལ་གསུངས་པས། ཤིང་སྐྱེས་ནས་འབྲས་བུ་འབྱུང་བས་རྒན་མོ་དེའི་མི་རྒྱུད་ཀྱིས་དབང་བ་ཡིན་སྐད་དེ་བྱིན་རླབས་ཀྱང་ཆེ་བར་སྣང་ངོ་། །དེ་ནས་ཕྲེང་བའི་གྲངས་ནི་སཾ་བྷུ་ཏྲི་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་གིས་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཅེས་གསུངས་པས། འདི་ནི་བསོད་ནམས་ཡེ་ཤེས་རྒྱས་པའི་ཕྱིར་དང་། ཆད་ལྷག་སབ་ཕྱིར་བརྒྱ་དང་བརྒྱད་བྱའོ། །དེ་དང་མཚུངས་པར་རྡོ་རྗེ་མཁའ་འགྲོ་མས། སྔགས་བརྙེས་པ་ལས་ལྔ་བཅུ་སྟེ། །རྗེས་སུ་ཆགས་པ་དེ་ཡི་ཕྱེད། །ཞི་བ་ལ་ནི་བརྒྱ་ཡིན་ཏེ། །རྒྱས་ལ་བརྒྱད་ཀྱིས་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ལས་ཀྱི་བྱེ་བྲག་གིས་ནི་བྱ། །ཞེས་གསུངས་སོ། །ཕྲེང་


CMR024_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་གང་ལས་བྱ་ཞེ་ན། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གསེར་གྱི་སྐུད་པ་བརྒྱུས་པར་བྱ། །ལས་རྣམས་ཀུན་ལ་དགེ་བ་ཡིན། །ཡང་ན་རས་བལ་སྐུད་པ་ནི། །བུ་མོ་གཞོན་ནུ་གཟུགས་མཛེས་ཤིང་། །ཡན་ལག་ཤིན་ཏུ་རྫོགས་པ་དང་། །བློ་གྲོས་ལྡན་ཞིང་ངག་འཇམ་སྨྲ། །དེ་ཡིས་བཀལ་བའི་སྐུད་པ་རུ། །སྔགས་ཀྱི་དངོས་གྲུབ་གྲོལ་བར་འགྱུར། །བསྐད་ལ་བྱ་རོག་སྤུ་དང་ནི། །བོང་བུའི་རྔ་མོང་སྤྱི་ལ་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །ཕན་ཚུན་སྡང་བ་བསྐྱེད་པར་བྱ། །དུར་ཁྲོད་སྐྲ་ཡི་སྐུད་པ་དང་། །ཁྱི་ཡི་སྤུ་དང་བསྲེས་ཏེ་བཀལ། །ཞེས་དང་། དེ་དང་མཚུངས་པར་སྡོམ་འབྱུང་ལས་ཀྱང་། ཕྲེང་ཐག་ལ་སྤུ་སོ་སོར་བསྲེ་བར་གསུངས་ཤིང་། ཕྲེང་ཐག་གི་སྐྱའི་གྲངས་ནི་ཕལ་ཆེར་ལྷའི་གཙོ་བོའི་གྲངས་ཙམ་སྟེ། སཾ་བྷུ་ཏྲིར། ཕྱོགས་དང་མཚམས་ནི་བརྒྱད་རྣམས་ཀྱི། །དབུས་སུ་དགུ་པ་སངས་རྒྱས་ཉིད། །ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུའི་བྱིན་གྱིས་བརླབ་པར་བྱ། །ཞེས་གསུངས་སོ། །དེའི་དོན་རིགས་ལྔ་དང་ཡུམ་བཞིའོ། །རྒྱུད་ཀུན་ཏུ་ཁ་སྦྱོར་ལས། ཕྲེང་བ་ཀུན་ནི་དགྲ་བཅོམ་པས། །མཆོད་རྟེན་སྟེང་དུ་རབ་ཏུ་བཏགས། །མཆོད་རྟེན་ཆོས་


CMR024_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་པོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་གསུངས་ཏེ་གསར་མའི་ལུགས་མདོ་འཛིན་གཉིས་བྱས་ལ། འོག་མ་ཡེ་ཤེས་དང་། གོང་མ་ཆོས་དབྱིངས་མཚོན་ལ། རྙིང་མ་ལུགས་མདོ་འཛིན་གསུམ་བྱས་ལ། རྩ་བ་གསུམ་མཚོན་པའོ། །ཕྲེང་བ་བྱིན་རླབས་ནི། རང་ཉིད་ཡི་དམ་གསལ་བའི་སོར་མོ་གཡོན་པདྨ་འདབ་མ་ལྔ་པའི་དབུས་སུ་ཟླ་བའི་སྟེང་དུ་ཨཱཡིག་གཅིག་ལ་དབྱངས་ཡིག་བཅུ་དྲུག་གཡོན་བསྐོར། ལག་གཡས་སོར་མོ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུཾ་མཐར་གསལ་བྱེད་སོ་ལྔ་བསམ། སཾ་བྷུ་ཏྲི་ལས། ཨཱ་ལི་ཀཱ་ལི་ས་བོན་ནི། །ཧཱུྃ་གི་སྲད་བུ་རྒྱུ་བ་ཉིད། །ཅེས་གསུངས་པས། ཕྲེང་བ་མདུན་དུ་བཞག །རྟ་མགྲིན་སྔགས་ཀྱིས་བགེགས་བསྐྲད། སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ། ཕྲེང་ཐག་ཧཱུྃ་གི་རང་བཞིན་ཕྲེང་རྡོག་རྣམས་ཨཱ་ལི་ཀཱ་ལི་མདོ་འཛིན་ཨོ་ཨཱཿཧཱུྃ་གི་རང་བཞིན་དུ་གྱུར་པ་ལག་པ་པད་ཀོར་གྱིས་བླངས་ནས་སྙིམ་པར་བཟུང་ལ། ལག་གཉིས་རྡོ་རྗེ་པདྨ་སྙོམས་ཞུགས་ཀྱི་ཚུལ་ལས་འོད་ཟེར་བྱང་སེམས་ཀྱི་ཚུལ་དུ་ཕྲེང་བ་ལ་ཐིམ་པས། ཕྲེང་ཐག་ལྷ་དགུའི་ངོ་བོར་འོད་ཟེར་སྣ་དགུའི་རྒྱུན་ལམ་ལ་ཕྲེང་རྡོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་རྣམས་ཧཱུྃ་གིས་


CMR024_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་ལེན་ཞིང་མདོ་འཛིན་མཆོད་རྟེན་དུ་གྱུར་པ་ལ་སྐོར་བ་བྱེད་པར་བསམས་ལ། དབྱངས་གསལ་བྱེད་ཚར་གསུམ་དང་ཨོ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡེ་ཧཱུྃ་ཕཊ༔ ཅེས་བརྒྱའམ་ཉེར་བརྒྱད་བཏབ་སྟེ། ནོར་བུ་རྒྱས་པའི་གཞལ་མེད་ཁང་། ཞེས་བྱ་བའི་གཟུངས་ལས། སྔགས་འདི་བགྲང་ཕྲེང་ལ་ལན་བདུན་བཏབ་སྟེ་བཟླས་བརྗོད་བྱས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུངས་སྔགས་དེ་དག་ཐམས་ཅད་བཟླས་པར་འགྱུར་ཞིང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བཟླས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཨཱ་ལི་ཀཱ་ལི་དཔག་ཏུ་མེད་པ་བྱུང་ནས་ཕྲེང་བ་ལ་ཐིམ་པས་འོད་དུ་ཞུ་ནས་ཕྲེང་བའི་ངོ་བོར་གྱུར་པར་བསམས་ལ་ཡེ་དྷརྨ་ཚར་གཅིག་གིས་རབ་གནས་བྱ་སྟེ། སཾ་བྷུ་ཏྲའི་རྒྱུད་ཆེན་པོར། ལག་མཐིལ་ཉི་མར་བསམས་ནས་ནི། །དབྱངས་ཡིག་དང་པོ་ལ་སོགས་པར། །ལག་པའི་དབུས་སུ་རྣལ་འབྱོར་པས། །བསྒོམ་ཞིང་བདུད་རྩིའི་ཡི་གེ་ནི། །འོད་ཟེར་འཕྲོ་བ་དུ་མ་དང་། །ཁ་དོག་དཀར་པོ་བསམས་ནས་ནི། །གཡོན་པས་པདྨ་འཛིན་པ་ཉིད། །པདྨ་རྡོ་རྗེ་འཇུག་པ་ཡིས། །ཡང་དག་སྦྱོར་བ་ཉི་མའི་ནང་། །ཀུན་གྱི་དེ་ཉིད་


CMR024_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བྱ་ཞིང་། །ཕྲེང་བ་བྱིན་གྱིས་བརླབ་པར་བྱ། །ཞེས་དང་། སྔགས་ཀྱི་ཕྲེང་བ་སྦྱངས་ནས་ནི། །གང་འདོད་དེ་ཉིད་འགྲུབ་པར་བྱ། །དེ་ཉིད་ལ་ནི་འགྲུབ་པར་འགྱུར། །ཀུན་ཏུ་གསལ་བ་མེད་ན་རིང་། །ཞེས་གསུངས་པས། བྱིན་བརླབས་མ་བྱས་ན་འགྲུབ་དཀའ་བར་གསུངས་སོ། །དེ་ནས་ཅི་ལྟར་བགྲང་བ་ལྷ་ཕོ་རིགས་གཡས་དང་། མོ་རིགས་གཡོན་ནམ་ཡང་ན་ཕ་རྒྱུད་ལ་ལག་གཡས། མ་རྒྱུད་ལ་གཡོན་གྱིས་བགྲང་བར་གསུངས་པས། གཡོན་པས་རྡོ་རྗེ་ཅན་གྱི་དངོས། །ཞེས་གསུངས་ལ། རྡོ་རྗེ་རྩེ་མོ་ལས། ལག་པ་གཡོན་པས་ཕྱག་རྒྱ་བཅིངས། །གཡས་པས་ཕྲེང་བ་དང་ལྡན་བྱ། །ཞེས་གསུངས་པས། རྣལ་འབྱོར་རྒྱུད་ལ་ལག་གཡོན་སོ་སོའི་ཕྱག་རྒྱ་བཅས་ལ། གཡས་ཀྱིས་བགྲང་བར་བཤད། ལས་དང་མཐུན་པའི་སོར་མོའི་སྟེང་དུ་བཞག་ལ། ཞི་རྒྱས་དབང་སོགས་ལ་ནང་དུ་དང་། ཟློག་བསད་བསྐད་པ་ལ་ཕྱིར་བཅད། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་པ་གུང་མོར་བསྒོམ་པར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །ཐ་མ་ལ་ནི་མངོན་སྤྱོད་བྱ། །ཞེས་དང་། གཤེད་


CMR024_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དམར་རྒྱུད་ལས། མཛུབ་མོའི་སྟེང་ནས་ཞི་བ་ལ། །གུང་མོ་ལ་ནི་རྒྱས་པ་འོ། །དབང་འགུགས་ལ་ནི་མིང་མེད་ཀྱི། །ཆད་པས་བཅད་པ་མཐེ་འུ་ཆུང་། །ཞེས་གསུངས་པ་རྒྱུན་དུ་མ་འཕྲོད་ཀྱང་། དང་པོ་ཕྲེང་བ་བྱིན་གྱིས་བརླབས་པར་བྱས་ནས་གང་ཡིན་མགོ་བཙུགས་དུས་རྟེན་འབྲེལ་ཡིན་པས་ངེས་པར་དེ་ལྟར་བྱའོ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ལས། །དངོས་གྲུབ་ལས་ནི་འགུགས་པར་བྱ། །ཞེས་པས་ཚུར་བགྲང་ན་མཐེ་བོང་རྡོ་རྗེ་ལྕགས་ཀྱུས་དངོས་གྲུབ་འགུགས་པ་དང་། ཕར་བགྲང་བས་མཐེ་བོང་སྤུ་གྲིའམ་གསེར་གྱི་སྟ་གྲིས་བདུད་དང་དགྲའི་མགོ་བཅད་པར་བསམས་པས་མདོ་འཛིན་མི་འགོང་བར་ཚུར་ལོག་སྟེ་བགྲང་སྟེ་སྐོར་བ་བྱེད་པའི་ཚུལ་ཡིན་ནོ། །དེ་ལྟར་ཕྲེང་བ་དེ་ཉིད་མི་ཤེས་པ་ཡང་འགྲུབ་དཀའ་བ་སྟེ། སམ་བྷུ་ཏྲིར་། དེ་ཉིད་མེད་པའི་རྣལ་འབྱོར་པས། །དེ་ཉིད་མེད་པའི་སྔགས་ཟློས་དང་། །རྡོ་རྗེ་དྲིལ་བུའི་དེ་ཉིད་མེད། །ཕྱག་རྒྱ་དེ་ཉིད་སྐྱེ་མི་འགྱུར། །ཞེས་གསུངས་སོ། །དེ་ནས་གྲངས་ཅི་ཙམ་བཟླས་པ་ནི། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལས། གྲངས་ནི་བྱེ་བ་གཅིག་གིས་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །ཛ་ལེན་དྷ་རའི་རྒྱ་


CMR024_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས། རྩ་བའི་བསྙེན་པ་གྲངས་ཀྱི་བསྙེན་པ་འབུམ་ཕྲག་གསུམ། ཞེས་དང་། བསོད་ནམས་སེང་གེས་མཛད་པའི་རྒྱལ་བ་རྒྱ་མཚོའི་ཟིན་བྲིས་ལས། གྲངས་ཀྱི་བསྙེན་པ་འབུམ་ཕྲག་བཅུ་སྟེ། དང་པོ་ཡི་གེ་བཅུ་པ་དང་། དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་དང་། གོམས་ནས་དངོས་གྲུབ་བསྒྲུབ་པའི་ཤམ་བུ་དང་བཅས་ཏེ། ཞེས་གསུངས་ལ། ཀརྨ་པཀྵིའི་རང་བྱུང་ཡི་གེ་ལྔ་ལས། འབུམ་ཚོ་བརྒྱ་ལ་སོགས་པའི་འབུམ་ཚོ་གཅིག་བཟླས་ཀྱང་འགྲུབ་རྟགས་རབ་འབྲིང་ཐ་མ་སྣ་ཚོགས་མི་འབྱུང་མི་སྲིད་པའོ། །ཞེས་དང་མི་ཏྲི་གསང་སྒྲུབ་གཏེར་མར། གསང་སྔགས་རྒྱལ་པོ་བྱེ་བ་བཅོ་ལྔས་འགྲུབ། །ཅེས་དང་། གསང་འདུས་ཞུས་ལེན་ལས། སྙིགས་མ་རྩོད་ལྡན་གྱི་དུས་འདིར་བྱེ་བ་ཕྲག་གསུམ་དང་འབུམ་ཕྲག་བཞི་ཡིས་བསྙེན་པ་རྫོགས་པའོ། །ཞེས་དང་། རབ་ལ་བདུན་འབུམ་ཉི་ཁྲིས་འགྲུབ། །འབྲིང་ལ་བྱེ་བ་གཅིག་དང་འབུམ་གྱིས་འགྲུབ། །ཐ་མ་བྱེ་བ་ལྔ་དང་འབུམ་གྱིས་འགྲུབ། །གསུངས་སོ། །མི་ཏྲ་གསང་སྒྲུབ་གཏེར་མ་ལས། གསང་སྔགས་རྒྱལ་པོ་བྱེ་བ་བཅོ་ལྔས་འགྲུབ། མི་ཏྲ་གསང་སྒྲུབ་བཀའ་མ་ལས་ཀྱང་། གྲངས་ཀྱི་བསྙེན་


CMR024_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུམ་ཚོ་བཅུ་གསུམ་གྱིས་འགྲུབ་སྟེ། ལྷ་དང་མཁའ་འགྲོས་ལུང་བསྟན་འབྱུང་བར་འགྱུར་རོ། །ཞེས་དང་། ཐུགས་རྗེ་ཆེན་པོ་གསང་འདུས་གསང་སྒྲུབ་ལས། གྲངས་ཀྱི་བསྙེན་པ་བདུན་འབུམ་འགྲུབ། །བྱིན་རླབས་ཕྱིར་མི་ལྡོག་པ་སྟེ། །ས་ཡང་རིག་པ་འཛིན་པས་ཐོབ། །ཅེས་དང་། ཡང་གསང་བླ་མེད་ཕྲིན་ལས་བཞི་སྒྲུབ་ལས། འབུམ་ཚོ་བཅུ་བཞིའི་བཟླ་བའོ། །ཞེས་དང་། ཡང་གསང་བླ་མེད་ལས། གྲངས་ཀྱི་བསྙེན་པ་བྱེ་བ་བཅོ་ལྔ་བགྲང་བས། ཞེས་དང་། གསང་འདུས་སྐྱེ་བདུན་སྒྲུབ་ཐབས་ལས། དེ་ལྟར་ཡིག་དྲུག་དུང་ཕྱུར་རམ། །བྱེ་བ་བདུན་འབུམ་ཞེས་གསུངས་ཏེ། །ཡི་གེ་བཅུ་པ་འབྲུ་འབུམ་ལ། །བཞི་འགྱུར་བཟླས་པ་ནི་གྲངས་བསྙེན་དུ་ངེས་སོ། །སྦ་ལྕག་མའི་རྒྱ་གཞུང་ལས། དེ་ལྟར་ཞག་བདུན་ཉེར་གཅིག་སོགས། །ཟླ་གསུམ་ཟླ་དྲུག་ལ་སོགས་པས། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །ཅེས་གསུངས་སོ། །དུས་ཀྱི་བསྙེན་པ་ནི། རྒྱལ་བ་རྒྱ་མཚོའི་ཡིག་རྙིང་གྲུབ་པའི་རྒྱལ་མོའི་གསུངས་ལས། ཚོགས་འཁོར་དང་སློབ་དཔོན་ཡོན་གྱིས་མཉེས་ནས་ཞག་བདུན་བསྒྲུབ་ཀྱང་ཕྲིན་ལས་དུས་གསུམ་སངས་རྒྱས་དང་མཉམ་པར་འགྱུར་རོ། །


CMR024_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཞག་བདུན་གྱིས་དངོས་གྲུབ་འགྲུབ་པར་བྱེད་པ་ཅེས་གསུངས་ལ། གསང་འདུས་ཡང་གསང་སྒྲུབ་ཐབས་ལས། ཞག་གི་བསྙེན་པ་བདུན་ཉེར་གཅིག །ཡང་ན་ལོ་ཟླའི་བར་དུ་བསྒྲུབ། །ཅེས་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རྒྱལ་བ་རྒྱ་མཚོ་བུམ་ཆུའི་བསྒྲུབ་པ་ལས། ཞག་གྲངས་གསུམ་ལྔ་བདུན་ཉེར་གཅིག །ཅེས་གསུངས་སོ་། བསོད་ནམས་སེང་གེས་མཛད་པའི་རྒྱལ་བ་རྒྱ་མཚོའི་ཟིན་བྲིས་ལས། དུས་ཀྱི་བསྙེན་པ་ཟླ་བ་དྲུག །ཅེས་གསུངས་སོ། །མི་ཏྲའི་གསང་སྒྲུབ་བཀའ་མ་ལས་ཀྱང་། དུས་ཀྱི་བསྙེན་པ་ཟླ་བ་དྲུག་གིས་འགྲུབ་སྟེ། ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་ཞལ་མཐོང་བར་འགྱུར་རོ། །ཞེས་གསུངས་སོ། །ཡང་གསང་བླ་མེད་ལས། དུས་ཀྱི་བསྙེན་པ་ལོ་གསུམ་ཞེས་གསུངས་སོ། །དེ་ལྟར་རབ་ལོ་གསུམ། འབྲིང་ཟླ་བ་དྲུག །ཐ་མ་ཟླ་བ་གསུམ་དུས་ཀྱི་བསྙེན་པ་ཡིན་ལ། ཞག་བདུན་སོགས་ནི་བསྙེན་པའི་ཁ་གསོ་དང་སྒྲུབ་མཆོད་ལྟ་བུ་ལ་དགོངས་སོ། །གསུམ་པ་རྟགས་ནི། ཛ་ལེན་དྷ་རའི་རྒྱ་གཞུང་ཉིད་ལས། མཚན་མའི་བསྙེན་པ་ནི་ནམ་མཁའ་དང་ས་གཞི་འོད་དམར་པོས་གང་བ་དང་། མེ་ཏོག་དམར་པོ་འཐུ་བ་དང་། །


CMR024_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེ་ལ་ཞོན་ནས་རི་བོ་ཏ་ལར་ཕྱིན་པ་དང་། བུད་མེད་རྒྱན་གྱིས་བརྒྱན་ཞིང་མེ་ཏོག་བདག་ལ་གཏོར་ཞིང་མ་ཎིའི་དབྱངས་སྒྲོགས་པ་དང་། སྤྲིན་ལྡིང་བའི་ཐོག་ཏུ་འདུག་པ་དང་། དེ་བཞིན་གཤེགས་པའི་སྐུའི་མདུན་དུ་ཕྱིན་པ་ལ་སོགས་པ་དང་། རིན་པོ་ཆེའི་སྐས་ལ་འཛེགས་པ་ལ་སོགས་པ་རྨིས་ལྟས་བཟང་པོ་རྣམས་འབྱུང་བའོ། །ཞེས་གསུངས་ལ། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རྒྱལ་བ་རྒྱ་མཚོ་ལྷ་མང་ལས་བསྒྲུབས་པའི་རྟགས་ནི་ཕྱི་རྟགས་སུ་ལུས་བདེ་ཁམས་དྭངས་རིག་པ་དྭངས་བ། གཏོར་མ་ཁོལ་བ། ནང་རྟགས་སུ་ཉམས་དང་རྨི་ལམ་དུ་བུད་མེད་ཀྱི་ཚོགས་འདུ་བ། བདག་ལ་བསྐོར་བ་དང་མཆོད་པ་བྱེད་པ་གྱེན་ལ་འགྲོ་བ། གནམ་ལ་འཕུར་བ། རྒྱན་ཐོགས་པ། ཆུ་བོ་བརྒལ་བ། ཉི་ཟླ་ཤར་བ། གསང་ཚིག་སྨྲ་བ་དང་། མེ་ཏོག་དམར་པོ་འཐུ་བ་ལ་སོགས་པ་དཔག་མེད་འབྱུང་ངོ་། །བྱུང་ཡང་དགག་བསྒྲུབ་མི་བྱ་མཉམ་ཉིད་དུ་བཞག །ཅེས་དང་། བསོད་ནམས་སེངྒེའི་རྒྱལ་བ་རྒྱ་མཚོའི་ཟིན་བྲིས་ལས། མཚན་མའི་བསྙེན་པ་ནི། ཡི་དམ་ལྷའི་ཞལ་མཐོང་བ་དང་། ལུང་སྟོན་པ་ལ་སོགས་མ་ཐོབ་ཀྱི་བར་དུ་འབད་དེ་བསྒྲུབ་བོ་གསུངས། །སྦ་ལྕག་མའི་རྒྱ་གཞུང་


CMR024_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལྟས་དང་ཆོ་འཕྲུལ་མཁའ་འགྲོའི་རྟགས། །དངོས་གྲུབ་མཚན་མ་ལ་སོགས་པ། །བཟང་ངན་བྱེ་བྲག་ཅི་ལྟར་ཡང་། །གང་ལ་དགའ་དང་མི་དགའ་བའི། །མཚན་མར་འཛིན་པ་མི་བྱའོ། །ཞེས་དང་། དེའི་དོན་འགྲེལ་དྷརྨཱ་ཤྲཱི་བྷ་དྲས་མཛད་པ་ལས། དངོས་དང་ཉམས་དང་རྨི་ལམ་གྱི། རྟགས་དང་མཚན་མ་མཆོག་ཏུ་འགྲུབ་པ་མཐོང་བར་འགྱུར་ཏེ། ཞེས་གསུངས་ཤིང་། སྲོང་བཙན་གྱི་རྒྱལ་བ་རྒྱ་མཚོ་ལས། ལུས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པས་འགྲོ་བ་མི་ཐམས་ཅད་འདུས་ཏེ་མོས་གུས་བྱེད། ངག་ཐུགས་རྗེ་ཆེན་པོའི་གསུང་འགྲུབ་སྟེ་བཀའ་ཉན་ཞིང་རྩི་སྨྲས་ཆོས་སུ་འགྲོ། སེམས་ཐུགས་རྗེ་ཆེན་པོའི་ཐུགས་སུ་འགྲུབ་པས་ཆོས་ཀྱི་དགོངས་པ་གཏིང་ནས་རྟོགས་ཏེ་བྱིན་རླབས་ཀྱི་གཞན་དོན་འགྲུབ་ཅིང་བསྟན་དགོངས་པ་རང་གྲོལ་ཅེས་གསུངས་སོ། །མི་ཏྲ་གསང་སྒྲུབ་བཀའ་མ་ལས་རྟགས་ཀྱི་བསྙེན་པ་རབ་དངོས་སུ་གོང་ལྟར་ཞལ་མཐོང་ཞིང་ལུང་བསྟན་ལ་སོགས་པ་འབྱུང་ངོ་། །འབྲིང་ཉམས་སུ་སྒྲ་དང་དྲི་དང་འོད་ལུས་ལ་བདེ་བ་འབར་བ་དང་། ངག་ལ་ནུས་པ་འབར་བ་དང་། སེམས་ལ་རྟོགས་པ་འབར་བ་ལ་སོགས་པ་འབྱུང་ངོ་། །ཐ་མ་རྨི་ལམ་དུ་ཉི་མ་ཤར་


CMR024_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཤར་ནས་འདུག་པ་དང་། སྣང་བ་ལ་འཛིན་པ་ཆུང་བ་དང་། སྣང་བ་སྒྱུ་མར་མཐོང་བ་དང་། བུད་མེད་ཀྱི་ཚོགས་མང་པོས་བདག་ལ་བཀུར་སྟི་བྱེད་པ་དང་། ནམ་མཁའ་ལ་འགྲོ་བ་དང་། རླུང་གིས་ཁྱེར་བ་དང་། རི་ལ་འཛེགས་པ་དང་། ཁྲུས་བྱེད་པ་དང་། ཆས་གོས་གསར་པ་གྱོན་པ་དང་། མེ་ཏོག་འཐུ་བ་དང་། རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་། བདག་གིས་མི་མང་པོ་ལ་ཆོས་བཤད་པ་དང་། ཆོས་སྟོན་པ་དང་། མཆོད་རྟེན་ལ་འཛེགས་པ་དང་། རིན་པོ་ཆེའི་ཁྲི་ལ་འཛེགས་ནས་འདུག་པ་དང་། གཏེར་གྱི་བང་མཛོད་རྙེད་པ་དང་། རྙེད་ནས་སྒོ་ཕྱེས་ནས་ཟས་ནོར་གོས་དར་མང་པོ་རྙེད་ནས་ཁྱེར་བ་དང་། དངོས་སུ་ཡང་བུད་མེད་ཀྱི་ཚོགས་ཀྱིས་ཟས་གོས་སྟེར་བ་དང་། གཞན་གྱིས་བདག་ལ་ཕྱག་དང་སྐོར་བ་བྱེད་ཅིང་རོལ་མོ་བཀྲོལ་ནས་ནམ་མཁའ་ལ་འགྲོ་བ་དང་། བུད་མེད་རྒྱན་ཅན་མང་པོ་འདུ་བ་དང་། དེ་ཡང་དགའ་བ་དང་། འཛུམ་པ་དང་། རྒོད་པ་དང་། ཟས་ཡིད་དུ་འོང་བ་བྱིན་པ་དང་། གར་བྱེད་པ་དང་། ཌཱ་མ་རུའི་སྒྲ་གྲག་པ་དང་། བསུ་བ་བྱེད་པ་དང་། རྒྱུན་བཟང་པོ་བཙུགས་པ་དང་། བུད་མེད་ཀྱིས་ནུ་ཞོ་བླུད་པ་དང་། ནུས་པ་


CMR024_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས་ན་ཤིན་ཏུ་བཟང་ངོ་། །དེ་ལྟར་རྟགས་དང་མཚན་མ་བཟང་པོ་ཅི་བྱུང་ཡང་ཤིན་ཏུ་གསང་བ་གལ་ཆེ་བ་ཡིན་ནོ། །དེ་ཡང་ཕོ་མོ་འདྲེས་མར་བྱུང་ན་བར་ཆད་སྟོན་པ་ཡིན་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་གདབ། ཕོ་ཉི་ཚེ་བྱུང་ན་རྒྱལ་པོས་བར་དུ་གཅོད་པ་ཡིན་པས་བསྐྲད་པར་བྱའོ། །མོ་ཉི་ཚེ་བྱུང་ན་དངོས་གྲུབ་ཉེ་བ་ཡིན་ནོ། །དེ་ཡང་ངུ་བ་དང་། བྲང་བརྡུང་བ་དང་། ཆས་གོས་ངན་པ་གྱོན་པ་དང་། སྤྲང་མོ་བྱུང་ན་དམ་ཚིག་ལ་ཆག་ཉམས་ཡོད་པས་བཤགས་པ་བྱའོ། །བཤགས་པ་དང་བསྐང་བ་བརྒྱ་རྩ་བརྒྱད་བྱའོ། །ཀློག་དང་ཆུ་གཏོར་མང་དུ་བྱའོ། །དུས་རྟག་ཏུ་ཤེས་པ་བདེ་ཉམས་དགའ་བ་དང་། རྨི་ལམ་རྣོ་ན་བཟང་ངོ་། །དེ་ལྟར་བྱུང་ན་སྔགས་ཀྱི་ཤམ་བུར་བསྒྱུར། །ཞེས་གསུངས་སོ། །མི་ཏྲ་གསང་སྒྲུབ་རྒྱ་གཞུང་གཏེར་མ་ལས། རྟག་ཏུ་མཚན་མ་ཡ་མཚན་བརྗོད་ལས་འདས། །རབ་འབྲིང་ཐ་མ་དབང་པོའི་ཡུལ་དུ་སྤྱད། །ཅེས་དང་། ཡང་གསང་བླ་མེད་ལས། ཚད་ཀྱི་བསྙེན་པ་མཐར་ཕྱིན་ན། རབ་མཁའ་སྤྱོད་དུ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་བུདྡྷཱའོ། །འབྲིང་འབྱུང་བ་ལྔ་ལ་དབང་འབྱོར་ཐོབ་ནས་སྤྲུལ་བསྒྱུར་ཐུབ་པའོ། །ཐ་མ་ཡང་འཕགས་པ་


CMR024_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞལ་མི་གཉིས་པར་མངོན་སུམ་དུ་མཇལ་བ་དང་། ཆོས་ཀྱི་སྒྲ་ཐོས་ཤིང་འོད་གསལ་འབྱོངས་བའོ། །ཞེས་གསུངས་པ་དེ་དག་བྱེ་བྲག་ཐུགས་རྗེ་ཆེན་པོ་བླ་མེད་ལུགས་ཀྱི་རྟགས་མཚན་ཡིན་ལ། སྤྱིར་སྔགས་བཟླས་བརྗོད་བྱས་པའི་རྟགས་མཚན་ནི། དཔུང་པ་བཟང་པོས་ཞུས་པའི་རྒྱུད་ལས། དེ་ལྟར་བཟླས་པས་གསང་སྔགས་ཉེ་གྱུར་ན། །མཚན་མོ་ཉལ་བའི་རྨི་ལམ་འདི་དག་མཐོང་། །ཁང་བཟང་ལྗོན་ཤིང་བྲམ་ཟེ་སེང་གེ་རྟ། །རི་བོ་ཤིང་རྟ་སྣར་ལྡན་སྤྲིན་དང་རླུང་། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་ལ། །རྨི་ལམ་ལ་ནི་དགའ་བས་ཞོན་པ་དང་། །མེ་ཏོག་ཕྲེང་བ་དྲི་དང་གོས་རྣམས་དང་། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་དང་། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང་། །ཤིང་རྟ་གང་བ་བ་བཞོན་བེའུ་ཕྲུག་ཅན། །གདུགས་དཀར་བསིལ་གཡབ་ལྷམ་དང་རལ་གྲི་དང་། །རྔ་ཡབ་གསེར་ཡུ་ཅན་དང་ཕྲེང་བ་དང་། །ནོར་བུ་མུ་ཏིག་ཉ་ཕྱིས་དུང་དང་དངུལ། །བུད་མེད་གཟུགས་བཟང་བ་དང་བུ་མོ་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་བརྒྱན། །ལམ་སྟན་དཀར་པོ་བཏིང་བ་རྙེད་པ་དང་། །ཐོ་རངས་ཁར་ནི་ཆུ་བོ་ཆུ་ཀླུང་དང་། །འབབ་ཆུ་རྒྱ་མཚོ་དང་ནི་


CMR024_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྫིང་བུ་དང་། །ལུ་མ་དང་ནི་འཐུང་ངམ་རྒྱལ་རྨི་དང་། །ཡང་ན་ཁྲག་གིས་ལུས་ལ་ཁྲུས་བྱེད་པའམ། །ལྷ་ཁང་མཆོད་རྟེན་འདུག་ནས་རྒྱལ་བའི་གཟུགས། །བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མའི། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་། །མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་། །མི་དང་མི་མཆོག་ཕྱུག་ཅིང་འབྱོར་བའི་བུ། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང་། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་བདག་དང་། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་། །ས་ཡི་ནང་འགྲོ་ས་བོན་ཀུན་འཐུང་དང་། །མེ་ལ་ལྗི་ཞིང་ཤ་ནི་ཟ་བ་དང་། །ལུས་ཀྱི་ནང་དུ་བུད་མེད་ཞུགས་པ་མཐོང་། །རྨི་ལམ་བཟང་པོ་འདི་དག་མཐོང་བ་གང་། །དེ་ནི་རིང་པོར་མི་ཐོག་འགྲུབ་པར་འགྱུར། །ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་། །སྐད་ཅིག་གིས་ཀྱང་ཕྱི་ཕྱིར་ཉེ་བར་འགྱུར། །ཞེས་སོགས་རྨིས་རྟགས་གལ་ཆེ་སྟེ། ལེགས་པར་གྲུབ་པའི་རྒྱུད་ལས། རྨི་ལམ་ནང་ན་དངོས་གྲུབ་མཐོང་། །དེ་ལ་ཡང་ནི་དངོས་གྲུབ་ཡོད། །ཅེས་གསུངས་ཤིང་། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་ལས། རྒྱ་མཚོ་ལས་བརྒལ་བ་


CMR024_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞོན་ནུ་མ་དང་འཕྲོད་པ་རྨི་བ་དང་། མར་མེའི་རྩེ་མོ་འཕེལ་ཞིང་དྲི་ཞིམ་པ་སྣ་ཚོགས་བྲོ་བ་དང་། སངས་རྒྱས་བྱང་སེམས་མཐོང་བ་གྲུབ་རྟགས་སུ་གསུངས་ལ། མཆུ་དང་སོ་ལ་རབ་བཀྲ་བའི། །གལ་ཏེ་འོད་ཟེར་མཐོང་བ་ནི། །དེ་ཚེ་འགྲུབ་པར་རྣམ་པར་ཤེས། །ཞེས་གསུངས་ཤིང་། དཔལ་ལྡན་གསང་བ་འདུས་པའི་རྒྱུད་ལས་ཀྱང་རྨི་ལམ་དུ་ཁྱི་དང་གདོལ་པ་མཐོང་ན་འགྲུབ་དཀའ་བ་དང་། བུད་མེད་རྒྱན་ལྡན་མཐོང་ན་ཐུན་མོང་དང་། སངས་རྒྱས་བྱང་སེམས་མཐོང་ངམ་བླ་མ་དང་སངས་རྒྱས་ཀྱིས་དབང་བསྐུར་བ་སོགས་རྨིས་ན་མཆོག་འགྲུབ། འགྲུབ་ཚུལ་རྒྱ་ཆེར་གསུངས་ཤིང་། གསང་སྔགས་བླ་མེད་སྤྱི་འགྲུབ་པའི་མཚན་རྟགས་ནི། རྒྱུད་ཀྱི་རྒྱལ་པོ་སཾ་བྷུ་ཏྲི་ལས། དེ་ནས་གང་གིས་ཚེ་རིག་པའི་སྐྱེས་བུར་གྲུབ་པ་དེའི་ཆེ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོ་བར་འགྱུར་རོ། ཡིད་དུ་འོང་བའི་སྒྲ་གྲག་ལ། ཕྱོགས་ཐམས་ཅད་དུ་འོད་ཆེན་པོ་དང་། བསྐལ་པའི་མེ་ལྟ་བུ་འབྱུང་ཞིང་། བདུད་ཀྱི་གནས་ཐམས་ཅད་དུ་ཆ་ལང་ལྟ་བུའི་སྒྲ་གྲགས་པས། སྐར་མདའ་གཏོང་ཞིང་རྒྱ་མཚོ་ཆེན་པོ་འཁྲུག་པ་དང་། རྡོ་རྗེའི་ཆར་འབབ་པ་དང་། ཕྱག་


CMR024_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་སྙིང་པོ་ཅན་གྱི་ཡེ་ཤེས་ཀྱི་མེ་འབར་བས་བསྐྱིངས་ཤིང་ཁམས་གསུམ་སྣང་བར་མཛད་དེ། ཚངས་པ་དང་། ཁྱབ་འཇུག་དང་། ཆུ་ལྷ་དང་། བརྒྱ་བྱིན་དང་། །དྲག་པོ་དང་། སྨིན་དྲུག་དང་། མེ་དང་། ཉི་མ་དང་། ཟླ་བ་དང་། གནོད་སྦྱིན་གྲུབ་པ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རིག་འཛིན་དང་མཚོ་སྨན་ལ་སོགས་པ་དང་། གཞན་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དེར་ལྷགས་ཏེ། མེ་ཏོག་ཀུན་ཏུ་འཐོར་ཞིང་གླིང་བུ་དང་། པི་ཝང་དང་། ཀུ་མུ་ཏ་དང་། ཛེང་དང་ཟངས་ཀྱིས་བུད་པ་དང་། ས་ཏ་ཧ་དང་། རྫ་རྔ་ལ་སོགས་པའི་སྒྲ་རྣམས་ཀྱིས་ནམ་མཁའ་ལ་གནས་ཤིང་མཆོད་ཅིང་འཚོ་བའི་སྨན་དང་། རིག་འཛིན་ལ་སོགས་པའི་བུ་མོ་རྣམས་ཀྱིས་གླུ་ལེན་ཅིང་གར་བྱེད་ལ། མིའམ་ཅི་དང་གནོད་སྦྱིན་ལ་སོགས་དགའ་མགུར་རྩེ་ཞིང་རྒྱས་པར་འགྱུར་རོ། །ཞེས་སྒྲ་འབྱིན་ཏོ། དེ་ནས་ལྷ་རྣམས་ནམ་མཁའ་ལ་གནས་ཏེ་ལེགས་པར་འབྱིན་པར་བྱེད་ལ། གང་དགའ་ལྡན་ན་གནས་པའི་ལྷ་རྣམས་དང་། འོག་མིན་གྱི་མཐར་ཐུག་པའི་ལྷ་རྣམས་འོང་ནས་ཕྱག་འཚལ་ཞིང་གུས་པའི་ཚུལ་དུ་མེ་ཏོག་དང་བདུག་པ་དང་། དྲི་སྣ་


CMR024_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆར་འབེབས་ཏེ་མདོར་ན་སྒྲུབ་པ་པོའི་བསོད་ནམས་ཀྱིས་ཁམས་གསུམ་ན་ཡོད་པའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་མཚན་མ་འབྱུང་བར་བྱེད་པ་ལ་སེམས་མ་ཡེངས་པ་དང་སྔགས་དག་པ་གལ་ཆེ་བ་སྟེ། སློབ་དཔོན་དབྱིག་གཉེན་གྱིས། བཟླས་བརྗོད་དང་ནི་དཀའ་ཐུབ་དག །ཡུན་རིང་དུས་སུ་བསྐྱེད་བྱས་ཀྱང་། །སེམས་གཞན་གཡེང་བ་བྱས་པ་ཡིས། །དེ་ཉིད་འབྲས་བུ་དོན་མེད་འགྱུར། །ཞེས་གསུངས་སོ། །དཔུང་བཟང་གིས་ཞུས་པ་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེན་མི་འབྱུང་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེང་བཞིན་མིན། །གུག་ཀྱེད་ཀླད་ཀོར་ཚོགས་རྣམས་ཉམས་པར་མིན། །ཞེས་དང་། ཇི་ལྟར་༈ རལ་གྲིའི་སོ་ལ་འཛིན་པའི་མི། །ལེགས་པར་མ་བཟུང་ལག་པ་ཆོད་པ་ལྟར། །དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན། །འབྲས་བུ་མེད་པར་བྱེད་ཅིང་ཕུང་བར་འགྱུར། །ཞེས་གསུངས་པས་དག་པ་གལ་ཆེའོ། །ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཕྱེད་དུ་ཀློག་པར་བྱེད། །ཅེས་གསུངས་པའི་ཕྱིར། ཨོཾ་ཨཱཿཧཱུྃ་ཧྲིཨོཾ་ཧཱུྃ་རྣམས་ཤིན་ཏུ་རིང་པོ་


CMR024_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མིག་འབྱེད་འཛུམ་གསུམ་རེའི་ཡུན་ལ་ཡི་གེ་རེ་རེ་ཀློག་ལ། མ་ཎི་པད་གསུམ་ཐུང་ངུ་སྟེ་མིག་འཛུམ་གཅིག་རེའི་ཡུན་ལ་རེ་རེ་ཀློག་ཅིང་། མེ་ནི་རིང་པོའི་ཡི་གེ་སྟེ་མིག་འཛུམ་གཉིས་ཀྱི་ཡུན་ལ་ཀློག་དགོས་ཏེ། རྗེ་རྒྱལ་དབང་བཅུ་པས་ཡི་གེ་དྲུག་པའི་སྒོམ་བཟླས་ཀྱི་ལུང་གནང་དུས་ཀྱང་རིང་ཐུང་གི་ཁྱད་པར་དེ་ལྟར་མཛད་ནས་ལན་གསུམ་གསུངས་པའང་ཐོས་སོ། །སྔགས་རིང་གཉིས་ལ་ཡང་དེས་འགྲེས་ཏེ། འ་འདོགས་ན་རོ་ཡོད་པ་ཤིན་ཏུ་རིང་པོའོ། འགྲེང་བུ་ཡོད་པ་རིང་པོའོ། །དེ་མན་རྣམས་ཐུང་ངུ་ཤེས་པར་བྱའོ། །དེ་ལྟར་བཟླས་བརྗོད་བྱས་པའི་དགོས་པ་ནི། གཉིས་ཏེ་སྤྱི་དང་བྱེ་བྲག་གོ །དང་པོ་སྤྱིར་བཟླས་བརྗོད་བྱས་པའི་ཕན་ཡོན་ནི། དཔུང་བཟང་གིས་ཞུས་པར། ཇི་ལྟར་ཆུ་ཀླུང་ཉིན་པ། མཚན་རྟག་ཏུ་ནི། །རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས། །བསོད་ནམས་ལུས་ཅན་ལ་ནི་འཕེལ་བར་འགྱུར། །ཚེ་རབས་གཞན་དུ་གང་དང་གང་བྱས་པའི། །སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱངས། །བཟླས་པས་སྡིག་པ་མ་ལུས་བྱང་བར་འགྱུར། །དང་བ་ཡིད་ཀྱིས་དངོས་གྲུབ་ཐོབ་པར་


CMR024_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་དང་། དངོས་གྲུབ་ཉེ་ན་བཟླས་པ་དགའ་བ་དང་། །སེམས་ནི་སྡིག་པ་ནམ་ཡང་མི་དགའ་འགྱུར། །བཀྲེས་སྐོམ་ཚ་གྲང་རླུང་དང་ངལ་བ་དང་། །སྡུག་བསྔལ་དྲག་པོ་ཉན་ཀྱང་ཡང་མི་འགྱུར། །སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག་སྦྱར་དང་། །སྡིག་སྤྲུལ་རྐང་བརྒྱད་པ་དང་སྦྲུལ་དང་འདྲེ། །ཤ་ཟ་སྲུལ་པོ་རྣམས་ཀྱང་དེ་དག་གིས། །ལུས་དང་གྲིབ་མ་ལ་ཡང་མི་འགོང་ངོ་། །ཚིག་ནི་བཟུང་བར་འོས་ཤིང་ཡིད་གཞུངས་ལ། །སྙན་ངག་དག་ནི་བྲི་བ་རྣམས་ལ་མཁས། །ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང་། །ལུས་ཀྱི་ནད་དང་དྲི་མ་མེད་པར་འགྱུར། །སྐྱེ་བོ་མཐོང་ངམ་ཐོས་པར་གྱུར་ཀྱང་རུང་། །མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར། །བུད་མེད་འདོད་ལྷའི་མདངས་འཕྲོག་པ་རྣམས་ཀྱིས། །འདོད་པའི་ལོངས་སྤྱོད་ཕྱིར་ནི་འབོད་པར་འགྱུར། །གང་ཚེ་མཁའ་ལས་ལྷ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་ཡི་བུ་མོའམ་ལུས་དང་སྒྲ། །མིས་ནི་དག་པའི་ཡིད་ཀྱིས་མཐོང་ཐོས་ན། །དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། །ཞེས་གསུངས་པ་ལྟར་བཟླས་བརྗོད་ལ་ཡོན་ཏན་མཐའ་ཡས་པ་འབྱུང་བ་ཡིན་ལ། ཁྱད་པར་བསྔགས་པའི་ཡི་གེ་དྲུག་པ་བཟླས་པའི་ཡོན་


CMR024_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ནི། ཡི་གེ་དྲུག་པའི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཕགས་པའི་ཡི་གེ་དྲུག་པ་ཤེས་རབ་ཀྱི་རམ་བུ་འདི་ཡིད་ལ་བྱས་ཏེ་རིག་སྔགས་འདི་བཟླས་བརྗོད་བྱས་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །གདོན་གྱིས་མི་ཚུགས་པར་འགྱུར། དེ་དག་ཐམས་ཅད་ཞི་བར་འགྱུར། མཚམས་མ་མཆིས་པའི་སྡིག་པ་ཐམས་ཅད་བྱང་བར་འགྱུར། ཚེ་རིང་ཞིང་ལོངས་སྤྱོད་འཕེལ་བར་འགྱུར། གདོན་ཐམས་ཅད་ལས་ཐར་བར་འགྱུར། འཕགས་པའི་ཡི་གེ་དྲུག་མའི་རིག་སྔགས་འདིས། བསྲུང་བ་རྒྱུ་དང་ཡོངས་སུ་སྐྱོང་བ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་རོ། །ཞེས་གསུངས་ཏེ་འདི་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་ཕན་ཡོན་ལུང་དུ་དྲང་བ་ནས་བསྡུས་པ་ཡིན་ཏེ། ད་ལྟ་མདོ་མང་ཕལ་ཆེར་ན་ཡོད་པའི་ཡི་གེ་དྲུག་པའི་མདོ་ནི། ཐུགས་རྗེ་ཆེན་པོ་མ་ཡིན་པར་གཞན་གཟུངས་སྔགས་ཤིག་བྱུང་སྟེ། ཡི་གེ་དྲུག་པའི་མདོ་རིགས་མི་གཅིག་པ་སོ་གཉིས་ཡོད་པར་སྣང་ངོ་། །ཉེ་སྲས་བརྒྱད་ལས་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་སོ་སོར་ཡོད་པའི་ནང་ནས། སྤྱན་རས་


CMR024_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་བརྗོད་བྱས་ན་ངན་སོང་དུ་མི་སྐྱེ་མནར་མེད་པར་མི་འགྲོའོ། །སུ་ཞིག་ནངས་པར་ལངས་ནས་བཟླས་སམ། འོན་ཏེ་བཟླས་བརྗོད་བྱས་ན། དེའི་ལུས་ལ་མཛེ་དང་ཤུ་བ་དང་གཡན་པ་དང་འབྲས་དང་བས་བལྡགས་དང་བློ་མན་པ་དང་། དབུགས་མི་བདེ་བ་དང་། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྐྱེས་སོ་ཚེཅོག་ཏུ་སྐྱེ་བ་དྲན་པརའགྱུར་རོ། །འཆི་བའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གར་སྐྱེས་གང་དུ་གནས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གཙུག་ལག་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཞེས་གསུངས་པ་དང་། ཟ་མ་ཏོག་བཀོད་པའི་མདོ་ལས། སངས་རྒྱས་དམར་པོ་མཆོག་གིས་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཡི་གེ་དྲུག་པའི་རིག་སྔགས་བཟླས་པར་བྱེད་ན་


CMR024_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་མི་ཟད་པར་འགྱུར་རོ། །ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་རོ། །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཉི་མ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །རིག་འཛིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔར་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །ཡི་གེ་དྲུག་པའི་རིག་སྔགས་འདི་བརྗོད་ཅིང་རྟག་ཏུ་བཟླས་བརྗོད་ལ་བརྩོན་པ་དེ་དག་གིས་ནི་བསོད་ནམས་དང་ལྡན་པ་ཡིན་ནོ། །དེ་དག་བཟླས་པ་བྱེད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་འདུ་བར་འགྱུར་རོ། །རིགས་ཀྱི་བུ་དེའི་བ་སྤུ་ཁུང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་དག་བཞུགས་སོ། །བཞུགས་ནས་ཀྱང་རིགས་ཀྱི་བུ་ཁྱོད་ལ་འདི་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རྙེད་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱི་རིགས་བདུན་ཐར་བར་བྱས་པ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་ལྟོ་བ་ན་སྲོག་ཆགས་གནས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ། །ལེགས་སོ་བྱ་བ་བྱིན་


CMR024_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ཞེས་གསུངས་པ་དང་། ཟ་མ་ཏོག་བཀོད་པ་ལས། ཡུལ་འཁོར་མོ་འཇིག་གི་ཆོས་སྨྲ་བས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་ལ་གསུངས་པ། རིགས་ཀྱི་བུ་ཡི་གེ་དྲུག་པ་ལན་གཅིག་བཟླས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། ཟ་མ་ཏོག་བཀོད་པ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། རིགས་ཀྱི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ལན་གཅིག་བཟླས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། ཡི་གེ་དྲུག་པ་ལན་གཅིག་བཟུང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ། ན་བཟའ་དང་བཤོས་དང་མོལ་སྟན་དང་ན་བའི་རྐྱེན་སྨན་དང་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་པར་འགྱུར་རོ། །ཞེས་གསུངས་སོ། །ཟ་མ་ཏོག་བཀོད་པའི་མདོ་སྡེ་ཆེན་པོ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། གང་དག་ཕ་


CMR024_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་བུད་མེད་ལ་ཆགས་ནས་འདོད་ལོག་སྤྱོད་པ་དང་། སྲོག་གཅོད་པའི་ལས་དང་། ཕ་མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་སློང་མར་སུན་ཕྱུང་བ་དང་། མཆོད་རྟེན་བཤིག་པ་དང་། གཙུག་ལག་ཁང་བཤིག་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མཚམས་མེད་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཟ་མ་ཏོག་བཀོད་པའི་ཡི་གེ་དྲུག་པ་འདིས་རྩ་བ་ནས་འདག་པར་བྱེད་དོ། །ཞེས་གསུངས་ཏེ་མདོར་ན་ཚེ་འདིའི་ནད་གདོན་ཞི་ཞིང་སྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་དང་། ཤེས་རབ་འཕེལ་བ་སྡིག་སྒྲིབ་བྱང་བ་དང་། ཚོགས་རྫོགས་པ་ཞིང་ཁམས་དག་ཕར་སྐྱེ་བ་དང་། མྱུར་དུ་འཚང་རྒྱ་བ་ལ་སོགས་པ་ཕན་ཡོན་རྒྱ་ཆེན་པོ་གསུངས་ཤིང་། །ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས། ཕྱི་ལྟར་ཡི་གེ་དྲུག །ནང་ལྟར་ཡི་གེ་བཅུ། གསང་བ་ཡིག་བདུན་ཏེ། དྭིསྦྱར་བར་གསུངས་ནས། འཇིག་རྟེན་སེམས་ཅན་སྲོག་བཏོན་པའི་། །བསོད་ནམས་འཕགས་པས་བགྲང་བར་ནུས། །ཡིག་བདུན་ལན་གཅིག་བཟླས་པ་ཡི། །ཡོན་ཏན་བརྗོད་པར་ག་ལ་ནུས། །ཁམས་གསུམ་སེམས་ཅན་མ་ལུས་པ། །


CMR024_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སར་བཀོད་ཡོན་ཏན་ནི། །བགྲང་བར་ནུས་ཀྱི་ཡི་གེ་བདུན། །གཅིག་བརྗོད་ཡོན་ཏན་བགྲང་མི་ནུས། །རྒྱལ་བ་ནམ་མཁའ་གང་བ་ལ། །མཆོད་པ་ཕུལ་བའི་བསོད་ནམས་ཚོགས། །བགྲང་བར་ནུས་ཀྱི་ཡིག་བདུན་པ། །གཅིག་བརྗོད་ཡོན་ཏན་བགྲང་མི་ནུས། །ཡིག་བདུན་དབང་ལུང་ཐོབ་པའི་མིས། །ལས་དང་ལས་ཀྱི་རྣམ་སྨིན་རུང་། །མི་དགེ་བཅུ་དང་མཚམས་མེད་ལྔ། །དུས་འདི་ཉིད་ལ་བྱང་བར་བྱེད། །ཡོང་སྙིང་ཡིད་ལ་སུས་བྱེད་ཚེ། །ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར། །བར་ཆད་སེལ་ཞིང་འགྲོ་བ་འདུལ། །ཡང་སྙིང་མཐོང་ཐོས་དྲན་རེག་རུང་། །སྒོམ་བཟླས་འབྲི་འཆང་བསྟན་པ་རྣམས། །ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །ཅེས་གསུངས་སོ། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས་ཀྱང་། ཡིག་དྲུག་ཡིག་བཅུ་དང་ཡིག་བདུན་གསུམ་ཀ་ཕྱི་ནང་གསང་གསུམ་གྱི་སྔགས་སུ་གསུངས་ནས། འཇིག་རྟེན་སེམས་ཅན་སྲོག་བཏོན་པའི། །བསོད་ནམས་འཕགས་པས་བགྲང་ནུས་ཀྱི། །ཡིག་བདུན་ལན་གཅིག་བརྗོད་པ་ཡི། །ཡོན་ཏན་བརྗོད་པར་ག་ལ་ནུས། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །


CMR024_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སར་བཀོད་ཡོན་ཏན་རྣམས། །བགྲང་བར་ནུས་ཀྱི་ཡིག་བདུན་པ། །གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས། །རྒྱལ་བ་ནམ་མཁའ་གང་བ་ལ། །མཆོད་པ་ཕུལ་བའི་བསོད་ནམས་ཚོགས། །བགྲང་བར་ནུས་ཀྱི་ཡིག་བདུན་པ། །གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས། །ཞེས་དང་། ཡང་སྙིང་ཡིད་ལ་སུས་བྱེད་ཚེ། །ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར། །བར་ཆད་བགེགས་ཞི་འགྲོ་བ་འདུལ། །སྣང་སྲིད་འཁོར་འདས་དབང་དུ་འགྱུར། །ཡང་སྙིང་མཐོང་ཐོས་དྲན་རེག་རུང་། །སྒོམ་བཟླས་འབྲི་འཆང་སྟོན་པ་རྣམས་། །ཡོན་ཏན་ལྡན་ཞིང་གིར་སྐྱེས་ཀྱང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །ཅེས་གསུངས་པས། ཁྱད་པར་དུ་ཡང་ཕ་བླ་ན་མེད་པ་པདྨ་རྒྱལ་པོའི་རྒྱུད་ཆེན་པོ་ལས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཡི་གེ་དྲུག་པ་ལ་འདུས་པར་བཤད་དེ། ཐོག་མར་དགེ་བ་ཨོ་ཡིན་ནོ། །ཡེ་ཤེས་ལྔ་ལྡན་སྐུལ་བར་བྱེད། །བར་དུ་དགེ་བ་མ་ཡིན་ནོ། །བྱམས་པ་ཆེན་པོས་སྐུལ་བར་བྱེད། །ཐ་མར་དགེ་བ་ཎི་ཡིན་ནོ། །ཐུགས་རྗེ་ཆེན་པོ་སྐུལ་བར་བྱེད། །དོན་བཟང་ཡིག་འབྲུ་པད་ཡིན་ནོ། །ལོག་ལྟ་ཐེ་ཚོམ་མ་ལུས་གཅོད། །ཚིག་


CMR024_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཟང་པོ་མེ་ཡིན་ནོ། །བློ་གྲོས་ཕན་ཡོན་སྐྱེད་པར་བྱེད། །ཡོངས་སུ་རྫོགས་པ་ཧཱུཾ་ཡིན་ནོ། །རྡོ་རྗེའི་ཚིག་ལ་འདའ་མི་ནུས། །གསལ་བའི་ཡིག་འབྲུ་སཱ་ཡིན་ནོ། །ཐེག་པའི་གོ་བྷཡང་འབྱེད་པར་བྱེད། །མ་འདྲེས་ཡིག་འབྲུ་ཧ་ལས་བྱུང་། །ཡན་ལག་དྲུག་ཅུ་གཞན་ལ་མེད། །ཅེས་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཾ་མ་ཎི་པདྨེ་ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་འདི་ལ་ནི། །ཐེ་ཚོམ་མེད་པར་བརྩོན་པར་གྱིས། །རྒྱ་མཚོའི་ནང་གི་རིན་ཆེན་བཞིན། །ཨོཾ་མ་ཎི་པདྨེ་ཧཱུྃ། ཐེབ་གཅིག་མོས་པས་བརྗོད་པ་ནི། །སེམས་ཅན་དམྱལ་བའི་ནད་ལས་ཐར། །ཐེབ་གཉིས་བརྗོད་པས་ཡི་དྭགས་ཀྱི། །འགྲོ་བའི་སྒོ་ཡང་འགག་པར་འགྱུར། །གསུམ་བརྗོད་དུད་འགྲོའི་འགྲོ་བ་འགག །འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་། །འདི་དང་མི་འབྲལ་གཙང་མར་གནས། །ཟས་དང་གོས་དང་བཏུང་བ་ཡང་། །འདི་དག་དྲན་པས་ཉེས་པ་མེད། །འབྲས་ཀྱི་ཕུབ་མའི་གསེབ་ནས་ནི། །སྙིང་པོ་འབྲས་བུ་ལེན་པ་ཡིན། །དཔག་བསམ་ཤིང་གི་སྡོང་པོ་ལས། །མེ་ཏོག་ལེན་པ་ལྟ་བུ་ཡིན། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་མེ་ལྷ་གཤིན་


CMR024_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་། །ཚངས་པ་བརྒྱ་བྱིན་གྲུམ་བུམ་དང་། །ཕྱི་དང་ནང་གི་འཚེ་བ་ཀུན། །སྔགས་ཀྱི་རྒྱལ་པོ་བགྲངས་བས་ཞི། །ཡོན་ཏན་བགྲང་ལས་འདས་པ་ནི། །འཕགས་པས་བགྲང་བར་མི་ནུས་སོ། །ཞེས་གསུངས་པ་དང་། པདྨ་ཟབ་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཆོས་བྱེད་རྣམས་ལ་ལོངས་སྤྱོད་ཀྱི་གཏེར་ཆེན་པོ་དང་འཕྲད་པར་འགྱུར་རོ། །སེམས་ཅན་འོན་པ་རྣམས་ཀྱི་རྣ་བས་སྒྲ་ཐོས་པར་འགྱུར་རོ། །ལོང་བ་རྣམས་ཀྱི་མིག་རྙེད་པ་དང་། སྨོན་པ་རྣམས་ཀྱི་དྲན་པ་རྙེད་པ་དང་གཞོན་པ་དང་སྐྱེད་མོས་ཚལ་དང་སྐྱབས་ལ་སོགས་པའི་དོན་ཐམས་ཅད་རྙེད་པར་འགྱུར་རོ། །ཞེས་པ་དང་། ཟ་མ་ཏོག་བཀོད་པའི་མན་ངག་གིས་མཛད་པའི་ཡི་གེ་དྲུག་པའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་ལས། ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་འབུམ་བཟླའོ། །དེ་ནས་གཉིས་པ་དང་གསུམ་པས་སྡིག་པ་དག་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པས་ཀྱང་བྱེ་བར་བཟླས་པས་དངོས་གྲུབ་ཏུ་འགྱུར་རོ། །ཞེས་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་ལས། རྒྱུན་


CMR024_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡི་གེ་དྲུག་པ་བགྲང་ལ་གསོལ་བ་ཐོབ་ཅིག །ཇི་ལྟར་བསམ་པ་ལྟར་འགྲུབ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ནོ། །ཞེས་དང་། ངག་ལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་པས་སྙིང་པོ་འགྲུབ་པས་ཕྱི་གདོན་བགེགས་ཐུལ་བའི་ནུས་པ་ནམ་མཁའ་ལས་ཐོག་བབ་པ་ལྟ་བུའོ། །བར་ན་ཚ་འཇོམས་པ་བ་མོ་ལ་ཉི་མ་བྱུང་བ་ལྟ་བུའོ། །ཞེས་དང་། ཚེ་འདི་ལ་ཐུན་མོང་གི་དངོས་གྲུབ་འབྱུང་བ་ཡི་གེ་དྲུག་པ་འདི་ཡིན་ནོ། ཕྱི་མ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་ཏེ་བྲི་བར་མི་ལོང་། ཁྱད་པར་དུས་ཕྱིས་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་མ་ཐུགས་རྗེ་ཆེན་པོའི་སྒྲུབ་བསྐོར་ལས། རྒྱལ་པོ་སྲོང་བཙན་སྒམ་པོའི་གསུངས་ལས། ཁ་བ་ཅན་གྱི་ཡུལ་དབུས་སུ། །སྐྱེས་པའི་དལ་འབྱོར་མི་ལུས་ཐོབ་པ་ཀུན། །ཡོན་ཏན་སློབ་ལ་རྩོལ་བ་མ་ཞེན་པར། །ཡིག་དྲུག་རྒྱུན་དུ་ཟློས་ཤིག་བོད་འབངས་ཀུན། །བདག་གིས་ཁྱེད་ལ་འདི་སྐད་འདོམ་བྱེད་པ། །རྙེད་ཕྱིར་མ་ཡིན་གྲགས་པའི་ཕྱིར་མ་ཡིན། །སྙིང་རྗེའི་ཀུན་ནས་བསླང་བའི་ཚིག་ཡིན་པས། །གུས་པས་ཡིད་ལ་ཟུངས་ཤིག་བོད་འབངས་ཀུན། །ཞེས་དང་། ཇི་ལྟར་ཡིད་བཞིན་


CMR024_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ལ། །གསོལ་བ་བཏབ་ན་ཅི་ཡང་འབྱུང་། །དེ་བས་མ་ཎི་ཡོན་ཏན་འཕེལ། །སྐལ་ལྡན་ཀུན་གྱི་མ་ཎི་པདྨེ་བགྲོངས། །ཨོཾ་མ་ཎི་པདྨེ་ཧཱུཾ། །བར་སྣང་སྦྱང་ཆར་ཟིམ་བུ་ལ། །བགྲངས་ན་གྲངས་ཀྱིས་ཆོད་པར་འགྱུར། །མ་ཎི་ཡོན་ཏན་ཆོད་མི་འགྱུར། །སྐལ་ལྡན་ཀུན་གྱིས་མ་ཎི་པདྨེ་བགྲོངས། །ཨོཾ་མ་ཎི་པདྨེ་ཧཱུྃ། གླིང་བཞི་རི་རབ་བཅས་པ་ཡང་། །སྲང་ལ་གཞལ་ན་ཆོད་པར་འགྱུར། །མ་ཎི་ཡོན་ཏན་ཆོད་མི་འགྱུར། །སྐལ་ལྡན་ཀུན་གྱིས་མ་ཎི་པདྨེ་བགྲོངས། །ཨོཾ་མ་ཎི་པདྨེ་ཧཱུྃ། གླིང་བཞི་འབྲས་བུ་ཕུང་པོ་ལ། །བགྲངས་བས་གྲངས་ཀྱིས་ཆོད་པར་འགྱུར། །མ་ཎི་ཡོན་ཏན་ཆོད་མི་འགྱུར། །སྐལ་ལྡན་ཀུན་གྱིས་མ་ཎི་པདྨེ་བགྲོངས། །ཨོཾ་མ་ཎི་པདྨེ་ཧཱུཾ། ཕྱི་ཡི་རྒྱ་མཚོ་ཆེན་པོ་ལ། །ཐེག་པ་བགྲངས་ན་གྲངས་ཀྱིས་ཆོད། །མ་ཎི་ཡོན་ཏན་ཆོད་མི་འགྱུར། །སྐལ་ལྡན་ཀུན་གྱིས་མ་ཎི་པདྨེ་བགྲོངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སོགས་དང་། སྙིང་པོ་མ་ཎི་པདྨེ་འདིས། །མི་བསླུ་མི་བསླུ་བསླུ་མི་འགྱུར། །སྔར་ཡང་སངས་རྒྱས་འདས་པའི་ཤུལ། །ད་ལྟའི་སངས་རྒྱས་བཞུགས་པའི་ས། །མ་འོངས་སངས་རྒྱས་འབྱུང་བའི་ལམ། །དུས་


CMR024_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སངས་རྒྱས་འདི་ལ་བྱུང་། །སྐལ་ལྡན་ཀུན་གྱིས་མ་ཎི་པདྨེ་བགྲོངས། །ཨོཾ་མ་ཎི་པདྨེ་ཧཱུཾ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་བཀའ་ཐང་སངས་རྒྱས་གླིང་པའི་གཏེར་མ་ལས། ཡི་གེ་དྲུག་གིས་རིགས་དྲུག་གི་གཡང་ས་བཅད་ནས་རིགས་དྲུག་གི་གནས་སྟོང་པར་བྱེད་ཚུལ་རྒྱས་པར་གསུངས་ཤིང་། དེ་ལྟར་འགྲོ་བ་རིགས་དྲུག་གི་གནས་སྟོང་པར་བྱས་ནས། འཁོར་བ་མཐའ་དག་ནི་སངས་རྒྱས་ཀྱི་ཞིང་དུ་འདྲེན་པར་བྱེད་པའི་ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་འབྲུ་དྲུག་པ་ཡིན་ནོ། །བོད་ཀྱི་ལྷ་སྲས་རྣམས་ཉོན་ཅིག །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་། ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡིན་པས་དུས་རྒྱུན་པར་འདི་བགྲོངས་ཤིག །ཅེས་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་རིང་བསྲེལ་གྱིས་བཀང་བའི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་དུ་བྱས་ཏེ་དེ་དག་ལ་མཆོད་པ་རྒྱུན་མི་འཆད་པར་བྱས་པའི་བསོད་ནམས་ཚད་བཟུང་བར་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཚད་བཟུང་བར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་


CMR024_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་འཚོགས་པ་དེ་དག་ལ་སྤོས་དང་མར་མེ་དང་བྱུག་པ་དང་ཞབས་བསིལ་ལ་སོགས་པའི་མཆོད་པ་རྒྱུན་མི་འཆད་པར་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི་ཡི་གེ་དྲུག་པ་ལན་གཅིག་བགྲང་བའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་དྲུག་པ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཡིན་པས་ཞག་རེ་ལ་བརྒྱུ་རེ་བཟླས་ན་ངན་སོང་དུ་མི་སྐྱེ་བར་ཕྱི་མ་མི་ལུས་ཐོབ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་མཇལ་བར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་རེ་རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར། ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ། །ཞག་རེ་ལ་ལན་བདུན་བཟླས་བརྗོད་བྱས་པས་སྡིག་པ་ཐམས་ཅད་ཟད་པར་འགྱུར་རོ། །སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །ཚེ་རབས་གང་དང་གང་དུ་སྐྱེས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བ་འདི་ཉིད་ལ་སངས་རྒྱས་པར་འགྱུར་རོ། །མི་གང་དག་ནད་ཀྱིས་ཟིན་པ་ལ་འཇིག་རྟེན་གྱི་རྐྱེན་ངན་བཟློག་པ་དང་རིམ་


CMR024_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་ཅི་བྱས་པ་བས་ཡི་གེ་དྲུག་པ་འདི་རྐྱེན་བཟློག་ཆེའོ། །སྨན་དཔྱད་རིམ་གྲོ་ཅི་བྱས་པ་བས་ཡི་གེ་དྲུག་པ་ཕན་སྟོབས་ཆེའོ། །ཞེས་དང་། དེས་ན་ཕྱི་རབས་རྗེ་འབངས་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་ཟུངས་ཤིག །ཡི་གེ་དྲུག་པ་ཟློས་ཤིག །ངན་སོང་དུ་འགྲོ་བའི་དོགས་པ་མེད་དོ། །བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས། དད་གུས་དང་མོས་པས་གསོལ་བ་ཐོབ་ཅིག །བྱིན་རླབས་དངོས་སུ་འབྱུང་བས་ཡིད་གཉིས་དང་ཐེ་ཚོམ་མ་བྱེད་ཅིག །ཆོས་འདི་ལས་ཟབ་པ་འབྱུང་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་འབྱུང་བར་མ་གསུངས་ཏེ། ཨོ་རྒྱན་པདྨ་འབྱུང་གནས་བདག་གིས་ཀྱང་མ་གསུངས་མི་ཤེས་སོ། །ཞེས་གསུངས། གཞན་ཡང་བཀའ་ཆེམས་རིགས་མི་འདྲ་བ་དུ་མ་དང་། ཟ་མ་ཏོག་ཆེ་ཆུང་སོགས་ནས་ཡི་གེ་དྲུག་པའི་ཕན་ཡོན་མཐའ་ཡས་པར་གསུངས་པས་བྲི་བར་མི་ལོང་དེ་དག་ཏུ་བལྟའོ། །དེ་ལྟར་བསྙེན་པའི་འོག །གཏོར་བསྔོས་གོང་འདིར་དུས་མཆོད་ཚེས་བཅུ་དགུ་གཏོར་སྐབས་སུ་དཀྱིལ་འཁོར་མང་པོ་དང་ལྷ་མང་པོ་འདོན་པའམ། བདེ་གཤེགས་གཅིག་གི་དཀྱིལ་འཁོར་དུ། །བདེ་གཤེགས་ཀུན་གྱི་ཕྲིན་ལས་བྱ། །བདེ་གཤེགས་གཅིག་བསྒྲུབ་ཀུན་གྱི་ངང་། །ཞེས་ཨོ་


CMR024_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རིན་པོ་ཆེས་སྒྲུབ་ཆེན་རྣམས་སུ་གསུངས་པས། ལྷ་དགུའི་མདུན་བསྐྱེད་དང་། ལྷ་ལྔའི་བདག་མདུན་སྐབས་སུ་ཇི་ལྟར་བྱ་ཚུལ་དེ་དག་གི་སྐབས་སུ་ཤེས་ལ། འདིར་ལྷ་དགུ་བདག་བསྐྱེད་རྐྱང་པས་ཡི་དམ་གྱི་ཁོག་ཕུབ་ནས་རྩ་བའི་ཡི་དམ་དུ་བྱས་ནས་གཞན་ཡི་དམ་ཆོས་སྐྱོང་མང་པོ་ཡང་འདོན་པ་དེ་དག་ཅི་ལྟར་བསྒོམ་ཞེ་ན། སྤྱིར་བྱ་སྤྱོད་རྣལ་འབྱོར་རྒྱུད་ལ་ལྷ་གཅིག་གི་བདག་བསྐྱེད་དེ་མ་གཤེགས་བར་དུ་བདག་བསྐྱེད་གཞན་བསྒོམ་མི་རུང་བར་འདོད་ལ། བླ་མེད་ཀྱི་བསྐྱེད་རིམ་རྩལ་སྦྱངས་བའི་སྐབས་སུ། སྣ་ཚོགས་ནོར་བུ་ཇི་བཞིན་ཤེས་པ་ལྟར། ངོ་བོ་རང་གི་རྩ་བའི་ཡི་དམ་དེ་ཉིད་ཡིན་པ་ལ། རྣམ་པ་ཡི་དམ་སྣ་ཚོགས་པའི་སྐུར་སྐད་ཅིག་ལ་གནས་བསྒྱུར་རུང་བར་བཤད་ཅིང་། སྤྱིའི་ལུགས་བླ་མེད་ཐམས་ཅད་ཀྱང་བདག་བསྐྱེད་པ་ཚར་ནས་རྫོགས་རིམ་བསྒོམ་སྟེ། ཟུང་འཇུག་གི་སྐུར་མ་ལང་པའི་ཐ་མལ་པའི་ལུས་ཀྱིས་ལྷ་གཞན་གྱི་ཆོ་ག་ལ་འཇུག་པར་བྱེད་པ་མང་མོད། འོན་ཀྱང་དེ་བྱས་ན་དང་པོ་རྩ་བའི་ཡི་དམ་དེའི་ཁོག་ཕུབ་པར་མི་འགྱུར་བར། འཇུག་ཏུ་ཚོགས་གཏོར་བསྐོང་བ་སོགས་བྱེད་དུས་ནས་རྩ་བའི་ཡི་དམ་གྱི་དཀྱིལ་འཁོར་མེད་པར་འགྱུར་བས་ཅུང་ཟད་མི་


CMR024_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ། །དེས་ན་ལྷ་དགུའི་བདག་བསྐྱེད་དཀྱིལ་འཁོར་བྷེ་བསྙེན་པ་བྱས། རྫོགས་རིམ་དུ་མི་བསྡུ་བར་རང་ཉིད་གཙོ་བོའི་ཐུགས་ཀ་ནས་རང་ཐ་མལ་པའི་ལུས་གཅིག་ཏུ་སྤྲུལ་ནས་དཀྱིལ་འཁོར་གཞལ་ཡས་ཁང་ཕྱིའི་ཁྱམས། པདྨའི་ར་བའི་ནང་དུ་སོང་སྟེ་ཡི་དམ་སོ་སོའི་བདག་བསྐྱེད་དུ་བསྒོམ་ཐམས་ཅད་རིམ་པར་བསྒོམ་སྟེ། དེ་དང་དེའི་བདག་བསྐྱེད་ཀྱི་ང་རྒྱལ་ཡང་བཟུང་ནས། བསྒོམ་ལུགས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་ལ་གཙོ་བོ་བྱས། དེ་ལ་འཁོར་གྱི་དཀྱིལ་འཁོར་ཆུང་ངུ་མང་པོས་བསྐོར་བའི་ཚུལ་དུ་བསྒོམ་སྟེ། ལྷོ་སྨད་ལྷོ་ནུབ་ནུབ་བྱང་བྱང་སྟོད་རྣམས་སུ་བདག་བསྐྱེད་ཐམས་ཅད་ཞལ་དབུས་སུ་ཐུགས་རྗེ་ཆེན་པོ་ལ་གཟིགས་པའི་ཚུལ་དུ་བསྒོམ། བྱང་སྨད་བྱང་ཤར་ཤར་ལྷོ་ལྷོ་སྟོད་རྣམས་སུ་མདུན་བསྐྱེད་ཡི་དམ་རྣམས་དང་། ཆོས་སྐྱོང་རྣམས་ཞལ་གཙོ་བོ་ཐུགས་རྗེ་ཆེན་པོ་ལ་གྲུ་བར་བསྒོམ། དེ་ཡང་བདག་བསྐྱེད་གཙོ་བོ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཆེན་པོར་རྡོ་ར་མེ་རི་རྡོ་རྗེའི་ར་བ་ཟླུམ་པོ་དང་། གུར་ཐབས་མཆོད་རྟེན་དབྱིབས། མེ་རི་དུམ་བུ་གཅིག་སྟེ་གོ་སྐབས་མེད་པའི་ནང་དུ་ཐམས་ཅད་ཚུད་པ་ལ། དཀྱིལ་འཁོར་ཆུང་ངུ་རྣམས་ཀྱི་རྡོ་ར་དང་མེ་རི་ནི་ལྕགས་རིའི་རྣམ་


CMR024_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་ཧ་ཅང་མི་མཐོ་བ་རེ་བསྒོམ། བྱང་ཤར་གྱི་དུར་ཁྲོད་དུ་ཕྱག་བཞི་པ། ཤར་ལྷོའི་དུར་ཁྲོད་ཕྱག་དྲུག་པ། བྱང་དུ་རྣམ་ཐོས་སྲས་སོགས། རྩ་བ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་དུར་ཁྲོད་བརྒྱད་རྣམས་སུ་ཆོས་སྐྱོང་རང་རང་གང་དུ་གནས་པའི་དུར་ཁྲོད་དེ་དང་དེར་གཏོར་མགྲོན་གྱི་ཆོས་སྐྱོང་རྣམས་བྷེ་ཡང་ལེགས་ལ། གོང་ལྟར་མདུན་ངོས་ཀྱི་བར་ཁྱམས་སུ་བསྒོམ་པ་གང་འདོད་ཡིན། འོ་ན་དེ་ལྟ་བུའི་མན་ངག་གང་ལས་བཤད་ཅེ་ན། ཨོ་རྒྱན་རིན་པོ་ཆེས། ཕྱི་རོལ་བར་ཁྱམས་འཁོར་ཡུག་ལ། །བདག་སྐྱོབས་ལྷ་དང་རིག་འཛིན་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས། །གླུ་ལེན་གར་བྱེད་རོལ་མོ་དཀྲོལ། །འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་གཏིབས། །ཕྲིན་ལས་བསྒྲུབ་ཅིང་བར་ཆད་སེལ། །ཞེས་གསུངས་སོ། །བདེ་གཤེགས་གཅིག་གི་དཀྱིལ་འཁོར་དུ། །བདེ་གཤེགས་ཀུན་གྱི་ཕྲིན་ལས་བྱ། །ཟེར་བ་ཡང་དེས་འོང་སྟེ། ཕྲིན་ལས་ཟེར་བ་ནི་འདི་སྐབས་གསར་མའི་སྐད་ཆོ་ག་དང་། རྙིང་མའི་སྐད་ལས་བྱང་ཟེར་བ་ལ། ཕྲིན་ལས་གཞུང་བསྲང་བ་ཡང་ཟེར་ཏེ། ལྷ་སོ་སོའི་འདོན་ཆ་རྣམས་ཡིན་ནོ། །དེ་ལྟར་བྱས་པས་བླ་མེད་གསར་རྙིང་གི་ཡི་དམ་ཆོས་


CMR024_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་དུ་མའི་མངོན་རྟོགས་མཆོད་ཕྲེང་བྱས་ལ། ཚོགས་དང་སྤྱི་བསྐང་རྗེས་ཆོག་སོགས་རྩ་བའི་ཡི་དམ་རྒྱལ་བ་རྒྱ་མཚོ་ལྟར་བྱས་ཤིང་། གཏོར་བསྔོས་ཡང་དེའི་ལུགས་ལ་ལྷ་མགྲོན་ཐབས་སུ་བསྐྱེད་པ་དེ་དག་སྔགས་བསྔོས་རེ་བྱས་པས། ལྷ་ཐམས་ཅད་ཀྱི་ཚོགས་དང་བསྐང་བ་གཏོར་བསྔོས་རྗེས་ཆོག་ཚང་བར་འགྱུར་བ་སོ་སོར་མི་དགོས་ལྡོག་དྲིལ་བའི་མན་ངག་གོ །བླ་མེད་ལ་དེ་ལྟར་རུང་བར་མ་ཟད། ཀུན་རིག་སྒྲོན་དཀར་སྨན་བླ་སོགས་ཀྱང་གོང་ལྟར་བསྒོམ་ལ། བར་སྐབས་སུ་བཏོན་ཀྱང་ཆོ་ག་བསྲེས་པའི་ཉེས་པ་མེད་ཅིང་། སོ་སོར་ཆ་ཚང་ཞིང་རུང་བར་འགྱུར་ལ། རྩ་བའི་ཐུགས་རྗེ་ཆེན་པོ་བསྡུ་མི་དགོས། མཇུག་ཉལ་ཁར་བསྔོ་སྨོན་བཀྲ་ཤིས་རྫོགས་རིམ་དུ་བསྡུ་བ་གཅིག་གིས་འཐུས་སོ། །དེ་ནས་གཏོར་བསྔོས་ཐུན་མཇུག་ཏུ་བྱ་སྟེ། དཔལ་ཛ་ལན་དྷ་རའི་རྒྱ་གཞུང་ཆེན་པོ་ལས། གཏོར་མ་བྱ་བ་ནི་སྣོད་གཙང་མའི་ནང་དུ་ཅི་འབྱོར་བའི་གཏོར་མ་མེ་རླུང་གིས་སྦྱོར་བ་དང་། ཡི་གེ་གསུམ་གྱི་ཤ་ལྔར་བདུད་རྩི་ལྔ་བྱིན་གྱིས་བརླབས་ལ་འབུལ། ཨོ་རྒྱན་རིན་པོ་ཆེས། ཡང་གསང་བླ་མེད་དང་རྒྱལ་བ་རྒྱ་མཚོ་ཐུན་མོང་གི་གཏོར་བསྔོས་ལས། ཐུགས་རྗེ་ཆེན་པོའི་གཏོར་མ་བྱེད་པར་འདོད་ན།།


CMR024_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣའམ་གང་རུང་གི་སྣོད་དུ། བཅུད་གང་ཡང་རུང་བ་བཙལ་ལ་སྟེགས་ཀྱི་ཁར་བཞག་ཅིང་། ཞེས་སོགས་ནས་བྱིན་བརླབ་བྱ་ཚུལ་སོགས་རྒྱས་པར་གསུངས་པ་དང་། མི་ཏྲ་གསང་སྒྲུབ་རྒྱ་གཞུང་ལས། ཐུན་མཚམས་མཆོད་དང་གཏོར་འབུལ་བསྟོད་པ་བྱ། ཞེས་དང་། གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴིསཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་གཏོར་མ་བྱེད་པར་འདོད་ན། བྱིན་རླབས་ཀྱི་རིམ་པ་ནི། རིན་པོ་ཆེའི་སྣོད་དམ་གང་ཡང་རུང་བའི་སྣོད་དུ་དཀར་དམར་གང་ཡང་རུང་བ་བཅུག་ལ། ཁྲིའམ་སྟེགས་ཀྱི་སྟེང་དུ་བཞག་པ་རང་གི་མདུན་དུ་བཅའ་ཞེས་སོགས་དང་། མི་ཏྲ་གསང་སྒྲུབ་ལས། ཐུགས་རྗེ་ཆེན་པོ་ལ་ནང་གི་གཏོར་མ་འབུལ་བ་ནི། སྣོད་ཀ་པཱ་ལར་བཅུད་ཤ་ལྔ་བདུད་རྩི་ལ་སོགས་པས་བཀང་ལ། ཞེས་དང་། རྗེ་དེ་བཞིན་གཤེགས་པས། དེ་ནས་བསོད་ནམས་ཀྱི་ཚོགས་འཕེལ་བ་དང་། བར་ཆད་ཞི་བའི་དོན་དུ་གཏོར་མ་འབུལ་བ་ནི། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ་ཅི་འབྱོར་བའི་གཏོར་མའི་རྫས་བཀོད་དེ། ཞེས་སོགས་རྒྱས་པར་གསུངས་པ་དང་། སྡོམ་འབྱུང་ལས། དབེན་པའི་ཕུག་ཏུ་རབ་ཞུགས་དེར། །མྱོས་བྱེད་གཏོར་མ་མཉམ་ལྡན་པས། །ལྷ་


CMR024_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི་མཆོད་པར་བྱ། །རང་གི་ལྷག་པའི་ལྷར་སྦྱར་བའི། །སྔགས་ནི་རྒྱུན་ཆད་མེད་པར་བཟླ། །ཞེས་དང་། དེ་ནས་གཏོར་མའི་དེ་ཉིད་ནི། །ཅི་བཞིན་གསལ་བར་རབ་ཏུ་བཤད། །དཀྱིལ་འཁོར་སྦྱིན་སྲེག་བཟླས་པ་དང་། །རབ་གནས་དང་ནི་ཞི་རྒྱས་དང་། །དབང་དང་བསྐད་དང་བསད་པ་དང་། །འབྱུང་པོ་གནོད་སྦྱིན་མོ་སྒྲུབ་དང་། །གནས་ཀྱི་སྒྲུབ་པའི་དུས་དག་ཏུ། །ལས་རྣམས་ཀུན་ལ་མཆོག་ཡིན་ནོ། །ཆང་དང་གཏོར་མ་མེད་པར་ནི། །ལས་རྣམས་མྱུར་དུ་འགྲུབ་མི་འགྱུར། །དེས་ན་གཏོར་མ་རབ་སྔགས་དེ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས་པ་དང་། །རྣལ་འབྱོར་མཱ་ཡཱ་ཀུན་ཏུ་སྤྱོད་པ་ལས། །སྔར་ནི་ཇི་ལྟར་བཤད་པ་བཞིན། །བསམ་གཏན་ཆོ་ག་རྒྱས་བྱས་ལ། །རང་འདོད་ལྷ་ལ་གཏོར་མ་ནི། །ཁྱད་པར་དུ་ཡང་སྦྱིན་པར་བྱ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ཀ་པཱ་ལ་ཡི་སྣོད་ནང་དུ། །ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ། །བདུད་རྩི་རྣམ་ལྔ་གཏོར་མ་རྒྱན། །ཞེས་གསུངས་སོ། །སཾ་བྷུ་ཊི་ལས། གཏོར་མའི་ལས་ཀྱི་ཆོ་ག་ནི། །ཉོན་ཅིག་རྡོ་རྗེ་རྒྱལ་པོ་འོད། །ཁྲུ་གང་པ་ཡི་ཚད་དུ་ནི། །དྲི་མ་དམར་པོའི་མཎྜལ་བྱ། །ཕྱི་རོལ་


CMR024_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཁྲུ་གསུམ་ཡིན། །ཤ་དང་ཉ་སོགས་བཟའ་བ་དང་། །ཆང་སོགས་འདོད་པའི་དགའ་བ་དང་། །ཨགྷི་མཆོད་པས་བསྙེན་བཀུར་བྱ། །གཡོན་དུ་མཆོད་རྫས་ཐམས་ཅད་དང་། །གཡས་སུ་ཆུ་ཡི་སྣོད་ཡིན་ནོ། །མདུན་དུ་ཨགྷའི་སྣོད་བཞག་ལ། །ཞེས་གཏོར་མ་བཤམས་པའི་སྟེགས་དང་མཆོད་པ་བཤམས་ལུགས་རྒྱས་པར་བཀའ་སྩལ་པ་ལྟར་རམ་གཏོར་སྟེགས་བཅའ་བའམ། ཡང་ན་ཇི་ལྟར་འོས་པའི་གཏོར་སྒྲོམ་སོགས་སུ་རབ་ལྷ་གྲངས། འབྲིང་ལྷ་ལྔའི་ལྔ་ཚོམ། ཐ་མ་རིན་ཆེན་འབར་བའམ། གཏོར་ཟླུམ་གཅིག་ལ་བསྟེན། ཡང་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་གང་འབྱོར་བཤམས་རུང་གི །གཏོར་མའི་དབྱིབས་ཀ་དཔེ་ལ་མ་བྱུང་ཡང་རུང་ལ། གཏོར་མ་བྱིན་གྱིས་བརླབ་པ་ནི། ནང་མཆོད་ལྟར་ཡིན་ན་འདིར་རྒྱས་པར་ན། ཧཱུྃ། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ན། །ཞེས་སོགས་གཏོར་མགྲོན་སྤྱན་འདྲེན་གདན་འབུལ་བྱའོ། །འབྲིང་དུ་ན་སྔགས་དང་ཕྱག་རྒྱས་སྤྱན་དྲངས་པ་སྟེ། སཾ་བྷུ་ཏྲི་ལས། རྐང་པས་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕོ་གྱི་སྒྲ་བསྒྲག་བྱ། །ཞེས་དང་། རྣལ་འབྱོར་མའི་ཀུན་སྤྱོད་ལས། རྐང་པས་མནན་ཅིང་སྟེང་དུ་


CMR024_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ། །གྱེན་དུ་ཕེ་གྱི་སྒྲ་བསྒྲག་ཅིང་། །ཞེས་དང་། སྡོམ་འབྱུང་ལས། མཛུབ་མོའི་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པར་རབ་ཏུ་སྦྱོར། །དེ་ནས་དཔྲལ་བའི་དབུས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐོར་བར་བྱ། །རྐང་པས་མནན་ཅིང་ཀུན་ཏུ་བལྟ། །གྱེན་དུ་ཕོ་གྱིས་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཞེས་གསུངས་པ་ལྟར། ལུས་ཙོག་པུར་རྐང་མཐིལ་གཡས་པས་གཡོན་པ་མནན། མཐེ་བོང་གཉིས་དང་མཛུབ་མོ་གཉིས་མདུད། གུང་མོ་གཉིས་རྩེ་སྦྱར། ལྷག་མ་འབར་བར་བྱས་པའི་ཆོས་འབྱུང་གི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་མིག་གྱེན་དུ་བལྟ་བས་ཕོ་ཞེས་བརྗོད་པ་ཙམ་གྱིས་དཔའ་བོ་ཌཱཀི་ཡེ་ཤེས་དང་ལས་ལ་གྲུབ་པ་ཐམས་ཅད་སྐད་ཅིག་ལ་འབྱོན་པར་བཤད། རྒྱལ་བ་རྒྱ་མཚོའི་ཟིན་བྲིས་མུ་ཏིག་ཕྲེང་བར། འབར་བའི་ཕྱག་རྒྱ་དང་བཅས་པས་ཕོ་གྱི་སྒྲས་གཏོར་མགྲོན་སྤྱན་འདྲེན། ཞེས་དང་། རྗེ་དེ་བཞིན་གཤེགས་པའི་རྒྱལ་བ་རྒྱ་མཚོ་ལྷ་དགུའི་ཆོ་ག་ལས། ལག་པ་ཆོས་འབྱུང་གི་ཕྱག་རྒྱ་བཅས་ལ་མིག་གྱེན་དུ་བལྟས་ལ། ངག་ཏུ།


CMR024_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨེ་ཨཱ་རལླི་ཧོ༔ ཛཧཱུྃ་བཾ་ཧོ༔ བུདྡྷ་ཌཱཀི་ནཱི། བཛྲ་ཌཱཀི་ནཱི། རཏྣ་ཊཱཀི་ནཱི། པདྨ་ཊཱཀི་ནཱི། ཀརྨ་ཊཱཀི་ནཱི། ས་མ་ཡ་ཧཱུཾ། དྲི་བྱ་ཧོ། ཕེ་ཕེ་ཕོ། ལན་གསུམ་བརྗོད་ནས། མདུན་གྱི་ནམ་མཁར་རྩ་བ་དང་བརྒྱུད་པའི་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བྱོན་ནས། ཞེས་གསུངས་སོ། །བསྡུས་པ་ནི་གཞུང་ན་ཡོད་པ་ལྟར་མདུན་གྱི་ནམ་མཁར་ལྷ་དགུའམ་ལྷ་ལྔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པོ་སྐད་ཅིག་ལ་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གསལ་གདབ་པས་ཆོག་སྟེ། གང་གིས་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་སོ། །འདི་ལྟར་ནམ་མཁར་སྤྱན་འདྲེན་པ་འདི་ནི་གཞུང་འདི་ཡི་དོན་དང་གཏོར་ཆོག་སྤྱིའི་ལུགས་ཡིན་ལ། དེ་ལས་གཞན་ཡང་རང་ཉིད་ལྷ་དགུའི་དཀྱིལ་འཁོར་དུ་གསལ་བའི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བདེ་བ་ཅན་དང་འོག་མིན་ནས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་སྤྱན་དྲངས་ནས་ཐིམ་པས། བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་དུར་ཁྲོད་བརྒྱད་


CMR024_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུས་སུ་ལྷ་དགུའི་དཀྱིལ་འཁོར་བརྒྱད་དུ་གྱུར་པ་ལ་མཆོད་པ་ནི་བདེ་མཆོག་ལུགས་མདུན་དུ་པདྨའི་སྡོང་པོ་མེ་ཏོག་སུམ་བརྩེགས་ཅན་གྱི་སྟེང་དུ་ཐུགས་ཀྱི་སྤྱན་རས་གཟིགས་སྔོན་པོ་ལ་ལྷ་བརྒྱད། བར་དུ་གསུང་གི་ཐུགས་རྗེ་ཆེན་པོ་དམར་པོ་ལ་ཕྱོགས་སྐྱོང་བརྒྱད། འོག་ཏུ་སྐུའི་ཐུགས་རྗེ་ཆེན་པོ་དཀར་པོ་ལ་ཀླུ་བརྒྱད་ཀྱིས་བསྐོར་བར་བསྐྱེད་ནས། རང་གི་འོད་ཟེར་གྱིས་ཁམས་གསུམ་པ་ཐམས་ཅད་བཀུག་ལ་ས་འོག་པ་ཐམས་ཅད་ཀླུ་བརྒྱད་ལ། ས་སྟེང་པ་ཐམས་ཅད་ཕྱོགས་སྐྱོང་ལ། ས་བླ་ཐམས་ཅད་ལྷ་བརྒྱད་ལ་བསྟིམས་ནས། དེ་ལྟར་འཁོར་ལོ་གསུམ་པོ་དེ་ལ་མཆོད་གཏོར་འབུལ་བ་ནི། དགྱེས་རྡོར་ལུགས། རང་ཉིད་ལྷ་དགུའི་གཞལ་ཡས་ཁང་གི་ཕྱི་པདྨའི་ར་བའི་ནང་གི་བར་ཁྱམས་དེར། བླ་མ་ཡི་དམ་དཔའ་བོ་ཌཱཀི་ཆོས་སྐྱོང་ཐམས་ཅད་བསྐྱེད་ཅིང་བསྐྱེད་བསྟིམས་བྱས་ལ་གཏོར་མ་མཆོད་པ་ཐམས་ཅད་འབུལ་བ་ནི། རྙིང་མའི་ལུགས་ཡིན་པས་དེ་དག་གང་བྱས་འགལ་བ་མེད་ཀྱང་གཞུང་གི་དེ་ལེགས་སོ། །གཞུང་གི་དེ་ཡང་དཀྱིལ་འཁོར་མ་བསྡུས་པར་ཐུན་གཤམ་དུ་བསྔོ་བ་འདི་རྙིང་མ་ལུགས་ཤས་ཆེ་ལ། ཐུན་བསྡུས་ནས་ཐུན་མཚམས་སུ་གཏོར་མ་བསྔོ་བ་གསར་མའི་ལུགས་ཤས་ཆེ་སྟེ།


CMR024_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཐུན་མཚམས་ཀྱི་རྣལ་འབྱོར་དུ་བགྲང་བའི་ཕྱིར་རོ། །གཏོར་མའི་ངོ་བོ་ནི་རྗེ་དེ་བཞིན་གཤེགས་པས་གཏོར་མའི་ཉེས་སྐྱོན་ཐམས་ཅད་དག་ནས་དཀར་ལ་དམར་བའི་མདངས་ཆགས་པ་རོ་བརྒྱ་དང་ལྡན་པར་བསམས་ལ། ཅི་ལྟར་འབུལ་བ་ནི། ཨོ་རྒྱན་རིན་པོ་ཆེས། ཡང་གསང་བླ་མེད་དུ་ལྷ་ཚོགས་ཀྱིས་ལྗགས་རྡོ་རྗེའི་སྦུ་གུ་ལྟ་བུ་ནས་གསོལ་བར་བསམས་ལ། ཐོག་མར་བརྒྱུད་པ་གསུམ་གྱི་བླ་མ་རྣམས་ལ་འབུལ། དེ་ནས་ཡི་དམ་ཞི་ཁྲོ་རབ་འབྱམས་དང་། ཡི་དམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་འབུལ་བ་ནི། རྩ་སྔགས་ཀྱི་མཐར། ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་ཕུལ་ནས། མཁའ་འགྲོ་ཆོས་སྐྱོང་སྤྱི་ལ་ཡང་ཟུར་བསྔོས་བྱའོ། །དེ་ནས་གསོལ་བ་བཏབ་བསྟོད་པ་བྱའོ། །ཞེས་དང་། མི་ཏྲ་གསང་སྒྲུབ་བཀའ་མ་ལས། པཱུ་ཙ་ལྔ་འབུལ་ལས། མ་ཧཱ་བྷ་ལིང་ཏ་སརྦ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྩ་བའི་སྔགས་ལ་བཏགས་ནས་ཕུལ་བ་། གཏོར་མགྲོན་རྣམས་ཤིན་ཏུ་དགྱེས་པའི་བསྟོད་པ་བྱ། འདོད་པའི་དོན་ལ་གསོལ་བ་བཏབ། ཅེས་དང་། དེ་བཞིན་གཤེགས་པས་མཛད་པའི་ཆོ་གར། ལྗགས་རྡོ་རྗེའི་སྦུ་


CMR024_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གུ་ཅན་གཏོར་མ་ལ་ཟུག་ནས་གསོལ་བར་བསམ། ཞེས་དང་། གྲུབ་ཆེན་ཀརྨ་པཀྵིའི་རྒྱལ་བ་རྒྱ་མཚོའི་གཏོར་མ་ལས། ལྗགས་ཉི་ཟེར་གྱི་ཚུལ་དུ་གཏོར་མ་ལ་ཟུག་ནས་གསོལ་བས་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་རྒྱས་པར་བསམས་ཤིང་། ཨོཾ་ཨཱཿཧཱུྃ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ། དྷ་མ་གྷ་ཡེ་ན་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་བརྗོད། བསྟོད་པ་བྱ་གསོལ་བ་གདབ། ཅེས་གསུངས་པས་གཏོར་མ་བདུད་རྩིའི་རྒྱ་མཚོ་ལ་ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་འོད་ཀྱི་སྦུ་གུ་ཟུག་ནས་བདུད་རྩི་སྦུ་གུ་ནས་དྲངས་ཏེ་གསོལ་བར་བསྒོམ་པ་དཔེར་ན་ཆང་ལ་སྒྲོ་མོ་བཙུགས་པ་ལྟ་བུའོ། །ཨོ་རྒྱན་རིན་པོ་ཆེས། བདུད་རྩིའི་རང་བཞིན་ཤ་ཁྲག་དམར་གྱིས་བརྒྱན་པ་ནམ་མཁའ་དང་མཉམ་པར་བྱིན་གྱིས་རླབས་པ་ཡང་། མདུན་གྱི་འདོད་པའི་ཡོན་ཏན་གྱི་ལྷ་མོ་མང་པོ་གཏོར་མ་ལས་བྱུང་ནས། རང་རང་གི་ཇི་ལྟར་འདོད་པ་ལྟར་མཆོད་པར་བསམ་མོ། །ཞེས་གསུངས་པ་ལྟར་ཏེ། རྟ་མཆོག་རོལ་པ་དབུགས་བདག་རྒྱུད་ལས་ཀྱང་། གང་འདོད་བདུད་རྩི་ཕུལ་བ་ཡིས། །མཉེས་ཤིང་ཐུགས་དམ་བསྐང་བར་བསམ། །ཞེས་དང་། སོ་སོའི་རང་སྔགས་དག་


CMR024_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྔོ། །དེ་ནས་གཏོར་མའི་རིམ་པའོ། །ཞེས་གསུངས་པ་དང་། གཏོར་མ་བདུད་རྩིའི་རྒྱ་མཚོ་ལས་རླངས་པ་ལས་མཆོད་པའི་ལྷ་མོ་གྲངས་མེད་པ་འཕྲོས་ཏེ། བདུད་རྩི་དེ་ཀཱ་པ་ལས་བཅུས་ནས། ལྷ་ཚོགས་ཐམས་ཅད་ཀྱི་ཞལ་དུ་སོ་སོར་བཏབ་པར་བསྒོམ་སྟེ། འཕྲལ་གཏོར་མ་གཤེགས་རྒྱུ་ཡིན་ན་གོང་མ་ལྟར་དང་། ཕུགས་གཏོར་རྒྱུན་དུ་འཇོག་རྒྱུ་ལ་འོག་མ་འདིར་བྱ་སྟེ། ཕུགས་གཏོར་ལ་འོད་ཀྱི་སྦུ་གུས་གསོལ་ནས། གཏོར་མགྲོན་འཁོར་རྣམས་མགྲོན་འཇིག་རྟེན་པས་གསོལ་བའི་ལྷག་མ་དེ་ཡེ་ཤེས་པ་ལ་བསྔོ་མི་རུང་བའི་ཕྱིར་རོ། །དེ་ཡང་གཏོར་མ་ལྷ་གྲངས་སོ་སོར་ཡོད་ན་འགལ་བ་མེད་དེ། ཡང་གཏོར་མ་དབང་སྐབས་སུ་གཏོར་མ་ལྷར་བསྐྱེད་ཚུལ་གསུངས་པ་ལྟར། གཏོར་སྣོད་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གཏོར་མའི་སྨད་ཆ་བདུད་རྩིའི་རྒྱ་མཚོ་ཆེན་པོའི་ནང་དུ་གཏོར་མ་པདྨའི་སྡོང་པོ་མེ་ཏོག་སུམ་བརྩེགས་གཡས་གཡོན་དུ་ཡལ་གའི་མེ་ཏོག་གཉིས་དང་ལྔ་ཚོམ་དང་ལྷ་ལྔ་བསྒོམ་ཞིང་། བདུད་རྩིའི་རྒྱ་མཚོ་ལ་མཆོད་པའི་ལྷ་མོ་དཔག་མེད་སྤྲོས་ནས་མཆོད་པར་བསམ་སྟེ། འདི་རྙིང་མ་ལུགས་ཀྱི་གཏོར་བསྐྱེད་ཅེས་བྱ་བ་ཡང་ཡིན་ཏེ། མདུན་བསྐྱེད་རྟེན་


CMR024_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཚོན་དང་རས་བྲིས་དཀྱིལ་འཁོར་ཞལ་ཐང་དང་ཚོམ་བུ་སོགས་མེད་ན་ཡང་གཏོར་མ་ལ་བརྟེན་ནས་མདུན་བསྐྱེད་འདོན་རུང་བའོ། །དེ་ལ་སྒྲུབ་གཏོར་རིན་ཆེན་འབར་བ་དང་། མཆོད་གཏོར་གཉིས་སོ་སོར་ཡོད་ན་ལེགས་ལ། མེད་ན་གཅིག་གི་སྟོད་སྨད་ལ་བསྒོམ་མོ། །དེ་ནས་བླ་མ་བརྒྱུད་པ་ལྷ་དགུ་ལྷ་ལྔ་གཉིས་ལ་བསྔོའོ། །གཞན་ཡང་ཕྱག་ཆེན་བརྒྱུད་པ་དང་། ཟུང་འཇུག་བརྒྱུད་རིམ་སོགས་དང་། གཏེར་མ་བརྒྱུད་པ་སོགས་ལ་བསྔོའི། འདུལ་བའི་མཁན་བརྒྱུད་དང་བཀའ་གདམས་བློ་སྦྱོང་སོགས་ཀྱི་བརྒྱུད་པ་གསང་སྔགས་ནང་གཏོར་འདི་བསྔོ་བློབ་སྐབས་སུ་མི་བབ་ཅིང་། དེ་བཞིན་སྒྲོལ་དཀར་སོགས་བྱ་སྤྱོད་རྣལ་འབྱོར་གྱི་ལྷ་གཞན་གྱི་ཡི་དམ་ཡོད་ན་གཏོར་མ་ཕྱི་གཏོར་དཀར་གསུམ་མངར་གསུམ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ་བསྔོ་དགོས་ཀྱི། ནང་གཏོར་འདི་བསྔོ་བར་མི་རིགས་སོ། །འོ་ན་ཀཾ་ཚང་གསང་སྔགས་ནང་གཏོར་ལས། ཡི་དམ་ཆེན་པོ་བྱ་བའི་རྒྱུད་སྤྱོད་པའི་རྒྱུད་སོགས་ཟེར་བ་དང་། བདུད་རྩི་འབུལ་ཚིག་ལ་ཡང་། རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷ་ཚོགས་ཟེར་བ་ཅི་ཞེ་ན། དེ་ནི་ངོ་བོ་རྒྱུད་སྡེ་བཞིའི་ལྷ་ཚོགས་ལ་རྣམ་པ་རང་གི་རྩ་བའི་ཡི་དམ་རྒྱལ་བ་རྒྱ་མཚོའི་སྐུར་གསལ་བ་ལ་


CMR024_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་རུང་སྟེ། དེ་ལ་སྤྱིར་བསྔོ་བ་ཙམ་གཏོར་མ་ཆུང་ཡང་ཕན་ཡོན་ཆེར་བཏང་བའི་གདམས་ངག་ཡིན་ཏེ། དེ་ལ་བྱ་རྒྱུད་ལྷ་སོ་སོའི་སྔགས་ཀྱིས་གེལ་དུ་འབུལ་བར་མི་བྱའོ། །དཔེར་ན་དཀོན་མཆོག་གསུམ་མཆོད་ཟེར་བ་ལ་རྒྱུད་སྡེ་མི་ཕྱེ་བ་ལྟ་བུའོ། །དེ་ཡང་དབང་པོ་རབ་ཀྱིས་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་ནམ་མཁའ་གང་བ་དང་། གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་སོགས་མཆོག་གི་དངོས་གྲུབ་ཐོབ་པ་ཐམས་ཅད་དང་། ཁྱད་པར་རང་གི་དབང་ལུང་ཐོབ་པའི་བླ་མ་ཐམས་ཅད་དང་། ཡི་དམ་ཐམས་ཅད་བར་སྣང་དང་། །ཆོས་སྐྱོང་ས་གཞི་ཁེངས་པ་ཐམས་ཅད་སོ་སོའི་འཁོར་དང་བཅས་པ་སྐུ་མདོག་ཕྱག་མཚན་མ་འདྲེས་པར་སོ་སོར་དུས་གཅིག་ལ་བཀྲ་ལམ་མེ་གསལ་བཏབ་ནས། སོ་སོའི་མཚན་དང་སོ་སོའི་སྔགས་ལ་ཁཱ་ཧི་བཏགས་ལ། སོ་སོར་ཕུལ་ཕྲིན་ལས་འདོད་གསོལ་སོ་སོར་བྱ་བའམ་དུས་གཅིག་ལ་བྱ། སོ་སོའི་བསྟོད་པ་ཤོ་ལོ་ཀས་བསྟོད་དོ། །འབྲིང་ནི་རང་གི་རྩ་བའི་ཉམས་ལེན་གང་བྱེད་པའི་བླ་མ་བརྒྱུད་པ་ཚང་མ་དང་། རྒྱལ་བ་རྒྱ་མཚོ་ཡི་དམ་གལ་ཆེ་རིམ་དང་། ཆོས་སྐྱོང་གལ་ཆེ་རིམ་ལ་བསྔོས་ནས་གཞན་ཐམས་ཅད་དེའི་འཁོར་དུ་བསྒོམ་མོ། །བསྡུས་པ་


CMR024_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མདུན་གྱི་ཐུགས་རྗེ་ཆེན་པོའི་རིགས་བདག་དེ་རྩ་བའི་བླ་མ་དང་དབྱེར་མེད་དེ་ལ་བླ་མ་ཐམས་ཅད་བསྟིམ། ཡི་དམ་རྒྱལ་བ་རྒྱ་མཚོའི་ལྷ་དགུའི་ཡབ་ལྔ་ལ་སངས་རྒྱས་ཐམས་ཅད་ཡུམ་ལྔ་ལ་དེ་བཞིན་གཤེགས་མ་ཐམས་ཅད། མཁའ་འགྲོ་མ་བཞི་ལ་མཁའ་འགྲོ་ཐམས་ཅད་བསྟིམ། མ་མགོན་གཉིས་ལ་ཆོས་སྐྱོང་ཐམས་ཅད་བསྟིམ། ཕྱིའི་དུར་ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་ཐམས་ཅད་དང་། ཞིང་སྐྱོང་གི་འཁོར་ལ་འཇིག་རྟེན་པ་ཐམས་ཅད་བསྡུས་ཏེ། ལྷ་དགུའི་དཀྱིལ་འཁོར་ལ་གཏོར་མ་བསྔོས་པས་ཐམས་ཅད་ཚིམ་པར་བསྒོམ་མོ། །འདི་ལྟ་བུ་ནི་བཀའ་བརྒྱུད་སོགས་རྒྱ་བོད་ཀྱི་མཁས་གྲུབ་ཕལ་ཆེར་སོགས་ཀྱི་ཕྱག་ལེན་ཡིན་ཏེ། རང་གི་ཡི་དམ་གཅིག་དང་དེ་དང་གང་འབྲེལ་ཆེ་བའི་ཆོས་སྐྱོང་གཅིག་ཁོ་ན་ཐུགས་དམ་མཛད་པའི་ཕྱིར་རོ། །ས་དེ་ལྟར་ལྷ་དགུ་གཙོ་བོ་ཡིན་ལ། ལྷ་དགུའི་བསྙེན་སྒྲུབ་དུས་ལྷ་དགུ་དཀྱིལ་འཁོར་ལ་གཏོར་མ་བསྔོ་དགོས་ཤིང་བརྒྱུད་པ་ཡང་དེའི་བརྒྱུད་པ་གལ་ཆེའོ། །རྒྱུན་གྱི་ཐུགས་དམ་ལ་ལྷ་དགུའམ་ལུས་དཀྱིལ་གང་རུང་བདག་བསྐྱེད་བྱས་ལ་མདུན་དུ་མཆོད་ཡུལ་ལྷ་ལྔ་ལ་རབ་བསྐྱེད་ཆོག་འབྲིང་སྤྱན་འདྲེན་ཐ་མ་སྐད་ཅིག་ལ་གསལ་བཏབ་ནས་གཏོར་མ་བསྔོས་ན་ཁྱབ་ཆེ་བའི་


CMR024_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །གཞུང་དུ་ཡང་དེའི་དབང་དུ་མཛད་ནས་གསུངས་སོ། །ཡང་ལྷ་ལྔའི་བསྙེན་སྒྲུབ་དུས་ལྷ་ལྔ་ལ་གཏོར་མ་བསྔོ་དགོས་ཏེ། དབུས་ཐུགས་རྗེ་ཆེན་པོའི་འཁོར་སངས་རྒྱས་སྟོང་སོགས་བདེ་གཤེགས་ཞི་བ་ཐམས་ཅད་དང་། རྟ་མགྲིན་ལ་ཡི་དམ་ཁྲོ་བོ་དང་ཧེ་རུ་ཀ་ཐམས་ཅད། གསང་ཡེ་ལ་ཁྲོ་མོ་དང་ལྷ་མོའི་རིགས་ཐམས་ཅད། སློབ་དཔོན་པདྨ་ལ་བླ་མ་བཀའ་བརྒྱུད་གྲུབ་ཐོབ་ཐམས་ཅད། འོག་མ་མགོན་ལ་ཆོས་སྐྱོང་ཐམས་ཅད་དེའི་འཁོར་དུ་རིགས་དྲུག་སྙིང་རྗེའི་མགྲོན་གནོད་བྱེད་ལན་ཆགས་མགྲོན། དཔལ་མགོན་བདུན་ཅུ་ལ་སོགས་ཡོན་ཏན་གྱི་མགྲོན་ཐམས་ཅད། རིགས་བཞིའི་དཔའ་བོ་ཌཱཀིའི་སྐུར་གྱུར་པ་ལ་གཏོར་མ་བསྔོ་བ་སྟེ། གྲུབ་ཐོབ་རིན་པོ་ཆེ་ཀརྨ་པཀྴིས། རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་ཆོག་ལས། ལྷ་འཁོར་འདས་མ་འདས་གཉིས་སུ་མེད་པའི་གོང་གི་ལྷ་ཚོགས་ཇི་ལྟར་བསྐྱེད་པ་རྣམས་ཀྱིས། ལྗགས་ཉི་ཟེར་གྱི་ཚུལ་དུ་གཏོར་མ་ལ་ཟུག་ནས་གསོལ་བས། སྐུ་གསུང་ཐུགས་མཉེས་པའི་མཆོད་པས་དགྱེས་པར་བསམ་ཞེས་གསུངས་ཏེ། འདི་ལྟར་འཁོར་འདས་ཐམས་ཅད་ལྷར་གསལ་བ་ལ་གཏོར་མ་བསྔོ་དུས་འདས་མ་འདས་ཀྱི་གཏོར་མ་སོ་སོར་མི་


CMR024_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ལ། ཕྱི་གཏོར་ནང་གཏོར་ཡང་ཕྱེ་མི་དགོས་ཏེ་ཁྱབ་ཆེ། གཏོར་མ་གཅིག་གིས་མགྲོན་རིགས་ཐམས་ཅད་ཚིམ་པ་ཡིན་ནོ། །དེ་མ་ཡིན་པར་ལྷ་དགུ་ཁོ་ནར་བྱེད་པ་ནི། འཇིག་རྟེན་གྱི་ཕྱི་རྒྱུད་པ་ལ་དཀར་གཏོར་ཕྱིར་འབུལ་བ་དང་། འཇིག་རྟེན་ལས་འདས་པ་ལ་གཏོར་མ་ཤས་བརྒྱན་པ་སོ་སོར་ངེས་པར་དགོས་ལ། འདི་སྐབས་སུ་རིགས་དྲུག་ལན་ཆགས་ལ་བསྔོ་བར་མ་བཤད་དོ། །འོ་ན་རྗེ་དེ་བཞིན་གཤེགས་པའི་ལྷ་དགུར། ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །ཞེས་སོགས་ཐམས་ཅད་ལ་གཏོར་མ་བསྔོ་བ་ཅི་ཞེ་ན། དེའི་གཏོར་བསྔོས་ནི་ལྷ་དགུ་རང་རྐང་མིན་པར་ལྷ་ལྔ་དང་སྤྱི་མཐུན་གྱིས་གཏོར་བསྔོས་ཏེ། ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ །དཔའ་བོ་རྒྱ་མཚོ་དང་བཅས་པ་ལ་འབུལ་ལོ། །ཞེས་སོགས་རྒྱ་ཆེར་གསུངས་པས་སོ། །དེས་ན་ལྷ་དགུའམ་ལྷ་ལྔ་སྤྱི་མཐུན་ལ་བླ་མ་བརྒྱུད་པ་དང་། བླ་མེད་ཡི་དམ་ཆོས་སྐྱོང་གང་མོས་ཐམས་ཅད་ལ་བསྔོ་རུང་སྟེ། མཐོང་བ་བརྒྱུད་པ་ལྟར་རོ། །དེ་ལ་རྒྱལ་བ་རྒྱ་མཚོ་འདིའི་ཆོས་སྐྱོང་ནི་རིན་པོ་ཆེ་ཀརྨ་པཀྵིའི་འོག་ཏུ་ལས་མཁན་ཆོས་སྐྱོང་གི་དཀྱིལ་འཁོར་


CMR024_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རང་གི་གདན་ཞབས་སུ་ཡེ་ཤེས་པ་དང་འཇིག་རྟེན་པའི་ཆོས་སྐྱོང་སྲུང་མ་རྣམས་དང་། རིགས་དྲུག་གི་སེམས་ཅན་རྣམས་ཀྱང་རིགས་བཞི་མཁའ་འགྲོའི་ངོ་བོར་གྱུར་ནས། ཞེས་དང་། དེ་དང་མཚུངས་པར་རིན་པོ་ཆེ་རང་བྱུང་བས་གདན་གྱི་ཞབས་སུ་ཡེ་ཤེས་པ་དང་འཇིག་རྟེན་པའི་ཆོས་སྐྱོང་སྲུང་མ་རྣམས་དང་། འགྲོ་དྲུག་སེམས་ཅན་རྣམས་ཀྱང་རིགས་བཞི་ཀཀྐིའི་ངོ་བོར་གྱུར། ཞེས་གསུངས་ཤིང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་ལྷ་ལྔར། གདན་གྱི་ཞབས་སུ་ཡེ་ཤེས་པ་དང་འཇིག་རྟེན་པའི་ཆོས་སྐྱོང་སྲུང་མ་རྣམས་དང་༔ འགྲོ་དྲུག་སེམས་ཅན་རྣམས་ཀྱང་རིགས་བཞིའི་ཌཱཀྐིའི་ངོ་བོར་གྱུར། ཞེས་དང་། ཆོས་སྐྱོང་རྣམས་སྐུ་མདོག་ཕྱག་མཚན་མ་ངེས་ཏེ་ཉམས་དང་བསྟུན། ཞེས་གསུངས་པའི་གསར་རྙིང་གི་ཆོས་སྐྱོང་མཐའ་དག་ཐུགས་རྗེ་ཆེན་པོ་དང་འབྲེལ་མི་ཆེ་བ་གཅིག་ཀྱང་མེད་ཅིང་། ཁྱད་པར་འདི་ཡི་ཆོས་སྐྱོང་དུ་མ་གྱུར་པ་ཡང་མེད་པས་ཆོས་སྐྱོང་གང་འདོད་བྱ་རུང་ལ། ཁྱད་པར་རྗེ་མཐོང་བ་དོན་ལྡན་གྱིས་འདིའི་ཚོགས་མཆོད་སྐབས་སུ་བེར་དང་རང་བྱུང་རྒྱལ་མོའི་ལས་བྱང་རྒྱས་པར་སྦྱར་ཚུལ་གསུངས་ཤིང་། གཏོར་བསྔོས་སྐབས་འདིར་བེར་


CMR024_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཡབ་ཡུམ་ཆོས་སྐྱོང་གི་གཙོ་བོར་མཛད་ནས་སྦྱར་བའི་རྒྱུ་མཚན་ནི། བླ་མ་བརྒྱུད་པའི་ཕྱག་ལེན་མཐོང་བ་བརྒྱུད་པ་ཁོ་ན་ཡིན་པར་མ་ཟད། ཆོས་འདི་ལ་ལྷག་པར་འབྲེལ་ཆེ་བའི་ཆོས་སྐྱོང་ཡིན་ཏེ། མདོ་སྡེ་ཟ་མ་ཏོག་བཀོད་པའི་མདོ་ལས། སྤྱན་རས་གཟིགས་ཀྱི་སྙིང་ལས་མཐུ་བོ་ཆེ་བྱུང་ཞེས་དང་། མཐུ་བོ་ཆེས་འདུལ་བའི་སེམས་ཅན་ལ་མཐུ་བོ་ཆེའི་གཟུགས་ཀྱིས་ཆོས་འཆད་ཅེས་གསུངས་པ་ནི། མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཞེས་པ་མགོན་པོ་འདི་ཡིན་ཏེ། འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། བར་སྣང་གི་ལྷ་རྣམས་ཀྱིས་ནག་པོ་ཆེན་པོ་ལ་བསྟོད་པ་ལས། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཐའ་ཡས་ཚོགས་རྫོགས་མངོན་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཕ་རོལ་ཕྱིན་བཅུའི་སྤྱོད་པས་ས་བཅུ་ཡི། །གཙོ་བོ་མཛད་པས་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རས་གཟིགས་དེ་ཐུགས་རྗེའི་མངའ་བདག་ཅན། །ནག་པོ་ལྷ་མཆོག་ཁྱོད་ལ་བསྟོད་དེ་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟར་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་


CMR024_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཅན་དེ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པར་མ་ཟད། འཇིག་རྟེན་མགོན་པོ་དྲེགས་བྱེད་བེར་ནག་ཅན་ཡང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཏེ། དཔལ་མགོན་པོའི་གཟུགས་གནོད་སྦྱིན་དྲག་པོ་འདུལ་བ་ཞེས་བྱ་བ་ལས་མགོན་པོ་རྟ་ནག་ཞོན་པ་སྟེ་གཙོ་བོར་སྟོན་པའི་ལས་མགོན་དེ་ལ་བསྟོད་པ་ལས། མགོན་པོ་སྤྱན་རས་གཟིགས་དེ་ཐུགས་རྗེའི་དབང་ཕྱུག་ཅན། །ཡོན་ཏན་བརླབ་མངའ་འཇིག་རྟེན་ཀུན་གྱི་སྐྱབས། །ཞེས་དང་། མགོན་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། སྤྱན་རས་གཟིགས་ཉིད་ཀྱིས་མགོན་པོ་ལ་བསྟོད་པ། །བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཐའ་ཡས་ཚོགས་རྫོགས་མངོན་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་དང་། རྒྱུད་དེ་ཉིད་ལས། མགོན་པོ་ལ་དཔལ་ཕྱག་ན་རྡོ་རྗེས་བསྟོད་པ་ལས། ཕ་རོལ་ཕྱིན་བཅུ་སྤྱོད་པས་ས་བཅུའི་གཙོ་བོ་མཛད། །ས་བཅུའི་གཙོ་བོ་ལག་པས་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རིས་གཟིགས་དེ་ཐུགས་རྗེའི་མངའ་བདག་ཅན། །ཞེས་གསུངས་པ་དང་། དཔལ་ནག་པོ་ཆེན་པོའི་རྒྱུད་མེ་ལྕེ་ཕྲེང་


CMR024_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབུས་འགྱུར་ཕྱག་ལ་ཡང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནག་པོ་ཆེན་པོ་དང་ཐབས་ཅིག་པ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང་། ཞེས་ལོཙཱ་བ་ཆེན་པོ་བཻ་རོ་ཙཱ་ནས་གསུངས་པ་ཡང་མགོན་པོ་འདི་དང་ཐུགས་རྗེ་ཆེན་པོར་འབྲེལ་ཆེ་ལ་དགོངས་པར་གདའ་འོ། །གཞན་ཡང་བེང་ཆེན་བརྩེགས་པའི་རྒྱུད་འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་གསུངས་ཤིང་། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་ཉིད་ཀྱིས་ལས་ཀྱི་ཚོགས་ཁམས་གསུམ་དུ་འཁོར་ཏེ་བསྟན་པའི་བར་དུ་གཅོད་ཅིང་འབྲས་བུ་དམྱལ་ཁམས་སུ་འཁོར་བ་དེ་དག །ཐུགས་རྗེ་ཆེན་པོས་བསྒྲལ་ཞིང་ཐར་པའི་ལམ་བསྟན་པའི་ཕྱིར། མ་ཧཱ་ཀཱ་ལ་དྲེགས་པ་དབང་དུ་སྡུད་པའི་ཡང་སྙིང་འདི་དག་དབང་དུ་བསྡུ་བའི་ཆེད་དུ་གསུངས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་དང་། མདུན་དུ་མགོན་པོ་ཐུགས་མཆོག་གཡས་གྲི་ཁུག་གཡོན་ཐོད་ཁྲག །ཅེས་དང་། སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟ་བུ་སྐུ་ལ་དར་ནག་གི་འཇོལ་བེར་མནབས་པ། ཞེས་དང་། ཡུམ་ཡཀྵ་བེ་ཏ་ལི་མེ་རླུང་འཚུབ་མའི་དབུས་ན་བོང་བུ་གྲྭ་པ་ལ་ཞོན་པ། ཞེས་དང་། ཁུར་བ་ཆང་ཕུད་རིན་ཆེན་


CMR024_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་རྣམས་ཕྱོགས་བཅུའི་མགོན་པོ་བརྟེན། །ཞེས་སོགས་གསལ་བར་གསུངས་པ་དང་། གྲུབ་ཆེན་ཀརྨ་པཀྴིས་དཔལ་མགོན་པོ་བེར་ནག་ཅན་དང་མིང་ཡོངས་སུ་གྲགས་པ་ཀརྨ་པ་གཉིས་ཐ་དད་མེད་པར་ཤེས་སམ་མི་ཤེས། དེའི་ཕྱིར་དུས་གསུམ་དུས་མེད་ཐམས་ཅད་དུ་མགོན་པོ་འཁོར་དང་བཅས་པ་འདིས་བྱ་བ་ཕྲིན་ལས་ཐམས་ཅད་བསྒྲུབ་པ་ཡིན་པ་ཀུན་གྱིས་ཤེས་པར་མཛོད། ཅེས་དང་། དེ་ལྟར་ན་མངོན་སུམ་ཚད་མར་མགོན་པོ་བེར་ནག་ཅན་མ་མགོན་ལྕམ་དྲལ་དངོས་སུ་གྲུབ་པ་མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡིན་པ་ཁྱེད་རྣམས་ཀྱིས་ཤེས་སམ་མི་ཤེས། ཁྱེད་རྣམས་ཀྱིས་ཀྱང་བརྒྱུད་པ་འཛིན་ཅིང་བསྒྲུབ་ན་འགྲུབ་དེ་མཆིས། ཞེས་དང་། ཡང་ལྷ་ཆེན་པོ་འཛམ་གླིང་བརྒྱན་པ་སོགས་ལྷ་ཆེན་བརྒྱད་། རྒྱལ་བ་རྒྱ་མཚོའི་གསེར་སྐུ་མི་ཚད་མ་དང་བཅས་པ་མཚུར་ཕུར་ན་ཚར་ཞིང་གཏང་རིག་གིས་མཆོད་པ་གཏོར་མ་ཆེན་པོ་བཏང་བའི་དུས་སུ། མགོན་པོ་འཁོར་བཅས་ཀྱིས་རྫུ་འཕྲུལ་དང་ཆོ་འཕྲུལ་སྤྲིན་ལྟར་འདུ་ཞིང་རླུང་ལྟར་འཚུབ་པའི་སྣང་བ་འཆར་བའི་དུས་ན། ལྷ་རྟེན་ཆེན་འདི་རྣམས་དང་ཁྱེད་ཀྱིས་བྱ་བ་ཐམས་ཅད་ངེད་ཀྱིས་སྒྲུབ་པ་ཡིན་ཏེ། ད་དུང་ཡང་


CMR024_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པའི་དུས་སུ་ཡང་ཁྱེད་ཀྱིས་འགྲུབ་པ་མེད་པ་བསམ་བཞིན་དུ་སྲིད་པ་ཉེ་བར་ལེན་ཞིང་ཁམས་གསུམ་ཁྱབ་པར་གདུལ་བྱ་སེམས་ཅན་རྣམས་ཀྱིས་དོན་བྱེད་པར་འགྱུར་བའི་དུས་སུ་ཡང་། ངེད་རྣམས་ཀྱིས་བསྟན་པ་སྲུངས་ཤིང་བྱ་བ་བསྒྲུབ་གདུལ་བྱ་སེམས་ཅན་རྣམས་ཐར་པའི་ལམ་ལ་འགོད་གསུངས་སྙམ་བྱེད་པ་བྱུང་། ཞེས་དང་། རྗེས་སུ་ཁྱེད་རྣམས་ཀྱང་དམ་ཚིག་དང་ལྡན་ཞིང་བརྒྱུད་པ་འཛིན་ན་ཆོས་སྐྱོང་འདིས་ལུས་དང་གྲིབ་མ་བཞིན་དུ་སྡོང་གྲོགས་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རྒྱལ་བ་རྒྱ་མཚོ་འདིའི་བསྙེན་སྒྲུབ་བྱེད་པ་ན། །མགོན་པོ་འདིའི་ལྷ་རྟགས་མཚན་ལྟས་ཤུགས་ཀྱིས་མང་དུ་འོང་བར་སྣང་བ་མྱོང་བས་ཀྱང་འགྲུབ་ཕྱིར། ཆོས་འདིའི་བཀའ་སྲུང་ཁྱད་པར་ཅན་དུ་ངེས་སོ། །དེ་བཞིན་དུ་མདོ་སྡེ་ཟ་མ་ཏོག་པ་སྤྱན་རས་གཟིགས་ཀྱི་མཆེ་བ་གཉིས་ལས་ལྷ་མོ་བྱུང་བར་གསུངས་པ་དང་། ལྷ་མོ་དབྱངས་ཅན་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་གི་མཆེ་བ་ལས་སྤྲུལ་པ་ཡིན་པས་དབྱངས་ཅན་མའི་བསྟོད་པ་བྲམ་ཟེ་ཕུར་བུས་མཛད་པའི་རྒྱ་གཞུང་ལས་བྱུང་ལ། ཕྱི་སྒྲུབ་དབྱངས་ཅན་མ་དང་ནང་སྒྲུབ་རྡོ་རྗེ་ཕག་མོ་གསང་སྒྲུབ་དཔལ་ལྡན་ལྷ་མོ་རྒྱ་གར་གྱི་སློབ་དཔོན་མཚོ་སྐྱེས་ཀྱི་


CMR024_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ། གསེར་འོད་དམ་པ་ལས། སྐུ་ལ་དར་གོས་སྔོན་པོ་གསོལ། །མཛེས་དང་མི་མཛེས་སྐུ་སྟོན་ཅིང་། །ཞེས་སོགས་དབྱངས་ཅན་མ་དང་དཔལ་ལྡན་ལྷ་མོ་ནི་ངོ་བོ་གཅིག་ཉིད་ཡིན་པར་གསུངས་པའི་ཕྱིར། ལྷ་མོ་ཡང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པའི་ཕྱིར་དང་། ངོ་བོ་དབྱེར་མེད་ཀྱང་། རྣམ་པ་དཔོན་སློབ་ཚུལ་ཡང་ཡིན་ཏེ། དཔལ་ལྡན་ལྷ་མོའི་རྒྱུད་ཐོད་པ་ནག་པོ་ལས། ལྷ་མོས་གསུངས་པ། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ། བདག་གི་དགེ་བའི་བཤེས་གཉེན་འཕགས་པ་སྤྱན་རས་གཟིགས་དབང་པོས་ང་ལ་བཤད་པ། ངས་ཁྱོད་ལ་བསྟན་གྱིས་ཉོན་ཅིག །ཅེས་མཆོད་པའི་མན་ངག་གསུངས་སོ། །དེ་ལྟར་ཐུགས་རྗེ་ཆེན་པོ་དང་འབྲེལ་ཆེ་བར་མ་ཟད། ཆོས་འདིའི་བརྒྱུད་པ་དང་ཡང་འབྲེལ་ཆེ་སྟེ། གྲུབ་ཆེན་ཀརྨ་པའི་གསུངས་ལས། དཔལ་ལྡན་ལྷ་མོའི་ཞལ་ནས་དུས་གསུམ་མཁྱེན་པའི་བརྒྱུད་པ་འཛིན་ཅིང་གདན་ས་སྐྱོང་བ་རྣམས་སྒྲུབ་ཐབས་མི་ཤེས་ཀྱང་སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་བར་དུ་ངེད་ཀྱིས་སྡོང་གྲོགས་དང་ཕྲིན་ལས་ཐམས་ཅད་སྒྲུབ་པ་ཡིན་ཟེར་བ་ཡང་ཡང་བྱུང་། ཞེས་གསུངས་སོ། །ཡང་བེར་ནག་ཅན་ནི་རིན་པོ་ཆེ་ཀརྨ་པའི་


CMR024_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནས། མགོན་པོ་འདི་གར་ཐོད་ཐོད་ཀྱི་ཆོས་སྐྱོང་མ་ལགས། རིག་འཛིན་གྱི་ཆོས་སྐྱོང་སྲུང་མ་ཡིན་པས། འགྲོ་མགོན་རས་ཆེན་ཡབ་སྲས་ཀྱི་བརྒྱུད་པ་འཛིན་པ་དང་། ཕྱག་རྒྱ་ཆེན་པོའི་དོན་བསྒོམ་པ་དང་། ཕྱི་ནང་གི་དམ་ཚིག་ཚུལ་བཞིན་སྲུང་བ་དང་། བསྙེན་སྒྲུབ་ཚད་དུ་བསྐྱོལ་ཞིང་གཏོར་མཆོད་རྒྱ་ཆེན་པོས་རྒྱུན་དུ་མཉེས་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ཤིང་སེམས་ཅན་གྱི་དོན་ལ་བརྩོན་པས། སྒྲུབ་ཐབས་རྒྱས་པར་མི་ཤེས་ཀྱང་ཆོས་སྐྱོང་འདིས་ཕྲིན་ལས་ཐམས་ཅད་སྒྲུབ་པར་འདུག །དེ་རྣམས་དང་མི་ལྡན་ན་བསྙེན་སྒྲུབ་དཔག་ཏུ་མེད་པ་བྱས་ཀྱང་བདག་གཞན་གཉིས་ཀ་སུན་ཕྱུང་བ་ལགས་སོ། །ཁྱེད་རྣམས་ཀྱིས་བརྒྱུད་པ་མི་འཛིན་པ་རྣམས་ལ་མ་བསྟན། སྡོང་གྲོགས་ཀྱང་མི་བྱེད་པར་བར་ཆད་སྣ་ཚོགས་པར་འབྱུང་བ་སྟེ། ཆོས་སྐྱོང་འདིའི་གནད་ནི་བླ་མ་རས་ཆེན་གྱི་བརྒྱུད་པ་འཛིན་ཅིང་རྒྱུན་ཆད་མེད་པར་མཆོད་ན། ཕྲིན་ལས་ཐམས་ཅད་ཁོས་སྒྲུབ་པར་འགྱུར་རོ། །ཞེས་གསུངས་ཤིང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མགོན་པོ་འདི་དམ་ལ་བཏགས་ནས་བཀའ་བསྒོས་པ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དམོད་པར་


CMR024_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་བརླག་པར་གྱིས། །ས་དང་ལམ་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་སྲུང་སྐྱོབ་ཅིང་། །དམ་ཚིག་ལྡན་པ་ཅན་དེ་སྲུངས། །ཞེས་སོགས་དང་། དབེན་གནས་སྒོ་འཕྲོག་ཆོས་འཁོར་སྨོད། །བསྟན་པའི་སྤྱི་དགྲར་གྱུར་པ་དང་། །དམ་ཚིག་ཅན་གྱི་རྣལ་འབྱོར་པ། །སྒོས་ཀྱི་དགྲ་བོས་དད་པ་དང་། །ལོག་ལམ་ཞུགས་པ་ཀུན་ཀྱང་སྒྲོལ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་ཆོད་ཅིག །སྲིད་པའི་རྩེ་ནས་སོ་ཚུགས་བྱ་ར་གྱིས། །ཞེས་གསུངས་པས། མགོན་པོས་གསོལ་བ། ཁྱེད་ཀྱིས་བཀའ་ལ་མི་འདའ་བར། །བདག་གིས་བཅོལ་བའི་ལས་སྒྲུབ་བོ། །གལ་ཏེ་དམ་ལ་འདས་པ་ན། །བདག་ཉིད་ཀྱང་ནི་བརླག་པར་འགྱུར། །སྔགས་པའང་དམ་ལས་འདས་གྱུར་ན། །སྒྲུབ་པོ་ཉིད་ཀྱང་རླག་པར་བྱེད་། །དེ་ཕྱིར་དམ་ལ་མ་འདའ་ཞིག །ཅེས་ཞུས་པ་དང་། རིན་པོ་ཆེ་ཀརྨ་པཀྵིའི་ཞལ་ནས། བླ་མ་ཀརྨ་པ་ཡན་ཆོད་ལ་ས་གྲུ་གསུམ་གྱི་རྩ་ན་སྒྲུབ་པ་བྱེད་མ་མྱོང་བ་ཡིན་པས་ཤིན་ཏུ་གཉེན་ལ་འགྲུབ་ཐག་ཉེ། དགྲ་འདྲེ་གཉིས་ལ་བྱུང་བས་ཆོག་པ་ཡིན། ཞེས་གསུངས་པས་མགོན་པོ་འདི་ཉིད་ཤིན་ཏུ་གཉེན་པ་ལ། ཡང་མགོན་པོའི་རྒྱུད་ལས། རྡོ་རྗེ་འཆང་གིས་


CMR024_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དམ་ལ་བཏགས་ནས་བཀའ་བསྒོས་པ། མ་འོངས་ཕྱི་མའི་དུས་ཀྱི་ཚེ། །ཁྱེད་ཀྱིས་སངས་རྒྱས་བསྟན་པ་བསྲུང་། །དམ་ཚིག་ཉམས་པའི་བདུད་དུ་ཕོབ། །མནའ་ཟན་རྣམས་ཀྱི་ཚེ་སྲོག་ལོངས། །དམ་ཆོས་སྤྱོད་པའི་དཔལ་མགོན་གྱིས། །ཁྲོ་བོ་རྣམས་ཀྱི་ཡང་རྩེ་གྱིས། །རྣལ་འབྱོར་འཁོར་སྐྱོང་དགྲ་བླ་གྱིས། །དམ་ཚིག་ཅན་གྱི་གྲོགས་གྱིས་ཤིག །ཅེས་དབང་བསྐུར་ལྕེ་ལ་བདུད་རྩི་བྱིན་པས། མགོན་པོས་པུས་བཙུགས་ཐལ་མོ་སྦྱར་ནས། དཀོན་མཆོག་བསྟན་པ་བདག་གིས་སྲུངས། །དམ་ཚིག་ཅན་གྱི་སྡོང་གྲོགས་བྱ། །དམ་ཉམས་རྣམས་ལ་ཆད་པ་གཅོད། །གཙུག་ལག་ཁང་གི་དཀོར་བསྲུང་ཞིང་། །མགོན་མེད་རྣམས་ཀྱིས་གྲོགས་བྱའོ། །ཞེས་ཐ་ཚིག་ཕུལ་ལོ། །མགོན་པོ་འདི་ཤིན་ཏུ་སྟོབས་དང་རྫུ་འཕྲུལ་ཡང་ཆེ་སྟེ། རྒྱུད་མེ་ལྕེ་ཕྲེང་བར། བཅོམ་ལྡན་འདས་ཀྱིས་མགོན་པོ་ནག་པོ་ལ་བཀའ་སྩལ་པ། སྐྱེས་བུ་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་གསུམ་ལ་བྱོལ་འདེབས་ཤིང་། ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་དཀྲུག་ཅིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད། །འབྱུང་པོ་ཀུན་གྱི་རྒྱུ་ལམ་གཅོད། །རྒྱ་མཚོ་ཆེན་པོ་


CMR024_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཧུབ་ཀྱིས་འདེབས། །རི་བོ་ལྟོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱིས་གད་མོ་བགད་པ་ཡིས། །གཤེ་བའི་གད་མོས་ལྷ་རྣམས་རྒྱལ། །བདུད་དང་མུ་སྟེགས་སྔངས་བར་བྱེད། །ཤི་ལ་ཐུག་པར་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་སྡུད། །མ་མོའི་ཚོགས་རྣམས་ཡིད་ཀྱང་འཕྲོག །ཧཱུྃ་སྒྲས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་བསྒྲལ། །ཕོ་ཕོ་ཕེ་གྱིས་འཇིག་རྟེན་གཡོ། །གཡོ་བ་ཐམས་ཅད་དབང་དུ་སྡུད། །བང་གི་སྟོབས་ནི་གློག་དང་འདྲ། །སྟོང་གསུམ་དུས་གཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཞིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་ནས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་བདུད་ཀྱི་རྗེ་བོ་མཛད། །གནོད་སྦྱིན་ཀུན་ཀྱང་བྲན་དུ་ཁོལ། །དེ་ལྟར་དཔལ་ལྡན་དེད་དཔོན་ཁྱོད། །ཅེས་དང་། རིན་ཆེན་དཔུང་རྒྱན་ལས། གང་ཚེ་ཅི་ཡི་འདུལ་བ་ཤེས་པ་པོ། །ཅི་དང་ཅི་འདུལ་སྤྲུལ་པ་ཤེས་པ་པོ། །ཞེས་


CMR024_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། མགོན་པོ་ཐབས་མཁས་ཤིང་སྤྲུལ་པ་མང་བ་ཡང་ཡིན་ལ་ཤིན་ཏུ་མི་སྲུན་པ་ཡང་ཡིན་ཏེ། སྲོག་གི་འཁོར་ལོའི་རྒྱུད་ལས། མགོན་པོ་ཉིད་ཀྱིས་སྨྲས་པ། ཨེ་མ་ཧོ། །བདག་ནི་ཤིན་ཏུ་མི་བསྲུན་པས། །སྲིན་པོ་རྣམས་ཀྱང་བྲན་དུ་ཁོལ། །ལྷ་མ་ཡིན་རྣམས་རླག་པར་བྱེད། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལྷ་མ་ཡིན་གྱི་བུ་མོ་རྣམས། །སྲིན་མོར་བཅས་ཏེ་ཁས་བླངས་ནས། །སངས་རྒྱས་བསྟན་པ་སྲུང་དུ་བཅུག །ཅེས་གསུངས་སོ། །འདི་ཆོས་སྐྱོང་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་ཏེ། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། ཕོ་རྒྱུད་མགོན་པོ་མོ་རྒྱུད་མ་མོའི་རྩ་བ་དང་། ཀུན་གྱི་རྩ་བ་དེ་ཡབ་ལེགས་ལྡན་མགོན་པོ་ནག་པོ་བེང་ཆེན་ལས་ཐམས་ཅད་འཕྲོས་ཏེ། བསྟན་སྲུང་ནག་པོ་བེར་ཆེན་དང་། བེར་མེད་གྲི་གུག་ཐོད་ཁྲག་ཅན་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་ཞལ་ཕྱག་གྲངས་མེད་པ་ལ་སོགས་རྣམས་མགོན་པོ་འདིའི་སྤྲུལ་པ་དང་ཡང་སྤྲུལ་རྫུ་འཕྲུལ་དང་ཆོ་འཕྲུལ་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། ཅེས་གསུངས་པ་དང་། མཚུར་ཕུར་འཇམ་དབྱངས་ཆེན་པོས་བེར་མེད་གྲི་གུག་ཅན་སྐོར་གསུམ། བེར་ཆེན་སྐོར་གསུམ་དང་དྲུག་ཏུ་དབྱེ་བ་མཛད་པ་དང་། ཡེ་


CMR024_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་ཅན་དང་། ལས་ཀྱི་མགོན་པོ་སྲས་མཆོག་བེར་ནག་ཅན་དང་། འཇིག་རྟེན་མགོན་པོ་རྟ་ནག་ཅན། སྟག་ཞོན་རྣམས་ངོ་བོ་གཅིག་པར་རྒྱུད་ཐམས་ཅད་ན་གསལ་ལོ། །དེ་ལྟ་བུའི་མགོན་པོ་བེར་ནག་ཅན་འདི། རྗེ་ཀརྨ་པཀྵིའི་ཞལ་ནས། མི་ནོར་ཐམས་ཅད་བསྲུང་བས་ན། བསྲུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡང་ཡིན། འཛམ་གླིང་དབང་དུ་བསྡུ་ཞིང་དགོས་འདོད་ཆར་བཞིན་འབེབས་པའི་ཕྱིར་ན། ནོར་ལྷ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡང་འདི་ཡིན་ནོ། །ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཕྲིན་ལས་འགྲན་ཟླ་མེད་པར་འགྱུར་རོ། །ཞེས་གསུངས་སོ། །ཁྱད་པར་དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོའི་གེལ་གྱི་རྒྱུད་དཔལ་ལྡན་ལྷ་མོ་ནག་མོ་ཐུགས་གསང་བའི་རྒྱུད་ཅེས་བྱ་བ་ལས། བཅོམ་ལྡན་འདས་ཀྱིས་ལྷ་མོ་དེ་ལ་བསྟན་པ་སྲུང་བར་དབང་བསྐུར་ནས་དེས་བསྟན་པ་བསྲུང་བར་ཁས་བླངས་ཏེ། ལྷ་མོའི་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་ལྟ་བུ་མངོན་པ་ལ་སོགས་པའི་སྡེ་སྣོད་རྣམ་གསུམ་ལ་གང་ཟག་གིས་མོས་ཤིང་དད་ལ་ཡིད་ཆེས་པའི་གང་ཟག་དེ་ལ་བསྲུང་བ་དང་བསྐྱབ་པར་


CMR024_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའོ། །གང་ཟག་གིས་འཆད་པ་དང་། ཉན་པ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་སྦྱོར་བ་ངན་པ་བསལ་བར་བགྱིའོ། །གང་བྷོ་པ་དང་སྒྲུབ་པ་ཉམས་སུ་ལེན་པ་དེའི་གིང་དང་ཕོ་ཉ་དུས་རྟག་ཏུ་བྱའོ། །དེ་ལྟར་དམ་བཅས་པ་བཞིན་བདག་གིས་མ་བགྱིས་ན་བདག་གིས་ད་ལྟ་ཉིད་དུ་བཅོམ་ལྡན་འདས་བསླུས་པ་ལགས་སོ། །དེའི་དབང་གིས་རང་གི་སྲོག་གི་སྙིང་པོ་མེ་ལྟར་འབར་ནས། ལུས་སྲོག་ཐལ་བ་བཞིན་དུ་ཚིག་པར་འགྱུར་ལ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་མནའ་བོར་རོ། །ཞེས་གསུངས་པའི་ཕྱིར་མ་མགོན་འདི་གཉིས་ལ་སངས་རྒྱས་ཀྱིས་བཀའ་བསྒོས་པ་དང་། རང་གི་དམ་བཅའ་སྨོན་ལམ་དང་། བླ་མ་བརྒྱུད་པའི་བཀའ་བབས་དང་། སྤྱན་རིས་གཟིགས་དང་འབྲེལ་ཆེ་བ་གང་ས་ནས་ཆོས་འདིའི་སྲུང་མ་ཁྱད་པར་ཅན་ཡིན་པའི་ཕྱིར། རྗེ་ཀརྨ་པཀྴིས། འོག་དམ་ཚིག་ཆེན་པོའི་གཞལ་ཡས་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །ཞེས་དང་། དོན་ལྡན་ཞབས་ཀྱིས་གཞུང་འདིར་ཡང་མ་མགོན་འདི་གཉིས་སྦྱར་བ་མཛད་ཅིང་། སྔར་གྱི་ལྷ་ལྔའི་རས་བྲིས་རྙིང་པ་རྣམས་སུ་ཡང་འོག་ཏུ་མཁའ་


CMR024_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རིགས་བཞི་ཌཱཀྐི་དང་ཆོས་སྐྱོང་གཞན་མ་བྲིས་པར་བེར་ནག་ཅན་ཁོ་ན་བྲིས་པ་མཐོང་ངོ་། །དེས་ན་གཙོ་བོ་མ་མགོན་འདི་གཉིས་དང་ཞོར་ལ་རང་གང་མོས་ཆོས་སྐྱོང་གཞན་ལའང་བསྔོ་ཞིང་ཕྲིན་ལས་བཅོལ་བ་དང་། མཆོད་བསྟོད་ཅི་རིགས་པ་དང་། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ། བསྐང་ཐུང་སོགས་གཏོར་སྔོས་སྤྱི་འགྲོས་ལྟར་བྱའོ། དེས་ན་ཨོ་རྒྱན་རིན་པོ་ཆེས། ཡང་གསང་བླ་མེད་དང་། ཀརྨ་པའི་ལྷ་ལྔའི་གཏོར་བསྔོས་སུ། གཏོར་མ་གཙང་སར་བསྐྱལ། །ཞེས་དང་། ཨུ་རྒྱན་པས་གཏོར་མ་གཙང་སར་བསྐྱལ་ལམ་དངོས་གྲུབ་ཏུ་ལོངས་སྤྱོད་གསུངས་པས། འཕྲལ་གཏོར་ཡིན་ན་གཙང་སར་གཤེགས་པའམ། གོང་གཏོར་ལྟ་བུ་ལོ་དུས་སུ་བརྗེ་བ་དངོས་གྲུབ་ཏུ་རོལ་བར་བྱས་ལ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། བདག་ཉིད་ལྷག་པའི་ལྷར་གསལ་བས། །གཏོར་མ་དངོས་གྲུབ་ཚུར་དུ་རོལ། །ཞེས་གསུངས་ཤིང་། དེའི་འགྲེལ་པར་ཨོ་རྒྱན་རིན་པོ་ཆེས་རྗེས་སུ། ཨོཾ་ཨཱཧུཾ་ཞེས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་བར་བྱ་ཕྱིར། བདག་ཉིད་རྩ་བ་གསུམ་དུ་གསོལ་བར་རོལ་ཏེ། བདག་མཆོད་ཀུན་མཉེས་དངོས་གྲུབ་ཡ་མཚན་


CMR024_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་འགྱུར་རོ། །ཞེས་གསུངས་སོ། །འོ་ན་དཔུང་བཟང་ལས། གཏོར་མའི་ཁ་ཟས་ཐམས་ཅད་དང་། ཞེས་བཟའ་མི་རུང་བར་གསུངས་པ་དང་འགལ་ལམ་ཞེ་ན། མི་འགལ་ཏེ་བྱ་རྒྱུད་ལས་གཏོར་མ་སོགས་མཆོད་པ་རྙིང་པ་ཕུལ་བས་ཟོས་ན་དཀོར་སྒྲིབ་འོང་བར་བཞེད་ལ། རྣལ་འབྱོར་རྒྱུད་དུ། ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མའང་འགོམ་མི་བྱ། །ཞེས་སོགས་ལྷ་བཤོས་དཀོན་མཆོག་གསུམ་ལ་ཕུལ་བ་དེ། ཕྱག་མཆོད་པའི་ཡུལ་ཡིན་པས། དེ་གཙང་སར་གཤེགས་པར་བྱའི། །འགོམ་པ་དང་། དུད་འགྲོ་ངན་པ་ལ་སྟེར་བ་སོགས་མི་རུང་བར་གསུངས་ལ། བླ་མེད་ནང་གི་གཏོར་མ་འདི་བདུད་རྩི་སྨན་སྒྲུབ་ལྟར་བྱིན་གྱིས་བརླབས་པས། ཟོས་ན་དངོས་གྲུབ་འབྱུང་བ་དང་། ནད་གདོན་སེལ་བ་སོགས་སྨན་སྒྲུབ་རིལ་བུ་དང་ཆ་འདྲ་བའི་ཕན་ཡོན་འོང་སྟེ། ཨོ་རྒྱན་རིན་པོ་ཆེས་རྒྱལ་བ་རྒྱ་མཚོའི་བུམ་ཆུའི་བསྒྲུབ་པ་ལས། བུམ་ཆུ་གཏོར་མ་བྷནྡྲ་ལ། །གཟུངས་ཆུ་གཟུངས་རིལ་མང་དུ་ནི། །བསྒྲུབས་ནས་འགྲོ་བ་ཡོངས་ལ་སྤེལ། །རིན་ནི་མ་ཎི་འུར་རྒྱགས་བླངས། །འདི་ཡི་ཕན་ཡོན་བརྗོད་མི་ལོང་། །སྐྱེ་བ་བདུན་ནས་པདྨ་ཅན། །འོད་དཔག་མེད་པའི་


CMR024_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་སུ་འགྱུར། །ཞེས་བུམ་ཆུ་དང་གཏོར་མ་དང་བདུད་རྩི་གསུམ་ཀ་འདྲ་བར་གསུངས་སོ། །འདི་ལྟར་གཏོར་མ་ལ་བརྟེན་པའི་ལས་ཚོགས་ཀྱང་མང་དུ་འབྱུང་བ་ཞལ་ལས་ཤེས་སོ།། ༈ གཞུང་ཉིད་དུ་སྐབས་འདིར་ས་བསླང་བ་བཤད་པ་ནི། སྒྲུབ་མཆོད་དམ་རྡུལ་ཚོན་ལ་བརྟེན་ནས་སློབ་མ་རྗེས་འཛིན་གྱི་སྐབས་སུ་གོ་རིམ་དེ་ལྟར་ཡིན་མོད། བསྙེན་པའི་སྐབས་དང་རས་བྲིས་ལ་བརྟེན་ནས་དབང་བསྐུར་དུས་མི་མཁོ་བས་འདིར་མི་བརྗོད་ལ། དེ་ནས་བསྙེན་པ་ཅི་ནུས་བཟླས་ནས་ཐུན་མཇུག་ཏུ། རྫོགས་རིམ་བསྒོམ་པ་ནི། རྗེ་རང་བྱུང་བའི་ལྷ་དགུར། རྫོགས་པའི་རིམ་པ་གཉིས་ཏེ། མི་ཟབ་པའི་རྫོགས་རིམ་ནི། རྡོ་རྗེས་བཟླས་པ་བཞིན་ཤེས་པར་བྱའོ། །ཞེས་དང་། གཉིས་པ་རྡོ་རྗེའི་བཟླས་པ་ནི། བསྲེ་བའི་མན་ངག་ལྟར་བསྒོམ་ཞིང་། རླུང་བཟུང་བ་སྟེ། རྫོགས་པའི་རིམ་པ་ཡང་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །བསྲེ་བ་སྐོར་གསུམ་གྱི་མན་ངག་ཆ་ལག་དང་བཅས་པ། ཤིན་ཏུ་གསལ་བ་གཞན་དུ་ཁོ་བོས་བསྟན་པ་ལྟར་ཡིན་ལ། རང་བྱུང་རྡོ་རྗེའི་ལྷ་དགུར། ཟབ་པའི་རྫོགས་རིམ་ནི། རང་གི་ཐུགས་ཀའི་འོད་ཟེར་འཁོར་འདས་


CMR024_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལྷ་ཚོགས་ཏུ་གསལ་བ་ལ་འཕྲོས། དེ་དག་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་བའི་གུར་ཁང་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་རིམ་བཞིན་བདག་ཉིད་ལ་འདུས་ཏེ། བདག་ཐུགས་ཀའི་ཧྲིལ་བསྡུ། ཧྲིགོང་བུ་དང་ནཱ་དའི་གཟུགས་ལས་རྣམ་པར་འདས་ནས། རྣམ་པར་དག་པའི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་ལ་བྷོ་དུ་མེད་ཅིང་ཡེངས་སུ་མེད་པ། འགག་ཏུ་མེད་ཅིང་བསྒྲུབ་ཏུ་མེད་པ་སྟེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་དུ་གནས་པར་བྱའོ། །འདི་ལ་གོམས་ནས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པར་འགྱུར་རོ། །ཞེས་དང་། རང་བྱུང་བའི་ལྷ་དགུའི་རྫོགས་རིམ་དུ། དེ་ནས་བཟླས་པ་ལ་སྐྱོ་ན། རྫོགས་པའི་རིམ་པ་བསྒོམ་པར་བྱ་བ་ནི། ལྷ་ཐམས་ཅད་བདག་ཉིད་ལ་བསྡུས་ཏེ། ཡང་ཧྲིལ་བསྡུས་ནས་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་ཀྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་འཁོར་བ་མྱ་ངན་ལས་འདས་པའི་བསྡུས་པའི་ཆོས་ཐམས་ཅད་ཀྱིས་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ་འགག་པ་མེད་པ་། རང་སེམས་མཉམ་པ་ཉིད་ཀྱི་ངང་དུ་བསྒོམ་དུ་ཅི་ཡང་མེད་པ། འཁྲུལ་པ་མེད་པ་ཡེངས་བ་མེད་པའི་དོན་ལ་


CMR024_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་གནས་པར་བྱའོ། །འདི་ལ་གོམས་ན་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་དང་། རྗེ་དེ་བཞིན་གཤེགས་པའི་ལྷ་དགུའི་ཆོ་གར། དེ་ཡང་རིམ་གྱིས་དམིགས་པ་མེད་པའི་བར་དུ་བསྡུས་ཏེ་མཉམ་པར་བཞག །ཅེས་དང་། དཔལ་ཛ་ལེན་དྷ་ར་ཆེན་པོའི་ལྷ་དགུའི་རྒྱ་གཞུང་དུ། དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ས་བོན་གྱི་ཡི་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་རབ་ཏུ་འཕྲོས་ཏེ། ཕྱི་རོལ་གྱི་སྣང་བ་ཐམས་ཅད་སྲུང་བའི་འཁོར་ལོ་ལ་བསྡུ། དེ་གཞལ་ཡས་ཁང་ལ་བསྡུ། གཞལ་ཡས་ཁང་ལྷ་མོ་རྣམས་ལ་བསྡུ་དེ་སྒོ་མ་བཞི་ལ་བསྡུའོ། །དེ་ཕྱོགས་བཞིའི་སངས་རྒྱས་ཡབ་ཡུམ་ལ། དེ་གཙོ་བོ་ཡབ་ཡུམ་ལ། དེ་ཡབ་ལ་བསྡུས་ཏེ། ཡབ་ཉིད་ཀྱང་ཐུགས་ཀའི་ཧིལ་ཐིམ། ཏིཿདེ་ཡང་རིམ་གྱིས་ནཱ་ད་ལ་ཐིམ་ཏེ། ནཱ་ད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་བསྒོམ་མོ། །ཞེས་དང་། དཔལ་ཛ་ལེན་དྷ་རའི་སྐབས་འདིར་པདྨ་རྒྱལ་པོའི་རྒྱུད་ཀྱི་ལུང་འདྲེན་པར་མཛད་དེ། ཇི་སྐད་དུ། དེ་ཡང་རྒྱུད་ལས། སྣང་ལ་རང་བཞིན་མེད་པར་བསྒོམ། །སྒྱུ་མ་ལྟ་བུར་བསྡུས་པ་ཡིན། །གསལ་ལ་མི་རྟོག་འོད་གསལ་ལོ། །ཐམས་ཅད་སྤྲོས་པ་མེད་


CMR024_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས། །བདེ་དང་སྟོང་པ་གཉིས་སུ་མེད། །འབྲས་བུ་ཞེས་བྱ་བྱུང་འཇུག་ཡིན། །རྟོག་པ་ཐམས་ཅད་བསྡུས་ནས་ནི། །བསམ་པ་བཟང་པོས་ལྷ་འདི་བྷེ། །ནམ་ཡང་འབྲལ་བར་མ་བྱེད་ཅིག །ཅེས་གསུངས་སོ། །ཞེས་འབྱུང་ངོ་། དེ་ཡང་རྒྱུད་ལས་ཞེས་པ་ནི། པདྨ་ཟབ་པའི་རྒྱུད་དེ་ལ་རྒྱལ་བ་རྒྱ་མཚོའི་རྒྱུད་ཡིན་པ་ཁོ་ནར་མ་ཟད་པདྨ་རྒྱལ་པོའི་རྒྱུད་འདི་ཡང་རྒྱལ་བ་རྒྱ་མཚོའི་རྒྱུད་ཡིན་པར་གསལ་བར་བསྟན་ཅིང་། རྒྱུད་འདི་ལ་སྐུ་མདོག་དཀར་པོ་གསུངས་པ་ཡང་མི་འགལ་ཏེ། མི་ཏྲ་བརྒྱ་རྩ་ལས། རྒྱལ་བ་རྒྱ་མཚོ་སྐུ་མདོག་དཀར་པོ་ཅན་གྱི་དཀྱིལ་འཁོར་གསུངས་པའི་ཕྱིར་རོ། །ཞར་བྱུང་གི་འཕྲོས་སོ། །འདིར་བསྐྱེད་རིམ་མཐའ་ནས་དབུས་ཡལ་དུ་བྱས་ནས་ཅི་ཡང་ཡིད་ལ་མི་བྱེད་པར་དོན་དམ་པའི་ངང་དུ་བཞག་པ་སྟེ། ཨོ་རྒྱན་རིན་པོ་ཆེས། རྒྱལ་བ་རྒྱ་མཚོའི་ལྷ་ལྔ། ནང་གི་དྲན་པ་ཡང་ཟེར་རྣམ་རྟོག་སྟེ། དེའི་ངོ་བོ་སྟོང་ཞིང་རང་བཞིན་བྲལ་བའི་ཕྱིར། འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྟོག་པ་ཡིད་ལ་མི་བྱེད་པར་རང་ལུགས་ཆེན་པོའི་ངང་ལ་བཞག་གོ །དེའི་ངང་ལས་དྲན་བྱེད་ཀྱི་ཤེས་པ་རྒྱུ་ན་རང་སར་བཞག་པས་རང་ཞིར་འགྲོ་སྟེ། དཔེར་ན་སྤྲུལ་མདུད་ནམ་མཁར་


CMR024_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དོར་ན་རང་སར་གྲོལ་བའམ། ཆུ་ལ་སྤུ་དབུགས་བསྣུན་པས་གཉེར་མ་རང་དྭངས་ལ་འགྲོ་བ་བཞིན། དྲན་རེག་ཐམས་ཅད་ལ་བཅོས་སླད་མེད་པར་རང་སར་བཞག་པས་རང་ཞིར་འགྲོའོ། །ཞེས་གསུངས་ཤིང་། ཐུགས་རྗེ་ཆེན་པོ་གསང་འདུས་གསང་ཁྲིད་ལས། རིག་ཐོག་ན་ངོ་བོ་སྟོང་སང་ངེ་བ། རང་བཞིན་གསལ་སྟོང་རྗེན་ནེ་བ། རྩལ་གཏད་མེད་དུ་ཐལ་ལེ་བ། གསལ་རིག་སྟོང་གསུམ་ངང་གཞི་གཅིག་ན་གནས་པ་དེ་ལ་སྐྱོན་མེད་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། ཞེས་གསུངས་པ་དང་། སྤྱན་རས་གཟིགས་ཉིད་ཀྱི་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གནང་བའི་སེམས་ཉིད་ངལ་གསོ་ལས། གང་སྐྱེས་གཞུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗེད་ན། །དེ་ཤར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་དང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་རྒྱུད་ལས། ཧཱུྃ༔ རྟོག་ཚོགས་ཐུགས་རྗེ་ཆེན་པོའི་ཐུགས། །ཡེ་ཤེས་ཟངས་ཐལ་ངང་ལ་ཞོག །གྲོལ་བ་ཐམས་ཅད་རང་གྲོལ་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཞེས་དང་། སྣང་བ་མཐའ་ཡས་ཀྱིས་ཨོ་རྒྱན་རིན་པོ་ཆེ་ལ་དངོས་སུ་གནང་བའི་ཐུགས་རྗེ་ཆེན་པོ་ལྟ་བ་ཡང་ཐོག་གི་རྒྱུད་ལས།


CMR024_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་རང་སར་གྲོལ་བའི་མན་ངག་ནམ་མཁའ་ལ་སྤྲིན་གྲོལ་བ་ལྟ་བུ་ཡིན་ཏེ། སེམས་ཉིད་སྟོང་པ་ཉིད་ནམ་མཁའ་ལྟ་བུ་ངོས་བཟུང་མེད་པ་ངོ་བོ་སྟོང་པ་ཉིད་དེ་ལ། སྤྲིན་ཁུ་རླངས་ལ་སོགས་པ་བྱུང་ཡང་ནམ་མཁའ་སྟོང་པའི་ངང་ལས་བྱུང་། བསལ་ཡང་གང་དུ་ཡང་བསལ་བ་མེད་པ་ནམ་མཁའི་ངང་དུ་དྭངས་བ་ལྟ་བུ་ད་ལྟ་དངོས་པོ་མཚན་མ་སྣང་བ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་ཡིན་པས་མཚན་མ་དེ་ཉིད་གཞན་དུ་མི་འགྱུར་བར་དག་པས། མཚན་མ་སྣང་བ་ཉིད་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལས་མི་གཡོ་བར་སྒོམ་པའོ། །ཞེས་དང་། བྱང་ཆུབ་སེམས་དཔའ་ལྟ་བའི་གདེང་གིས་ཟིན་ནས། དངོས་པོ་ཅི་སྣང་ཅི་མཐོང་ཅི་ཚོར་ཅི་བྱུང་ཅི་ཕྲད་ཡང་། བར་རྣམ་རྟོག་གིས་མ་ཆོད་པར་ཅི་སྣང་སེམས་སུ་ཤེས་ཤིང་། སེམས་ཀྱི་ངོ་བོ་སྟོང་པར་གསལ་བས་ཆོས་ཉིད་ཀྱི་དགོངས་པའོ། །སྣང་བ་ལ་སྐྱོན་དུ་མི་བལྟ། སྣང་བ་ཆོས་ཉིད་དུ་ཤར། ཆོས་ཉིད་ཐུགས་འཕྲད་དུ་ཤར་བ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་དཔའ་ཆོས་ཉིད་རྟོག་པའི་གདེང་གིས་ཟིན་ཙ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་སྟོང་པའི་ངོ་བོ་གསལ་བས་རྣམ་རྟོག་རང་གི་སེམས་ཉིད་ཡིན་


CMR024_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པའི་དུས་ན། རྣམ་རྟོག་ཅི་བྱུང་ཅི་སྐྱེས་ཐམས་ཅད་སླར་ཡེ་ཤེས་སུ་གསལ་བའི་ཡེ་ཤེས་རྒྱུན་ཆད་མེད་པར་འཆར་བ་ཡིན་ནོ། །དེ་ལྟར་རྟོགས་པའི་ཐུགས་རྗེ་ཆེན་པོ་སྒོམ་པའི་རྣལ་འབྱོར་པས་ངག་ཏུ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླའོ། །ཞེས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེ་ལ་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གནང་བའི། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་རྒྱུད་ལས། ཐུགས་རྗེ་ཆེན་པོའི་དགོངས་པ་ཆོས་ཉིད་ཀྱི་དོན་སྒོམ་པ་ལ་བསྒོམ་དུ་མེད་དེ། ཐུགས་རྗེ་ཆེན་པོའི་དགོངས་པ་ཆོས་ཉིད་སྐྱེ་བ་མེད་པའམ། སྟོང་པ་སྤྲོས་བྲལ་གཅིག་ལ་སྒོམ་བྱེད། རང་གིས་བློ་སྐྱེ་བ་ཞིག་གཏད་ནས་སྒོམ་བྱེད་པ་མིན། །བསྒོམ་ཡུལ་ཆོས་ཉིད་སྐྱེ་བ་མེད་པ་ཡང་རང་གི་སེམས་ཉིད་དུ་ཤར། སྒོམ་བྱེད་ཀྱི་མཁན་པོ་ཡང་རང་གི་སེམས་ཉིད་དུ་ཤར། བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པ་ཡང་རང་གི་སེམས་ཉིད་དུ་ཤར། རང་གི་སེམས་ཉིད་དེ་བསྒོམ་བྱའི་ཡུལ་ཐུགས་རྗེ་ཆེན་པོའི་དགོངས་པ། བསྒོམ་བྱ་ཕྱི་རུ་མ་སོང་སྒོམ་བྱེད་ཀྱི་མཁན་པོ་རང་གིས་བྱས་ནས་ནང་དུ་མ་སོང་བསྒོམ་བྱ་ཐུགས་རྗེ་ཆེན་པོའི་དགོངས་པ་དང་བྷེ་བྱེད་བདག་གཉིས་ཀ་གཉིས་སུ་མེད་པར་ཡུལ་སེམས་གཉིས་བློས་


CMR024_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྲེས་པ་མེད་པ་སེམས་དང་ཆོས་ཉིད་ལ་བཅོས་པ་དེ་ལ་རང་ལུགས་ལ་གནས་པ་དེ་ལ་སྒོམ་བྱེད་ཀྱི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་རང་བྷེ་ཞེས་བྱའོ། །དུས་རྟག་ཏུ་དེ་དང་མི་འབྲལ་ན་ཐུགས་རྗེ་ཆེན་པོའི་ཐུགས་ཡེ་ཤེས་དང་ཆོས་ཉིད་འདྲེས་པ་ཡིན་ནོ། །ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་པ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་འདི་ལ་ཡེངས་སུ་མེད་དེ་རྡོ་རྗེའི་སྙིང་པོ་འབྲུ་དྲུག་པ་ཞེས་བྱ་སྟེ། རང་བྱུང་དུ་བགྲངས་བས་ཐུགས་རྗེ་ཆེན་པོའི་ཐུགས་ཡེ་ཤེས་རང་གསལ་དུ་འཆར་བར་བྱེད་པ་ཡིན་ནོ། །ཞེས་གསུངས་པས་ལྟ་བའི་ངང་ནས་ཡིག་དྲུག་ཤུབ་བུར་བཟླས་པས་སྟོང་ཉིད་དོན་དམ་པའི་བདེན་པ་ཤུགས་ལ་འཆར་བ་གསུངས་སོ། །ཡང་ཐུགས་རྗེ་ཆེན་པོས། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་དངོས་སུ་གནང་བའི་ཐུགས་རྒྱུད་ལས། །ཆོས་ཉིད་དེ་བཞིན་ཉིད་སངས་རྒྱས་ཀྱི་དགོངས་པ་དེ་ལོགས་ནས་བསྒྲུབ་པའམ། བཙལ་བའམ་བསམས་ནས་རྙེད་དུ་ཡོད་པ་མ་ཡིན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་ཡིན་ནོ། །དེ་ཡང་སེམས་ཀྱི་ངོ་བོ་སྟོང་པ་ཅི་ཡང་མ་གྲུབ་པ་ཡིན། སྟོང་པ་གསལ་ལ་མ་འགག་པ། སངས་རྒྱས་ལ་སྐུ་དང་ཡེ་ཤེས་ལ་ཤར་བ་ཡིན་ནོ། །སེམས་ཅན་ལ་དུག་


CMR024_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་རྣམ་རྟོག་ཏུ་ཤར་བ་ཡིན་ནོ། །དེ་ལ་སེམས་ཀྱི་ངོ་བོ་སྟོང་པར་འདུག་པ་དེ་ཆོས་སྐུ་རང་ལ་གནས་པ་ཡིན་ནོ། །རྩལ་དུག་ལྔ་དང་རྣམ་རྟོག་མ་འགག་པར་ཤར་བ་ཡང་རྩ་བ་སྟོང་པ་ཡིན་པས། མ་འགག་དང་རང་ཤར་མི་གནས་ཏེ་རང་གྲོལ་བས་ཡེ་ཤེས་སུ་འཆར་རོ། །སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུར་ཉམས་སུ་བླངས། མ་འགག་པར་གསལ་བར་ལོངས་སྐུར་ཉམས་སུ་བླངས། སྣ་ཚོགས་སུ་འཆར་བས་རང་ཤར་རང་གྲོལ་བས་སྤྲུལ་སྐུར་ཉམས་སུ་བླངས། དེ་ཉམས་སུ་བླངས་པས་འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་གསུམ་རང་ལ་འཆར་བ་ཡིན་ནོ། །དེ་ལྟར་ཉམས་སུ་ལོངས་ཤིག །ཅེས་གསུངས་པར། རྒྱལ་པོ་སྲོང་བཙན་སྒམ་པོས་ཡབ་ལ་གདམས་པ་ལས། ཐུགས་རྗེ་ཆེན་པོའི་ལྟ་བ་ནི། །རང་བྱུང་རང་ཤར་ལྟ་བའི་མཆོག །སེམས་ཉིད་སྟོང་པ་རང་བྱུང་ཡེ་ནས་གནས། །རང་ལ་ཤར་བས་སྟོང་པར་མཐོང་། །ལྟ་བ་དེ་ཡི་གོང་ན་མེད། །ཐུགས་རྗེ་ཆེན་པོའི་བསྒོམ་པ་ནི། །རང་བྱུང་རང་གསལ་བསྒོམ་པའི་མཆོག །རང་བྱུང་སྟོང་པའི་ངང་ལས་ནི། །རང་གསལ་འཛིན་པ་མེད་པར་གནས། །བསྒོམ་པ་དེ་ཡི་གོང་ན་མེད། །ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི།


CMR024_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཤར་རང་གྲོལ་སྤྱོད་པའི་མཆོག །རྣམ་རྟོག་དུག་ལྔ་གང་སྐྱེས་ཀྱང་། །རྗེས་ཕྱིར་མི་འབྲང་རང་སར་ཞོག །སྤྱོད་པ་དེ་ཡི་གོང་ན་མེད། །ཅེས་གསུངས་པ་དང་། སྤྲུལ་པའི་རྒྱལ་པོས་མཛད་པའི་ཐུགས་རྗེ་ཆེན་པོའི་འགྲེལ་བཤད་ནོར་བུའི་རྒྱན་ལས། ཧྲིལ་གྱིས་དྲིལ་བས་དབང་པོ་ཚོགས་དྲུག་ཡུལ་གྱི་སྣང་བ་འཛིན་མཁན་སེམས་ཡིན་པས་སྣང་བ་སེམས་སུ་ངོ་སྤྲད། སེམས་ལ་དངོས་པོ་དང་མཚན་མ་གཟུགས་དང་ཁ་དོག་གང་ཡང་མ་གྲུབ་པས་སེམས་སྟོང་པར་ངོ་སྤྲད། སྣང་བ་དང་སྟོང་པར་རང་ཤར་རང་གྲོལ་དུ་ངོ་སྤྲད་དོ། །ཞེས་དང་། །རྣམ་པར་རྟོག་པ་ཕྲ་རགས་གང་གིས་ཀྱང་མི་བསྒྱུར་མི་བཅོས་མི་འགག་པར་ཀློད་ལ་རྗེས་ཕྱིར་མི་འབྲང་བར་རང་དངས་སུ་སྟོང་པ་ལ་བཞག །ཆུ་ལ་ཆུ་བུར་ཐིམ་པའམ། མཚོ་ལ་ཁ་བ་བབས་པའམ་བ་མོ་ལ་ཉི་མ་ཕོག་པའམ། ནམ་མཁའ་ལ་སྤྲིན་ཡལ་བའམ། རྣམ་རྟོག་བྱུང་བ་ཡང་སེམས་ལས་བྱུང་། ཐིམ་ཡང་སེམས་ལ་ཐིམ། དང་ཡང་སེམས་སྟོང་པའི་ངང་དུ་དངས་ལ་ངོ་སྤྲོད་དོ། །ཞེས་དང་། དུག་ལྔ་སྟོང་པ་ཡིན་པས་ཐ་མལ་གྱི་ཉོན་མོངས་པའི་རྗེས་ཕྱིར་མི་འབྲང་། སྐྱེས་ཀྱང་སྟོང་པའི་ངང་ལས་སྐྱེས། གྲོལ་ཡང་སྟོང་པའི་ངང་ལས་


CMR024_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། མ་སྤངས་ཏེ་མ་འགག་རང་ཤར། མི་གནས་ཏེ་རྗེས་མེད་སྟོང་པར་གྲོལ་ལོ། །ཞེས་དང་། ལྟ་བ་དེ་ལོག་ན་མེད་དེ། སེམས་ཉིད་ངོ་བོ་སྟོང་པར་ཡོད་པ་དང་། མེད་པ་དང་། རྟག་ཆད་ཀྱི་མཐའ། ཡིན་མིན་མཐའ་གང་དང་ཡང་བྲལ་བ། གཏན་ཅིར་ཡང་མེད་པ། ཤེས་བརྗོད་ཀྱི་ཡུལ་ལས་འདས་པ་དེ། །ཐུགས་རྗེ་ཆེན་པོའི་ལྟ་བ་མཐའ་བྲལ། རྟེན་མེད་དུ་ངོ་སྤྲོད་དོ། །ཞེས་དང་། བསྒོམ་པའི་ངོ་བོ་གང་ཡིན་ན། སེམས་ཉིད་སྟོང་པ་ཡིན། སེམས་དེ་ངོ་བོ་སྟོང་པ་གང་དུ་ཡང་མ་གྲུབ་པས་སྟོང་སང་ངེ་བར་གནས་པ་ཡིན། རང་བཞིན་མ་འགག་པས་གསལ་སང་ངེར་གནས་པ་ཡིན། མཚན་ཉིད་སྟོང་གསལ་གང་གིས་ཀྱང་འཛིན་པ་མེད་པར་གནས་པ་ཡིན། དེ་ལོག་ན་མེད་རང་གི་རྒྱུད་ལ་ཉམས་སུ་མྱོང་བ་དེ། ཐུགས་རྗེ་ཆེན་པོའི་བསྒོམ་པ་གསལ་ལ་འཛིན་མེད་དུ་ངོ་སྤྲད། ཅེས་དང་། སྤྱོད་པའི་ངོ་བོ་གང་ཡིན་ན། རང་གི་རིག་པ་རང་གིས་ངོ་ཤེས་པ་ཡིན་ནོ། །ངོ་གང་དུ་ཤེས། རིག་པ་སྟོང་པར་ངོ་ཤེས། རིག་པ་གང་ཤར་ཡང་། རང་རྩལ་སྟོང་པ་ཡིན། བྱེད་པ་མི་འགག་གང་ལ་དེ་ཁོ་ནར་མི་འཛིན། དུས་རྟག་ཏུ་འགྲོ་འཆག་ཉལ་འདུག་


CMR024_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཅི་ལྟར་གནས་ཀྱང་རིག་སྟོང་དབྱེར་མེད་དུ་མི་འདའ་བ་དེ་ལ་ཐུགས་རྗེ་ཆེན་པོའི་སྤྱོད་པ་ཤུགས་འབྱུང་འགག་མེད་རང་ཤར་རང་གྲོལ་དུ་ངོ་སྤྲད་པ་ཡིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་གསུང་རྒྱུན། སྤྱན་རིས་གཟིགས་ཀྱི་ཁྲིད་རིམ་ལས། སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བ་ངོ་བོ་རང་བཞིན་གྱིས་སྟོང་པ་ནམ་མཁའི་དབྱིངས་ལྟ་བུ་ནི་རང་བཞིན་འོད་གསལ་བ་དེ་ཉིད་རིག་པ་འགག་མེད་ཀྱི་རོལ་པར་ཅིར་ཡང་འཆར་ཞིང་སྣང་བ་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འགག་པ་མེད་པ་རོ་མཉམ་པ། ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པ་འགག་མེད་ཀྱི་རིག་པ་དུ་མར་འཆར་ཞིང་སྣང་བ་དབྱེར་མེད་པ། བློ་འདས་ནམ་མཁའ་ལྟ་བུ། གསལ་རིག་སྟོང་གསུམ་མཐའ་དབུས་མེད་པར་འདུག་གོ་ཞེ་ན། དེ་ཁོ་ན་ཉིད་དོ། །ཞེས་དང་། ཞི་ལྷག་ཟུང་འཇུག་ཉམས་སུ་བླང་བར་བྱ་བ་ནི། སེམས་ཀྱི་སྐྱེ་འགག་གནས་གསུམ་དང་བྲལ་བས། གསལ་སྟོང་དབྱེར་མེད་ནམ་མཁའ་ལྟ་བུའི་ངང་ལ་འཇོག་པ་ནི་ཞི་གནས་དེའི་རང་བཞིན་མཐོང་ཞིང་ཤེས་པ་ནི་ལྷག་མཐོང་ཡིན་ནོ། །ཞེས་དང་། ཡང་སེམས་ཉིད་སྤྱན་རས་གཟིགས་ཀྱང་ཡིན་ཏེ། ཐུགས་


CMR024_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་སྤྱན་གྱིས་འགྲོ་བ་ཡོངས་ལ་ཐོགས་པ་མེད་པར་གཟིགས་པ་ནི། སྤྱན་རས་གཟིགས་སོ། །བློ་འདས་མཐའ་དབུས་དང་བྲལ་བས་ཀུན་མཁྱེན་གྱི་སྤྱན་གྱིས་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར་མ་འདྲེས་པར་རང་གསལ་དུ་གཟིགས་པས་སྤྱན་རས་གཟིགས་སོ། །རང་རིག་ཡེ་ཤེས་ཀྱི་སྤྱན་གྱིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་ལ་གཟིགས་པས་སྤྱན་རས་གཟིགས་སོ། །གཟུང་འཛིན་གྱི་དབྱིངས་སུ་དག་པའི་སྤྱན་གྱིས་སྤྲོས་བྲལ་འོད་གསལ་བའི་སེམས་ཉིད་གཟིགས་པས་སྤྱན་རས་གཟིགས་སོ། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེས། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་རྫོགས་རིམ་གྱི་གཟེར་བུར། ཡང་དག་པའི་གནས་ལུགས་ཀྱི་ངོ་བོ་ལ། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ་པོ་ཁུངས་འདི་ནས་བྱུང་། འདིར་གནས་འདིར་འགྲོ་ཚུལ་ལུགས་ཀྱི་རྣམ་པ་དབྱིབས་ཁ་དོག་འདི་འདྲའོ། །ཞེས་པ་ལ་སོགས་ཐ་སྙད་ཐམས་ཅད་ལས་འདས་ཤིང་། དག་པ་ཡེ་ཤེས་ཀྱི་རང་བཞིན་དབྱེར་མེད་ཆུ་དང་འོ་མ་འདྲེས་པ་ལྟར་གནས་པའི་ཕྱིར་ཉོན་མོངས་པ་མ་སྤངས་རང་སར་དག་སྟེ། ཁོ་རང་གི་གཤིས་དེ་ཉིད་མ་སྤངས་པར་ཁོ་རང་གིས་གང་ཤར་གྱི་ངོ་


CMR024_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལ་བཟོ་མེད་རང་ལུགས་རང་བབ་མལ་དུ་ཀློད་ནས་བཞག་པས། ཉོན་ཡིད་ཀྱི་འཕྲོ་འདུ་ཡེ་ཤེས་སུ་ཐིམ་ནས་དག་པ་ཆོས་ཉིད་དུ་རོ་གཅིག་གི་ཉམས་རྟོགས་རྒྱུད་ལ་ངང་ངམ་ཤུགས་ཀྱིས་འཚར་བར་འགྱུར་རོ། །ཞེས་དང་། གཞི་གཤིས་ཀྱི་གནས་ལུགས་རང་བཞིན་ཡེ་གདོད་མ་ནས་སྟོང་ཞིང་བདག་མེད་པ་ཆོས་ཀྱི་སྐུའོ། །དེའི་ངང་ལས་མ་འགག་རོལ་པ་སྣ་ཚོགས་ཀྱི་འཆར་སྒོ་མ་སྒྲིབ་པར་གསལ་ནས། གང་ཡང་འཆར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྟོང་པའི་ངང་ལས་གསལ། གསལ་བའི་ངང་ལས་སྣ་ཚོགས་སུ་འཕྲོ་འདུ་བྱེད་པ་ནི་སྤྲུལ་པའི་སྐུ་སྟེ། དེ་ལྟར་སྐུ་གསུམ་པོ་ཡང་ངང་གིས་གསལ་བ་ལས། གཞི་གཤིས་ཐོག་ནས་གཡོ་བ་མེད་པས། དུ་མ་རོ་གཅིག་ཏུ་ཐག་ཆོད་ཀྱིས་བཅད་ལ། བློ་རྩབ་རྩུབ་ཀྱི་རྗེས་ཕྱིར་མི་འབྲང་བར་རང་ཡན་དུ་སྐྱུར་བར་བྱའོ། །ཆེད་དུ་མི་དགག །ཆེད་དུ་མི་བསྒྲུབ། དགག་བསྒྲུབ་མེད་པས་ཀློད་ལ་བཞག་པས། དུས་ཚོད་གཅིག་ནས་གཅེར་བུ་རང་གྲོལ་ནས་བླ་མ་ནང་ནས་འཆར་ཏེ། དེ་ལ་དགའ་བྲོད་ཀྱི་བདུད་མ་ཞུགས་པ་རྐྱང་པས་ཆོག་གོ །སྨིན་ནས་རྩལ་འཕར་བར་འགྱུར་བ་ཆོས་ཉིད་ཡིན་ནོ། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་ཡང་


CMR024_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་འདུས་པའི་རྒྱུད་ལས་ཀྱང་། དྲན་རྟོག་རང་གྲོལ་ཐུགས་སུ་ཁྱེར། །ཞེས་དང་དེའི་དོན། ཨོ་རྒྱན་རིན་པོ་ཆེས། འདས་མ་འོངས་ད་ལྟར་གྱི་རྟོག་པ་གང་དྲན་ཡང་། དྲན་ཡུལ་དྲན་མཁན་རང་གྲོལ། དྲན་བསྡོ་ལ་སྟོང་སྟེ་རང་བཞིན་མེད་པར་གྲོལ་བ་ནི། བདེ་གཤེགས་ཐུགས་ཏེ་ཆོས་རྣམ་དྲན་སྟོང་ཐུགས་ཀྱི་ལམ་ཁྱེར་རོ། །རྒྱུད་ལས་ཀྱང་། སྣང་གྲག་རྟོག་ཚོགས་རང་གྲོལ་ངེས། །ཞེས་པས། མ་འགག་རང་ཤར་ལ་མ་འགག་རང་ཞིར་འགྲོ་བར་ངེས་སོ། །ཞེས་གསུངས་སོ། །དེ་དང་མཚུངས་པར། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། རྒྱུད་དོན་རང་བཞིན་ཉག་གཅིག་སྟེ། །མ་ནོར་མ་བཅོས་ཆོས་ཀྱི་སྐུ། །དག་པ་གཉིས་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེ་མ་འགག་སྤྲུལ་པའི་སྐུ། །ངོ་བོ་སྐྱེ་འགག་གནས་བྲལ་བ། །འདུས་མ་བྱས་ཤིང་ཡེ་ཉིད་ནས། །རང་ལ་རང་ཆས་ཡོད་པའོ། །ཐོག་མཐའ་མེད་པས་འགྲོ་འོང་མེད། །སྐྱེ་བ་མེད་པས་འགག་པ་མེད། །ཡེ་ནས་རང་བྱུང་བཅིངས་གྲོལ་མེད། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ལ། །ཞེས་དང་། སྤྲོས་མེད་ཆོས་རྣམས་ཡེ་ནས་དག །མཐའ་བཞི་དྲི་མ་རང་སང་ཉིད། །ཀ་དག་


CMR024_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་ཐལ་ཆོས་ཀྱི་སྐུ། །འཁོར་འདས་མཉམ་པ་ཉིད་དུ་བརྡལ། །ཞེས་གསུངས་སོ། །དེ་བཞིན་དུ་ཐུགས་རྗེ་ཆེན་པོའི་དགོངས་དོན་འགྲོ་བ་ཀུན་གྲོལ་བའི་རྒྱུད་ལས། ཧཱུྃ༔ བདེན་པ་གཉིས་བདེན་རང་གི་སེམས། །མ་བྱུང་མི་གནས་མི་འགྲོ་བ། །འཁོར་འདས་དབང་དུའང་འགྱུར་བ་མེད། །དོན་འདིས་བློ་འདས་དགོངས་པ་ལ། །ཐམས་ཅད་ཡོད་ཅིང་ཐམས་ཅད་མེད། །འགྱུར་བ་མེད་ཅིང་བརྗོད་དུ་མེད། །གཅིག་དང་འདུ་འབྲལ་གྲུབ་མཐའ་གཏོར། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །ཞེས་དང། ཞི་གནས་ངང་ལ་ལྷག་མཐོང་སྐྱོང་། །ཞི་བར་གནས་པ་ངོས་བཟུང་ལ། །ཡུལ་དྲུག་རྟོག་པ་ཟིལ་གྱིས་གནོན། །ཞེས་དང་། རྒྱུན་དུ་ཀློད་ཀྱིས་ཀློད་པ་ན། །སྐྱེ་འགག་གནས་གསུམ་མཐའ་དང་བྲལ། །ཡེངས་བ་མེད་པའི་ཤེས་བཞིན་བསྟན། །ཞེས་གསུངས་སོ། །དེ་དག་ཆོས་འདིའི་རྒྱུད་གཞུང་གི་ལུང་ཡིན་ལ། ༈ དེའི་ལུང་རྒྱབ་མདོ་རྒྱུད་སྤྱིའི་ལུང་ཅུང་ཟད་འདྲེན་པར་བྱ་སྟེ། སུམ་ཅུ་རྩ་གསུམ་པའི་ལེའུ་ལས། སྲིད་གསུམ་ཐམས་ཅད་སེམས་ལས་གྲུབ་པར་འགྱུར། །སེམས་དེ་ཉིད་ཀྱང་རྟག་ཏུ་བསྟན་དུ་མེད། །གཟུགས་མེད་ལམ་དུ་མ་བསྟན་


CMR024_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་འདྲ། །མཁས་པ་དེས་ནི་སེམས་ཀྱི་ཆོས་ཉིད་ཚོལ། །དེ་ནི་སེམས་ཀྱིས་ཆོས་ཉིད་ཚོལ་བ་ན། །སེམས་དང་ཆོས་ཀྱི་ཆོས་ཉིད་མཐོང་བ་མེད། །སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པ། །སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད། །ཅེས་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གཞོན་ནུ་སེམས་ཀྱི་ངོ་བོ་ཉིད་ནི་གཟུགས་མེད་བསྟན་དུ་མེད་པ་སྟེ། གཞོན་ནུ་དེ་ལྟར་སེམས་ཀྱི་ངོ་བོ་ཉིད་གང་ཡིན་པ། སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་གང་ཡིན་པ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་ཏེ། ཞེས་དང་། སེམས་རྟོག་པ་ལ་མངོན་པར་བསྔགས་པའི་མདོ་ལས། སེམས་ཀྱི་རང་བཞིན་ཤེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་ཤེས་པར་འགྱུར་ཏེ། སེམས་སྣང་བའི་ཡུལ་ལས་ཆགས་པར་མི་འགྱུར་ཏེ། ཆགས་པ་མེད་ན་ཉོན་མོངས་པ་སྐྱེ་བར་མི་འགྱུར། ཉོན་མོངས་པ་མ་སྐྱེས་ན་འཁོར་བར་མི་འགྱུར་བའི་ཕྱིར་རོ། །ཞེས་དང་། རིགས་ཀྱི་བུ་སེམས་ཀྱི་རང་བཞིན་མ་ཤེས་ན་སྦྱིན་པ་ལ་


CMR024_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་བསོད་ནམས་བྱ་བའི་དངོས་པོ་ལུས་ངག་གི་འབད་པ་ཐམས་ཅད་བྱས་ཀྱང་ཆོས་ཀྱི་སྐུ་འཐོབ་པར་མི་འགྱུར་རོ། །དེ་མ་ཐོབ་ན་གཟུགས་སྐུ་གཉིས་ཀྱང་གདུལ་བྱ་ལ་སྣང་བར་མི་འགྱུར་རོ། །ཞེས་དང་། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སེམས་རྟོགས་པ་མཐར་ཕྱིན་ནོ། །སེམས་རྟོགས་པ་ནི་སངས་རྒྱས་པའོ། །ཞེས་གསུངས་སོ། །དུས་འཁོར་བསྡུས་རྒྱུད་ལས། ལུས་ལ་གནས་པའི་ཡེ་ཤེས་གཟི་བརྗིད་སྲིད་པའི་སྡིག་འཕྲོག་དུས་ཀྱི་འཁོར་ལོའི་རིགས། ཞེས་དང་། གསང་བ་འདུས་པའི་རྒྱུད་ལས་ཀྱང་། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ། །ཞེས་དང་། དགྱེས་རྡོར་ལས། རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །ཞེས་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། དེ་ལས་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཏེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་དང་། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་


CMR024_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་གཉིས་ཀའི་བར་ན་ཡང་མི་དམིགས་སོ། །ཞེས་དང་། དེ་ལྟར་ན་སེམས་དང་ནམ་མཁའི་དབྱིངས་དང་། བྱང་ཆུབ་འདི་ནི་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ། །ཞེས་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བྱང་ཆུབ་ཡོངས་སུ་ཤེས་པར་འདོད་པས་རང་གི་སེམས་ཡོངས་སུ་ཤེས་པར་བྱའོ། །ཞེས་གསུངས་པ་དང་། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། གཉིས་མེད་དོན་ལ་ཅི་ཡང་བསྒོམ་དུ་མེད། །བྱང་ཆུབ་སེམས་ཀྱི་འདུག་ཚུལ་སྟོང་ཉིད་ལ། །ལྟ་ཞིང་ཀློད་དེ་རང་སར་བཞག་ནས་ཀྱང་། །ལྟ་སྟངས་བསྒྱུར་ཞིང་རིག་པ་དྭངས་སུ་བཞུགས། །ལུས་ངག་བྱ་བ་ཐམས་ཅད་བཏང་བར་བྱ། །བསམ་དུ་མེད་པ་རྟོག་པའི་ནམ་མཁའ་ལ། །བརྗོད་དུ་མེད་པ་ཐུགས་རྗེའི་ཉི་མ་ཤར། །ཐེ་ཚོམ་བྲལ་བའི་ངེས་ཤེས་ཆེན་པོ་འདི། །བླ་མའི་དྲིན་གྱིས་རང་གི་ཁོང་ནས་སད། །ཅེས་དང་། མཐོང་དུ་མེད་པའི་རང་སེམས་དངོས་མེད་འདི། །ལྟ་རྒྱུ་མེད་པར་བླ་མས་ངོ་སྤྲད་ནས། །བྷི་དུ་མེད་པས་ཡུན་དུ་བྷེ་པའི་ཚེ། །སྨྲ་རུ་མེད་པའི་


CMR024_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཞི་མང་དུ་འབྱུང་། །རྟོགས་དང་ལྡན་པའི་བླ་མའི་བྱིན་རླབས་དང་། །སྔོན་ནས་བསོད་ནམས་བསགས་པའི་ལས་འཕྲོ་ཡིས། །ཉམས་མྱོང་རིག་པ་དྭངས་པའི་སྣང་ངོ་ལ། །ཉམས་མྱོང་སྣ་ཚོགས་འོང་བ་ངས་ལུང་སྟོན། །རང་ངོ་རང་གིས་ཤེས་པའི་རྟོགས་པ་དེ། །ཉོན་མོངས་དབྱིངས་སུ་དྭངས་བའི་རྗེས་ཐོབ་ལ། །དངོས་མེད་རྟོགས་པ་མ་འགག་དྲན་པ་གསལ། །ཡེ་ཤེས་ཆེན་པོ་ཞེས་ནི་དེ་བྱ། །ཞེས་གསུངས་ཤིང་། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གསལ་བྱེད་ནི། །སྒོ་གསུམ་གཡོ་མེད་སྒོ་ལྔར་རང་ཐོག་བཞག །བལྟས་པས་མཐོང་མེད་སེམས་ཀྱི་མཚན་ཉིད་ལྟོས། །དམིགས་སུ་མེད་པ་མ་བཅོས་རང་སར་ཞོག །གཞན་དུ་མ་འཚོལ་ངོ་བོ་རྟོགས་པར་གྱིས། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མར་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །སྐྱེ་འཆི་མེད་པ་ཆོས་སྐུའི་ལུས་འཐོབ་འགྱུར། །ཞེས་དང་། དོ་ཧ་མཛོད་ལས། རྒྱུ་དང་འབྲས་བུ་དབྱེར་མེད་འདི་ནི་སྙིང་པོའི་སེམས། །དེ་མྱོང་བ་ཡི་འབད་པ་ཀུན་ལ་རྩོལ་མི་དགོས། །ཞེས་དང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །


CMR024_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་རབ་ཏུ་གཏེར་བྱེད་པའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། འཇུར་བུས་བཅིངས་པའི་སེམས་འདི་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །དངོས་པོ་གང་གིས་རྨོངས་པ་འཆིང་། །མཁས་པ་དེ་ཡི་རྣལ་འབྱོར་གྲོལ། །བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་བརྩོན། །མཐོང་བར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལྡོག་རྔ་མོང་ལྟ་བུའི་གྲོགས་དག་བདག་གིས་རྟོགས། །བུ་རྣམས་དེ་ལྟར་རང་ལ་ཅེ་རེ་ལྟོས། །ཞེས་དང་། །ཀྱེ་ཧོ། རྨོངས་པ་སེམས་ཀྱི་སེམས་ནི་རྟོགས་ནས་ན། །ལྟ་བ་ངན་པ་ཐམས་ཅད་ལས་ནི་རང་གྲོལ་འགྱུར། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། །དེ་ལ་གནས་ན་དངོས་གྲུབ་དམ་པའོ། །སེམས་ཀྱི་གླང་པོ་ཡན་དུ་ཆུག །དེ་ཉིད་བདག་ཉིད་ལ་དྲིས་ཤིག །ཅེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། དམིགས་པ་དང་ནི་བྲལ་བའི་སེམས་།ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་འདི། །སྟོང་པ་ཉིད་ནི་བྷེ་པར་བཤད། །ཅེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་སེམས་ཀྱི་རྡོ་རྗེ་ལ་


CMR024_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ལས། གང་གིས་སེམས་བྱུང་དྲ་བ་ནི། །སེམས་ཉིད་ཀྱིས་ནི་གསལ་མཛད་དེ། །སེམས་ཀྱི་རྨོངས་པ་སེལ་བ་ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། རིན་ཆེན་སེམས་ནི་རྣམ་གྲོལ་ལས། །ལྷ་རྣམས་བསྒྲུབ་ཏུ་ཡོད་མ་ཡིན། །སེམས་མཐོང་བས་ནི་བྱང་ཆུབ་སྟེ། །ཞེས་དང་། སེམས་ཉིད་རྡོ་རྗེ་བསྒོམ་པའི་ཕྱིར། །དེ་ནི་བྱང་ཆུབ་མཆོག་ཅེས་བྱ། །ཞེས་དང་། དེ་ཕྱིར་སེམས་ནི་ཀུན་ཏུ་བསྲུངས། །བདེ་ལེགས་སེམས་དཔའ་སངས་རྒྱས་འབྱུང་། །ཞེས་གསུངས་པ་དང་། ལུས་མེད་མཁའ་འགྲོའི་ཆོས་བསྐོར་ལས། །རང་གྲོལ་ཕྱག་རྒྱ་ཆེན་པོར་འཆང་། །རང་སེམས་གཉིས་མེད་ཕྱག་རྒྱ་ཆེ། །གྲོལ་བ་སེམས་ཉིད་ངང་དུ་གྲོལ། །ཕྱག་ནི་སྟོང་པ་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་རྒྱ་དང་བྲལ་། །ཆེན་པོ་ཟུང་དུ་འཇུག་པ་ཡིན། །ཞེས་དང་། ཏེ་ལོ་པའི་ཕྱག་ཆེན་གང་གཱ་མར། དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །།དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། །ཅེས་དང་། དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་


CMR024_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མེད། །ཅེས་དང་། སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་ཀློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་བསྒོམས་ཤིང་འདྲེས་ན་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །ཤ་བ་རི་པའི་དོ་ཧ་ལས། ཀྱི་ཧོ། མ་ཡེངས་སེམས་ཀྱིས་རང་གི་རང་ལ་ལྟོས། །རང་གི་སེམས་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་བའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །ཞེས་དང་། སློབ་དཔོན་དྷ་རི་ཀ་པས། གཉིས་ཀའི་རང་བཞིན་དབྱེར་མེད་པ། །སེམས་ཀྱི་རང་བཞིན་ཤེས་ན་ནི། །སེམས་ཀྱི་བྱ་བ་ཀུན་སྤངས་ཏེ། །མཉམ་པའི་རོ་ལ་གནས་པར་བྱ། །ཞེས་དང་། བིརླ་པས། ཕྱག་རྒྱ་ཆེན་པོའི་ངང་ནས་ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་རིག་བདག་མེད་ངང་ལ་བཞག །ཆད་པར་མི་འགྱུར་ཉམས་སུ་མྱོང་བ་རང་གིས་རིགས། །རྟོགས་པར་མི་འགྱུར་མངོན་དུ་མེད་པས་ཟུང་དུ་འཇུག །ཅེས་དང་། ཀཎྜ་རི་པས། དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་ཉིད། །དེ་ནི་རྟོགས་ནས་རང་བཞིན་རང་གི་སེམས། །རྟོགས་པར་འདོད་ན་མ་བཅོས་ཅི་བཞིན་


CMR024_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །གོམས་པར་བྱས་ན་རྣལ་འབྱོར་མངོན་དུ་གྱུར། །ཅེས་དང་། ནཱ་རོ་པའི་ལྟ་བ་མདོར་བསྡུས་ལས། སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་རིག་སེམས་ལས་གུད་ན་མེད། །ཅེས་སོགས་དང་། མེ་ཏྲི་པའི་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ལས། ཕྱག་རྒྱ་ཆེན་པོ་བརྗོད་པར་བྱ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་དུ་ངོ་བོ་སྟོང་། །སེམས་ནི་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གིས་བཙལ། །ངོ་བོ་སྟོང་པ་ནམ་མཁའ་བཞིན། །ཆོས་ཀུན་ནམ་མཁའ་བར་མཉམ་ལ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །རང་གི་ངོ་བོ་བསྟན་དུ་མེད། །དེ་ཕྱིར་སེམས་ཀྱི་རང་བཞིན་ཉིད། །ཕྱག་རྒྱ་ཆེན་པོའི་ངང་ཉིད་ལས། །དེ་ལ་བཅོས་ཤིང་བསྐྱར་དུ་མེད་། །གང་གི་དེ་ཉིད་མཐོང་བེརྟག་ནི། །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །ཕ་དམ་པའི་ཞལ་ནས། སེམས་ལ་ཅི་ཡང་ཤར་བ་དེ་རྣམ་རྟོག་ཡིན། དེ་ནང་དུ་བལྟས་པ་དེ། དུག་ལྔ་ཡེ་ཤེས་སུ་ཤར་བ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན། ཞེས་དང་། ཇོ་བོ་རྗེས་མཛད་པའི་ལྟ་སྒོམ་ཆེན་པོ་ལས། ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་


previousཤོག་གྲངས་ ༢༠༡ ནས་ ༣༠༠ བར།next