Nitartha Digital Library
Tibetan
 
previousཤོག་གྲངས་ ༥༠༡ ནས་ ༦༠༠ བར།next

ཤོག་གྲངས་ ༥༠༡ ནས་ ༦༠༠ བར།


CMR024_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དབང་གི་དོན་དུ་རྟོགས། །དེ་ཡང་ས་བཅུའི་མགོན་པོ་ལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །ཁམས་གསུམ་གྱི་ནི་ཡང་དག་ཆེ། །མི་འཇིག་སེང་གེའི་ཁྲི་ལ་བཞུགས་།ཕྱོགས་བཅུའི་རྒྱལ་བའི་ཕྱག་དང་ནི། །བདེ་གཤེགས་ཆེན་པོའི་དབང་བསྐུར་བས། །སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། །ཆོས་ཀྱི་སྣང་བ་ཆེན་པོ་དང་། །འོད་དང་ཆོས་སྤྲིན་ཚད་མེད་དང་། །དེ་བཞིན་གཤེགས་པ་ཚད་མེད་པའི། །ཆོས་ཀྱི་སྣང་བ་ཆོས་ཀྱི་འོད། །ཆོས་ཀྱི་སྤྲིན་ཆེན་ཚད་མེད་ཐོབ། །ཅེས་གསུངས་སོ། །དེ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པས་ས་བཅུ་གཅིག་ཀུན་ཏུ་འོད་ཐོབ་སྟེ། སྒྱུ་མ་ལམ་རིམ་ལས། སྲིད་པ་ཐ་མར་གྱུར་པ་དེས། །ཤེས་བྱའི་སྒྲིབ་པ་ལེགས་སྤངས་པས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་རྟོགས། །ནང་ལྟར་བཅུ་གཅིག་མགོན་པོ་སྟེ། །འོག་མིན་བཙུན་མོའི་གཞལ་ཡས་སུ། །ཟག་མེད་ཆེན་པོའི་དབང་བསྐུར་བས། །འོད་གསལ་རྡོ་རྗེའི་ཏིང་འཛིན་རྟོགས། །ཞེས་གསུངས་ཏེ། ཀུན་ཏུ་འོད་དང་དཔེ་མེད་དང་། །རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། །སྲོད་ལ་བདུད་བཏུལ། ནམ་གུང་ཆོས་སྐུ་དྲི་མ་མེད་པས་ཐམས་ཅད་མཁྱེན་ནས་ཤེས་བྱའི་སྒྲིབ་


CMR024_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕྲ་ཞིང་ཕྲ་བ་སངས་ཏེ། ཐོ་རངས་མངོན་པར་བྱང་ཆུབ་སྟེ་སྐུ་གསུམ་གྱི་ངོ་བོར་འཚང་རྒྱ་བར་བཤད་དེ། དེའི་གསུང་བྱའི་ཆོས་ནི་སྡེ་སྣོད་གསུམ་གསུངས། ཡོན་ཏན་ནི་ཚད་བཟུང་མེད་དེ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལྟ་བུ་སྟེ། སྡེ་སྣོད་གསུམ་རྒྱུ་མཚན་ཉིད་ཐེག་པ་དང་། བྱ་རྒྱུད་ཀྱི་འབྲས་བུ་མཐར་ཐུག་པ་ཡིན་ཏེ། པདྨ་ཟབ་པའི་རྒྱུད་ལས། ལམ་ལྔ་སྨིན་པའི་དབང་ལ་ཚང་། །ཞེས་གསུངས་པ་ལྟར། མི་སློབ་ལམ་བུམ་པའི་དབང་མཐར་ཕྱིན་པའི་འབྲས་བུ་ཡིན་པར་བཤད་དོ། །མདོའི་ལུགས་ཀྱི་འབྲས་བུ་འདི་ལས་ཡན་དུ་གཞན་དུ་མ་གསུངས་ཀྱང་། འདིར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུད་ལུང་གི་དགོངས་པ་ཕྱག་རྫོགས་དབྱེར་མེད་བསྐྱེད་རྫོགས་ཟུང་འཇུག་གི །འབྲས་བུ་ཀརྨ་པས་བཞེད་པ་ས་བཅོ་ལྔར་ཕྱེ་ནས། །མགྲིན་པའི་རྩ་མདུད་གོང་མ་དྷུ་ཏིའི་ཆོས་དབྱིངས་རྒྱལ་བ་རྒྱ་མཚོ་ཕོ་བྲང་གྲོལ་བས་ས་བཅུ་གཉིས་མ་ཆགས་པདྨ་ཅན་ཡེ་ཤེས་ཆེན་པོའི་ས་ཐོབ་སྟེ། རྒྱུད་གསང་བ་སྙིང་པོར། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡི་ཆོས་རྣམས་མཇལ་བར་སྟོན། །


CMR024_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། སྣང་སྲིད་རྒྱ་ཆད་ཕྱོགས་ལྷུང་མེད་པར་སངས་རྒྱས། རིགས་ལྔའི་ཕོ་བྲང་དུ་ཏིལ་གྱིས་གང་བུ་ལྟར་གསལ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྣམ་སྣང་གངས་ཆེན་མཚོའི་སྐུ་ལ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་རྫོགས་པ་དེ་ཉིད་ཇི་ལྟ་བར་དེ་དང་དབྱེར་མེད་དུ་གྱུར་པའི་ཕྱོགས་བཞིར་རིགས་བཞིའི་སངས་རྒྱས་ཀྱི་ཞིང་ཁམས་སོགས་མདོར་ན་རྒྱུ་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་ངོ་བོར་མངོན་སུམ་དུ་ཚང་བ་སྟེ། སྒྱུ་མ་ལམ་རིམ་ལས། བཅུ་གཉིས་མ་ཚོགས་པདྨ་ལྷཅན། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །ཞེས་གསུངས་པས་དེའི་ཡོན་ཏན་ཚད་མེད་པ་སྟེ། ས་བཅུ་སེམས་དཔའི་ཡོན་ཏན་ནི། བ་གླང་གི་རྨིག་རྗེས་ཀྱི་ཆུ་དངསངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ཙམ་སྟེ། ས་བརྒྱད་པ་ཡན་གྱིས་སེམས་དཔའི་ཡོན་ཏན་དཔག་པར་དཀའ་སྟེ། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་བརྗོད་པར་ག་ལ་ནུས་ཏེ། སྒྱུ་མ་ལམ་རིམ་ལས། བྱང་ཆུབ་སེམས་དང་སངས་རྒྱས་ཁྱད། །རྒྱ་མཚོ་བ་གླང་རྨིག་རྗེས་མཚུངས། །དག་པ་ས་གསུམ་ཡོན་ཏན་ཀྱང་། །དཔག་


CMR024_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཞལ་བར་མི་ནུས་ན། །ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །བརྗོད་ཅིང་དཔག་པར་སྨོས་ཅི་དགོས། །ནམ་མཁའ་ས་གཞི་གང་ཡིན་པ། །སྐྲ་རྩེས་གཞལ་བར་ནུས་སྲིད་ཀྱི། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ནི། །བསྐལ་པ་གྲངས་མེད་བརྗོད་མི་ནུས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །སྤྱོད་ཡུལ་བརྗོད་ལས་འདས་པའོ། །ཞེས་གསུངས་སོ། །དེ་ཡང་ངེས་པ་ལྔ་དང་ལྡན་པ། དུས་ངེས་པ་འཁོར་བ་ཇི་སྲིད་དུ་བཞུགས། གནས་ངེས་པ་འོག་མིན། འཁོར་ངེས་པ་ས་བཅུའི་སེམས་དཔའ། སྟོན་པ་ངེས་པ་ལོངས་སྤྱོད་རྫོགས་སྐུ། །ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག་སྟེ། བརྡའི་སྒོ་ནས་མཚོན་ཏེ་གསང་སྔགས་ཕྱི་པའི་རྒྱུད་གསུམ་མོ། །པདྨ་ཟབ་པ་ལས། ལམ་ལྔ་སྨིན་པའི་དབང་ལ་ཚང་། །གསུངས་པའི་དོན་གསང་དབང་མཐར་ཐུག་པའི་འབྲས་བུ་ཡིན་ཞིང་། ཡོ་གའི་རྒྱུད་ཀྱི་མཐར་ཐུག་གི་འབྲས་བུ་ཡིན་ཞིང་དེ་བས་གོང་དུ་མེད་ཀྱང་སྙིང་པོ་དོན་དམ་པའི་འོག་མིན་གྱི་བར་དུ་ཅུང་ཟད། ངོ་བོ་རྫོགས་མ་རྫོགས་ཁྱད་པར་ཡོད་པར་བཞེད་དེ། སྤྱི་བོ་བདེ་ཆེན་རྩ་མདུད་འཁོར་ལོའི་དབྱིབས་ཅན་གསུམ་གྱི་དང་པོ་གྲོལ་བས། ས་བཅུ་གསུམ་རྡོ་རྗེ་འཛིན་པའི་སའམ། རྡོ་རྗེ་


CMR024_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་གི་ས་ཐོབ། གཤིས་འགྱུར་མེད་ཆོས་སྐུ་ནམ་མཁའ་ལྟ་བུ་ལ། རང་བཞིན་གསལ་བའི་ལོངས་སྐུ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ་སྤྲུལ་སྐུ་འོད་ཟེར་ལྟ་བུར་འཆར། །རིགས་ལྔ་ལ་སོགས་ལོངས་སྤྱོད་རྫོགས་པའི་སངས་རྒྱས་རྣམས་ལ་རྡོ་རྗེ་ཐེག་པ་རྒྱ་མཚོ་ལྟ་བུའི་བརྡའི་མཚོན་ནས་སྟོན་ནོ། །པདྨ་ཟབ་པ་ལས། ལམ་ལྔ་སྨིན་པའི་དབང་ལ་ཚང་། །ཞེས་གསུངས་པས་མི་སློབ་ལམ་བཅུ་གསུམ་རྡོ་རྗེ་འཛིན་གྱི་ས་ཞེས་སམ། འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་མཐར་ཕྱིན་པའི་འབྲས་བུ་མ་ཧཱ་ཡོ་ག་དང་། གསང་སྔགས་སྤྱིའི་མཐར་ཐུག་གི་འབྲས་བུ་དེ་ལས་གོང་ན་མེད་དོ། །དེ་ཡང་སྐུ་གསུམ་དབྱེར་མེད་ཅིང་སྤྱི་བོར་རྩ་མདུད་བར་པ་བཅིངས་དགྲོལ་མེད་པར་གྲོལ་བས་བཅུ་བཞི་ཡེ་ཤེས་བླ་མ་འོད་ཀྱི་ས་སྟེ། བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པ་ནི་ཆོས་སྐུར་བལྟ་བར་བྱ་སྟེ། གཟུགས་ཀྱི་སྐུར་བལྟ་བར་མི་བྱ་གསུངས་པ་ལྟར། ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དུ་དེ་བཞིན་ཉིད་ཐམས་ཅད་མཁྱེན་ཏེ། གནས་ལུགས་ཀྱི་དགོངས་པ་མཐར་ཕྱིན་པ་དབང་བཞི་པའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་འབྲས་བུ་ཡིན་ཏེ། རྒྱུད་ལས། ལམ་ལྔ་སྨིན་པའི་དབང་ལ་ཚང་། །


CMR024_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་དབང་བཞི་པའི་དོན་ལམ་དུ་བྱས་པའི་འབྲས་བུ་འཐོབ། དེ་ནས་སྤྱི་བོའི་རྩ་མདུད་གོང་མ་བཅིངས་དགྲོལ་མེད་ཅིང་དགྲོལ་བྱ་གྲོལ་བྱེད་མེད་པར་གྲོལ་ཏེ་ཐམས་ཅད་ཀུན་ཏུ་བཟང་པོ་འཕོ་འགྱུར་མེད་པའི་ཀློང་དུ་རོ་གཅིག །གཞི་དང་པོའི་སངས་རྒྱས་གདོད་མའི་མགོན་པོ་མངོན་དུ་གྱུར་ཏེ། སྐུ་ལྔ་ཡོངས་རྫོགས་དབྱེར་མེད་པའམ། ཀུན་བཟང་གི་ས་ཞེས་སམ། །དབྱེ་བ་མེད་པའི་ས་གཅིག་སྐུ་གཅིག་ཐེག་པ་གཅིག་ཞེས་བྱ་སྟེ་ཐམས་ཅད་འདི་ལ་རྫོགས་སོ། །དེ་ནི་རྩལ་དབང་གི་འབྲས་བུ་ལྟ་བུ་ཡང་རྙིང་མའི་ལུགས་སུ་བཞེད་ལ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ནི་པདྨ་སྙིང་གུར་པདྨ་བརྩེགས་པ་དང་། རྒྱལ་བ་རྒྱ་མཚོ་ཞེས་བྱ་བའི་རྒྱུད་དང་། མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བའི་རྒྱུད་གསང་སྔགས་རྙིང་མ་རྣམས་ནས་གསུངས་པས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བཞེད་པ་ཐེག་པ་ཀུན་ལས་འདས་པ་ས་བཅོ་ལྔ་འདས་ནས་བཅུ་དྲུག་ཡང་དག་དོན་གྱི་འོག་མིན་དུ། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བཞེད་དོ། །གྲུབ་ཆེན་ཀརྨ་པས། གནས་ལུགས་ཀུན་བཟང་ཆོས་ཀྱི་དབྱིངས། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །ཐེག་པ་ཀུན་ལས་འདས་པ་སྟེ། །ས་ལམ་རིམ་པ་བཅུ་དྲུག་ཀྱང་། །ཡང་དག་


CMR024_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་འོག་མིན་དུ། །གདོད་ནས་ཐམས་ཅད་རང་བཞིན་རྫོགས། །ཞེས་གསུངས་སོ། །དོན་དམ་པར་ས་ལམ་སོ་སོར་བགྲོད་དུ་ཡང་མེད་དེ། རྣལ་འབྱོར་པའི་ཉམས་རྟོགས་སོ་མ་རེ་སྐྱེས་པ་ལ། ས་ཞེས་བཏགས་པ་ཙམ་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སྐྱོན་དག་ཡོན་ཏན་རྫོགས་པའི་ས་ལམ་ལས། །ཐེ་ཚོམ་བྲལ་བའི་ངེས་ཤེས་སོ་མ་རེ། །ཉམས་དང་མྱོང་བའི་རིག་པ་མ་འགགས་པས། །རྒྱལ་སྲས་རྣམས་ལ་ས་ཞེས་བྱ་བར་བཤད། །།ཅེས་གསུངས་སོ། །འོན་ཀྱང་དྲང་དོན་ས་ལམ་སོ་སོར་ཡོད་དེ་ལ་བསྐྱེད་པའི་ས་དང་། སྤྱོད་པའི་ས་དང་། འབྲས་བུ་མཐར་ཕྱིན་པ་གྲུབ་པའི་ས་གསུམ་དུ་ཡང་བཞེད་དེ། བསྐྱེད་པའི་ས་ལ་བཞི་ཡོད་པ་ནི། རྡོ་རྗེ་ཐེག་པའི་བསྙེན་སྒྲུབ་ཡན་ལག་བཞི། སྤྱོད་པ་དང་གྲོལ་བའི་ས་ནི་བཅུ་སྟེ་གོང་ལྟར་ལས། རྩ་མདུད་བཅུ་གྲོལ་བས་ས་བཅུ་སྟེ། ཡོན་ཏན་རྫོགས་པ་དེའི་འབྲས་བུ་གྲུབ་པའི་ས་སྟེ་གསུམ་གསུམ་དུ་ཕྱེ་འབྲས་བུ་ས་ལྔ་ཡང་གོང་དུ་བཤད་པ་སྟེ། གདམས་ངག་རྒྱ་མཚོ་ལས། དྲང་དོན་ས་ལམ་བགྲོད་ཚུལ་ནི། བསྐྱེད་པའི་ས་དང་སྤྱོད་པའི་ས། །འབྲས་བུ་མཐར་ཕྱིན་གྲུབ་


CMR024_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས། །བསྐྱེད་པའི་ས་ནི་བཞི་ཡིན་ཏེ། །རྡོ་རྗེ་ཐེག་པའི་བསྙེན་སྒྲུབ་བཞི། །སྤྱོད་དང་གྲོལ་བའི་ས་དག་ཀྱང་། །རྩ་མདུད་བཅུ་དང་ས་བཅུ་སྟེ། །གྲོལ་བ་དང་ནི་རྫོགས་པའི་མཆོག །འབྲས་བུ་གྲུབ་པའི་ས་བཅུ་སྟེ། །བཅུ་བཞི་བླ་མ་འོད་ཀྱི་ས། །ཞེས་སོགས་གསུངས་སོ། །ཡང་རྫོགས་ཆེན་བླ་མེད་ཀྱི་དགོངས་པ་ལྟར། གང་ཟག་དབང་པོ་རབ་ནི་ས་བཅུ་རིམ་པར་བགྲོད། ཡུན་རིང་པོར་མི་དགོས་པར་ཚེ་གཅིག་ལ་དུས་ཐུང་ངུས་གཅིག་ཆར་དུ་བགྲོད་དེ། སའི་མིང་དང་བགྲོད་ལུགས་གོང་ལྟར་ལས། འབྲས་བུ་སངས་རྒྱས་ཀྱི་ས་ལ་བཅུ་གཅིག་ཏུ་བཤད་དེ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། བཅུ་གཉིས་རྡོ་རྗེ་འཛིན་གྱི་ས། བཅུ་གསུམ་པདྨ་ཅན་གྱི་ས། བཅུ་བཞི་འཁོར་ལོ་ཚོགས་ཆེན་ས། བཅོ་ལྔ་བཀོད་པ་རབ་རྫོགས་ས། བཅུ་དྲུག་དེ་ཝ་ཀོ་ཤའི་ས། བཅུ་བདུན་རྡོ་རྗེ་འཛིན་པའི་མིང་འཛིན་ས། བཅོ་བརྒྱད་ལྕང་ལོ་ཅན་གྱི་ས། བཅུ་དགུ་རྫོ་གས་པ་བླ་མེད་ས། ཉི་ཤུ་སྲིད་གསུམ་ངང་རྫོགས་ས། ཉེར་གཅིག་བྱ་རྩོལ་གཉིས་མེད་ཀྱི་ས་སྟེ། ས་ལམ་ཉེར་གཅིག་བགྲོད་པར་གསུངས་ཏེ། གྲུབ་ཆེན་ཀརྨ་པཀྴིས། གཅིག་ཆར་བ་ཡི་གང་ཟག་རྣམས། །རྟོགས་ཐོབ་


CMR024_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཚུངས་ཀུན་ཏུ་བཟང་། །ས་ལམ་བགྲོད་དང་མི་བགྲོད་པའི། །འཁོར་འདས་ཀུན་ལ་ཁྱབ་པར་ཡང་། །ས་ལམ་རིམ་པ་ཉི་ཤུ་གཅིག །ཡང་དག་དོན་གྱི་འོག་མིན་དུ། །ཐམས་ཅད་རྫོགས་པ་སྤྱི་གཅིག་པ། །ཞེས་གསུངས་སོ། །དེ་ཡང་སྒྱུ་མ་ལམ་རིམ་ཡེ་ཤེས་ཌཱཀིའི་གསུངས་ལས། དེ་ལྟར་ས་རྣམས་བགྲོད་པ་ཡིས། །ལྕགས་སྲེག་བཞིན་དུ་གནས་གྱུར་ཏེ། །ཉོན་མོངས་ཡིད་ལ་མི་རྟོག་དང་། །སྒོ་ལྔ་རྣམ་ཤེས་ཡེ་ཤེས་ལྔ། །ཀུན་གཞི་གནས་འགྱུར་མཐར་ཐུག་སྐུ། །ཟག་མེད་བདེ་ཆེན་འདུས་མ་བྱས། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །ཕྲིན་ལས་ལྷུན་གྲུབ་རྒྱུན་ཆད་མེད། །མཐའ་བྲལ་རང་ཤར་ཆེན་པོའོ། །ཞེས་གསུངས་སོ། །འབྲས་བུ་སྐུ་ལྔ་དབྱེ་ཚུལ་གླིང་རས་ཀྱིས། །འབྲས་བུ་འོད་གསལ་ཆོས་ཀྱི་སྐུ། །གཟུགས་སྐུ་གཉིས་པོ་ཤུགས་ལས་འབྱུང་། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །ཟག་མེད་བདེ་བ་ཆེན་པོའི་སྐུ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་། །ཞེས་གསུངས་སོ། །སློབ་དཔོན་དགའ་རབ་རྡོ་རྗེས། རང་གི་ངོ་བོ་དཔེ་མེད་ཆོས་སྐུ་ནམ་མཁའ་འདྲ། །རྟགས་ནི་སངས་རྒྱས་ཆོ་འཕྲུལ་ཡིན། །འབྲས་བུ་སངས་རྒྱས་དེ་


CMR024_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ཞེས་གསུངས་ལ་འགའ་ཞིག་གིས། སངས་རྒྱས་ས་ན་ཡེ་ཤེས་མེད་པར་བཞེད་པ་ཡང་ཡོད་མོད་ཀྱི། སངས་རྒྱས་མཛོད་ཀྱི་མདོར། སངས་རྒྱས་ནི་ཡེ་ཤེས་ལྔའི་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། །ཞེས་གསུངས་པས། ཡེ་ཤེས་ཡོད་པ་གསལ་ལོ། །དེ་ལྟར་སངས་རྒྱས་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་ལ། ལོངས་སྐུ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ལ་ས་བརྒྱད་པ་ཡན་གྱི་མཐོང་ལམ། སྤྲུལ་སྐུ་ཆུའི་ཟླ་བ་ལྟ་བུ་ཚོགས་སྦྱོར་ཡན་གྱིས་ཅི་རིགས་པ་མཐོང་སྟེ། རྒྱུད་བླ་མར། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོ་ནི་མཐོང་ཟབ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱི་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་གསུངས་སོ། །དེ་ལ་གནས་ལུགས་ཀྱི་གདང་འགག་མེད་དུ་འཆར་བས་བདག་པོའི་རྐྱེན་བྱས། སྔོན་སྨོན་ལམ་དང་སེམས་བསྐྱེད་ཀྱི་ཐུགས་རྗེ་མཐར་ཕྱིན་པའི་རྒྱུ་བྱས། གདུལ་བྱ་ལས་དག་པས་དམིགས་རྐྱེན་བྱས་ཏེ། དེ་གསུམ་


CMR024_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་པས་དཔག་བསམ་གྱི་ཤིང་དང་ནོར་བུ་རིན་པོ་ཆེ་ལྟར་འགྲོ་དོན་འཁོར་བ་ཇི་སྲིད་དུ་འབྱུང་ངོ་། །དེ་ཡང་སྐུ་ཞི་ཁྲོ་སོགས་གང་འདུལ་དུ་སྟོན་པ། གསུང་ཡན་ལག་དྲུག་ཅུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། ཐུགས་མཁྱེན་བརྩེ་ནུས་མཐུ་གསུམ་གྱི་ཡོན་ཏན་རྣམས་དང་། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་ཐམས་ཅད་རྫོགས་པའོ། །རྒྱུད་བླ་མ་ལས། སྟོབས་ལས་མ་རིག་བསྒྲིབ་ལས་རྡོ་རྗེ་ཉིད། །མི་འཇིགས་ཉིད་ནི་འཁོར་དང་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་བཅོ་བརྒྱད་ནམ་མཁའ་བཞིན། །ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན། །ཞེས་གསུངས་སོ། །དེ་ལ་སྤྱིར་ཉན་ཐོས་རང་དོན་ཡིད་བྱེད་བྷོ་པས། བསྐལ་པ་མང་པོའི་བར་མི་ཐོབ་པ་དང་། ཡང་ཤིན་ཏུ་མྱུར་བར་སྐྱེ་བ་གསུམ་ནས་རང་གིས་འབྲས་བུ་ཉན་ཐོས་དགྲ་བཅོམ་པ་ཐོབ་པའང་ཡོད་ལ། དེ་རྒྱུན་ཏུ་ཞུགས་པ་ཐོབ་ནས་ནི། སྐྱེ་བ་བདུན་ལས་འགོར་མི་སྲིད་ལ། དེ་ནི་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་བ་ཙམ་ཡིན་པས་ཐེག་པ་དམན། རང་སངས་རྒྱས་ནི་བསྐལ་པ་ཉི་ཤུས་འགྲུབ་པ་ཚོགས་ན་སྤྱོད་པའི་རང་རྒྱལ་


CMR024_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་བསྐལ་པ་བརྒྱས་འགྲུབ་ཀྱང་ཐེག་པ་དམན། ཐེག་ཆེན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྒྱུ་མཚན་ཉིད་ཀྱི་ལུགས་ཁོ་ན་ཉམས་སུ་བླངས་བས་གྲངས་མེད་གསུམ་ནས་ས་བཅུ་པ་ཐོབ། ལམ་དེ་སོར་བཞག་ངོས་ནས་བྱ་སྤྱོད་ཉམས་སུ་བླངས་ན་སྐྱེ་བ་དྲུག་ཅུས་ས་བཅུ་གཅིག་པ་ཐོབ། ཡང་རྣལ་འབྱོར་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་བཅུ་དྲུག་གིས་ས་བཅུ་གཉིས་པ་དེ་ཐོབ། བླ་མེད་རྒྱུད་ཀྱི་བསྐྱེད་རྫོགས་ཉམས་སུ་བླངས་ན་བརྩོན་འགྲུས་ཅན་ཚེ་གཅིག་ལ་ས་བཅུ་གསུམ་པ་ཐོབ་སྟེ། ཟབ་མོ་ནང་དོན་ལས། གང་ཟག་བདག་མེད་ཞི་བ་ཙམ། །མྱུར་བ་སྲིད་ལ་ལན་གསུམ་སྟེ། །རྒྱུན་ཞུགས་འགོར་ན་ལན་བདུན་ཡིན། །དེ་ནི་རང་དོན་ཞི་བ་ཙམ། །རང་རྒྱལ་བསྐལ་པ་ཉི་ཤུ་ནས། །བསེ་རུ་བསྐལ་པ་བརྒྱ་ཡིས་འགྲུབ། །སེམས་ཅན་ཐམས་ཅད་ཕན་བྱེད་པ། །བྱང་ཆུབ་སེམས་དཔའི་གྲངས་མེད་གསུམ། །འདིར་ནི་ཐབས་ཀྱི་ཁྱད་པར་གྱིས། །ཕ་རོལ་ཕྱིན་པའི་ལམ་དེ་ལ། །བྱ་སྤྱོད་ཚུལ་གྱིས་ཐབས་མཁས་ཙམ། །ལྡན་ཡང་མི་ཚེ་དྲུག་ཅུ་སྟེ། །རྣལ་འབྱོར་མི་ཚེ་བཅུ་དྲུག་ཡིན། །བླ་ན་མེད་པའི་ཚེ་གཅིག་གིས། །བཅོམ་ལྡན་ངེས་པར་འགྲུབ་པར་


CMR024_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་གསུངས་སོ། །དེ་ལས་ཀྱང་སྙིང་པོ་དོན་གྱི་མན་ངག་ཕྱག་རྫོགས་ཀྱི་དོན་བྷེ་པས་ལམ་མྱུར་ཏེ། རྩ་རླུང་བྷེ་པས་ལོ་བཅུ་གཉིས་ནས་ས་བཅུ་བཞི་པ་འགྲུབ། ཕྱག་ཆེན་བྷེ་པས་ལོ་དྲུག་སོགས་ལ་ས་བཅུ་བཞི་པ་འཐོབ་པ་དང་། རྫོགས་ཆེན་བསྒོམ་དུ་མེད་པའི་དོན་བསྒོམས་པས་ལོ་གསུམ་ཕྱོགས་གསུམ་ནས་ས་བཅོ་ལྔ་ཐོབ་པ་དང་། དེ་དག་ཀྱང་ཡུན་གཅིག་ཏུ་མ་ངེས་བསྐལ་པ་བཟང་ངན་དབང་པོ་རྣོ་རྟུལ་བརྩོན་འགྲུས་ཆེ་ཆུང་ལ་རགས་ཤིང་། དེའི་དོན་གསང་བ་བསམ་གྱིས་མི་ཁྱབ་པའི་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་གྱིས། །མི་གཡོ་རྩེ་གཅིག་དྭངས་མའི་ཤེས་པ་གསལ། །རང་རིག་ཡེ་ཤེས་ཁོང་ནས་སད་པར་བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤངས། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལ། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་ཤར། །དྲོད་ཐོབ་ནས་ནི་སྐྱེ་ལ་དབང་བ་ཡིན། །གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར། །དུས་གསུམ་རྒྱལ་བའི་སྲས་པོས་གཞན་དོན་མཛད། །རྩེ་


CMR024_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཐོབ་ནས་འཕེལ་བ་རྒྱུན་མི་འཆད། །བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བྷོ་དུ་མེད་པའི་ཉམས་ལེན་བརྩོན་པ་ལ། །རྣམ་མཁྱེན་སངས་རྒྱས་ཞིང་ཁམས་དཔག་མེད་མཐོང་། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོ་ཡིན། །ཞེས་གསུངས་པའི་དོན། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་སོགས་ནས་ཀྱང་ས་མཚམས་ཞིབ་རྒྱས་འབྱུང་བ་དང་མཐུན་པར་བཀའ་བརྒྱུད་ཀྱི་གྲུབ་ཆེན་གོང་མ་རྗེ་རྒོད་ཚང་བ་སོགས་ཀྱིས་གསུངས་པའི་དོན་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ངོ་བོ་རྗེ་བཙུན་དབང་ཕྱུག་རྡོ་རྗེས་ཚིགས་སུ་བཅད་དེ་གསུངས་པ་ནི་འདི་ལྟ་སྟེ། རྩེ་གཅིག་ཚོགས་སྦྱོར་སྤྲོས་བྲལ་མཐོང་བའི་ལམ། །རོ་གཅིག་བསྒོམ་མེད་འབྲིང་མན་བསྒོམ་ལམ་སྟེ། །བསྒོམ་མེད་ཆེན་པོ་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས། འདིར་རྣལ་འབྱོར་བཞི་རིམ་དང་ས་ལམ་སྦྱར་བའི་སྐབས་འདིར། བཀའ་བརྒྱུད་གོང་མའི་གསུངས་རྣམས་ཀྱང་། གོང་འོག་མི་མཐུན་པ་འགའ་རེ་བྱུང་ཡང་འགལ་བ་མེད་དེ། བཞི་རིམ་རེ་རེ་ལ་ཡང་བཞི་བཞིར་དབྱེར་ཡོད་པའི་ཕྱིར་རོ། །དེ་ལྟར་ས་བཅུ་བགྲོད་ནས་སངས་རྒྱས་ཀྱི། །ས་ལྔར་དབྱེ་བའང་རྟོགས་པའི་ཡེ་ཤེས་དེ། །རང་ལ་དབྱེ་བ་བྱས་པ་དེ་ཙམ་


CMR024_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དུ། གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴིས་བཞེད་དེ། རྒྱ་མཚོ་མཐའ་ཡས་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ནི། །རང་བྱུང་ཡེ་ཤེས་མ་འགག་རྟགས། །སྒོ་ལྔ་ཀུན་ལས་གསལ་བ་ལས། །ཀུན་ཏུ་འོད་ཅེས་བཏགས་པ་ཡིན། །འདོད་ཡོན་ལྔ་ལ་མ་ཆགས་ཤིང་། །མ་ཆགས་གཉིས་མེད་རོལ་པ་ལས། །པདྨ་ཅན་དུ་བཤད་པ་ཡིན། །རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ལས། །རང་ལ་གནས་པའི་ཆོས་རྣམས་ཀུན། །ཡེ་ཤེས་ཡི་གེའི་ཚོགས་རྣམས་སུ། །སྐུ་གསུམ་སྐྱེ་འཇིག་མེད་པའི་ཕྱིར། །ཚོགས་ཆེན་ས་རུ་བཞེད་པ་ཡིན། །སྐྱེ་འཇིག་མེད་པ་བྱང་ཆུབ་སེམས། །འཕོ་འགྱུར་མེད་པ་རྡོ་རྗེའི་དབྱིངས། །བླ་མ་འོད་དུ་བཏགས་པ་ཡིན། །འཁོར་འདས་ཐམས་ཅད་རང་བཞིན་རྫོགས། །གནས་ལུགས་དབྱེ་བསལ་མེད་པའི་ཕྱིར། །ས་ལམ་སྤང་དུ་མེད་པ་ལ། །འབྲས་བུ་ཐོབ་དུས་མེད་པར་ཕྱིར། །སྐུ་ལྔ་ཡོངས་སུ་རྫོགས་པ་ཡིས། །དབྱེ་བ་མེད་པའི་ས་རུ་བཤད། །ཅེས་གསུངས་སོ། །དེ་ལྟར་བསྐལ་པ་མཆོག་དང་ལྡན་ཞིང་བརྩོན་འགྲུས་མཆོག་དང་ལྡན་པའི་གང་ཟག་གིས་འདི་ཚུལ་བཞིན་ཉམས་སུ་བླངས་ན། ཚེ་གཅིག་ལ་འཚང་རྒྱ་བར་ཐེ་ཚོམ་མེད་


CMR024_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་ནི་མདོ་རྒྱུད་དང་གྲུབ་ཆེན་རྣམས་ཀྱིས་གསུངས་པ་སོར་བཞག་བྱས་ནས་བཤད་པ་ཡིན་ལ། གལ་ཏེ་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་མ་གྱུར་ཀྱང་། ཚེ་འདིར་ལས་ཚོགས་གང་བརྩམས་འགྲུབ་པ་དང་། མ་བརྩམས་ཀྱང་རང་བཞིན་གྱིས་ཕན་ཡོན་འབྱུང་བ་དང་། ཕྱི་མའི་ཕན་ཡོན་འབྱུང་ཚུལ་ལོ། །དང་པོ་སྲིད་པ་གཏེར་ཁྱིམ་ལས། ཡི་དམ་ལྷ་བསྙེན་མ་ཐེམས་པར། །ཁ་ཚར་ལས་ལ་སྦྱར་བ་དེ། །མི་རྒན་དཔའ་བོ་ཁས་ལེན་འདྲ། །ཞེས་གསུངས་པས་དུས་རྟགས་གྲངས་གསུམ་བསྙེན་པ་ཐེམ་པར་བྱའོ། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་རྒྱ་གཞུང་ཉིད་ལས། དེ་ནས་རང་བཞིན་གྱི་དོན་བྱ་བའི་ཕྱིར། ཕྲིན་ལས་བཞི་བསྒྲུབ་པའི་ཕྱིར་ཕྲིན་ལས་གང་སྒྲུབ་ཀྱི་དམིགས་པ་སྤྲོ་སྟེ། སྔགས་ཀྱི་ཤམ་བུ་སྒྱུར་ལ་བཟླ་བར་བྱའོ། །ཞེས་གསུངས་པའི་དོན་སྤྱིར་ལས་ཚོགས་རབ་མཆོག་གི་དངོས་གྲུབ་འགྲུབ་པ། འབྲིང་གྲུབ་ཆེན་བརྒྱད། ཐ་མ་ཞི་སོགས་ལས་བཞི་ཞེས་བཤད་ཅིང་། དེ་དག་ཇི་ལྟར་བསྒྲུབ་ཚུལ་ནི། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་པདྨ་རྒྱལ་པོའི་རྒྱུད་ཆེན་པོ་ལས། ཟིལ་གྱིས་གནོན་པའི་ང་རྒྱལ་ཆེན་པོ་བཞི་ལ་གནས་པར་བྱའོ། །ཞེས་ཟད་པར་ཟིལ་


CMR024_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་གྱི་རྫུ་འཕྲུལ་སྒྲུབ་ཐབས་དང་། མཆོག་གི་དངོས་གྲུབ་འདོད་པས་ནི་སྟོང་པ་ཉིད་ལ་ཡང་ཡང་དུ་བདེ་བ་རྒྱས་གདབ་པར་བྱའོ། །ཐུན་མོང་གི་དངོས་གྲུབ་འདོད་པས་ནི་ཡིད་ཆེས་པར་བྱས་ཤིང་གསོལ་བ་ཉིན་མཚན་དུ་དྲག་ཏུ་གདབ་པར་བྱའོ། །ཞེས་དངོས་གྲུབ་གཉིས་སྒྲུབ་ལུགས་དང་། ལུས་ལ་ནད་མེད་པར་འདོད་པས་ནི། ལྷ་དང་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་གཅིག་ཏུ་ཡང་ཡང་བསྲེ་བར་བྱའོ། །ཞེས་བསྲེ་བའི་དམིགས་པ་རང་བཞིན་གྱིས་ནད་གདོན་ཞི་ཐབས་རྣམས་གསུངས་ཏེ། དེ་ལ་མཆོག་གི་དངོས་གྲུབ་སྒྲུབ་ཐབས་ནི་འཁོར་ལོ་ལྔའི་གདམས་ངག་སྐོར་རྣམས་ཡིན་ལ། གཙོ་ཆེར་སྦྱོར་ལམ་དྲོད་ནས་བྷོ་བྱ་ཡིན། ཟབ་པ་ཟིལ་གནོན་སྒྲུབ་པ། རླུང་སེམས་ཅུང་ཟད་ལས་སུ་རུང་བ་སྦྱོར་ལམ་བཟོད་པ་དང་། ཆོས་མཆོག་ནས་ཅུང་ཟད་འགྲུབ། དེ་མན་ཆད་དུ་འགྲུབ་དཀའོ། །ཐུན་མོང་དངོས་གྲུབ་ལ་གྲུབ་ཆེན་བརྒྱད་ནི། མིག་སྨན་ལ་བརྟེན་ནས་ས་འོག་གི་གཏེར་མཐོང་བ་དང་། ཡུལ་དང་རི་བྲག་གིས་མི་སྒྲིབ་པར་མཐོང་བ་དང་། ལེགས་ཉེས་ཅི་འོང་མཐོང་བ་སྟེ་ཐུན་མོང་གི་མངོན་ཤེས་དང་ཆ་འདྲའོ། །རྐང་བྱུག་ལ་བརྟེན་ནས་ཡུད་ཙམ་


CMR024_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱ་གར་སོགས་འཁོར་བ། ཞག་རེས་འཁོར་བ་ཞག་བདུན་ཙམ་ནས་འཁོར་བ། ཐ་ན་ཞག་བདུན་ལམ་ཉིན་རེས་ཆོད་པ། རྟ་དང་བང་མཉམ་པ་སོགས་ཏེ་རྐང་མགྱོགས་སོ། །རལ་གྲི་ལ་བརྟེན་ཏེ་རལ་གྲི་ཐོགས་ནས་མཁའ་སྤྱོད་དུ་གཤེགས་པ་ཞིང་ཁམས་མང་པོ་བགྲོད་པ། ལྷ་གནས་དང་གླིང་བཞིར་བགྲོད་པ། དཔག་ཚད་ལྔ་བརྒྱ་ཙམ་འཕུར་བ། བར་སྣང་ལ་དཔག་ཚད་ཙམ་འཕུར་བ་རྣམས་སོ། །ས་འོག་གི་དངོས་གྲུབ་ནི་ས་འོག་ནས་ན་བུན་ལྟར་འགྲོ་བ་སྟེ། རི་དང་བྲག་དང་རྩིག་པ་གྱོང་ལ་སོགས་ལ་ཐོགས་པ་མེད་པ་དང་། ས་འོག་གི་གཏེར་ཐམས་ཅད་མཐོང་ཞིང་ལོངས་སྤྱོད་ཆོག་པའོ། །རིལ་བུའི་དངོས་གྲུབ་ནི་རིལ་བུ་ཟོས་པས་མཁའ་སྤྱོད་དུ་གཤེགས་པ་དང་། སྐྱེ་བ་དྲན་པ་དང་། ཚེ་ལོ་དཔག་མེད་ཐུབ་པ་དང་། ནམ་མཁའ་ལ་འགྲོ་བ་སོགས་མི་སྣང་བའི་དངོས་གྲུབ་ལ་རབ་ལུས་མ་སྤངས་མཁའ་སྤྱོད་དུ་གཤེགས་པ་དང་། ལུས་མི་སྣང་བར་གཞན་གྱིས་མི་མཐོང་བར་བྱེད་པ་དང་། ལུས་སྟོང་ཉིད་དུ་བྱེད་ནས་སླར་སྟོན་པ་སོགས་སོ། །བཅུད་ལེན་ནི་དངུལ་ཆུའི་བཅུད་ལེན་གྲུབ་པས་ཚེ་བསྐལ་པ་དང་། སངས་རྒྱས་རེ་རེའི་བསྟན་པ་དང་། ལོ་སྟོང་ལྔ་བརྒྱ་དང་། ཉིས་


CMR024_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སོགས་ཐུབ་ཅིང་ལུས་ལ་དུག་མཚོན་སོགས་མི་ཚུགས་པའོ། །འདིར་ས་ལུགས་པ་རྣམས་བུ་མོ་འགུགས་པ་གྲུབ་ཆེན་བརྒྱད་ཀྱིས་གྲར་འདྲེན་མོད་ཀྱི། དེ་ལྟར་དབང་གི་ལས་ཀྱི་ཁོངས་སུ་སྡུད་པས་འདིར་མི་བསྒྲུང་སྟེ། རྗེ་དཀོན་མཆོག་འབངས་ཀྱིས་ཞིང་སྐྱོང་གི་ལས་ཆེན་བརྒྱད་དུ་ཡང་མཆིལ་ལྷམ་བསྒྲུངས་བས་རང་ལུགས་དེ་ཡིན་ཏེ། མཆིལ་ལྷམ་ལ་རྫས་སོགས་ལྷན་པས་ཆུ་ལ་ཐོགས་པ་མེད་པར་འགྲོ་བ་དང་། རྐང་མགྱོགས་ལྟར་བང་མཉམ་པ་སོགས་ཡིན་ནོ། །གྲུབ་ཆེན་བརྒྱད་པོ་དེ་རབས་རྟོགས་པ་དང་བསྐྱེད་རྫོགས་ཟུང་འཇུག་གི་ནུས་པས་བསམ་པ་བཞིན་དུ་བྱས་སམ་རང་བཞིན་གྱིས་འབྱུང་བ་མཆོག་གི་གྲུབ་རྟགས་དང་། ཞི་གནས་ཀྱི་ཉམས་དང་རླུང་ནུས་ཁོ་ན་ལས་འབྱུང་བ་ཕྱི་རོལ་པ་དང་། ཐུན་མོང་གྲུབ་རྟགས་དང་ས་ཐོབ་པའི་བྱང་སེམས་བདེན་སྟོབས་བརྗོད་པས་དེ་ལྟར་འབྱུང་བ་ཕྱིར་མི་ལྡོག་པའི་གྲུབ་རྟགས་དང་། ས་མ་ཐོབ་པ་ཐོབ་པར་རློམ་པའི་བྱང་སེམས་བདེན་སྟོབས་བརྗོད་པ་ལས་དེ་ལྟར་འབྱུང་བ་བདུད་ཀྱིས་བསླུ་བའི་ཆོ་འཕྲུལ་དང་། སྔགས་དང་ཏིང་ངེ་འཛིན་དང་། འཁྲུལ་འཁོར་དང་སྦྱིན་སྲེག་སོགས་ཐམས་ཅད་འཛོམ་པ་ལས་བྱུང་བའི་རིག་སྔགས་ཀྱི་


CMR024_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་སྟེ། རྣལ་འབྱོར་པ་ཐ་མའི་གཅོད་ཡུལ་ལོ། །ཞི་སོགས་ལས་བཞི་ལས། སྡིག་སྒྲིབ་ནད་གདོན་ཞི་བ། བསོད་ནམས་ཡེ་ཤེས་རྒྱས་པ། རླུང་སེམས་དབང་དུ་འདུས་པ། བདུད་བཞི་ཚར་གཅོད་པ་སྟེ། མཆོག་གི་ལས་བཞི་དང་། ལས་བཞི་རེ་རེ་ལ་ཡང་། ནང་གསེས་ཀྱིས་དབྱེ་བས་ལས་རབ་འབྱམས་གསུངས་ཏེ། པདྨ་ཅོད་པན་གྱི་རྒྱུད་དང་། པདྨ་དྲྭ་བའི་རྒྱུད་དང་། དོན་ཡོད་ཞགས་པའི་རྒྱུད་དང་། སྙིང་རྗེ་མི་བཤོལ་བའི་གཟུངས་དང་། ཡིད་བཞིན་ནོར་བུའི་གཟུངས་དང་། ཐུགས་རྗེ་ཆེན་པོ་གསང་འདུས། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་དང་། མི་ཏྲ་གསང་སྒྲུབ་དང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སོགས་ནས་དཔག་ཏུ་མེད་པར་གསུངས་པ་ཐམས་ཅད་འདི་ལ་སྦྱར་བར་བྱ་བ་ནི་སྨོས་ཅི་དགོས་ཏེ། དེ་ལས་དགོངས་འདུས་ཀྱི་ལས་རབ་འབྱམས་སོགས་མདོར་ན་ལས་ཚོགས་སྤྱིའི་རིགས་ཐམས་ཅད་རང་གི་ཡི་དམ་གྱི་ལས་སུ་སྦྱར་རུང་བར། ཨོ་རྒྱན་རིན་པོ་ཆེས་གསུངས་དང་བྱ་སྤྱོད་ཀྱི་གཞུང་རྣམས་ལས་གསུངས་སོ། །དེ་ལ་བྱ་སྤྱོད་ཀྱི་རྒྱུད་ནས། རང་གི་ཡི་དམ་དེ་ལས་ཚོགས་ལ་སྦྱར་མི་རུང་དམ་ཚིག་ཏུ་


CMR024_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི། ནུས་པ་མ་ཐོན་པར་ལས་ལ་སྦྱར་ན་ལས་མ་གྲུབ་པས་རང་གི་ནུས་པ་མ་ཐོན་པར་མི་ཤེས་ནས། ལྷ་དང་གདམས་ངག་ལ་ལོག་ལྟ་སྐྱེ་བས་དམ་ཚིག་ཉམས་པར་དགོངས་པའོ། །དེའི་ནི་དོན་ལེགས་པར་གྲུབ་པའི་རྒྱུད་ལས། གདོན་གྱི་ལས་རྣམས་མི་བྱ་ཞིང་། །སྲུང་དང་སླར་ཟློག་མི་བྱའོ། །རང་གི་སྔགས་སམ་གཞན་གྱིས་ཀྱང་། །ཟློག་པ་དུག་གི་ལས་མི་བྱ། །བསྒྲུབ་ལ་དགོངས་པར་མ་གཏོགས་པར། །གསང་སྔགས་གཞན་དུ་སྤྱད་མི་བྱ། །འདྲེན་པ་དང་ནི་པད་ཕྱིར་ཡང་། །བདག་གིས་གསང་སྔགས་མི་སྦྱར་རོ། །ཞེས་གསུངས་སོ། །དེ་ལ་བྱ་རྒྱུད་ལུགས་འདིར་རང་གི་ཡི་དམ་རྩ་བ་དེ་ཐུན་མོང་གི་ལས་ལ་མི་སྦྱར་རོ། །གལ་ཏེ་སྦྱར་ཡང་ནུས་པ་དང་རྩལ་སྤྲུག་པར་མི་བྱ་བར་གསུངས་ལ། དུས་འཁོར་བ་དག་གིས་ལས་སྦྱོར་རྣམས་སྔགས་ཀྱི་ནུས་པ་འདི་ལྟར་ཡོད་དོ། །ཞེས་སྟོན་པའི་ཆེད་ཡིན་པས་ལག་ཏུ་བླང་བྱ་མ་ཡིན། གལ་ཏེ་ན་ཡང་ཞི་རྒྱས་དབང་གསུམ་ནི་བྱ་རུང་གིས་མངོན་སྤྱོད་ནི་ནམ་དུ་ཡང་བྱ་མི་རུང་བར་བཞེད་ལ། དགྱེས་རྡོར་གྱི་ཆོས་སྐད། ས་ལུགས་པ་རྣམས་ཐུན་མོང་གི་ལས་ཚོགས་ནི་ལས་དང་པོ་པ་རྣམས་བསྒྲུབས་པ་


CMR024_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡ་མཚན་པས་ཐུན་མོང་གི་དངོས་གྲུབ་ཐོབ་པས། སྤྲོ་བ་སྐྱེ་ནས་མཆོག་སྒྲུབ་པ་ལ་བརྩོན་པའི་ཆེད་ཡིན་པར་བཞེད། འཇིག་རྟེན་ཕ་རོལ་དོན་གཉེར་ན། །འདི་འབྲས་འབད་པ་མེད་པར་འགྲུབ། །ཅེས་གསུངས་པ་ལྟར། བཀའ་བརྒྱུད་རིན་པོ་ཆེའི་ནི་མཆོག་ཁོ་ན་བསྒྲུབས་ནས་ཐུན་མོང་ཞོར་ལ་འབྱུང་སྟེ། འབྲས་ལོ་ལེགས་ན་སོག་ཕུབ་ཞོར་ལ་འབྱུང་བ་དང་འདྲ་བས་མཆོག་ཁོ་ན་བསྒྲུབ་པ་སྟེ། དེའི་དབང་དུ་མཛད་ནས་རྡོ་རྗེ་ཕག་མོའི་ལས་རབ་འབྱམས་དང་འབུམ་གྱི་ཊིཀ་ཡོད་པས་ན། རྡོ་རྗེ་མཁའ་འགྲོའི་མཆོག་གི་དངོས་གྲུབ་ཁོ་ནའི་དབང་དུ་བྱས་པས་ལས་ཚོགས་མང་དུ་མ་གསུངས། དེ་དང་མཚུངས་པར་བདེ་མཆོག་སྙན་བརྒྱུད་སོགས་ཀྱང་མཆོག་ཁོ་ན་ལས་ཐུན་མོང་སྒྲུབ་ཐབས་གསལ་བར་མ་བཤད་ཅེས་བཞེད། བོད་ཀྱི་དུས་ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་སངས་རྒྱས་ཐོབ་པ་ལ་ཆེས་རིང་བའི་གང་ཞིག་གིས་ལས་ཚོགས་མང་པོ་མི་བཀོལ་ཏེ་མཆོག་ཁོ་ན་སྒྲུབ། སངས་རྒྱས་ཐོབ་པ་ལ་དེ་ཙམ་མི་རིང་བའི་གང་ཟག་གིས་ལས་རབ་འབྱམས་བསྒྲུབ་པ་ཡིན་ཟེར་ལ། གསང་སྔགས་རྙིང་མ་པ་རྣམས་བསྙེན་སྒྲུབ་ཚད་དུ་མ་འཁྱོལ་བས་ལས་ཚོགས་བསྒྲུབ་པ། མཆོག་གི་དངོས་གྲུབ་འགྱངས་ཤིང་ལྷ་


CMR024_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཁོན་ཞུགས་པའི་རྒྱུ་ཡིན་པས་མི་རུང་ལ། བསྙེན་སྒྲུབ་ཚད་དུ་ཕྱིན་ནས་སྒྱུ་མ་རྨི་ལམ་ལྟ་བུར་བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། སྦྱོར་བ་ལས་ཚོགས་རབ་འབྱམས་གང་ལ་གང་འདུལ་དུ་སྤྱོད་ཅིང་། རྗེས་བྱང་ཆུབ་ཏུ་བསྔོ་བས་རྒྱས་འདེབས་པ་ནི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། མཆོག་གི་དངོས་གྲུབ་ལ་མི་སྒྲིབ་པར་འཕྲལ་ཐུན་མོང་གི་དངོས་གྲུབ་ཡིད་བཞིན་དུ་འབྱུང་བར་བཞེད་ནས། རྙིང་མའི་སྒྲུབ་སྐོར་ཐམས་ཅད་ལས་ཚོགས་ཕྱུག་པའོ། །དེ་ཡང་རབ་དང་འབྲིང་གི་རབ་དང་ཐ་མ་དང་ཐ་མའི་ཐ་མའོ། །དེ་ལ་རབ་རླུང་དང་ཏིང་ངེ་འཛིན་གྱིས་འགྲུབ། འབྲིང་གི་རབ་བྷོ་བཟླས་ཙམ་གྱིས་འགྲུབ། འབྲིང་སྒོམ་བཟླས་རྫས་སྦྱོར་གསུམ་གྱིས་འགྲུབ། ཐ་མ་ལ་ནི་རྫས་སྔགས་དམིགས་པ་སྦྱིན་སྲེག་ཤདང་བཞིས་འགྲུབ། ཐ་མའི་ཐ་མ་དམིགས་པ་སྔགས་རྫས་སྦྱོར་འཁྲུལ་འཁོར་ཏེ་འཁོར་ལོ་སྦྱིན་སྲེག་གཏོར་མ་སོགས་ཐམས་ཅད་འཛོམས་ན་འགྲུབ་བོ། །དེ་ལྟར་ཚེ་འདིར་མཆོག་མ་གྲུབ་ཊྛིན་ཐུན་མོང་རབ་འབྲིང་ཐ་མ་འགྲུབ་ཅིང་། རབ་འཆི་དུས་གོང་དུ་བཤད་པ་ལྟར་མཐའ་ནས་དབུས་ཡལ་གྱི་རྫོགས་རིམ་བྷེ་ཞིང་དེའི་ངང་ནས་འཆི་བས་གཞིའི་འོད་གསལ་དང་། བསྒོམ་


CMR024_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་གྱི་འོད་གསལ་གཉིས་དབྱེར་མེད་དུ་འདྲེས་ནས་འཆི་བ་འོད་གསལ་ཆོས་སྐུར་སངས་རྒྱས་སོ། །དུས་འཁོར་ལས། འོད་གསལ་བར་ནི་རྒྱུན་ཏུ་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་གསུངས་སོ། །གལ་ཏེ་འོད་གསལ་ལ་གོམས་འདྲེས་ཆེ་ན་ཡང་འཆི་དུས་འོད་གསལ་མ་ཟིན་ན། ལུས་སེམས་བྲལ་མ་ཐག་འོད་གསལ་གཉིས་པ་འཆར་བ་ཟིན་ནས་གྲོལ་ཏེ། ངམ་རྫོང་སྙན་བརྒྱུད་ལས། ལུས་ཡི་དམ་ལྷ་དང་སྤྱི་བོར་བླ་མ་བསམ་པའི་ངང་ནས་སྒྱུ་མ་ལྟ་བུའི་ལུས་བླངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པའམ། འོད་གསལ་ངང་ལ་ཟུང་འཇུག་གིས་སྐུར་ལྡང་བར་བྱ་སྙམ་ནས་དྲན་འདུན་སྔོན་དུ་བཏང་བར་བྱའོ། །ཡི་དམ་གྱི་སྐུ་དེ་ལས་ལྡང་བའི་དོན་དུ་སྣང་ལ་རང་བཞིན་མེད་པའི་འོད་གསལ་བསྒོམས་ནས། ནམ་མཁར་སྤྲིན་འབྱུང་བ་བཞིན་དུ་གར་འདོད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་འོད་གསལ་དེའི་ངང་ལས་ཟུང་འཇུག་གིས་སྐུར་ལྡང་སྟེ། འགྲོ་དོན་བྱ་བའམ་བདེ་བ་ཅན་སོགས་སྔོན་སྨོན་ལམ་གང་དུ་བཏབ་ཅིང་འཕེན་པ་བཏང་བས་ཞིང་དེར་སྐྱེ་སྟེ། དཔེར་ན་རྒྱའི་མིག་ནི་ནམ་མཁའ་གང་ནས་མ་བྱུང་བ་ལྟར། སྐད་ཅིག་དེ་ཉིད་ལ་གར་སྐྱེ་དེའི་སྣང་བ་འཆར་གྱི་


CMR024_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་འདུན་པ་དགོས་པའི་ངེས་པ་མེད་པར་གསུངས་སོ། །གལ་ཏེ་འོད་གསལ་ལ་གོམས་འདྲེས་ཆུང་ན་ལོངས་སྐུའི་འཕོ་བ་བྱ་སྟེ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་འཕོ་བའི་མན་ངག་ལོགས་ནས་འབྱུང་བ་བཞིན་ནོ། །འཕོ་བ་ཐེབས་ན་བར་དོ་མི་འཆར་ལ། མ་ཐེབས་ན་བར་དོ་སྦྱངས་ལུགས་ད་ལྟའི་བསྐྱེད་རིམ་བར་དོར་བསྒོམས་པས་ཤ་ཁྲག་གི་ལུས་མེད་པས་དེ་དུས་ཡིད་ཀྱི་ལུས་དེ་ཡི་དམ་གྱི་སྐུར་གྱུར། དེའི་ངང་ལ་འོད་གསལ་བྷེ་པས་གསལ་སྟོང་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་སོ། །ཡང་ཡི་དམ་དེའི་སྐུ་ཇི་ལྟ་བར་འགྱུར་ཞིང་རྫུ་འཕྲུལ་ཡ་མ་ཟུང་སྟོན་ཞིང་བར་དོའི་སེམས་ཅན་འདྲེན་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་བགྲོད་ཅིང་ཆོས་ཉན་པ་སོགས་བྱེད་པ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་སྟེ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་དངོས་སུ་འགྲུབ་པའི་ཕྱིར་རོ། །གལ་ཏེ་བར་དོ་གཉིས་པ་ལོངས་སྐུར་ཡང་མ་གྲོལ་ན། ད་ལྟ་སྨོན་ལམ་གྱིས་འཕེན་པ་དང་ཐུགས་རྗེ་ཆེན་པོ་འགྲུབ་པའི་བྱིན་རླབས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་བྱ་ངང་པའི་རྒྱལ་པོ་ལྟར་འགྲོ་སྟེ། དེར་པདྨ་ལ་བརྫུས་ཏེ་སྐྱེས་ནས་ལུས་ཐོབ་དེ་ནས་ས་ལམ་ཐམས་ཅད་བསྒྲོད་ནས་སངས་རྒྱས་པར་ཐེ་ཚོམ་མེད་དེ། །


CMR024_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་ཟ་མ་ཏོག་བཀོད་པ་ཆེན་པོ་ལས། སྔོན་སངས་རྒྱས་གཙུག་ལྡན་གྱིས་གསུངས་པ། སླར་ཤཱཀྱ་ཐུབ་པ་ཉིད་ཀྱིས་བཀའ་སྩལ་པ། གང་འཇིག་རྟེན་གྱི་ཁམས་ན་སྤྱན་རས་གཟིགས་ཀྱི་དབང་པོའི་མིང་དྲན་པ་དེའི་བསོད་ནམས་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒས་པ་དང་ན་བ་དང་འཆི་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བ་ཡིན་ནོ། །དེ་དག་འཁོར་བའི་ཐ་མ་གཞན་མེད་པའི་སྡུག་བསྔལ་བར་མི་འགྱུར་རོ། །དེ་དག་ནི་གོས་དཀར་པོ་དང་སྐྱ་བོ་བཞིན་དུ། བྱ་ངང་པའི་རྒྱལ་པོ་ལྟར་མགྱོགས་པ་དང་རླུང་གིས་ཤུགས་འོང་བ་བཞིན་དུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལས་ཆོས་མངོན་དུ་ཉན་པའི་ཕྱིར་འགྲོའོ། །ཐོས་ནས་ཀྱང་དེའི་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་། འདོད་ཆགས་ཞེ་སྡང་གཏི་མུག་མི་འབྱུང་། རྒས་པ་དང་ཤི་བར་མི་འགྱུར། དེ་དག་གི་ལུས་ལ་བཀྲེས་པར་མི་འགྱུར། མངལ་ན་གནས་པའི་སྡུག་བསྔལ་བ་ཤེས་པར་མི་འགྱུར་ཏེ། ཆོས་ཀྱི་རོས་བསྐྱོད་ནས་དེ་ཉིད་དུ་པདྨའི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་པོའི་ཡི་དམ་བརྟན་པོ་རྫོགས་པ་


CMR024_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སེམས་ཅན་ཐམས་ཅད་ཐར་པ་ལ་ཞོག་གི་བར་དུ། འཇིག་རྟེན་གྱི་ཁམས་དེ་ན་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་གསུངས། དེ་ཡང་ཞིང་དེར་སྨོན་ལམ་། འདེབས་ཤིང་ཐུགས་རྗེ་ཆེན་པོ་བསྒྲུབས་པས་དེ་ལྟར་འགྱུར། ཡང་མི་ལུས་སོགས་སུ་སྨོན་ལམ་བཏབ་ཡང་སྐྱེ་བ་བདུན་ལས་མི་འགྱང་བར་འཚང་རྒྱ་བོར་བཤད། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེ་གཉིས་མི་དགོས་ཏེ། །འབྲིང་ལ་སྐྱེ་བ་གཉིས་ཙམ་དུ། །ཐ་མ་རྣམས་ནི་དབུགས་ཕྱུང་སྟེ། །སྤྲུལ་པ་པོས་ནི་རང་རྒྱུད་གྲོལ། །ཅེས་གསུངས་སོ། -་།དེ་ལྟར་ས་བཅད་ཙམ་ཡིན་གྱི་འོད་གསལ་དང་འཕོ་བ་བར་དོའི་གདམས་པ་རྒྱས་པར་གུད་དུ་ཤེས་སོ། །དེ་ལྟར་བརྩོན་འགྲུས་ཅན་ཚེ་འདིར་སངས་རྒྱས་ཚུལ་རྒྱས་པར་བཤད། འབྲིང་བར་དོར་སངས་རྒྱས་ཚུལ་དང་། ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་སངས་རྒྱས་ཚུལ་ཟུར་ཙམ་བཤད་ནས། ༈ ད་ནི་གཙོ་བོར་མཆོག་གི་དངོས་གྲུབ་འདོད་པས་འདི་ཁོ་ན་ཉམས་སུ་བླངས་ན་ཚེ་འདིར་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཤུགས་ལ་འབྱུང་ཞིང་ཕྱི་མ་ཡང་ས་ལམ་རིམ་པས་ཐོབ་པའི་ཕན་ཡོན་རྣམས་བཤད་དེ། དེ་ཡང་སྤྲུལ་པའི་རྒྱལ་པོས་ཕྱི་བློན་ལ་གདམས་པ་ལས། །


CMR024_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་མཐའ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་དྲུག་པ་འདི་ལ་ཐུག་གོ །རང་དོན་སྒྲིབ་པ་སྦྱང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །གཞན་དོན་འགྲོ་དྲུག་གནས་ནས་དྲངས་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཚེ་འདི་ལ་ཐུན་མོང་གི་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཕྱི་མ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་དྲུག་པ་འདི་ཟློས་ཤིག །སྒྲོངས་ཤིག །སྒྲུབས་ཤིག །སྟོན་ཅིག །ཤོད་ཅིག །སྔ་མའི་སངས་རྒྱས་ཀྱི་གཤེགས་ཤུལ། ད་ལྟའི་སངས་རྒྱས་ཀྱི་བསྟན་པ། ཕྱི་མའི་སངས་རྒྱས་ཀྱི་ལམ་ཡིན་ནོ། །ཞེས་དང་། ཆོས་ཐུགས་རྗེ་ཆེན་པོའི་ཡང་སྙིང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི་ལས་ལྷག་པ་མེད་དོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྙིང་པོ་མ་ནོར་བ་ཡིན་ནོ། །ཞེས་བོད་འབངས་སྤྱི་ལ་གདམས་ཏེ། རྒྱུད་སྡེ་སྤྱི་ལ། བསྐྱེད་རིམ་དང་བཟླས་པ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་འགྲུབ་ལ། རྫོགས་རིམ་གྱིས་མཆོག་འགྲུབ་པར་བཤད་ཀྱི། སྔགས་བཟླས་པ་ཁོ་ནས་སངས་རྒྱས་ཐོབ་པར་བཤད་པ་ཆེར་མེད་ན། འདིར་ཡི་གེ་དྲུག་པ་བཟླས་པ་


CMR024_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནས་སངས་རྒྱས་ཐོབ་པར་བཤད་པས་ཀྱང་ངོ་མཚར་ཆེ་བ་ཡིན་ནོ། །ཡང་སྤྲུལ་པའི་རྒྱལ་པོའི་སྙིང་པོ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི་ཡིད་བཞིན་གྱི་ནོར་བུ་ཡིན་རྣཔས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་བ་ཡིན་ནོ། །འདི་ཟློས་ཤིག །འདི་ལ་ནན་ཏན་སྐྱེད་ཅིག་གསུངས་ཏེ། ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པ་འདི་ལས་དངོས་གྲུབ་ཐམས་ཅད་འབྱུང་བ་ལུང་ནི། ཨོ་རྒྱན་རིན་པོ་ཆེས་རྔ་ཡབ་གླིང་དུ་གཤེགས་ཁ་བོད་སྤྱི་ལ་ཞལ་ཆེམས་ཚུལ་དུ་གསུང་པ་ལས་ཕན་ཡོན་རྒྱ་ཆེར་གསུངས་ཤིང་། ཁྱད་པར་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་དྲུག་པ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཡིན་པས། ཞག་རེ་ལ་བརྒྱ་རེ་བཟླས་ན་ངན་སོང་དུ་མི་སྐྱེ་བར་ཕྱི་མར་མི་ལུས་ཐོབ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་མཇལ་བར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་རེ་རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་བར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ། །ཞག་རེ་ལ་ལན་བདུན་བདུན་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་ཟད་པར་འགྱུར་རོ། །སོགས་རྒྱ་ཆེར་གསུངས་སོ། །ཕྱག་


CMR024_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་སྤྱན་སྟོང་གི་གཟུངས་ལས་སྤྱན་རས་གཟིགས་ཀྱི་མཚན་ནི་བརྗོད་ན་ཡང་། སྡིག་སྒྲིབ་གྲངས་མེད་འབྱངས་ཤིང་བསོད་ནམས་དཔག་མེད་འཐོབ་སྟེ། འདི་ནས་འཆི་འཕོས་ན་ཡང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། གདོང་བཅུ་གཅིག་པའི་མདོ་ལས་སྤྱན་རས་གཟིགས་ཀྱིས་གསུངས་པ། ངའི་མིང་བརྗོད་ཅིང་དྲན་པར་གྱུར་ན། གནོད་པ་ཐམས་ཅད་དང་བྲལ་བར་འགྱུར། སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར། འཇིགས་པ་ཐམས་ཅད་ལས་ཐར་བ་འགྱུར། གདོན་བགེགས་ཐམས་ཅད་ལས་ཐར་ཞིང་སྐྱོབ་པར་འགྱུར། ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར། བཀྲ་མི་ཤིས་པ་ཐམས་ཅད་ནུབ་པར་འགྱུར། ཞེས་དང་། མཚན་རབ་ཏུ་བསྟན་པའི་མདོ་ལས། ང་ནི་ཐུགས་རྗེ་ཆེན་པོ་འགྲོ་བ་ཐམས་ཅད་སྡུག་བསྔལ་སྐྱོབ་པ་ཡིན། ངའི་མིང་དྲན་པར་གྱུར་ན་ཕ་རོལ་པོས་མདའ་འཕང་ཡང་ཟུག་པར་མི་འགྱུར། མཚོན་རྣོན་པོས་བཏབ་ཀྱང་དེས་ཆོད་པར་མི་འགྱུར་རོ། །གྲགས་པ་ཆེ་ཞིང་རིགས་རྒྱུད་འཕེལ་བར་འགྱུར། ཟས་ནོར་གྱིས་མི་འཕོངས་ཤིང་ལོངས་སྤྱོད་རྒྱས་པར་འགྱུར། ངའི་མིང་དྲན་པ་དེས་སུས་ཀྱང་མི་ཐུབ་པར་འགྱུར། འབྲོག་དགོན་པའམ། ནགས་


CMR024_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དུ་སོང་ཡང་སེང་གེ་དང་། སྟག་དང་། གཟིག་དང་། དོམ་དང་། དྲེད་དང་། །གཡག་རྒོད་དང་། དུག་སྦྲུལ་དང་གཅན་གཟན་རྣམས་ཀྱིས་མི་གཡེང་། ངའི་མིང་དྲན་པ་ཙམ་གྱིས་བགེགས་ཐམས་ཅད་བྲོས་པར་འགྱུར་རོ། །མེ་དཔུང་འབར་བའི་ནང་དུ་བོར་ན་ཡང་། ངའི་མིང་དྲན་པ་ཙམ་གྱིས་པདྨས་གང་བའི་རྫིང་བུར་གྱུར། ངའི་མིང་དྲན་པ་ཙམ་གྱིས་ཆུར་མི་བྱིངས། ཆུས་མི་ཁྱེར། མེས་མི་ཚིག །གང་གིས་ངའི་མིང་དྲན་པར་བྱེད་པ་དེ་མཐོང་བ་ཙམ་གྱིས་གཞན་དག་མོས་པར་འགྱུར། དགྲས་ཟིལ་གྱིས་མི་གནོན། དུག་གིས་མི་ཚུགས། ངའི་མིང་ཐོས་ནས་དྲན་པར་བྱེད་ན། དེ་དག་ནི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། གྲུལ་བུམ་དང་། སྲིན་པོ་དང་། ཤ་ཟ་དང་། ཡི་དྭགས་རྣམས་ཀྱིས་མདངས་འཕྲོག་པར་མི་ནུས་སོ། །ཕ་རོལ་གྱི་སྔགས་ཀྱིས་ཚུགས་པར་མི་འགྱུར་རོ། །ཞེས་གསུངས་སོ། །མདོ་སྡེ་ཟ་མ་ཏོག་ཆེ་བ་ལས། ཤཱཀྱ་ཐུབ་པས་བཀའ་སྩལ་པ། གང་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་མིང་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ལགས་སོ། །སྐྱེ་བ་དང་རྒས་པ་དང་ན་བ་དང་འཆི་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བ་


CMR024_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སོ། །བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་སྣང་བ་མཐའ་ཡས་ལས་ཆོས་ཉན་པར་འགྱུར་རོ། །དེ་དག་གི་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་། སེམས་ལ་སྡུག་བསྔལ་མི་འབྱུང་། རྒྱུད་ལ་ཉོན་མོངས་པ་དང་། བཀྲེས་པ་དང་། སྐོམ་པ་དང་། འཕོང་པའི་སྡུག་བསྔལ་མི་འབྱུང་། མངལ་ན་གནས་པའི་སྡུག་བསྔལ་མི་འབྱུང་། ཆོས་ཀྱི་རོས་བསྐྱོད་པ་པདྨ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡི་དམ་བསྟེན་པ་མཛད་པ་དེ་བསྟེན་པར་མཛད་དོ། །སངས་རྒྱས་ཀྱི་ཞིང་དེར་རྟག་ཏུ་འཛིན་ཅིང་གནས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་གཟུངས་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། བཅོམ་ལྡན་འདས་བདག་གི་མིང་འཛིན་པ་ནི་དོན་མཆིས་ཏེ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མིང་འཛིན་པ་བས་ལྷག་གོ །བདག་གི་མིང་འཛིན་པའི་སེམས་ཅན་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ། །བྲོ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །སྒྲིབ་པ་ཐམས་ཅད་དང་ལུས་ངག་ཡིད་གསུམ་གྱི་ཉེས་པ་སྤྱོད་པ་


CMR024_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་བ་ལགས་སོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། གལ་ཏེ་གསོད་པས་མེ་ཡི་དངོས་སུ་ཡང་། །བསད་པར་བྱ་བའི་ཕྱིར་ན་བོར་བའི་མིས།། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །ཆུ་བཏབ་བཞིན་དུ་མེ་དག་ཞི་བར་འགྱུར། །རྒྱ་མཚོ་དང་ནི་མྱ་ངན་བརྒལ་ན་ཡང་། །ཀླུ་དང་འབྱུང་པོ་ལྷ་མ་ཡིན་གནས་སུ། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །ཆུ་ཡི་ནང་དུ་ནམ་ཡང་མི་ནུབ་བོ། །རབ་ཏུ་སྡང་བའི་ཡིད་ཀྱིས་བསད་པའི་ཕྱིར། །རི་རབ་ལྷུན་པོའི་རྩེ་ནས་བོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །ཉི་མ་ལྟ་བུར་ནམ་མཁར་གནས་པར་འགྱུར། །གལ་ཏེ་རྡོ་རྗེ་དང་ནི་རི་དྭགས་ཀྱང་། །བསད་པའི་ཕྱིར་ནི་སྤྱི་བོར་འོང་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །བ་སྤུ་ཁུང་ཙམ་འཚེ་བར་མི་ནུས་སོ། །གལ་ཏེ་མང་པོ་དགྲ་ཡིས་ཡོངས་བསྐོར་ཏེ། །བསད་པའི་སེམས་ཀྱིས་ལག་ཎྜིན་མཚོན་ཐོགས་ཀྱང་། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །དེ་མ་ཐག་ཏུ་བྱམས་པའི་སེམས་སུ་གྱུར། །གལ་ཏེ་གསོད་པར་ཉེ་བར་འོངས་ནས་སུ། །གཤེད་མའི་དབང་


CMR024_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པའི་ཚེ་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །དེ་ཡི་མཚོན་ཆ་དུམ་བུ་དུམ་བུར་འགྱུར། །གལ་ཏེ་ཤིང་ངམ་ལྕགས་ལས་བྱས་པ་ཡིས། །ཁོང་བསྒྲིལ་དང་ནི་གདོས་ཀྱིས་བཅིངས་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །བཅིངས་བ་དག་ནི་མྱུར་དུ་འཆད་པར་འགྱུར། །སྔགས་དང་སྨན་དང་སྟོབས་དང་རིག་སྔགས་དང་། རོ་ལངས་པ་དང་འབྱུང་པོ་ལུས་འཇིགས་པ། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །གང་ན་རབ་ཏུ་བཏང་བ་དེ་ལྟར་འགྲོ། །གནོད་སྦྱིན་ལྷ་མིན་དབང་པོ་ཀླུ་འབར་བ། །ཟླུམདངས་འཕྲོག་པ་ཡིས་ཡོངས་སུ་བསྐོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །བ་སྤུས་ཁུང་ཙམ་བཙས་པར་ཡང་མི་ནུས། །མཆེ་བ་སེན་རྣོན་རབ་ཏུ་འཇིགས་པ་ཡི། །གཅན་གཟན་མ་རུངས་པ་ཡིས་བསྐོར་བས་ཀྱང་། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །མྱུར་བར་ཕྱོགས་ཀུན་ཏུ་ནི་འགྲོ་བར་འགྱུར། །མི་འཇིགས་མེ་ལྕེ་ལྟ་བུར་འོད་འཕྲོ་བར། །མི་གདུག་ཅན་གྱིས་ཡོངས་སུ་བསྐོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །ཤིན་ཏུ་མྱུར་བར་གདུག་པ་མེད་པར་འགྱུར། །བཟང་པོ་གློག་ཀྱང་


CMR024_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཞིང་རྟུག་པ་ཡིས། །སྤྲིན་དང་ལྕེ་ལས་སེར་བ་ཆར་འབེབས་པ། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དྲན་ན་ནི། །དེ་མ་ཐག་ཏུ་མྱུར་བར་རབ་ཏུ་ཞི། །སྡུག་བསྔལ་མང་པོ་བརྒྱ་ཡིས་བརྩེས་པ་དང་། །སྡུག་བསྔལ་མང་པོས་གཟེར་བའི་སེམས་ཅན་མཐོང་། །ཡེ་ཤེས་དགེ་བའི་སྟོབས་ཀྱི་སྤྱན་རས་གཟིགས། །དེ་བས་ལྷག་བཅས་འགྲོ་བ་སྐྱོབ་པ་པོ། །རྫུ་འཕྲུལ་སྟོབས་ཀྱིས་ཕ་རོལ་སོན་པ་སྟེ། །ཐབས་དང་ཤེས་རབ་ཡངས་པ་བསླབས་པ་ནི། །ཕྱོགས་བཅུའི་འགྲོ་བ་མང་པོ་ཐམས་ཅད་དང་། །མ་ལུས་ཞིང་ཀུན་ཏུ་ཡང་རབ་ཏུ་སྣང་། །སྲོག་ཆགས་རྣམས་ནི་ངན་འགྲོའི་འཇིགས་པ་དང་། །མི་ཁོམ་པ་དང་སེམས་ཅན་དམྱལ་བ་དང་། །བྱོལ་སོང་དག་ནི་གཤིན་རྗེའི་བསྒོ་བ་དང་། །སྐྱེ་རྒ་ན་བས་གཟིར་བས་མཐར་ཞི་བྱེད། །ཅེས་དང་། འཐབ་མོ་དང་ནི་རྩོད་ཅིང་འབྱེད་པ་ཡིས། །འཇིགས་ཆེན་གཡུལ་ངོར་སྐྱེས་བུ་སོང་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་མ་ཐག་ཏུ་དགྲ་རྣམས་རབ་ཏུ་ཞི། །ཞེས་དང་། དག་པའི་སེམས་དཔའ་སྤྱན་རིས་གཟིགས་དབང་ཕྱུག་།ཐེ་ཚོམ་མེད་པར་དྲན་བྱོས་དྲན་པར་གྱིས། །འཆི་བའི་ཚེ་དང་ཉོན་མོངས་


CMR024_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཙེས་པའི་ཚེ། །མགོན་དང་སྐྱབས་དང་དཔུང་གཉེན་དག་ཏུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་འདི་ལ་ཡི་དམ་བྱས་ནི་ཆེད་དུ་མ་བསྒྲུབས་ཀྱང་ཐུན་མོང་གི་དངོས་གྲུབ་ཚེ་འདི་ལ་འབྱུང་ཚུལ་དང་། ཕྱི་མ་དག་པའི་ཞིང་དུ་བགྲོད་དེ་སངས་རྒྱས་ཚུལ་རྒྱ་མཚོ་ལས་ཆུ་ཐིགས་ཅིག་ཙམ་བཤད་ན། འདི་ནི་ཕྱི་ནང་མདོ་རྒྱུདཀྱི་ཉམས་ལེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། མདོ་སྡེ་ཟ་མ་ཏོག་བཀོད་པ་ཆེན་པོ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། རྣལ་འབྱོར་པ་གཞན་རྣམས་ནི་འབྲས་ཀྱི་ཕུབ་མ་དང་འདྲའོ། །བློརྣལ་འབྱོར་པ་ཐམས་ཅད་ཀྱི་ནང་ནས་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་པོ་འདི་ནི་འབྲས་ཀྱི་སྙིང་པོར་གྱུར་པའོ། །ཞེས་གསུངས་པ་དང་། མདོ་སྡེ་ཉིད་ལས། ཡུལ་འཁོར་མོ་འཇིག་གིས་གྲོང་ཁྱེར་གྱི་ཆོས་སྨྲ་བའི་བཤེས་གཉེན་གྱིས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལ་གསུངས་པ། ཆོས་གཞན་གྱི་རྣལ་འབྱོར་པ་ནི་ཕུབ་མ་དང་འདྲའོ། །ཡི་གེ་དྲུག་པའི་རྣལ་འབྱོར་པ་ནི་མཆོག་ཅེས་བྱ་སྟེ། མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཞེས་གསུངས་པས། ཐུགས་རྗེ་ཆེན་པོའི་ཆོས་འདི་ཀུན་མཐུན་ཀུན་ལས་ལྷག་པའི་ཆོས་ཡིན་ནོ། །འདིའི་རྒྱུ་


CMR024_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཅུང་ཟད་བཤད་ན། མིའི་འཇིག་རྟེན་འདི་དང་པོ་ཆགས་ནས་མི་རྣམས་འབྲས་ཞིང་ས་མ་དུམ་པར་འཐབས་པས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་མི་གཞན་ལས་གཟུགས་དང་ཁ་དོག་ཁྱད་པར་འཕགས་པ་ཞིག་གིས་སོ་སོར་བགོས་ནས་རང་གི་སྐལ་བ་ཡང་མ་བཞག་པས། མི་ཐམས་ཅད་ཀྱིས་དཔོན་དུ་བཀུར་ཏེ། མི་ཆོས་ཀྱི་ཁྲིམས་དང་བྱ་བཞག་ཐམས་ཅད་རྒྱལ་པོ་དེས་དར་བར་མཛད་དོ། །འཇིག་རྟེན་མི་ཆོས་དང་ཡང་ཐུགས་རྗེ་ཆེན་པོའི་ཆོས་འདི་ཆ་མཐུན་ཏེ། འཇིག་རྟེན་མ་དག་པའི་བྱ་བ་ཐམས་ཅད་སྤངས་ནས་བག་ཡོད་པས་ལྷ་རྒྱལ་པོ་མང་བཀུར་གྱིས་ངོ་བོ་ཐུགས་རྗེ་ཆེན་པོ་ལ་སྐྱབས་དང་དཔོན་ཞུ་བ་ཡིན། འོན་ཀྱང་འཇིག་རྟེན་པའི་མི་ཆོས་ནི་འཁོར་བ་དང་ངན་སོང་ལས་མི་ཐར། འདིས་ཐར་པ་བསྒྲུབས་པས་འཁོར་བ་ལས་འཕགས་ནུས་ཕྱིར་དུང་ཕྱུར་གྲངས་མེད་ཀྱིས་ཁྱད་པར་འཕགས་སོ། །ཕྱི་རོལ་མུ་སྟེགས་པ་རྣམས་འཇིག་རྟེན་འདི་ཡང་དབང་ཕྱུག་གིས་བྱས། བདེ་སྡུག་ཐམས་ཅད་དབང་ཕྱུག་གིས་བྱས་པས་དབང་ཕྱུག་མཆོད་ལེགས་ན་ཐར་པ་བདེ་བ་ཐོབ། དབང་ཕྱུག་མཆོད་མ་ལེགས་ན་ངན་སོང་སྡུག་བསྔལ་ཐོབ་པར་བྱེད་དེ། དེ་ཡང་ཆོས་སྐུ་ཚངས་པ། ལོངས་


CMR024_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཁྱབ་འཇུག །སྤྲུལ་སྐུ་དྲག་པོ་འཇིགས་བྱེད་ནག་པོ་ཐམས་ཅད་ཀྱང་དབང་ཕྱུག་གི་སྤྲུལ་པ་ཡིན་པར་འདོད་པ་སྟེ། །མུ་སྟེགས་དབང་ཕྱུག་ནག་པོའི་རྒྱུད་ལས། སྐྱེ་བོ་མི་ཤེས་བདག་ཉིད་འདི། །བདེ་སྡུག་རང་དབང་ཡོད་མིན་ཏེ། །དབང་ཕྱུག་གིས་བྱས་མཐོ་རིས་སམ། །ངན་སོང་དག་ཏུ་འགྲོ་བར་འགྱུར། །ཡོན་ཏན་ནོར་ལྡན་ཚེ་ཐུང་དང་། །ངན་པ་སྤྱོད་རྣམས་ཚེ་རིང་དང་། །གཏོང་ལྡན་དབུལ་པོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །ཞེས་འབྱུང་ངོ་། །དེ་དག་ལ་མུ་སྟེགས་རིགས་མང་ཡང་། ཐམས་ཅད་ཀྱི་དབང་ཕྱུག་ཡིན་ཏེ། དབང་ཕྱུག་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པས། འཇིག་རྟེན་ན་དང་པོ་སྒྲ་དང་ཡི་གེ་དང་སྨན་དང་། རྩིས་དང་སྒྱུ་རྩལ་དང་ལྷ་དབང་ཕྱུག་སོགས། མཆོད་པས་ལྷས་ཕན་འདོགས་པ་དང་། འདྲེས་གནོད་པ་དེ་འདུལ་ཐབས་དང་། སྔགས་དང་ཏིང་ངེ་འཛིན་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་ནམ་མཁའ་ལ་འཕུར་བ་སོགས་གྲུབ་ཆེན་བརྒྱད་དང་། ཕྲིན་ལས་བཞི་སྒྲུབ་ཐབས་རྣམས་དབང་ཕྱུག་གིས་བསྟན་པས། ལམ་བསྒྲུབ་ཏུ་ཡོད་པར་ཤེས་པས། དེ་ནས་སངས་རྒྱས་བྱོན་ནས་ཆོས་ཀྱང་དར་བའི་


CMR024_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟེགས་ཡིན་པས་མུ་སྟེགས་ཞེས་བྱ། དབང་ཕྱུག་གིས་དེ་ལྟར་དང་པོ་མ་བསྟན་ན། ཆོས་ཤེས་སུ་མ་བཏུབ་པས་མུན་པའི་བསྐལ་པར་འགྱུར་ཏེ། མགོན་པོའི་རྒྱུད་ཁྲག་མཚོ་ཁོལ་ཆེན་ལས། དབང་ཕྱུག་ལ་བསྟོད་པ་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་གིས། རབ་སྤྲུལ་སངས་རྒྱས་བསྟན་པའི་ཐོག་མར་ནི། །འཇིག་རྟེན་ཀུན་ཏུ་འབྱུང་བའི་བདག་པོ་ཆེ། །དབང་ཕྱུག་ཆེན་པོ་ལམ་ཚོལ་ལྷ་ལ་བཀོད། །ཕྱི་རོལ་ཀུན་ཏུ་རྒྱུ་བ་ཐམས་ཅད་ཀྱིས། །གནས་འགྱུར་ནུས་པའི་ལས་ཆེན་སྒྲུབ་བྱེད་ཅིང་། །རོ་ལ་རལ་གྲི་གསེར་འགྱུར་གནོད་སྦྱིན་མོ། །བུམ་པ་བཟང་པོ་རིལ་བུ་མིག་སྨན་དང་། །རྐང་མགྱོགས་རྡོ་རྗེ་ཨན་ཛ་འབབས་པ་ལྟར། །ཞེས་གསུངས་སོ། །འོ་ན་མུ་སྟེགས་ལས་དུང་ཕྱུར་གྲངས་མེད་པའི་ལྷག་ཅིང་ཁྱད་པར་འཕགས་ཏེ། དགོངས་གཅིག་ལས། ཕྱི་རོལ་པ་ལ་བདེན་མཐོང་གནས་མེད་དོ། །ཐར་པ་ཆ་མཐུན་དགེ་བ་འགའ་ཞིག་དང་། །སྒོམ་པའི་ཚུལ་ཁྲིམས་སྙིང་རྗེ་ལ་སོགས་ཡོད། །ཅེས་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་ཆེན་པོ་ལས། སྔོན་གྱི་དེ་བཞིན་གཤེགས་པ་ལྷ་མཐོང་ཞེས་བྱ་བས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་


CMR024_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དབང་ཕྱུག་ཆེན་པོ་ཁྱོད་དུས་ངན་པའི་ཚེ། སེམས་ཅན་ཁམས་མ་རུངས་བ་དག་བྱུང་བ་ན། ཁྱོད་ཐོག་མར་བྱེད་པ་པོ་དང་བཏང་བ་པོ་ལྟར་གྲགས་པར་འགྱུར་རོ། །སེམས་ཅན་དེ་དག་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤོང་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ། བསྟན་པ་འདི་ལ་ལུང་བསྟན་པ་ལྟར། མུ་སྟེགས་སྟོན་པ་དྲུག་དར་བ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་བཏུལ་ལོ། །དེ་ནས་སྟོན་པ་འདས་རྗེས་ལོ་ཉིས་བརྒྱ་ཉི་ཤུ་ཙམ་ན་བྲམ་ཟེའི་ཁྱེའུ་སྤྱན་གསུམ་གྱིས་ཕྱི་ནང་གི་ཆོས་གང་བཟང་མ་འཆམས་ནས་བརྩད་པས། མ་ཡེ་ཤེས་ཀྱི་ཌཱཀྐིའི་རིགས་གཅིག་ཡོད་པས། བུ་གསུམ་ལ་རྐང་མགྱོགས་བྱུག་སྟེ་གངས་ཏི་སེར་བཏང་ནས་ལྷ་དབང་ཕྱུག་ཆེན་པོ་བཞུགས་པ་ལ་དྲིས་པས། མ་ཧཱ་དེ་ཝས། ང་མུ་སྟེགས་ཀྱི་ལྷ་ཡིན་པས་མཐུ་དང་རྫུ་འཕྲུལ་དང་། ཚེ་འདིའི་དོན་ནི་མུ་སྟེགས་མྱུར་བ་ཡིན། ཕྱི་མའི་བདེ་བ་བྱང་ཆུབ་བསྒྲུབ་པ་ནང་པའི་ཆོས་ལུགས་བཟང་བ་ཡིན་ཟེར་བས། གནས་བརྟན་བཅུ་དྲུག་སོགས་ལ་མཆོད་པ་བྱེད་པར་མཐོང་སྟེ། བུ་གསུམ་གྱིས་ནང་པ་བཟང་བར་ཤེས་ནས། རྡོ་རྗེ་གདན་གྱི་རྟེན་མ་ཧཱ་བྷོ་དྷི་སོགས་གསུམ་བཞེངས་སོ། །དེ་དང་མཐུན་པར་


CMR024_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་རྒྱུད་ཁྲག་མཚོ་ཁོལ་མར་དབང་ཕྱུག་ལ་བསྟོད་པ། མཐུ་སྟོབས་རྩལ་ལྡན་རྩ་གསུམ་དབང་བྱེད་པ། །ཕ་རོལ་རྒོལ་བའི་ནུས་པ་ཚར་གཅོད་ཅིང་། །བདུད་དཔུང་ཟློག་བྱེད་ཡོན་ཏན་རྒྱལ་པོ་ཆེ། །ཉན་རང་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །རྟག་ཏུ་ཁྱོད་ནི་རབ་ཏུ་མཆོད་བྱེད་པ། །ཞེས་གསུངས་སོ། །དེ་ལྟར་མུ་སྟེགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན། དབང་ཕྱུག་གིས་འཇིག་རྟེན་ཐམས་ཅད་བྱས་པ་ལྟར། འཇིག་རྟེན་ཐམས་ཅད་ཐུགས་རྗེ་ཆེན་པོ་ལོངས་སྐུ་རྣམ་སྣང་གི་སྐུ་ལས་གྲུབ་པར་འདོད། སྤྱན་རས་གཟིགས་དབང་ཕྱུག་མཆོད་ན་ཐར་པ་ཐོབ་པས་ཕྱི་རོལ་པ་དང་མཐུན་ཀྱང་དུང་ཕྱུར་གྲངས་མེད་ཀྱིས་ལྷག་ཅིང་ཁྱད་པར་འཕགས་སོ། །དེ་བཞིན་དུ་དབང་ཕྱུག་གིས་ཚངས་པ་སྤྲུལ་ཚངས་པས་རང་གི་མཁུར་ཚོས་སྣད་པ་དང་། སེམས་ཅན་མི་རྣམས་དང་པོ་མ་ཞུ་བའི་ནད་གདོན་བྱུང་ན་སེལ་བའི་ཕྱིར། སྔོན་སངས་རྒྱས་ལས་ཐོས་པའི་གསོ་དཔྱད་སུམ་འབུམ་པ་ཚངས་པས་གསུངས་པ། འཇིག་རྟེན་དུ་འབྱུང་བ་དང་། ཚངས་པ་གསལ་བྱེད་སོགས་སྒྲ་དང་ཡི་གེ་བཤད་པ་བརྒྱ་བྱིན་དང་། སྨིན་དྲུག་ཕུར་བུ་སོགས་ལས་བརྒྱུད་ནས་འཇིག་རྟེན་དུ་དར་བ་


CMR024_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རིག་གནས་ཐམས་ཅད་ཀྱང་སྤྱན་རས་གཟིགས་ལས་བྱུང་བས། རིག་པ་ཐམས་ཅད་དང་མཐུན་ལ། འདི་ནི་བྱང་ཆུབ་ཐོབ་ཐབས་ཡིན་ཡང་ཁྱད་པར་འཕགས་སོ། །བཀའ་གདམས་བུ་ཆོས་རྒྱལ་བུ་བློ་གྲོས་འཕེལ་གྱི་སྐྱེས་རབས་ལས། རྒྱལ་བུས་སྨྲས་པ། སེམས་ཅན་དག་ལ་བློ་རིག་སྟེ། །མིང་ཡང་དེ་དང་མཐུན་པར་འདོགས། །ལྷ་ཡང་ཐ་དད་དུ་མ་སྐད། །རྒྱ་གར་ནང་པའི་བློ་ངོ་ན། །ང་ནི་མགོན་པོ་སྤྱན་རས་གཟིགས། །བློ་གྲོས་འཕེལ་ཞེས་འབོད་པར་བྱེད། །བོན་པོའི་གཤེན་ལྷ་འོད་དཀར་ཞེས། །ད་ལྟ་ལྕགས་འབར་བུ་རུ་འབོད། །ཕྱི་པ་དབང་ཕྱུག་ཆེན་པོ་ཞེས། །ཆོས་ཀྱང་དེ་དང་མཚུངས་པར་སྨྲ། །སྤྱད་ན་ཚད་མེད་བཞི་ལྡན་བཟང་། །ཞེས་གསུངས་པ་དང་། གྲུབ་ཆེན་མི་ཏྲའི་རྣམ་ཐར་རྒྱས་པ་ཨོ་རྒྱན་གྱིས་མཛད་པ་ལས། འཕགས་པ་སྤྱན་རས་གཟིགས་དེས་རྒྱ་གར་ཆོས་ཀྱིས་འདུལ་བར་དགོངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་སྤྲུལ་ནས་ཆོས་བསྟན། དེ་ནས་རྒྱ་ནག་རྩིས་ཀྱིས་འདུལ་བར་དགོངས་ནས་འཇམ་དཔལ་དུ་སྤྲུལ་ནས་རྩིས་བསྟན། སྟག་གཟིག་ནོར་གྱིས་འདུལ་བར་དགོངས་ནས་ཨཱརྱ་འཛམ་བྷ་ལྷར་སྤྲུལ་ནས་གཏེར་ཁ་ཕྱེས། ཞང་ཞུང་


CMR024_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གྱིས་འདུལ་བར་དགོངས་ནས་གཤེན་རབ་ཏུ་སྤྲུལ་ནས་བོན་བསྟན། ཞེས་དང་། བོན་གྱི་གཞུང་ལས་ཀྱང་། དུ་ཏྲི་འཁོར་བའི་ཕྱགས་བདར་ཡིན། །མ་ཎི་འདྲེན་པའི་ལྕགས་ཀྱུ་ཡིན། །ཞེས་བསྟོད་ཅིང་བསྔགས་པ་བརྗོད་པས། ཐུགས་རྗེ་ཆེན་པོའི་ཆོས་འདི་བོན་དང་རྩིས་རྣམས་དང་ཡང་མཐུན་ལ། དེ་བས་དུང་ཕྱུར་གྲངས་མེད་ལྷག་ཅིང་ཁྱད་པར་དུ་འཕགས་ཏེ། རྒྱལ་བུ་བློ་གྲོས་འཕེལ་ལ་ཡབ་ཀྱིས་ཞུས་པ། ངེས་པར་ཆོས་དང་བོན་དང་ཕྱི་པ་གང་བདེན། རྒྱལ་བུ་ན་རེ། ལན་གཅིག་ཧྭ་ཤང་གི་ཡུལ་འདི་ཁོ་བོ་ནག་པོ་ཧ་སུ་ཞེས་བྱ་བར་འགྱུར། བོན་དང་ཕྱི་པའི་ཆོས་ལ་དཔྱད། བོན་དང་ཕྱི་པོ་གཉིས་ཀ་ཁོ་བོས་འཆད་པ་ལ། ཁོ་བོ་གུམ་མ་ཐག་ཏུ་དམྱལ་བར་སྐྱེས་པས། དམྱལ་བའི་གནས་དེ་ན་དམྱལ་བའི་ཐུབ་པ་ཞེས་བྱ་བ་ནང་པའི་ལྷ་ཞིག་གདའ་བ་ན་རེ། ཁྱོད་ཀྱིས་བོན་དང་མུ་སྟེགས་ཀྱི་ཆོས་ལོག་སྤྱད་པས་འདིར་སྐྱེས་ཤིང་། ད་ཤེས་པར་མཛོད་ཅིག་ཟེར་ནས་ཚད་མེད་པ་བཞི་བསྟན་པས་སྔར་གྱི་ལས་ལ་འགྱོད་པ་དྲག་པོ་སྐྱེས་ཤིང་བཤགས་པས། ད་ལྟ་ཡན་ཁྱོད་མཐོ་རིས་ཐོབ་ཅིང་བདེ་བར་གྱུར་པ་ཡིན་ནོ། །ཞེས་དང་། མུ་སྟེགས་བོན་ནི་དངོས་གྲུབ་


CMR024_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར། །འཕྲལ་དགའ་ཕུགས་ནི་ངན་འགྲོ་འགྱུར། །ཞེས་གསུངས་པས་ནང་པ་བཟང་བར་ཤེས་སོ། །ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ལས་སངས་རྒྱས་སྟོང་སྤྲུལ་པར་གསུངས་པས་སྟོན་པ་ཤཱཀྱ་ཐུབ་པ་ཡང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆ་གཅིག་ཡིན་ལ། སྡེ་སྣོད་གསུམ་ནི་ཐུབ་པས་གསུངས་པའི་ཕྱིར་དང་། སྡེ་སྣོད་གསུམ་ཀ་ལ་སྤྱན་རས་གཟིགས་ཡོངས་སུ་གྲགས་ཤིང་མདོ་སྡེ་ཆེན་པོ་བདུན་ནས་སྤྱན་རས་གཟིགས་ཀྱི་བསྔགས་པ་ཕན་ཡོན་རྒྱ་ཆེན་པོ་འབྱུང་བས་མདོ་ལུགས་དང་ཡང་མཐུན་ནོ། །འོན་ཀྱང་མདོའི་ལམ་དེ་སངས་རྒྱས་པ་ལ་གྲངས་མེད་གསུམ་འགོར། འདིར་བླ་མེད་ཚེ་གཅིག་གམ་སྐྱེ་བ་བདུན་ལས་མི་འགོར་བས་ཁྱད་པར་འཕགས་སོ། །སྤྱན་རས་གཟིགས་ཀྱི་གཟུངས་བཅུ་བཞི། རྩ་རྒྱུད་པདྨ་དྲྭ་བ། བཤད་རྒྱུད་དོན་ཡོད་ཞགས་པའི་ལེའུ་སོགས་བྱ་སྤྱོད་རྒྱུད་མཐའ་ཡས་པ་ཞིག་ཡོད་པས་བྱ་སྤྱོད་དང་ཡང་མཐུན། ལམ་དེས་མི་ཚེ་དྲུག་ཅུ་འགོར། འདིར་ཚེ་གཅིག་བསྒྲུབས་པས་འཕགས་སོ། །པདྨ་ཅོད་པན་སོགས་རྣལ་འབྱོར་རྒྱུད་ནས་ཐུགས་རྗེ་ཆེན་པོ་འདི་གསུངས་ཤིང་རྣལ་འབྱོར་རྒྱུད་དང་མཐུན། དེ་མི་ཚེ་བཅུ་དྲུག་གིས་བྱང་ཆུབ་བསྒྲུབ། ལམ་འདིར་མྱུར་བས་འཕགས་


CMR024_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཕ་རྒྱུད་གསང་འདུས་ནས། ཐུགས་རྗེ་ཆེན་པོ་གསང་འདུས་འཇིག་རྟེན་དབང་ཕྱུག་སྒྲུབ་ཐབས་གསུངས་པ་དང་། མ་རྒྱུད་དགྱེས་རྡོར་གྱི་བཤད་རྒྱུད་རྡོ་རྗེ་གུར་ལས། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྒྲུབ་ཐབས་སྔགས་ཡིག་དྲུག་ཕཊསྭཱ་ཧཱ་ཅན་གསུངས་པ་དང་། བདེ་མཆོག་ནི་སྔོན་དྲག་པོ་དབང་ཕྱུག་འདུལ་ཕྱིར་རྣམ་སྣང་ཆེན་པོའི་སྤྲུལ་པར་བཤད་ལ། རྣམ་སྣང་ཆེན་པོ་ཐུགས་རྗེ་ཆེན་པོ་ལོངས་སྐུའི་ཆ་གཅིག་ཙམ་དུ་བཤད་པ་དང་། ཁྱད་པར་བདེ་མཆོག་རྒྱུད་ནས་ཐུགས་རྗེ་ཆེན་པོ་པདྨ་གར་དབང་གསུངས་པ་དང་། །མདོར་ན་ཕ་རྒྱུད་གསང་འདུས། མ་རྒྱུད་མཱ་ཡཱ། སྤྱི་རྒྱུད་དུས་འཁོར། སྙིང་པོ་དགྱེས་རྡོར།། ཡང་སྙིང་བདེ་མཆོག་དང་འབྲེལ་པའི་དཀྱིལ་འཁོར་བརྒྱ་སྟོང་ཡོད་པ་ཐམས་ཅད་གསུངས་པ་པོ། ཤཱཀྱ་ཐུབ་པ་ཉིད་རྡོ་རྗེ་འཆང་དང་ཧེ་རུ་ཀའི་རྣམ་པར་བཞེངས་ནས་གསུངས་ལ། ལྷའི་ངོ་བོ་ཐུབ་དབང་དེ་ཉིད། ལོངས་སྐུ་ཧེ་རུ་ཀའམ། རྡོ་རྗེ་འཆང་གི་ཆ་ལུགས་སུ་བཞེངས་པ་ཁོ་ན་ཡིན་པས། ཐུབ་དབང་ཉིད་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆ་གཅིག་ཙམ་དུ་བཤད་པས། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི་ངོ་མཚར་ཆེ་སྟེ། ཨོ་རྒྱན་རིན་པོ་ཆེས།


CMR024_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེ་བསྒྲུབ་བདེ་གཤེགས་ཀུན་འགྲུབ་འགྱུར། །ཞེས་གསུངས་པ་དང་། བཀའ་གདམས་གླེགས་བམ་ལས། ལྷ་བཞི་གདམས་པའི་སྐབས་སུ་སྤྱན་རས་གཟིགས་ལ་བསྟོད་པ། ཞི་བ་ཐུགས་རྗེ་མཚུངས་མེད་པ། །ཐུགས་རྗེའི་ཚོགས་རབ་དཔག་མེད་པ། །སྤྱན་རས་གཟིགས་ཀྱི་ངོ་བོ་ཉིད། །ཅེས་དང་། རྒྱལ་བ་སྲས་བཅས་མ་ལུས་པའི། །ཕོ་བྲང་ཉིད་ཀྱང་དེ་ཉིད་ཡིན། །བུ་ག་གཅིག་ན་རྒྱལ་བ་ཡི། །ཞིང་ཁམས་དཔག་མེད་མཆོག་ཏུ་རྒྱལ། །ཞེས་དང་། ལེགས་པར་དཔྱད་ན་འདི་ལྟ་སྟེ། །སྐུ་བཞིའི་སངས་རྒྱས་མ་ལུས་དང་། །ཞི་ཁྲོ་དཔའ་བོ་དཔའ་མོའི་ཚོགས། །ཀུན་གྱི་དཀྱིལ་འཁོར་གཅིག་པུ་ཉིད། །ཅེས་གསུངས་ཤིང་། ཁྱད་པར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཞུང་ཡིག་རྙིང་གི་དབང་༈ མཆོག་དང་། གཞུང་མང་པོ་ལས་རྒྱུད་སྡེ་བཞིའི་སྤྱི་བསྒྲུབ་ཅེས་གསུངས་པའི་དོན་ཡང་དེ་དག་རྣམས་ཡིན་ནོ། །ཡང་བླ་མེད་རྒྱུད་ཐམས་ཅད་ནས། བསྐྱེད་རིམ་དང་བཟླས་པ་ཐུན་མོང་གི་དངོས་གྲུབ་དང་མཆོག་བསྒྲུབ་པ་ལ་རྫོགས་རིམ་དགོས་པར་བཤད་ཀྱི། སྔགས་བཟླས་པ་ཁོ་ནས་མཆོག་ཐུན་མོང་ཐམས་ཅད་འགྲུབ་པར་མ་གསུངས་ལ། འདིར་ཡིག་དྲུག་ཁོ་ན་


CMR024_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པས་མཆོག་ཐུན་མོང་ཐམས་ཅད་འགྲུབ་པར་གསུངས་པས་ཀྱང་ངོ་མཚར་ཆེའོ། །གཞན་གསང་སྔགས་ཅི་ཙམ་ཟབ་པ་བཞིན་དུ་དམ་ཚིག་སོགས་དང་མ་ལྡན་ན། །ལྟུང་བ་ཚབ་ཆེ་བས་སྐྱོན་ཡོན་ཤིན་ཏུ་ཆེ་ལ། འདིར་པདྨ་རྒྱལ་པོའི་རྒྱུད་ལས། ལྟུང་བ་རྣམས་ཀྱིས་མི་འཇིགས་སོ། །ཆོས་ཀྱི་རྩ་བ་འདི་ཟིན་ན། །ཡན་ལག་ཐམས་ཅད་འདུས་པ་ཡིན་། །ཞེས་གསུངས་སོ། །སྔགས་གཞན་ནི་འདོད་ཡོན་ལ་བག་མེད་སྤྱོད་ན་མི་འགྲུབ་པར་གསུངས་ལ། འདིར་པདྨ་རྒྱལ་པོའི་རྒྱུད་ལས། འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་། །འདི་དང་མ་བྲལ་གཙང་མར་གནས། །ཞེས་གསུངས་སོ། །སྔགས་གཞན་ཟས་གོས་གྲིབ་ཅན་དང་། །དད་ཟས་གཤིན་ཟས་ཤ་ཆང་སོགས། །ཟོས་པས་མི་འགྲུབ་པར་གསུངས་ལ། །འདིར་པདྨ་རྒྱལ་པོའི་རྒྱུད་ལས། ཟས་དང་གོས་དང་བཏུང་བ་དང་། འདི་དག་དྲན་པས་ཉེས་པ་མེད། །ཅེས་གསུངས་སོ། །གསར་རྙིང་གི་རྒྱུད་དང་། སྒྲུབ་ཐབས་དང་ལྷ་ཚོགས་དཔག་ཏུ་མེད་པ་ནས་རང་རང་གི་གཞུང་ལུགས་ལ་མཆོག་ཏུ་བྱེད་ཀྱང་། རྙིང་མ་རྣམས་གསར་མ་ལ་མི་བརྩི་སྟེ། ཐུགས་རྗེ་ཆེན་པོ་གསུང་འདུས་ཀྱི་ཞུས་ལན་དུ། ཨོ་རྒྱན་


CMR024_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེས་ལུང་བསྟན་པ། མཁས་པ་ཅི་འདྲ་འོང་ན་རྒྱ་གར་གྱི་པཎྜི་ཏ་དང་། ད་ལྟའི་ལོ་པཎ་ཚད་མ་འདི་དག་སྨོན་ལམ་གྱིས་བོད་དུ་སྐྱེ་བ་བླངས་ནས་མཁས་པ་ཚད་མ་བསྟན་ལ་ཕབ་པ་ཡང་འགའ་ཙམ་འབྱུང་། ཡང་མངའ་བདག་ཁྲི་སྲོང་གི་གདུང་རྒྱུད་དྲུག་བདུན་ཙམ་མར་སོང་དུས། བོད་ཐམས་ཅད་ལོ་ཙཱ་བར་གྲགས་པ་སྟེ། མི་ཕྱེད་རྒྱ་གར་དུ་ཐག་ལྟར་འདྲེན། ཐམས་ཅད་རང་གི་ཆེ་བ་ནི་འདོན། ཆགས་སྡང་དང་འགྲན་སེམས་ནི་རླུང་ལྟར་འཚུབ། རྒྱ་གར་གྱི་པཎྜི་ཏ་གསེར་འདོད་རྣམས་ཀྱང་བོད་ན་གང་དར་བའི་ཆོས་ལ་བཅོས་འཆོར། དེ་ཡང་རྒྱ་གར་གྱི་སྡེ་སྣོད་གསུམ་ལ་སོགས་པ་སྔགས་མཚན་ཉིད་ཡོངས་སུ་གྲགས་པ་ཐམས་ཅད་ནི་ད་ལྟ་འགྱུར་ཟིན། རྒྱུད་མན་ངག་མ་གྲགས་པ་རྣམས་ནི། ཨོ་རྒྱན་ལ་སོགས་མཁའ་འགྲོའི་གསང་མཛོད་རྣམས་ན་ཡོད་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་མིན་པས་མི་ཐོབ། དེ་དུས་བོད་རྣམས་ཀྱིས་ཨོ་རྒྱན་གྱི་ཡུལ་དུ་མི་རྟོལ། དབུས་འགྱུར་རྡོ་རྗེ་གདན་དུ་ནི་ཡུད་རེ་ལས་ཚད་པས་མི་ཚུགས། རྒྱ་གར་ཤར་ཕྱོགས་ཁ་ཆེ་བལ་ཡུལ་རྣམས་ལ་ཆུ་ལྟར་རྒྱུག །ལོ་ཙཱར་གྲགས་པ་རྣམས་རང་ཆེ་འདོད་པས་གཅིག་སྐྱོན་གཅིག་ལ་འགེལ། སྔར་འགྱུར་ཟིན་པ་རྣམས་ལ་རྒྱུད་


CMR024_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་བཅོས་ཁུལ་རེ་བྱས་ནས་ངའི་འགྱུར་བཟང་ཟེར། ད་ལྟ་སྤྲུལ་པའི་ལོ་པཎ་རྣམས་མི་བཟང་ན། མ་འོངས་པའི་བོད་ཕྲུག་སོ་སོའི་སྐྱེ་བོ་རྣམས་མི་མཁས་གསུངས། །དེར་བོད་ཕྲུག་ལོཙྪ་བར་གྲགས་པ་རྣམས་རྒྱུད་འཕྲོས་ནས། མན་ངག་ཅུང་ཟད་རེ་ལ་བཅོས་ཆུང་དང་གབ་སྦས་དང་། འདྲ་མིན་མང་པོ་འཆོས། རྒྱ་གར་གྱི་ཁུངས་དང་བརྒྱུད་པ་ཡང་ལོགས་ནས་འདྲེན། བོད་རྣམས་གསར་ངེས་ནི་ཆེ། རྒྱུ་མཚན་མ་རིག་པས་རང་རང་གི་ལོཙྪ་བའི་ཁ་འཛིན་ཆོས་སྲིད་ཕྱོགས་དྲེད་བྱེད། ལོཙྪ་བ་ཁ་ཅིག་སྔར་མ་གྲགས་པའི་ཆོས་ནི་མ་རྙེད་། དེར་སྔགས་ལ་སྒྲ་བཅོས་བྱེད། ལྷ་དཔའ་བོ་གཅིག་པ་ལ་ཡུམ་བཅོས། ཞལ་ཕྱག་མང་པོ་ལ་ལྷན་སྐྱེས་བཅོས། ལྷན་སྐྱེས་ལ་ཞལ་མང་ཕྱག་མང་བཅོས། སྐུ་མདོག་ལ་རིགས་མང་པོ་བཅོས། དཀྱིལ་འཁོར་ལ་འདོད་བཞེད་ཀྱིས་དཀྲུག །མདོར་ན་གཞན་དང་མི་འདྲ་བ་གཅིག་གཙོ་བོར་འདོན། མཁས་པ་དེ་འདྲ་བའི་རིགས་མ་ངེས་གསུངས་ནས་བཞེད་དོ། །དེ་ལྟར་རྙིང་མ་རྣམས་གསར་མ་ལ་མི་མགུ་ནའང་རྒྱལ་བ་རྒྱ་མཚོའི་རྒྱུད་འདི་གཉིས་རྙིང་མས་ཀྱང་ཚད་ལྡན་དུ་བྱེད་དེ། རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་རིག་འཛིན་སངས་རྒྱས་གླིང་


CMR024_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏེར་མ་ལས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ཡབ་ཡུམ་གཉིས་མེད་ཀྱི་རྒྱུད། པདྨ་རྒྱལ་པོ་དང་པདྨ་ཟབ་པའི་བརྒྱུད་ནས་བཏུས་ཏེ། དགེ་སློང་པདྨ་འབྱུང་གནས་ཀྱིས་མཛད་པའོ། །ཞེས་བྱུང་བ་དང་། མངའ་བདག་ཉང་དང་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་ཨོ་རྒྱན་གྱིས་མཛད་པའི་རྒྱལ་བ་རྒྱ་མཚོའི་ལེའུ་བཅུ་གཉིས། བལ་པོ་མཉྫ་ཤི་ནས་སྲོང་བཙན་ལ་བརྒྱུད་པའི་རྒྱལ་བ་རྒྱ་མཚོ། སྲོང་བཙན་ལ་མཁའ་འགྲོས་གནང་བའི་རྒྱལ་བ་རྒྱ་མཚོ་རྣམས་འདི་ལ་འདུས་ཤིང་། འདི་དང་འདོན་བྱའི་ཚིག་ཡང་ཕལ་ཆེར་གཅིག་ལ་དོན་ལ་ལྷ་ལྔ་ཁོ་ནར་གཅིག་པ་དང་། སངས་རྒྱས་གླིང་པ་དང་རཏྣ་གླིང་པའི་གཏེར་མ་རྒྱལ་བ་རྒྱ་མཚོ་ཡང་དོན་གཅིག་ལ། འདི་ཉིད་ཞིག་པོ་གླིང་པས་དཀོན་མཆོག་འབངས་ཀྱི་ཞལ་སྔ་ནས་གསན་ཏེ་ཐུགས་དམ་དུ་མཛད་པས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཉིད་རྙིང་མ་པ་ཐམས་ཅད་ཡིད་ཆེས་ཤིང་མཐུན་སྣང་འགྲུབ་པའི་ཆོས་སོ། །ཡང་འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙན་དང་། འབྲི་ཁུང་ལོ་ཙཱ་བ་དཔལ་འཛིན་བཟང་པོ་དང་། མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་པོ་རྣམས་ཀྱིས་རྙིང་མ་དང་གཏེར་མའི་ཆོས་ལ། རྒྱ་འགྲེལ་རྣམས་སུ་


CMR024_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཙམ་མ་གྲགས་པའི་ཕྱིར་དང་། སྔགས་དང་རྒྱ་སྐད་ལ་བོད་སྐད་དང་བོད་ཡིག་འདྲེས་པ་དང་། གསར་མ་དང་མི་མཚུངས་པའི་ཆོས་སྐད་མང་པོ་གདའ་བ་དང་། ཡི་༧གེ་བཏགས་པས་སངས་རྒྱས་ཟེར་བ་དང་། རིལ་བུས་སངས་རྒྱས་ཟེར་བ་དང་། ཐུབ་པ་དྲུག་རྫོགས་པའི་སངས་རྒྱས་ཡིན་ཟེར་བ་དང་། སེམས་གློ་བའི་ནང་དུ་ཡོད་ཟེར་བ་དང་། རྩོམ་ལུགས་ལ་བླུན་ཚིག་འདྲེས་པ་དང་། མིག་བཙིར་བས་ལྷ་མཐོང་བ་དང་། དེ་སོགས་སྙད་དུ་མ་བཏགས་ནས་རྙིང་མ་དང་གཏེར་མའི་ཆོས་ཆོས་མིན་དང་། བཀའ་མིན་དུ་བསྒྲུབས་ཏེ་མཁས་གྲུབ་ཆོས་རྗེས་མདོར་ན་བོན་དང་རྙིང་མས་མ་བསླད་པའི་ཆོས་གཅིག་དགོས་གསུངས་པ་དང་། དཔལ་འཛིན་བཟང་པོས་བོད་དུ་ཡང་ཆོས་ཡིན་པར་ཡིད་ཆེས་པ་ལ་སངས་རྒྱས་ཀྱི་གསུང་ངོ་ཤེས་པ་དང་། ཤཾ་བྷ་ལ་ཨོ་རྒྱན་རྒྱ་གར་ལ་སོགས་པའི་མཁས་གྲུབ་སངས་རྒྱས་ཀྱིས་ལུང་བསྟན་ཐོས་པས་མཛད་ངོ་ཤེས་པ་དང་། ལོ་པཎ་གྱིས་བསྒྱུར་ངོ་ཤེས་པ་དང་། ཚིག་དོན་ལ་མཁས་པ་དཔྱད་བཟོད་པ་ཞིག་དགོས་གསུངས། འགོས་དང་ས་པཎ་བུ་སྟོན་སོགས་མཁས་གྲུབ་ཀྱིས་བཞེད་པ་ཡང་དེ་ལྟ་བུ་ཞིག་ཡིན་པར་སྣང་ལ། ཁོང་རྣམས་ཀྱིས་བཞེད་པ་


CMR024_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་ལ་ཚང་སྟེ། སྤྱིར་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འདི་ཆོས་ཡིན་པས་བོད་ཐམས་ཅད་ཡིད་ཆེས། བོད་དུ་མཁས་ཤིང་མཁས་པར་གྲགས་པ། སྔོན་གྱི་སྐ་ཅོག་ཞང་གསུམ། བར་དུ་ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ་ཁུ་དབོན། ཕྱིས་ས་པཎ་བུ་སྟོན། གསང་ཕུ་སེང་ཆེན་བརྒྱད། ཙོང་ཁ་པ་དཔོན་སློབ་གསུམ། འཇམ་དབྱངས་ཆེན་པོ་དང་མི་བསྐྱོད་རྡོ་རྗེ།། པདྨ་དཀར་པོ་དང་ཕྱོགས་ལས་རྣམ་རྒྱལ། གཡག་རོང་རྣམ་གཉིས་སོགས་མཁས་པ་ཐམས་ཅད་ཀྱིས་ཀྱང་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཆོས་ཟབ་མོ་ཡིན་པར་ཞལ་འཆམ། བླུན་པོ་སྡིག་ཆེན་མཚམས་མེད་མཁན་རྣམས་ཀྱིས་ཀྱང་ཡིད་ཆེས་བྱེད་དེ། མ་ཎི་བགྲངས་དོ་བས་བོད་ཐམས་ཅད་ཡིད་ཆེས་པའི་ཆོས་དགོས་ན་འདི་ཡིན། ཨོ་རྒྱན་དང་རྒྱ་གར་གྱི་མཁས་གྲུབ་ལུང་བསྟན་ཐོབ་པས་མཛད་ངོ་ཤེས་པ་ཡང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། ཨོ་རྒྱན་རིན་པོ་ཆེ་དང་༔ བྷ་ག་ལའི་ཕག་མོ་དང་། གྲུབ་ཆེན་ཛ་ལེན་དྷ་ར་པ་རྣམས་ཀྱིས་རྒྱ་གཞུང་ཚད་ལྡན་དུ་མ་ད་ལྟ་དངོས་སུ་ཡོད་པ་འདི་ཡིན། སངས་རྒྱས་ཀྱིས་གསུང་ངོ་ཤེས་པ་ཡང་འདི་ཡིན་


CMR024_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྔ་འགྱུར་མདོ་རྒྱུད་ཉི་ཤུ་རྩ་གཅིག །ཕྱི་འགྱུར་པདྨ་དྲྭ་བ་སོགས་མཐའ་ཡས་པ་ད་ལྟ་དངོས་སུ་ཡོད་པ་འདི་ག་ཡིན། ལོ་པཎ་གྱིས་བསྒྱུར་ངོ་ཤེས་པ་ཡང་འདི་ཡིན་ཏེ། སྔོན་བེ་རོ་ཙཱ་ན་རྒྱལ་བ་མཆོག་དབྱངས་སོགས་དང་། སྲོང་བཙན་དུས་ཐོན་མི་སམ་བྷོ་ཊ། ཕྱིས་ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས་བསྒྱུར་བ་འདི་ཡིན། ཚིག་དོན་ལ་མཁས་པས་དཔྱད་བཟོད་པ་ཡང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོས་འདི་ཡིན། རྗེ་རང་བྱུང་རྡོ་རྗེ་མི་བསྐྱོད་ཞབས་འཇམ་དབྱངས་ཆེན་པོ་སོགས་ཀྱིས་དཔྱད་དཔྱད་ཡིག་ཆ་དུ་མ་དང་བསྟོད་བསྔགས་མང་དུ་མཛད། ཁྱད་པར་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་སྐུ་གསུམ་ངོ་སྤྲོད་རྩ་བ་འདི་གཅིག་ལས་མེད་པ་ལ་པོ་ཏི་བཞི་མཛད་དོ། །ས་སྐྱ་པཎྜི་ཏས། བདག་ནི་སངས་རྒྱས་བསྟན་པ་ལ། །མི་ཕྱེད་པ་ཡི་དད་པ་ཡོད། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །འཁྲུལ་པར་སྤྱོད་ལ་བདག་མ་དད། །ཅེས་དང་། མདོ་མིན་མདོ་འདྲ་མང་པོ་དང་། །རྒྱུད་མིན་རྒྱུད་འདྲ་མང་པོ་དང་། །ཚུལ་མིན་བསྟན་བཅོས་མང་པོ་དང་། །ཞེས་སོགས། གཞན་ཡང་གསང་སྔགས་གསར་རྙིང་ལའང་། བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང་། །དེ་འདྲའི་


CMR024_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཟོའི་མདོ་རྒྱུད་ལ། །མཁས་པས་ཡིད་བརྟན་མི་བྱའོ། །ཞེས་སོགས་སྡོམ་གསུམ་རབ་དབྱེ་དང་། ཐུབ་པ་དགོངས་གསལ་དང་། ཕྱོགས་བཅུའི་སྤྲིང་ཡིག་རྣམས་ནས། དངོས་སམ་ཤུགས་ཀྱིས་བོད་དུ་དར་བའི་གསར་རྙིང་གི་མདོ་རྒྱུད་དུ་མ་བཀག་པར་མཛད་ཀྱང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ནི་དངོས་ཤུགས་གང་ནས་བཀག་པ་མི་སྣང་ལ། ལྷག་པར་པདྨ་ཟབ་པའི་རྒྱུད་དང་པདྨ་རྒྱལ་པོའི་རྒྱུད་གཉིས། པདྨ་དྲྭ་བ་སོགས་རྒྱུད་དང་། དོན་ཡོད་ཞགས་པ་པདྨ་དཀར་པོ་ཟ་མ་ཏོག་སོགས་འདི་དག་མདོ་རྒྱུད་ཡོངས་སུ་གྲགས་ཤིང་སུས་ཀྱང་སྙད་མ་བཏགས་པར་ཐམས་ཅད་ཀྱི་སྤྱི་བོར་ཁུར་བ་ཡིན་ལ། ཁྱད་པར་སྔགས་གསར་མ་ཞེས་པའི་དང་པོ་བྱུང་ཁུངས་དེ་འདི་ལོ་ཆེན་རིན་ཆེན་བཟང་པོ་སྟེ། མཁས་པའི་ཡོན་ཏན་ལ་ཇོ་བོ་རྗེས་ཀྱང་བོད་ཀྱི་པཎྜི་ཏ་ཕ་ལ་ཕ་ལ། ཁྱེད་ལྟ་བུ་བཞུགས་པས་ན་ང་ཡང་བོད་དུ་འོང་དགོས་པ་མི་འདུག་པར་གསུངས། གྲུབ་པའི་ཡོན་ཏན་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན། ནུས་པའི་ཡོན་ཏན་གྱིས་ཀླུ་དཀར་རྒྱལ་བཏུལ། ཁོང་གསར་མ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཡིན་པ་ལས། ཁོང་གིས་རྒྱ་གར་ཁ་ཆེ་སོགས་ནས་པཎྜི་ཏ་མང་པོ་སྔ་ཕྱི་དུ་མར་སྤྱན་དྲངས་


CMR024_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལྷ་བཙན་པོ་ཞི་བ་འོད་ཁུ་དབོན་གྱིས་ཡོན་བདག་མཛད་ནས། སྔགས་མཚན་ཉིད་མང་དུ་བསྒྱུར་ཞིང་ཁྱད་པར་པདྨ་ཟབ་པའི་རྒྱུད་འདི་ཉིད་རྒྱ་གར་གྱི་མཁན་པོ་ཆོས་ཀྱི་སྙིང་པོ་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་མངའ་རིས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསུངས་སོ། །པདྨ་ཟབ་པའི་རྒྱུད་འདི་ཡང་རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་རཀྟི་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་མངའ་རིས་སུ་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཞེས་གསུངས་སོ། །དེས་ན་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའི་ཆོས་ལ་ཐེ་ཚོམ་བྱེད་མཁན་ནི་མི་སྲིད་དོ། །དེ་ནས་ལྷ་ལྔའི་རྒྱ་གཞུང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་དེ། རྡོ་རྗེ་སྙིང་པོ་ནི། རིག་འཛིན་རྡོ་རྗེ་ཆོས་ཞེས་བྱ་བ་རྙིང་མའི་ལུགས་ཨོ་རྒྱན་རིན་པོ་ཆེའི་བླ་མ་ཡིན། གསར་མ་ལྟར་བརྟག་གཉིས་སོགས་རྒྱུད་མང་པོའི་ཞུ་བ་པོ་ཡིན་པས་དེ་ལས་ཁུངས་བཙུན་པ་ཅི་ཞིག་ཡོད། རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་གཞུང་འཇིགས་བྱེད་ཆེན་པོ་སྒོམ་བརྒྱུད་ཀྱི་སྐོར་སོགས་ནི་གྲུབ་པའི་རྒྱལ་མོས་མཛད་དེ། གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་སོགས་ད་ལྟ་བོད་ཡུལ་དུ་གྲུབ་མཐའ་ཕྱོགས་རིས་མེད་པར་ཉམས་སུ་བླང་བྱ་ཡིན་པས་


CMR024_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་བཙུན་ཞིང་། ཏི་ཕུ་པས་རས་ཆུང་བ་ལ་གནང་སྟེ། རས་ཆུང་བས་རྒྱ་གར་ཕལ་སྐད་ནི། ཕྱག་བཞི་པའི་སྤྲུལ་པ་ཨ་ཙ་ར་གཅིག་གིས་བསླབས་པས་ཤེས་ཤིང་དབང་ལུང་ལ་ལོ་ཙཱ་མི་དགོས་ལ། ལེགས་སྦྱར་སྐད་དང་སྒྲ་ཡིག་མཁས་པ་མི་མཁྱེན་པས། ཆོས་ལོ་ཙཱ་བ་འགོས་ལོ་དང་རྨ་ལོ་གཉིས་ལ་གསེར་བྱིན་ནས་བསྒྱུར་བཅུག་ཀྱང་ཕྲག་དོག་གིས་ཐད་ལ་མ་བསྒྱུར་བ་ཏི་ཕུས་མཁྱེན་ནས་ལམ་དུ་མཁའ་འགྲོ་མ་གཅིག་གིས་མ་དག་པ་སེལ་བར་ལུང་བསྟན་པ་ལྟར། བལ་པོ་བྷ་རོ་མས་ཞུ་དག་མཛད་ནས་གནང་། སླར་ཡང་རྗེ་མི་ལས་མུ་སྟེགས་ཀྱི་ངན་སྔགས་སོགས་ཆོས་མིན་ཐམས་ཅད་ཚིག་ཅིག །ཆོས་རྣམ་དག་ཐམས་ཅད་མཁའ་འགྲོ་མས་བྲག་གསེབ་ཏུ་གདན་དྲོངས་ཤིག་གསུངས་ནས། དཔེ་བུམ་མེའི་ནང་དུ་བྱོལ་པས། རྒྱལ་བ་རྒྱ་མཚོའི་ཚེ་སྒྲུབ་ལུས་མེད་མཁའ་འགྲོའི་ཆོས་སོགས་མཁའ་འགྲོས་གདན་དྲངས། ངན་སྔགས་དང་ཆོས་མིན་ཐམས་ཅད་ཚིག་ནས། ཆོས་ཡིན་ངེས་ཐམས་ཅད་རས་ཆུང་བའི་པང་དུ་བབས་སོ། །དེ་ལྟར་དང་པོ་ལོ་ཙཱ་བ་གཅིག་གིས་མ་བསྒྱུར་བ་གཅིག་གིས་དག་སྟེར། མཁའ་འགྲོ་མའི་ཞུ་དག །མི་ལའི་བདེན་སྟོབས་ཀྱིས་ཞུ་དག་དང་གསུམ་སོང་བས་རྒྱལ་བ་རྒྱ་


CMR024_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཆོས་འདི་ལ་ལོ་ཙཱ་བའི་ཚིག་ལྷད་སོགས་མ་དག་པའི་ཆ་མེད་ངེས་པའོ། །ཡང་བྷ་ག་ལའི་ཕག་མོས་ཏ་ལའི་ལོ་མ་ལ་མཁའ་འགྲོའི་བརྡ་ཡིག་སུ་བཀོད་ནས་རས་ཆུང་བ་ལ་གནང་བ་དེ་ཕྱིས་གཉན་ཆུང་ལོ་ཙཱ་བས་བསྒྱུར་རོ། །གཉན་ཆུང་ལོ་ཙཱ་བ་ཡང་སྒྲ་དང་ཐ་སྙད་ལ་མཁས་པ་ཞིག་གོ །ཡང་བལ་པོ་མཉྫ་ཤིས་རྒྱལ་བ་རྒྱ་མཚོ་སྦ་ལྕག་མའི་སྐོར་རྒྱལ་པོ་སྲོང་བཙན་ལ་གནང་བ་ཐོན་མི་སམ་བྷོ་ཊས་བསྒྱུར་ཏེ། ཐོན་མི་ལོ་ཙཱ་བ་ཐམས་ཅད་ཀྱི་སྤྱི་མེས་ཆེན་པོ་ཡིན་ནོ། །ཨོ་རྒྱན་གྱིས་མཛད་པའི་སྐོར་ལ་ནི་སྒྲ་རང་བསྒྱུར་དུ་གསུངས། ལ་|ལ་བེ་རོ་དང་རྒྱལ་བ་མཆོག་དབྱངས་ཇོ་མོ་མཁར་ཆེན་སོགས་ཀྱིས་བསྒྱུར་རོ། །ཁྱད་པར་དུ་ཡང་ལྷ་དགུ་ནི་ཁུངས་བཙུན་ཏེ། པཎྜི་ཏ་རྡོ་རྗེ་གདན་པ་དང་བལ་པོ་པཎྜི་ཏ་ཐུགས་རྗེ་ཆེན་པོ་གཉིས་གསུང་མཐུན་པར། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། །རྒྱུད་སྡེ་བཞིའི་དགོངས་པར་མཁས། །ཛ་ལེན་དྷ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་བསྔགས་མཛད་པ་ཡོངས་སུ་གྲགས་པའི་གྲུབ་ཆེན་དེས་མཛད་པས་མཛད་མཁན་བཟང་། མངའ་བདག་མེ་ཏྲིའི་སློབ་མ་རང་དང་མཉམ་པ་བཞིའི་ཡ་གྱལ། རྒྱ་བལ་ཐམས་ཅད་དུ་གྲགས་


CMR024_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་པཎྜི་ཏ་བཛྲ་པཱ་ཎི་དང་། བོད་ཀྱི་ལོ་ཙཱ་བ་འབྲོག་ཤེས་རབ་གྲགས་པ་ཞེས་དཔལ་དུས་ཀྱི་འཁོར་ལོ་བོད་དུ་བསྒྱུར་ནས། སྦྱོར་དྲུག་སོགས་དར་བར་མཛད་མཁན། ད་ལྟ་བོད་ཀྱི་དུས་འཁོར་བ་ཐམས་ཅད་ཀྱི་ཆོས་ཕུག་ཏུ་གྱུར་པའི་ལོ་ཙཱ་བ་དེས་བསྒྱུར་བས། བསྒྱུར་མཁན་གྱི་ལོ་པཎ་ཤིན་ཏུ་ཁམས་ཆེ་བ་ཡིན་པས་ཐེ་ཚོམ་མེད་དོ། །དཔེ་ཡང་མངའ་བདག་མེ་ཏྲི་པའི་རྒྱ་དཔེ་ལས་བསྒྱུར་བས་ཁུངས་བཙུན། འདིའི་དབང་ལུང་གི་རྒྱུན་ཡང་ཏི་ཕུ་པས་ལུང་བསྟན། མི་ལས་བཀའ་གནང་ནས་རས་ཆུང་བས་བལ་པོ་པཎྜི་ཏ་ཨ་སུ་ཞེས་རྒྱ་གར་དུ་ཕྱག་ཆེན་ལ་མཁས་པར་གྲགས་པ་དེ་ལ། བརྒྱ་འབུལ་དང་འབུལ་ཆེན་ལན་གསུམ་བྱས་ནས་བོད་ལྷ་ས་སོགས་སུ་ཞུས་པས་ཡིད་ཆེས་སོ། །རྒྱུད་གཉིས་ཀྱི་ལུང་རྒྱུན་ལྷ་དགུའི་དབང་རྒྱུན་ལུང་དང་བཅས་པ་འདི་ནས་བྱུང་ངོ་། །དེས་ན་མདོ་རྒྱུད་ཚད་ལྡན་ནས་གསུངས་ངེས་པའི་ཆོས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཡིན། གྲུབ་ཆེན་གྱིས་མཛད་ངེས་པ་འདི་ཡིན། ལོ་ཙཱ་བ་ཚད་ལྡན་གྱིས་བསྒྱུར་ངེས་པའི་ཆོས་ཀྱང་འདི་ཡིན་ནོ། །སུས་ཀྱང་བཅོས་མ་བརྒྱབ་ཆོས་ལོགས་སུ་མ་བསྒྲུབས་པ་ཡང་འདི་ཡིན་ནོ། །གཞན་ཆོས་གང་ཟབ་ཐམས་ཅད་ལ་བཀག་པ་མ་བྱས་པ་


CMR024_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདུག་སྟེ། ཁ་ཅིག་ནི་བླ་མ་གོང་མའི་གསུང་སྒྲོས་སྙན་སྙན་རྣམས་བསྡུས་ནས་ཞེས་ལམ་འབྲས་བཀག །དེ་བས་ཀྱང་ཁ་ཅིག་གིས་ཨ་ཙ་ར་དམར་པོའི་ཆོས་ལོག་ཅེས་སྐུར་པ་ཆེན་པོ་འདེབས་པ་ཐོས་ཏེ། ཨ་ཙ་ར་དམར་པོ་དང་། ཐ་དྷ་ཀཱ་ར་ཝརྨ་དང་། ག་ཡ་དྷ་ར་གསུམ་སྐུ་གཅིག་མཚན་གྱི་རྣམ་གྲངས་ཏེ། བོད་དུ་ལན་གསུམ་ཕེབས་པ་ལ་མཚན་གསུམ་དུ་གྲགས་པ་ཡིན་པར་ཡོ་གའི་བཤད་པ་རྣམས་ནས་བྱུང་ཞིང་། བཀའ་གདམས་བུ་ཆོས་ནས་རྒྱལ་བུ་སེང་གེ་སྒྲའི་སྐྱེས་རབས་ལས། སྔོན་གྲོང་ཁྱེར་རྩྭ་མཆོག་ཏུ་རྔོག་ཆོས་རྒྱལ་དཔའ་བོ་དང་། འབྲོམ་རྒྱལ་བུ་སེང་གེ་སྒྲར་སྐྱེས་དུས། ལན་གཅིག་བོད་ཀྱི་ཡུལ་དུ་ལོག་པའི་དབང་སྡུད་མཁན་ཨ་ཙ་ར་དམར་པོ་ཞེས་བྱ་བ་འདི་རི་དྭགས་ཁོ་ན་གསོད་པའི་སྡིག་རྒྱལ་སྤྱོད་མེད་བྱ་བར་སྐྱེས་ཏེ། དེར་འབྲོམ་རྒྱལ་བུ་སེང་གེ་སྒྲར་གྱུར་པས་སྟོབས་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས་སྡིག་རྒྱལ་དེ་ཕམ་པར་བྱས་ཀྱང་སྲོག་དང་མ་བྲལ་བ་ལ། ཡབ་ཀྱིས་དེ་མ་བསྒྲལ་བ་མ་ལེགས། ཕྱི་རབས་མཐའ་འཁོབ་བླུན་པོའི་ཡུལ་དུ་ཆོས་ལ་སྙད་བཏགས་ནས་སེམས་ཅན་ཉོན་མོངས་ཅན་ལ་འདོད་ཡོན་གྱིས་ཆོས་བསྟན་ནས། ཚུལ་ཁྲིམས་ཀྱི་མེ་ཏོག་ལ་


CMR024_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སད་བརྡེག །ཐོས་བསམ་གྱིས་ལོ་ཏོག་སེར་བས་བརྡེག །ཅེས་སོགས་ལུང་བསྟན་ལོ་རྒྱུས་རྒྱས་པར་གསུངས་ཏེ། ཇོ་འབྲོམ་རྔོག་གསུམ་དང་དུས་མཚུངས་ཏེ། ཨ་ཙ་ར་དམར་པོས་ཆགས་ལམ་བསྟེན་པས་སེར་ཁྱིམ་པ་དར་ནས་བཀའ་གདམས་བསྟན་པ་ལ་གནོད་པ་བྱུང་སྐད་ཅིང་། ཕྱག་ཆེན་ཐིག་ལེ་ར་ལི་ཉེར་བཞི་ཡེ་ཤེས་ཐིག་ལེ་སོགས་ག་ཡ་དྷ་རའམ། ཨ་ཙ་ར་དམར་པོའི་བརྩམ་ཆོས་རྒྱུད་དང་བརྫུས་མར་འགའ་ཞིག་གིས་བྱེད། ས་ལུགས་པས་རྣམ་དག་ཏུ་བྱེད་ནས་བརྟག་གཉིས་བཤད་སྲོལ། དེ་དག་ནས་ལུང་འདྲེན་པ་དང་། བཀའ་བརྒྱུད་པའི་ཕྱག་ཆེན་ཕག་མོ་བདེ་མཆོག་དགོངས་གཅིག་སོགས་ས་པཎྜི་ཏས་བཀག་ནས། ཕྱག་ཆེན་འདི་སེམས་ཙམ་ལུགས་ཡིན་ཕྱག་ཆེན་མིན་པར་གསུངས། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །ས་ལམ་བརྩི་བ་རྨོངས་པ་འཁྲུལ། །ཞེས་སོགས་ཚིག་རྣམས་སྨྲ་བ་ནི། །བདུད་ཚིག་ཡིན་པས་རྣ་བ་བཀབ། །ཅེས་དང་། ས་སྐྱ་པཎ་ཆེན་ལ་ནམ་མཁའ་འབུམ་གྱིས་ཞུས་པར། ཚིག་འདི་གཞན་ལ་མི་འཕེལ་བར་གྱིས། གླན་གཏམ་དུ་སོང་ན་འབྲི་སྟག་དང་ཕྱག་ཆེན་པའི་ཆོས་ལུགས་འདི། རྒྱུད་སྡེ་བཞི། སྡེ་སྣོད་གསུམ་གང་དང་ཡང་མི་མཐུན་པར་


CMR024_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་ཡང་དག་པའི་ལམ་མ་ལགས་སམ། སྙམ་གསུངས་སྐད་པ་དང་། རྗེ་མི་ལས། བོད་ངན་པའི་སྙིང་ལ་འདྲེ་ཞུགས་ནས། ཇོ་བོ་རྗེ་ཨ་ཏི་ཤ་ལ་གསང་སྔགས་འཆད་མ་བཅུག་པས། མི་མང་པོ་ཕུང་། ཞེས་སོགས་དང་། ཁྱེད་བཀའ་གདམས་པས། ཉེས་པ་མེད་པ་ཞིག་ལ་ཡོད་སྨྲ། ཡོད་པ་ལ་མི་འཛེམ་ཞེས་དང་། དམ་པ་དང་ས་པཎ་ཡང་བཀའ་གདམས་ལ་བསྐྱོན་པ་ཆེན་པོ་མཛད། །དམ་པ་ཞི་བྱེད་གཅོད་ཡུལ་རྣམས་ཚག་ལོས་བཀག་སྟེ། ཆུ་ཀླུང་རོལ་པའི་རྒྱུད་ཀྱིས་སྐད་དོད་མི་ཤེས་པ་དང་། ལྷ་མེད་པའི་ངག་རྒྱུད་དང་ཡོད་ཚུལ་གསུངས་པ་དང་། ཞི་བྱེད་ཐམས་ཅད་ཇོ་སྲས་རྟེན་བེ་དང་ཞིག་པོ་ཉི་སེང་གིས་བྱས་པའི་ཆོས་ལོག་ཡིན་ཞེས་གསུངས་ཤིང་། ཁ་ཅིག་རྙིང་མ་གཏེར་མ་ཞི་བྱེད་དང་། །ཞེས་སྒྲོན་གསལ་ཆགས་འགྱུར་གསུམ་དུ་བཀག །ཁ་ཅིག་གིས་མ་ཇོ་སྨྱོན་མའི་སྦྱོར་ཆོས་ཡིན། ཞེས་དང་། གཅོད་དང་ཞི་བྱེད་ཐམས་ཅད་ནི། །རྒྱུད་སྡེ་རྣམས་ལས་བཤད་རེ་ཀན། །ཞེས་བཀག །ཁ་ཅིག་གིས། རྩ་བའི་རྒྱུད་ལ་ཨེ་ཝཾ་འདི་གཉིས་མེད། །བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང་། །གང་ནས་བླངས་བའི་ཁུངས་ཀྱང་མི་སྣང་


CMR024_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བ། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་གཏོད། །ཅེས་དང་། ཁྱོད་ཀྱིས་འདི་ལ་ལན་བྱེད་ཚད་མ་མེད། །ཆེན་པོ་རྣམས་ལ་ཚད་མར་མ་གྲགས་ཕྱིར། །དུས་ཞབས་ལ་སོགས་ཚད་མའི་སྐྱེས་བུ་མིན། །ཞེས་དང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རིམ་ཡང་། །གསང་བ་འདུས་པའི་རྒྱུད་དང་འགལ་བར་སྣང་། །དེ་དོན་ཉམས་སུ་བླངས་པས་སུ་ཞིག་གྲོལ། །ཞེས་གསུངས་ནས། དུས་འཁོར་རྒྱུད་འགྲེལ་སྦྱོར་དྲུག་དང་བཅས་པ་བཀག་པ་དང་། ཡང་ཁ་ཅིག་གིས། ཞི་ཕྱག་རྫོགས་གསུམ་རྫུན་དང་བཞི་བསྲེས་ཀྱིས། །ལ་སྟོད་དམར་པོའི་ཐུགས་ཀྱི་སྙིང་ཁུ་བྱས། །ཞེས་གསུངས་ནས། ཐུགས་རྗེ་ཆེན་པོ་དམར་པོའི་ལུགས་བཀག །མར་པའི་བདེ་མཆོག་སྙན་བརྒྱུད་ཀྱང་བཀག་སྟེ། ས་པཎྜི་ཏས་ཕག་མོ་བརྡའི་དབང་བཞི་བཀག་སྟེ། འགའ་ཞིག་འདི་ལ་ཕག་མགོ་ལ། །སོགས་པའི་དབང་བཞི་ཡོད་ཅེས་ཟེར། །དེ་འདྲའི་དབང་བསྐུར་རྙིང་མ་ཡིན། །རྒྱུད་སྡེ་ཀུན་ལས་འདི་མ་གསུངས། །ཞེས་སོགས་དང་། བཀའ་གདམས་གླེགས་བམ་ནས་རྔོག་ལོ་ཆེན་པོ་ལེགས་པའི་ཤེས་རབ་ཀྱི་ཞལ་ནས། ཆོས་ལུགས་འདི་ཀུན་གཞན་ལ་མེད་པའི་ཆོས་ཟབ་མོ་ཡིན་ཟེར་ནས་རང་ལ་དྲི་མེད་


CMR024_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྒྱ་ཆ་ཐམས་ཅད་བསགས་ནས་ཚོགས་འཁོར་ཆེན་པོ་བཏང་སྟེ། དངོས་གཞི་ལ་ཅི་ཡོད་སྙམ་ཙ་ན། རས་དམར་ཙམ་གྱིས་མིག་དཀྲིས། ལག་པའི་མེ་ལོང་གཟུགས་བརྙན་ཙམ་རེ་བཏོན། ཁྱོད་མ་རིག་པའི་བསྒྲིབས་པས་འོད་གསལ་མ་མཐོང་ཞེས་བྱ་བ་ལ་སོགས་པ་བྱིས་སྦའི་རྩེད་མོ་འདྲ་བའི་བརྡ་ཆོས་ཟབ་མོ་རྣམས་ལས་རྒལ་བ་ཙམ་དུ་རྩི་ཞིང་གདའ། ཡང་ངས་བལྟས་ཙ་ན་ཡང་འགལ་གྱིན་གདའ། ལེགས་པ་ཐེག་ཆེན་པའི་ཡང་རྩེ་བར་ཁས་ལེན་ཆོས་བརྡ་ཆོས་ལ་བརྟེན་དུ་མི་བཏུབ། ཐེག་པ་དེ་ནས་མར་ལ་སོང་ནས་མིག་རས་དཀྲིས་པ་འདྲ་བའི་སྒྲིབ་པ་ཞིག་འོང་བའི་ཁྲིམས་ཡོད། ལར་ཆོས་མགོ་འདོན་མཁས་མི་མཁས་ཀྱིས་ཁྱད་པར་དུ་གདའ། ཞེས་སོགས་དང་། འུ་ཅག་ལས་དང་པོ་དམའ་ཤོས་ནའང་ངེས་ངེས་ཏིག་ཏིག་རྗེན་ཆེ་རེ་བ་རེ་ཉམས་སུ་ལེན་ན། ཁོང་ཐེག་ཆེན་པའི་ཡང་རྩེ་དེ་ནས་མར་ལྐུགས་པའི་ལག་བརྡ་བྱེད་པ་དང་འདྲ་བ་ཞིག་འོང་། ཞེས་སོགས་གསུངས་ནས། སྙན་བརྒྱུད་སྐོར་གསུམ་སོགས་ཤུགས་ཀྱིས་བཀག་པ་དང་། ཉ་ཀུན་དགས། དྭགས་པོའི་ཕྱག་ཆེན་སེམས་ཁྲིད་དང་། མཚལ་པའི་ཐབས་ལམ་གཏུམ་མོ་རྣམས་དང་། གཞན་ཡང་


CMR024_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཕལ་མོ་ཆེ་ཐམས་ཅད་བཀག །མར་པ་ལོ་ཙཱས་ཀྱང་རྫོགས་ཆེན་ལ་བསྐྱོན་ཞིང་འདི་ས་བརྒྱད་པ་ཡན་གྱི་ཉམས་ལེན་ཡིན། ད་ལྟ་མི་ཀུན་རྫོགས་ཆེན་ཡིན་སྨྲ་བ། བྱིས་པ་ལོ་གསུམ་ལོན་པ་གཅིག་གིས་ལོ་ཉི་ཤུ་པའི་དཔའ་རྩལ་ཡོད་སྨྲ་བ་དང་འདྲ་གསུངས་པ་དང་། རྗེ་མི་བསྐྱོད་རྡོ་རྗེས་དགོངས་གཅིག་གི་རྣམ་བཤད་དུ། དེང་སང་གསང་སྔགས་རྙིང་མར་གྲགས་པ་ཡིས། །བཅོམ་ལྡན་ཤཱཀ་ཐུབ་སྟོན་པར་མི་བྱེད་ཅིང་། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་མི་བརྟེན་པར། །བསླབ་པ་གསུམ་གྱི་རིམ་པ་གང་ཡང་མེད། །འཕགས་པའི་བདེན་པ་བཞི་ཡི་རྣམ་བཞག་ཉམས། །ཞི་གནས་ལྷག་མཐོང་རིམ་པ་ཅི་ཡང་མེད། །རང་བཟོས་ལྷ་འགའི་མངོན་རྟོགས་ཕྲེང་རེ་དང་། །ཅང་མེད་སྟོང་བསྒོམ་མུན་མཚམས་བཅད་པ་ནས། །མིག་གི་འཁྲུལ་སྣང་ཤར་ཚེ་འོད་གསལ་གྱི། །ངོ་བོ་ཡིན་ཞེས་དེ་ཡི་ངང་ཉིད་དུ། །གྲོལ་ནས་སྐུ་དང་ཡེ་ཤེས་འབྱུང་བའི་ཕྱིར། །བར་དོའི་གནས་སུ་ཞི་ཁྲོར་འཚང་རྒྱ་ཞེས། །སྨྲ་བ་འདི་ཀུན་ལ་ཡང་དོགས་པ་སྐྱེས། །ཐར་པ་འདོད་པ་རྣམས་ཀྱིས་ཟོན་ཅིག་འཚལ། །མགོ་གཡོག་མགོ་སྐོར་གར་ཡོད་མི་ཤེས་པས། །ཇི་བཞིན་སྤྱོད་པའི་ཤེས་རབ་མེད་པ་ཀུན། །


CMR024_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་གནས་སུ་འཇུག་ཉེན་ཆེ་བར་སྣང་། །ཞེས་གསུངས་པ་དང་། མཁས་གྲུབ་རྗེས། བོད་ཀྱི་རྨོངས་ཚིག་མང་པོ་ཞིག་གིས་བར་བར་དུ་རྦད་དང་རྡུད་ལ་སོགས་པ་རེ་རེ་ཙམ་དུ་བཅུག་པ་སྲོག་ཧབ་ཤ་རྦད་དང་། སྙིང་སྲོག་ཤག་བཀུག་གཞུག་ལ་སོགས་པ་མང་པོ་ཞིག་བྲིས་ཤིང་། བོད་ཀྱིས་གུ་རུ་པ་ཁོ་ནའི་སྔགས་སུ་ཀུན་ལ་རླུང་ལྟར་གྲགས་པའི་ཨ་རྩིག་ནེར་རྩིག་ལ་སོགས་པ་སོར་བཞག་བྲིས་ནས་རྒྱ་གཞུང་རྣམ་དག་ནས་བཤད་པའི་སྔགས་སུ་སྨྲ་བར་འདུག་པས། དེ་འདྲ་བ་ལ་རྣམ་དཔྱོད་དང་ལྡན་པ་སུ་ཞིག་ཡིད་བརྟན་བྱེད། ཅེས་སོགས་གསུངས་པས། རྙིང་མ་གཏེར་མ་རྣམས་དངོས་ཤུགས་ཀྱིས་བཀག་ཅིང་། ཤང་པའི་ཐུགས་རྗེ་ཆེན་པོ་རྒྱན་ཅན་བཅུ་གཅིག་ཞལ་གྱི་སྒྲུབ་བསྐོར་མཐའ་ཡས་པ་ཐམས་ཅད་མཁས་གྲུབ་རྗེས་བཀག་པར་མཛད། ཐམས་ཅད་མཁྱེན་པ་མི་བསྐྱོད་རྡོ་རྗེས། ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པས། །ཐེག་ཆེན་དགོངས་དོན་ཟབ་མོའི་དབུ་མའི་སྲོལ། །ཟླ་གྲགས་བཞེད་པའི་ཐལ་འགྱུར་ལུགས་བཟང་པོ། །བཀག་ནས་ཐལ་འགྱུར་ལུགས་མཆོག་གསར་དུ་བརྩམས། །རྒྱུད་སྡེ་མཐར་ཐུག་གསང་བ་འདུས་པ་ལས། །འཕགས་པ་ཡབ་སྲས་བཞེད་པའི་རིམ་


CMR024_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཚུལ། །བཀག་ནས་འདུས་པ་འཕགས་ལུགས་སྔོན་མེད་པས། །གངས་རིའི་ཁྲོད་འདིར་ཉིན་ལྟར་སྣང་བར་བྱས། །ཁྱད་པར་དཔལ་ལྡན་འདུས་པ་རིམ་ལྔ་ཡི། །མར་འགོས་མན་ངག་རྙིང་པ་ཀུན་བཀག་ནས། །རིམ་ལྔ་མར་འགོས་ལུགས་མཆོག་ཟླ་མེད་ཅིང་། །འཇམ་དབྱངས་བཤེས་དང་བཅས་ཏེ་སྨྲ་བར་བྱེད། །དྭགས་པོ་ནས་བརྒྱུད་ནཱ་རོ་ཆོས་དྲུག་པོ། །འཆད་ཚེ་ཕག་གྲུ་འབྲི་གུང་པ་སོགས་ཀྱིས། །ནཱ་རོ་ཆོས་དྲུག་བཀག་ནས་ནཱ་རོའི་ལུགས། །འཁྲུལ་མེད་འདི་ཞེས་ཆོས་དྲུག་རྨད་བྱུང་སྟོན། །རྡོ་རྗེ་འཇིགས་བྱེད་པ་དང་ར་ལུགས་ཀྱི། །མན་ངག་ཐམས་ཅད་ལེགས་པར་བཀག་མཛད་པས། །སླར་ཡང་རྡོ་རྗེ་འཇིགས་བྱེད་ར་ལོ་ཡི། །བཞེད་པ་འདི་ཞེས་སྔོན་མེད་རྒྱ་ཆེར་སྤེལ། །ནེ་གུའི་བཀའ་སྲུང་ཕྱག་དྲུག་མགོན་པོ་ཡི། །སྒྲུབ་ཐབས་རིན་ཆེན་རྣམ་བདུན་གྱིས་མཛད་ཀུན། །བོན་དང་རྙིང་མའི་ཆོས་ལྟར་ལེགས་བཀག་ནས། །ཕྱག་དྲུག་མགོན་པོའི་སྒྲུབ་ཐབས་གསར་དུ་སྤེལ། །གསུང་རབ་ཀུན་གྱི་དགོངས་པ་འགྲེལ་པ་ན། །སྔོན་བྱུང་ལེགས་བཤད་ཐམས་ཅད་མིང་ཙམ་ཡང་། །འཐད་པ་བྲལ་བའི་ལུང་རིགས་དུ་མ་ཡིས། །བསྒྲུབས་ནས་རང་ལུགས་ཐུན་མོང་


CMR024_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པ་ནི། །ཕྱག་ཆེན་འདོད་པའི་སྐྱེས་མཆོག་ཙོང་ཁ་པ། །ཁྱེད་ཀྱིས་བསྟན་པ་རྒྱ་ཆེར་འཛིན་རྣམས་ཀྱང་། །ཐར་པའི་ཁྱེད་ཀྱིས་ལམ་མཆོག་བསྒྲུབ་སླད་དུ། །རང་གཞན་ལུགས་ལ་གཅིག་ཏུ་འཁྲུལ་མེད་བྱོས། །ཞེས་གསུངས་ཤིང་། ཀུན་མཁྱེན་རོང་པོ་དང་གོ་རམ་པ་ཤཱཀྱ་མཆོག་ལྡན་རྣམས་ཀྱིས་རྗེ་རིན་པོ་ཆེ་ཙོང་ཁ་པའི་ལྟ་གྲུབ་བསྐྱེད་རྫོགས་ཐམས་ཅད་ཤིན་ཏུ་བཀག་པ་རྒྱ་ཆེར་མཛད་དེ། དེ་དག་གི་གསུང་རབ་ལས་གསལ་ལོ། །དེ་བཞིན་དུ་སྒོམ་སྒྲུབ་པ་རྣམས་མཚན་ཉིད་བཤད་སྒྲུབ་རྣམས་ལ་དག་པ་མི་སྟེར་ཏེ། སྔར་རྒྱ་བོད་ཚད་མ་དང་རྩོད་པ་ཡོད་ཀྱང་། བསྡུས་ར་ཟེར་བ་མེད་བསྡུས་ར་ནི་གསང་ཕུའི་བླ་མ་ཕྱ་པ་ཆོས་ཀྱི་སེང་གེས་བརྩམས་པ་ཡིན་ཞིང་། བགྲོ་གླེང་དུས་ལག་པ་དང་རྐང་པ་རྡེབ་པ་ཐལ་སྐད་འདོན་པ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་ཡང་དུས་ཕྱིས་བླ་མ་དེས་མཛད་པ་ཡིན། ཞེ་སྡང་ཁོང་ཁྲོ་བསླངས་ཤིང་གོས་ལག་གཟན་པ་ལས་དོན་དམ་པར་སྙིང་པོ་ཆེར་མེད་ཟེར་ཏེ། ཁྲོ་ཕུ་ལོ་ཙཱ་བས། བགྲོ་གླེང་ཆོས་ཀྱི་ག་དར་ཡིན་སྙམ་ཡང་། །དེ་ལ་བརྟེན་ནས་ཁོང་ཁྲོ་སྐྱེ་བ་མང་། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གསུངས་ཤིང་། མདོ་སྡེ་ཏིང་འཛིན་


CMR024_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལས། ཕྱི་མའི་དུས་ན་དགེ་སློང་མང་པོ་དག །བསྐམ་ཞིང་གཏུམ་པ་བསྡམ་པ་འབྱུང་བར་འགྱུར། །སྡིག་ལ་དགའ་ཞིང་ཆོས་གོས་ལྷུང་བཟེད་ཆགས། །ཏིང་འཛིན་འདི་ནི་རབ་ཏུ་སྤངས་བར་འགྱུར། །རྒོད་ཅིང་དབང་པོ་གཡེང་བ་ཕྲག་དོག་ཅན། །གྲོགས་ལ་ཆགས་ཤིང་རྙེད་པ་འདོད་པ་དག །སྦྱོར་བ་བྱེད་པའི་སྐབས་ལ་རྟག་ཏུ་གནས། །ཏིང་འཛིན་འདི་ནི་རབ་ཏུ་སྤངས་བར་འགྱུར། །ལག་པ་དང་ནི་རྐང་པ་རྣམ་པར་རྡེབ། །རྩེད་འཇོ་རྒོད་ལ་རྟག་པར་རབ་ཏུ་ཞུགས། །གཅིག་ལ་གཅིག་གིས་མགུལ་འཁྱུད་ལག་ཀྱང་སྦྲེལ། །གྲོང་དུ་སྤྱོད་ལམ་བཞིན་དུ་འགྱུར་བར་བྱེད། །ཉོ་ཚོང་ལྷག་པར་བྱེད་ཅིང་རྟག་ཏུ་བརྩོན། །སྲང་དང་ཚད་ལ་གཡོ་སྒྱུ་བྱེད་པར་ཞུགས། །དེ་འདྲའི་སྡིག་པའི་ཉོན་མོངས་ལས་བྱས་པས། །ལས་ངན་བྱེད་པ་དེ་དག་ངན་འགྲོར་འགྲོ། །ངས་ནི་སྔོན་ཚེ་སྤྱད་པ་སྤྱོད་པ་ན། །བསྐལ་པ་སྟོང་དུ་ཤིན་ཏུ་དཀའ་སྤྱད་དེ། །ང་ཡི་ཏིང་འཛིན་ཞི་བ་འདི་བཙལ་ན། །དེ་དག་དེ་ཚེ་འདི་ཐོས་གད་མོས་འདེབས། །དེ་དག་ཡུན་རིང་རྫུན་སྨྲ་ཚངས་མི་སྤྱོད། །རྟག་ཏུ་རྙེད་ལ་དགའ་ཞིང་ངན་སོང་གཞོལ། །ཚངས་པར་སྤྱོད་པའི་རྒྱུན་དག་ཐོགས་ནས་ནི། །ཚུལ་ཁྲིམས་


CMR024_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འཆལ་པ་དེ་ནི་ཆོས་མི་སྨྲ། །དེ་དག་ཕན་ཚུན་དབྱེ་བའི་ཕྱིར་འཇུག་སྟེ། །རིག་པ་མ་ཡེངས་པས་ནི་རྙེད་པ་ཚོལ། །གཅིག་ལ་གཅིག་གིས་མི་སྙན་རབ་བརྗོད་དེ། །འཆི་འཕོས་ནས་ནི་ངན་སོང་སར་ཡང་འགྲོ། །དེ་དག་བརྒྱ་དང་སྟོང་གི་ནང་ན་ཡང་། །དེ་ཚེ་བཟོད་པའི་སྟོབས་ལྡན་ཤིན་ཏུ་དཀོན། །དེ་ཕྱིར་འཐབ་ལ་བརྩོན་པ་མང་དུ་འབྱུང་། །བདེ་བར་གཤེགས་པའི་བསྟན་པ་འདི་དྲན་ནས། །དེ་དག་ལ་ནི་ནམ་ཡང་ཡིད་མ་རྟོན། །ཞེས་དང་། །ཚུལ་ཁྲིམས་འཆལ་པ་ཅན་ཚར་གཅོད་པའི་མདོ་ལས། ཤཱ་རིའི་བུ་དེ་ལ་དགེ་སློང་སྨྲ་བ་ལྷུར་ལེན་པ་གང་ཡིན་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ཁྱིམ་པ་དེ་དག་དང་དགེ་འདུན་གྱི་ཀུན་དགའ་ར་བར་ཞུགས་ནས་སྟོན་པར་བྱེད་དོ། །རྣམ་པར་རིག་བྱེད་ལ་མཁས་པ། ཡི་གེའི་རྗེས་སུ་འབྲང་བ། ཡོངས་སུ་མ་དག་པའི་ཆོས་སྟོན་པ། ཡོངས་སུ་མ་དག་པའི་ཆོས་བྱེད་པ། གཏམ་ལ་སེམས་པ། འཇིག་རྟེན་པའི་ལམ་དུ་བྱིང་བ། ཏིང་ངེ་འཛིན་མ་ཡིན་པ་ལྷུར་བྱེད་པ་དེ་དག་ནི། ཉིན་པར་རམ་མཚན་མོའམ་ཉིན་མཚན་དུ་རྩོད་པའི་གཏམ་ལ་མངོན་པར་དགའ་ཞིང་། དེ་དག་བསམ་གཏན་ལ་གཞོལ་བའི་སེམས་གཅིག་ཀྱང་


CMR024_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་མི་བྱེད་ན། འབྲས་བུ་ཐོབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མེད་དོ། །དེ་དག་ནི་དམན་པ་མ་དག་པའི་གཏམ་ལ་མངོན་པར་བརྩོན་ཞིང་། ཆོས་གོས་དང་། སོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། ཡོད་བྱད་ཀྱི་རྙེད་པ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་བསླུ་བའི་ཕྱིར་བདུད་སྡིག་ཅན་མངོན་པར་བརྩོན་པར་བྱེད་དོ། །དེ་དག་ལ་བདུད་སྡིག་ཅན་སྤྲོ་བར་འགྱུར་ཞིང་མངོན་པར་བརྩོན་པར་བྱེད་དོ། །ཞེས་གསུངས་པ་ལ་ཡང་དཔྱད་དོ། །ཡང་མཚན་ཉིད་པ་ཕལ་ཆེར་རྟོགས་ལྡན་ཚེམ་བུ་སྟེ་དགེ་ཚུལ་སློང་ཞུས་ནས་སྒེབ་བེ་ནག་པོ་གྱོན་ནས་ཆོས་པས་གང་གྱོན་ཆོས་གོས་ཡིན་ཟེར་བ་དང་། ལྷགས་སྐྱོབས་སྐྱ་རྣ་བ་ཁེབས་ཙམ་རབ་བྱུང་ཡིན་ཡང་བཞག་ཆོག་ཟེར་བ་དང་། ལོངས་སྤྱོད་ཆེན་པོ་ཡོད་ཀྱང་དཀའ་ཐུབ་བྱེད་པ་དང་། སེམས་ལ་འདོད་པ་ཆེ་ཡང་ངག་ནས་མི་འདོད་ཟེར་བ་སོགས། ཟོབ་ཡིན་ཞེས་སྨྲ་བར་བྱེད་དེ། མདོ་སྡེ་པདྨ་དཀར་པོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ལ་མདོ་སྡེ་གཏད་དེ། བྱང་ཆུབ་སེམས་དཔའ་དེ་དག་མགྲིན་གཅིག་ཏུ་མ་འོངས་པར་མདོ་སྡེ་འཛིན་


CMR024_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམ་བཅས་ཤིང་། མ་རུངས་སླད་མའི་དུས་ལ་ནི། །ལོག་པའི་གཡོ་དང་གཡོན་པོ་དང་། །བྱིས་པ་གཡོ་དང་ང་རྒྱལ་ཅན། །མ་ཐོབ་ཐོབ་པར་འདུ་ཤེས་པ། །དགོན་པ་དག་ལ་རབ་སེམས་ཤིང་། །ཚེམ་བུ་དག་ཀྱང་བགོས་ནས་ནི། །ཡོ་བྱད་བསྙུང་ཚུལ་སྤྱོད་དོ་ཞེས། །བློ་ངན་དེ་སྐད་སྨྲ་བར་འགྱུར། །རོ་བྲོ་ཆགས་ཤིང་ཞེན་པ་རྣམས། །ཁྱིམ་པ་དག་ལ་ཆོས་ཀྱང་འཆད། །མངོན་ཤེས་དྲུག་ཅན་ཇི་བཞིན་དུ། །བསྟི་སྟང་དག་ཀྱང་བགྱིད་པར་འགྱུར། །གཏུམ་པའི་སེམས་དང་སྡང་སེམས་ལྡན། །ཁྱིམ་དང་ནོར་ལ་རྣམ་པར་སེམས། །དགོན་པ་དབེན་པར་རབ་ཞུགས་ཏེ། །བདག་ཅག་རྣམས་ལ་སྐུར་བ་འདེབས། །བདག་ཅག་ལ་ནི་འདི་སྐད་མཆི། །རྙེད་དང་བཀུར་སྟི་གནས་པ་སྟེ། །དགེ་སློང་འདི་དག་མུ་སྟེགས་ཅན། །བདག་གི་རང་བཟོ་རབ་ཏུ་འཆད། །རྙེད་པ་དང་ནི་བཀུར་སྟི་ཕྱིར། །རང་གི་མདོ་སྡེ་བྱས་ནས་སུ། །འཁོར་གྱི་དབུས་སུ་འཆད་བྱེད་ཅེས། །བདག་ཅག་རྣམས་ལ་ཤིན་ཏུ་འཕྱ། །རྒྱལ་པོ་དང་ནི་རྒྱལ་བུ་དང་། །དེ་བཞིན་རྒྱལ་པོ་བློན་པོ་དང་། །བྲམ་ཟེ་དག་དང་ཁྱིམ་བདག་དང་། །དགེ་སློང་གཞན་དག་དྲུང་དུ་ནི། །བདག་ཅག་


CMR024_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་མི་བསྔགས་བརྗོད། །མུ་སྟེགས་ཅན་ཞེས་ཚིག་ཀྱང་བརྗོད། །དྲང་སྲོང་ཆེ་ལ་གུས་པས་ནི། །ཐམས་ཅད་བདག་ཅག་བཟོད་པར་བགྱིད། །ཅེས་གསུངས་པ་དང་། རྗེ་དཀོན་མཆོག་འབངས་ཀྱིས། རབ་བྱུང་གིས་མཆོངས་རྒྱུག་དང་ཀ་པཱ་ལ་ཐོགས་པ། རྐང་དུང་དྲག་འབུད་བྱེད་པ་བཀག་ཅིང་། གཞན་མཁས་པ་མང་པོས་ཀྱང་རབ་ཏུ་བྱུང་ནས་སྐྲ་ཨར་དབད་དང་གོས་སྒེབ་བེ་ནག་པོ་སོགས་བཀག་གོ །དེས་ན་སྒྲུབ་བརྒྱུད་འདི་པས་རབ་བྱུང་ཆས་ཁོ་ན་མཛད་དོ། །དེ་ལྟར་མདོ་སྡེ་གཉིས་ཀ་ནས་ལུང་བསྟན་པའི་སྐྱོན་དེ་དག་ཆོས་འདི་ལ་མི་འཇུག་གོ །དེ་བཞིན་དུ་བརྒྱུད་པ་གཙང་མི་གཙང་དང་། ལྟ་བ་བཟང་ངན་ལ་རང་རང་གི་ལུགས་བསྟོད་ཅིང་། གཞན་ལུགས་སུན་འབྱིན་པ་བོད་ཀྱི་མཁས་བླུན་ཐམས་ཅད་བྱེད་ཚུལ་འདྲ་བར་འདུག་ནའང་། ཕྱོགས་གཞན་གྱི་ཕོ་རུས་སྤངས་ནས། རང་གི་ནམ་བཞག་གཏན་སྲིད་ཡིན་པས། མདོ་རྒྱུད་ཀྱི་ལུང་བསྟན་རྣམས་དང་། ཁྱད་པར་སྣང་སྲིད་གསལ་བར་མཁྱེན་ངེས་པ་ཨོ་རྒྱན་ཆེན་པོའི་གཏེར་ལུང་ཐམས་ཅད་གོ་བསྟུན་ནས་ལེགས་པར་བརྟགས་པས། ཆོས་འདི་དང་འདི་བརྒྱུད་པ་དང་། ལྟ་གྲུབ་ལ་སྐྱོན་ཅུང་ཟད་ཀྱང་མེད་པར་ཐག་ཆོད་


CMR024_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །བཅོམ་ལྡན་འདས་ཀྱིས། དགེ་སློང་གང་དག་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་སོ། །མངའ་རིས་པཎ་ཆེན་གྱིས་སྨྲ་བའི་རྒྱན་ལས། དེང་སང་དགྱེས་རྡོར་བྱེད་པ་འགའ། །མན་ངག་ལུགས་སུ་ཁས་ལེན་ཅིང་། །མཚོ་སྐྱེས་མི་ཐུབ་ཟླ་བ་དང་། །ནག་པོ་ལུགས་སོགས་དུ་མ་ཞིག །སྤྲང་པོའི་ཕྱེ་བཞིན་བསྲེས་ནས་ནི། །མན་ངག་ལུགས་སུ་བརྒྱུད་པ་འདེད། །འདི་འདྲ་གཞན་དང་འགལ་བས་ཞོག །རང་ལུགས་དང་ཡང་ཅིས་མི་འགལ། །ཞེས་དང་། འཇམ་དབྱངས་ཆེན་པོས། པཎ་གྲུབ་ཕག་མོའི་ཆོས་ལུགས་འདི། །ཆོས་ལོག་སྙིང་པོ་མེད་པར་འཆད། །མོན་བུ་པུ་ལ་ཏྲའི་རྗེས་འབྲང་ལ། །མཁས་པའི་ཟབ་ཁྱད་གསེར་དང་བརྗེ། །མཁས་པའི་བསྟན་དྲངས་བློ་ཚད་ལགས། །ཞེས་དང་། །རྗེ་གཙུག་ལག་ཕྲེང་བས། ཕག་མོའི་རྒྱ་གཞུང་ཚད་ལྡན་འདི་ཙམ་བཀག་ནས། རང་གི་ཉམས་ལེན་གྱི་ཟབ་ཆོས་དེ་འདོད་པའི་གཙོ་བོ་བདུད་སྡིག་ཏོ་ཅན་དང་བགེགས་བྱི་ན་ཡ་ཀ་བསྒྲུབ་པ་འདི། སངས་རྒྱས་སུ་ཞིག་གི་ཉན་ཐོས་ལགས་


CMR024_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སམ། ཞེས་པ་ས་སྐྱའི་ལྷ་དམར་པོ་རྣམ་གསུམ་འདོད་རྒྱལ་དམར་པོ་དང་། ཚོགས་བདག་དམར་པོའི་བསྒྲུབ་པ་བཀག །དེ་ལྟར་བོད་ཀྱི་ཆོས་ཕལ་ཆེར་ལ་སྐྱོན་མ་བརྒྱབ་པ་ཆེར་མི་སྣང་ཞིང་། གཞན་ཡང་སྡོམ་གསུམ་སོགས་ནས་ཐུབ་པ་དྲུག་བཀག་པ་དང་། མྱོང་གྲོལ་བཏགས་གྲོལ་སོགས་དཔལ་འཛིན་བཟང་པོས་བཀག་པས། ཐུགས་རྗེ་ཆེན་པོ་གསང་འདུས་ཡང་སྙིང་འདུས་པ་ལ་ཡང་གནོད་ལ། སྡོམ་གསུམ་ལས། ཞལ་གཟིགས་ཀྱི་ལྷ་དང་ལུང་བསྟན་པའི་ཆོས་དང་སངས་རྒྱས་སོགས་བཀག་པས། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་དང་། མི་ཏྲ་གསང་སྒྲུབ་མི་ཏྲ་ཁྲིད་དྲུག་ལ་ཡང་གནོད། རྫོགས་ཆེན་བཀག་པས། ཐུགས་རྗེ་ཆེན་པོ་དོན་ཏིག་དང་ཡེ་ཤེས་འོད་མཆོག་སོགས་ལ་གནོད་། ཁ་ཅིག་གཏེར་མ་ལ་དབང་རྒྱུན་ཆད་པ་སོགས་བཀག་པས། ཐུགས་རྗེ་ཆེན་པོ་འགྲོ་འདུལ་རྒྱབ་ཆོས་སྐོར་དངོས་གྲུབ་གཏེར་མའི་སྐོར་སོགས་ཐུགས་རྗེ་ཆེན་པོ་གཏེར་མ་ཐམས་ཅད་དང་། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ། ནམ་མཁའ་རྒྱལ་པོ། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་སོགས་ལ་ཡང་གནོད་དོ། །བཀག་པ་དེ་དག་ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ནི་


CMR024_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ནི་ཅི་ཡང་མི་སྣང་ངོ་། །བཀག་པ་དེ་དག་ཀྱང་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་པའི་རྗེས་བརྗོད་ཙམ་ཡིན་གྱི། བདག་གིས་ནི་ཆོས་དེ་དག་ཐམས་ཅད་རང་གི་ཉམས་སུ་མ་ལོན་ཀྱང་ཕྱག་འཚལ་ཞིང་དད་གུས་བྱ་བའི་ཡུལ་ཡིན་ནོ། །མཁས་པ་རྣམས་བཀག་པ་མཛད་པ་ཡང་། སྡོམ་གསུམ་ལས། རིན་ཆེན་ཆོས་ཀྱང་དཀོན་པ་ནི། །རྟག་ཏུ་འཚེ་བ་མང་ཞེས་གསུངས། །འདི་ལ་བསམས་ནས་མཁས་རྣམས་ཀྱིས། །རྟག་ཏུ་བསྟན་པའི་བྱི་དོར་བྱ། །ཞེས་གསུངས་པས། བསྟན་པའི་གད་དར་དང་། འདི་ལྟར་བཀག་པ་ལ་བསྟེན་ནས་འཆད་རྩོད་རྩོམ་པ་འཕེལ་བར་འགྱུར་ཕྱིར་དང་། རང་གི་ཆོས་བརྒྱུད་མི་འཆད་ཕྱིར་བསྟན་པ་བསྲུང་བའི་ཆེད་དུ་ས་པཎ་སོགས་མཁྱེན་བཞིན་བཀག་པ་དང་། ལ་ལ་རང་ཆེ་འདོད་ཕྱིར་གཞན་ལ་ཟུར་ཟ་དང་། འགོས་ལོ་ཙཱས་སངས་རྒྱས་ཡེ་ཤེས་ལ་སྒྱུ་འཕྲུལ་གསང་སྙིང་ཞུར་སོང་བས་མ་གནང་བས་སྙིང་ནད་ཀྱིས་བཀག་པ་དང་། འགའ་ཞིག་རང་གི་སྨོན་ལམ་དབང་གིས་བཀག་པ་དང་། འགའ་ཞིག་རང་གིས་གྲུབ་མཐའ་དང་བླ་མ་ལ་གནོད་པའི་ཚིག་ཕ་རོལ་པོའི་ཆོས་ཀྱི་ནང་ན་འདུག་པ་མཐོང་ན་བཀག་པ་སོགས་རིགས་མང་ཞིང་།


CMR024_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པ་དང་ཁ་བརྒྱབ་པ་ཙམ་གྱིས་ཆོས་ལོག་ཏུ་མི་འགྱུར་བས་སྐྱོན་མེད་ཅེས་བདག་གི་བླ་མ་མཁས་གྲུབ་ལུང་རིགས་ཉི་མས་གསུངས་ལ། རྗེ་ཆོས་ཀྱི་དབང་ཕྱུག་གིས་དགོངས་གཅིག་བཤད་པའི་སྐབས་སུ། ས་པཎ་གྱིས་ལུགས་དེ་དག་དང་བཀའ་བརྒྱུད་གཉིས་མི་འགལ། གཉིས་ཀ་བདེན་ཚུལ་རྒྱ་ཆེར་གསུངས་པ་ཐོས། མདོར་ན་ལུགས་འདི་གཉིས་ཀ་བདག་གིས་སྤྱི་བོར་ཁུར་ནུས། འོན་ཀྱང་ཨོ་རྒྱན་རིན་པོ་ཆེའི་གསུངས་དགོངས་འདུས་འདྲ་མིན་ཤན་འབྱེད་ལས། ཁ་ཅིག་ཆོས་ལོག་སུན་འབྱིན་ཞེས། །ཡིན་པའི་སྐབས་ལ་ཡིན་ཞེ་ན། །གཤེ་ལོག་འགེལ་ཞིང་ལུང་རྒྱབ་མཐུད། །འགྲོ་རྣམས་ཡིད་གཉིས་གནས་སུ་འཕེན། །དེ་མཐུས་ཆོས་ལ་ཐེ་ཚོམ་ཟ། །ཉམས་ལེན་འཕྲོ་བསྐྱུར་རྩོད་པ་བསྒྲུབ། །ལམ་ལོག་ལམ་གོལ་བདུད་ཀྱི་བསླུས། །དེ་འདྲའི་འདྲ་མིན་ཙམ་རྒྱུད་ཀྱིས། །རྒྱལ་ཁམས་འགེངས་པའི་རྟག་པ་གཅེས། །ཞེས་གསུངས་པ་ལྟར། ཤེས་རབ་ཅུང་ཟད་ཡོད་ཅིང་ཐེ་ཚོམ་ཆེ་བ་རྣམས་རང་གི་ཆོས་ལ་ཐེ་ཚོམ་ཁུ་འཕྲིག་ཅུང་ཟད་སྐྱེ། དེས་གེགས་བྱས་ནས་ཉམས་སུ་བླངས་ཀྱང་མི་འགྲུབ་པས་རྐྱེན་བྱེད་ལ། དད་པ་ཆེ་ལ་ཨུ་ཚུགས་ཅན་རྣམས་རང་གི་ལུགས་ལ་ཆགས། ཕ་རོལ་


CMR024_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་མཁན་ལ་ཞེ་སྡང་ཆེ་སྟེ། དབུ་མ་འཇུག་པ་ལས། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་བ་འཁྲུལ་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ནས། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་པས། རང་ལུགས་མཆོག་ཏུ་འདོད་པའི་འདོད་ཆགས། གཞན་ལུགས་ལ་ཁོང་ཁྲོའི་ཞེ་སྡང་ནི་འཇིག་ལྟ་སྟེ་འཁོར་བར་འཆིང་ངོ་། །དེས་ན་ད་ལྟ་རྒྱལ་བློན་བྱང་ཆུབ་སེམས་དཔའ་ལོ་པཎ་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་གྱིས། བོད་ན་དམ་ཆོས་རྒྱ་མཚོ་ལྟ་བུ་བཞུགས་པའི་ནང་ནས། རང་གི་གྲུབ་མཐའི་སྲོལ་འཛིན་འདི་ཡིན་ཞེས་གཅིག་ལ་འཐམ་མི་དགོས་སུས་ཀྱང་མ་བཀག །སུས་ཀྱང་བསྙོན་དུ་མེད་པའི་ཆོས་ཟབ་མོ་ཉམས་སུ་ལེན་ཆོག་གོ །དེ་ཡང་རྒྱུད་མཐོ་བ་གཉིས་མེད་རྒྱུད། བརྒྱུད་པ་དམ་ཉམས་འདྲེས་ཁྱེར་དང་རང་བཟོ་སོགས་མ་ཡིན་པར་སངས་རྒྱས་ནས་སངས་རྒྱས་ཀྱི་བརྒྱུད་པ་བར་མ་ཆད་ཅིང་ཞལ་གཟིགས་བཀའ་བབས་མ་ཆད་པ། རྒྱུད་དེ་ཡང་རྒྱ་གར་དུ་ཡོད་སྐད་ཟེར་བ་ལྟ་བུ་མ་ཡིན་པར་ད་ལྟར་མཇལ་རྒྱུ་ཡོད། རྒྱུ་གཞུང་མེད་པར་བོད་དུ་ལུང་བསྟན་བྱུང་ཟེར་བ་སྐད་མིན་པར་རྒྱ་གཞུང་ཡོད་པ། རྒྱུད་རྒྱ་


CMR024_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དངབཀའི་བསྟན་འགྱུར་དུ་ཡོད་ཀྱང་མན་ངག་ཟབ་མོའི་བརྒྱུད་པ་མེད་པ་མ་ཡིན། མན་ངག་ཡོད་པ་དབང་ལུང་གི་བརྒྱུད་པ་ཆད་པ་དག་སྣང་དུ་ཐོབ་ཟེར་བ་ལྟ་བུ་མ་ཡིན་པར་མ་ཆད་པར་ཡོད་པ། བཀའ་གསར་རྙིང་གཉིས་ཀས་ཚད་མར་འཛིན་པ། སྔགས་གཅིག་དང་ལྷ་གཅིག་གིས་ཆོག་པས་ཉམས་ལེན་བདེ་བ། བོད་ཀྱི་ལྷ་སྐལ་ཡིན་པས་བྱིན་རླབས་མྱུར་བ། ཆོས་ཟབ་ཀྱང་དེའི་བསྟན་པ་རྫོགས་ཁ་བྱིན་རླབས་འབྱུང་དཀའ་སྟེ། ཐུགས་རྗེ་ཆེན་པོ་ནི་སྙིགས་མའི་བསྟན་པའི་མཇུག་མ་ལ་དར་རྒྱས་སུ་འོང་བར་གསུངས་ཏེ། བར་ཆད་མེད་པར་ཐམས་ཅད་འཛོམ་པ་ནི། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དང་ལྷ་དགུ་རྗེ་དྲུག་པས་རྩོམ་པ་འདི་ལ་བདག་གིས་ཚང་བར་མཐོང་སྟེ། བདག་གིས་ལོ་དུ་མར་བཀའ་མདོ་རྒྱུད་མན་ངག་དུ་མ་བལྟས། བླ་མ་ཆེ་ཕྲ་དུ་མ་བསྟེན་པས་ཆོས་འདི་བས་ཟབ་པ་མེད་པར་རྟོགས་སོ། །དེ་ཡང་ཆོས་གཞན་ལ་སྐྱོན་ཚོལ་ཕྱིར་མ་ཡིན། རང་ལུགས་བསྟོད་ཕྱིར་མ་ཡིན་ཏེ། ས་སྐྱ་པཎྜི་ཏས། ཉི་མ་གཅིག་གིས་བཟའ་བཏུང་ལའང་། །བཟང་ངན་རྟོག་དཔྱོད་སྣ་ཚོགས་བཏང་། །གོས་དང་མཁར་གདན་ལ་སོགས་པ། །བྱ་བ་གང་ལའང་ལེགས་ཉེས་དང་། །


CMR024_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་མཁས་དང་མི་མཁས་ཞེས། །བླང་དོར་རྟོག་དཔྱོད་སྣ་ཚོགས་བྱེད། །རྟ་དང་ནོར་བུ་ལ་སོགས་པ། །ཅུང་ཟད་ཙམ་གྱིས་ཉོ་ཚོང་ལའང་། །ཀུན་ལ་འདྲི་ཞིང་བརྟགས་ནས་སྤྱོད། །ཚེ་འདིའི་བྱ་བ་ཅུང་ཟད་ལའང་། །དེ་འདྲའི་འབད་པ་བྱེད་པར་མཐོང་། །སྐྱེ་བ་གཏན་གྱི་ལེགས་ཉེས་ནི། །དམ་པའི་ཆོས་ལ་རག་ལས་ཀྱང་། །ཆོས་འདི་ཁྱི་ཡི་ཟས་བཞིན་དུ། །བཟང་ངན་གང་དུའང་མི་སྤྱོད་པར། །གང་འཕྲད་དེ་ལ་གུས་པར་འཛིན། །ཉིན་གཅིག་གི་ནི་སྐྱེལ་མའམ། །ཚེ་གཅིག་གི་ནི་གཉེན་འབྲེལ་ལའང་། །འབད་དེ་བརྟགས་ནས་ལེན་པ་མཐོང་། །དེང་ནས་བརྩམས་ཏེ་རྫོགས་པ་ཡི། །སངས་རྒྱས་མ་ཐོབ་བར་གྱི་དོན། །བླ་མ་མཆོག་ལ་རག་ལས་མོད། །འོན་ཀྱང་རྟོག་དཔྱོད་མི་བྱེད་པར་། །ཚོང་དུས་ངན་པའི་ཟོང་བཞིན་དུ། །སུ་འཕྲད་རྣམས་ལ་ལེན་པར་མཐོང་། །ཀྱེ་མ་སྙིགས་མའི་དུས་འདི་མཚར། །འབད་མི་དགོས་པ་འབད་པར་བྱེད། །འབད་དགོས་ཆོས་དང་བླ་མ་ནི། །ཅི་ཡང་རུང་བས་ཚིམ་པར་སྣང་། །ཞེས་གསུངས་པ་ལྟར། འབད་པ་ཆེན་པོས་མདོ་རྒྱུད་དང་། ཨོ་རྒྱན་རིན་པོ་ཆེའི་གཏེར་ཆོས་ལྷད་མེད་རྣམས་དཔང་དུ་བཞག་


CMR024_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་གི་ལོ་དུ་མར་བརྟག་བརྟགས་པས། ཆོས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཉམས་ལེན་འདི་ལས་ཟབ་པ་དང་། གསོལ་བ་འདེབས་ཡུལ་གྱི་བླ་མ་ད་ལྟ་ཞལ་དངོས་སུ་མཇལ་རྒྱུ་ཡོད་པ་རྒྱལ་བ་ཡབ་སྲས་ལས་བཟང་བ་མེད་དེ། བླ་མ་ཡི་དམ་གཉིས་པོ་མོས་བློས་ཡར་གཞལ་བ་མ་ཡིན་པར་ཐ་དད་མེད་པར་སྣང་ངོ་། །དེས་ན་ཕྱོགས་འདོད་དང་། ལྟ་ཞེན་དང་། ཕོ་རུས་ཀྱི་གཏམ་མ་ཡིན་པར། ཆོས་འདི་དང་བླ་མ་བརྒྱུད་པ་འདི་ལ་བློ་བཀལ་ན་མི་བསླུ་ངེས་པར་སྣང་བར་བདག་གིས་ཐག་ཟད་ཀྱིས་ཆོད་བྱུང་ངོ་། །འདིའི་དོན་རྗེ་ཆོས་ཀྱི་དབང་ཕྱུག་གི་ཞལ་ནས། ཡོངས་འཛིན་ཕྱག་ན་པདྨོའི་རྗེས་བཟུང་ཞིང་། །འཁྲུལ་མེད་བཀའ་བརྒྱུད་སྙིང་ལ་ཞུགས་པའི་མཐུས། །ཆོས་ཀྱི་དབང་ཕྱུག་རྗེས་འབྲང་མི་བསླུ་བའི། །རེ་བ་དོན་ཡོད་ལྡན་ལ་གསོལ་བ་འདེབས། །ཞེས་གསུངས་ཤིང་། བཀའ་བརྒྱུད་གཅིག་ཤི་གཅིག་འཐམ་བྱ་བ་ཡིན་གསུངས་པ་ཡང་ཐོས་སོ། །དུས་ཕྱིས་ཤིག་བདག་གི་རྨི་ལམ་ན་མུན་ནག་ཆེན་པོ་མིག་ཕྱེས་བཙུམ་མེད་པར། མི་མང་པོ་དག་གར་འགྲོ་ཆ་མེད་པར་འགྲོ་དགོས་པར་སྣང་། རྡོག་འཛུར་ན་གཡང་ས་ཆེན་པོས་སྲོག་དང་བྲལ་བར་བྱེད་པ་འཇིགས་སུ་རུང་བར་ལྟུང་དོགས་


CMR024_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་སྣང་ཆེན་པོ་དང་བཅས་ནས་འགྲོ་དགོས་དོ་བས། བདག་གི་མདུན་དེ་ན་རྗེ་ཆོས་ཀྱི་དབང་ཕྱུག་ཡིན་ནམ་སྙམ་པ་གཅིག་འབྱོན་འགྲོ་དོ་བས་སྐུ་རྒྱབ་ན་བཟའ་ནས་བདག་གིས་དམ་པོར་འཇུས། དེས་ཀྱང་དབང་ཕྱུག་རྡོ་རྗེ་ནས་བཟུང་སྟེ། གཅིག་གིས་གཅིག་ལ་འཇུས་ཏེ་ནཱ་རོ་ཏེ་ལོ་ནས་རྡོ་རྗེ་འཆང་གི་བར་གཅིག་གིས་གཅིག་ལ་དམ་པོར་འཇུས་ནས་ཐམས་ཅད་ཡར་འགྲོ་ཞིང་ཡོད་པ་ཡིན་སྙམ་ཞིང་སོང་ཛ། ངའི་འོག་ཙམ་ན་མི་མང་པོ་འགྲོ་ཞིང་གྲག་པ་ལ་ཁྱེད་རྣམས་དེར་མ་འགྲོ། རྡོག་འཛུར་ན་གཡང་ས་ཆེན་པོར་ལྟུང་དོགས་ཡོད། །ང་ལ་འཇུས་ནས་ངའི་རྗེས་སུ་ཤོག་དང་། ངས་ལམ་འདི་མི་ཐོད་དེ། ངས་སྔོན་མ་འདི་ལ་དམ་པོར་འཇུས་ནས་ཡོད་པས། གཅིག་ལ་གཅིག་འཇུ་བྱས་ཡོད་པས། བཀའ་བརྒྱུད་ཐམས་ཅད་གཡང་ལ་མ་ལྟུང་ན་ང་ལྟུང་དོགས་ཡོད་ལེ་མེད་སྨྲས་པས། གཅིག་གཉིས་ངའི་རྗེས་སུ་བྱུང་། གཞན་ཚོ་གར་སོང་མ་ཤེས། ང་རང་གིས་བསམ་པ་ལ། ངས་ནི་ལམ་མི་མཐོང་ངོ་། །མུན་པ་ཆེ་དྲགས་པས་གཞན་ཚོས་ཀྱང་གསལ་པོར་མཐོང་དཀའ་ལེ་གདའ་སྟེ། སྔོན་མ་རང་དེས་ལམ་གསལ་པོར་མཐོང་ཞིང་། ཨེ་མི་ཡོད་བསམ་ཞིང་སོང་སོང་བ་


CMR024_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས། མནལ་སད་ནས་སྔར་སློབ་དཔོན་རིན་ཆེན་པོ་ཆེས་བཀའ་བརྒྱུད་གཅིག་ཤི་གཅིག་འཐམ་ཡིན་གསུངས་པ་དེའི་ངོ་སྤྲོད་དང་བརྡ་ཆོས་རེད་བསམ་པ་བྱུང་ངོ་། །འདི་ལ་ལེགས་པར་དཔྱད་ན་བརྡ་ཆོས་ཟབ་མོར་སྣང་ངོ་། །ཡང་གྲྭ་པ་ཁ་ཅིག་ཏུ་ཡོན་ཏན་ལོབ་པར་མི་འདུག་ཟེར་བའི་བརྡའ་ལ། ཅི་མི་འོང་ཡིག་དྲུག་བསྒོང་ཨེ་གོ་ཟེར་སྲོལ་གདའ་བས། དེ་ཡོན་ཏན་འོང་བའི་ཤེས་རབ་མི་འདུག་ཟེར་བ་ཡིན། ཡིག་དྲུག་ཆོས་ཟབ་མོ་མིན་ཟེར་བ་མིན་ལ། བླུན་རྨོངས་ཁ་ཅིག་ངས་ཡིག་དྲུག་འདོན་མ་དགོས་ཙམ་ཤེས་ཟེར་ནས། ཡིག་དྲུག་རྒན་འཁོགས་བྱིས་པ་དང་བླུན་པོའི་ཆོས། ནོར་མ་ཉན་པའི་དབམ་ཆོས་ཡིན་བསམ་ཞིང་སྨྲ་བ་ནི། ཤིན་ཏུ་སྡིག་ཆེ་རང་གི་དགེ་རྩ་གང་ཡོད་བརླགས་ཏེ། སྤྲུལ་པའི་རྒྱལ་པོའི་ཞལ་ནས། དུས་ཕྱི་མའི་གང་ཟག་ལྟ་བ་ལ་ཞེན་ནས་ཆོས་ལ་རིས་སུ་གཅོད་ནས་ཆོས་སྤྱོད་སྤངས། ཐུགས་རྗེ་ཆེན་པོ་མ་ཎི་པདྨེ་རྒན་འཁོགས་བྱིས་པའི་ཆོས་ཡིན་ཟེར་ནས་ཁྱད་གསོད་བྱེད་པ་འགའ་འོང་བས༔ དེ་རྣམས་ནི་བདུད་ངག་ལ་ཞུགས་པ་ཡིན་ཏེ། ཕྱི་མ་གཏན་སྡུག་དམྱལ་བའི་གནས་སུ་འགྲོ་བ་ཡིན་པས། ཐུགས་རྗེ་ཆེན་པོའི་ཆོས་ལ་ཐེ་ཚོམ་མ་ཟ་བར་སྒྲུབས་ཤིག །འགྲུབ་


CMR024_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་འདི་ལས་ཉེ་བ་མེད། །བྱིན་རླབས་འདི་བས་ཆེ་བ་མེད། །ཅེས་དང་། རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམས་ནས་ཡི་གེ་དྲུག་པ་བསྒྲངས་ན་སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ། འདི་ལ་ཡིད་མ་ཆེས་པ་རྣམས་སྔོན་ལས་མེད་པས་འཁོར་བར་འཁྱམས་ཐོ་བ་ཡིན་ནོ། །དེས་ན་ཐུགས་རྗེ་ཆེན་པོ་ཉམས་སུ་ལོངས་ཤིག །ཅེས་གསུངས་སོ། །ལྷ་གཞན་ལས་ཐུགས་རྗེ་ཆེན་པོ་འདི་རང་རེ་ལ་འབྲེལ་བ་ཆེ་སྟེ། བདེ་བ་ཅན་ནས་སྣང་བ་མཐའ་ཡས་ཀྱིས་སྤྱན་རས་གཟིགས་ལ་ཁ་བ་ཅན་གྱི་སེམས་ཅན་པ་དང་པོ་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ཀྱིས་སྨིན་པར་གྱིས་ལ་མཐར་ང་ཡི་གནས་ལ་ཁྲིད་ལ་ཤོག་ཅིག །ངས་ཀྱང་གདུལ་བྱའི་གྲོགས་བྱའོ། །ཞེས་བཀའ་བསྒོས་པས། སྤྱན་རས་གཟིགས་ཀྱིས་ང་དང་འབྲེལ་པ་ཆེར་བཞག་པའི་སེམས་ཅན་རྣམས་མཐར་བདེ་བ་ཅན་དུ་ཁྲིད་ནས་འོང་གི་ཞུས་ནས། འཇིག་རྟེན་འདིར་བྱོན་ནས་ལྷོ་ཕྱོགས་རི་བོ་ཏ་ལའི་རྩེ་ནས་འཕགས་པ་སྤྱན་རས་གཟིགས་ཨཱརྱ་པ་ལོའི་ཞལ་བྱང་དུ་གཟིགས་ནས་ཁ་བ་ཅན་གྱིས་སེམས་ཅན་གྱི་དོན་མཛད་པར་གསུངས་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་ཁར་ཡང་ཁ་བ་ཅན་གྱི་ཡུལ་ཁམས་


CMR024_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱིས་མ་བཅགས་པ། སྤྱན་རས་གཟིགས་ལ་ཐུལ་ཅིག་པར་བཀའ་བསྒོས་ཤིང་། འདུལ་བར་ཞལ་གྱིས་བཞེས་ཕྱིར་བོད་ཀྱི་ལྷ་སྐལ་ཡིན་ཏེ། མ་གཅིག་ལབ་སྒྲོན་གྱི་ཞལ་ནས། །བྱིས་སྦ་ཆུང་ངུ་སྨྲ་ཤེས་པ་ཙམ་ལ་ཡི་གེ་དྲུག་པ་འདོན་ཤེས་པ་དུས་མཉམ་སྟེ། འཕགས་པས་རྒྱུད་བྱིན་གྱིས་བརླབས་པོར་ངེས་པའི་རྟགས་ཡིན་པས་ངེས་པར་འཕགས་པ་ལྷ་སྐལ་དུ་བྱ་བར་རིགས་སོ། །ཞེས་དང་། སྙིང་པོ་ཡི་གེ་དྲུག་པ་འདི་ནི། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་མདོ་དོན། རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་གཞི་མ། མདོ་སྔགས་གཉིས་ཀྱི་བཅུད་བསྡུས་པ། གསུང་རབ་རྒྱ་མཚོ་འདྲ་བ་རྣམས་ཀྱི་འོ་མ་ལྟར་བསྲུབ་པའི་སྙིང་པོ་མར་ཕྱུང་བ་ལྟ་བུ་འདི་ཡི་ནུས་པ་ནི་ནད་གདོན་བགེགས་རིགས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་རྫ་ས་ཀྱི་ཕ་ལམ་དང་འདྲ་ཞིང་། འདོད་པའི་དོན་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་ཡི་གེ་དྲུག་པ། ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེས་བོད་སྤྱི་ལ་ཞལ་ཆེམས་སུ་བཞག་པར་ཡང་། བོད་ཀྱི་བྷེ་སྐལ་ལགས་པས་ཐུགས་རྗེ་ཆེན་པོ་བྷེ། ཆོས་ཀྱི་སྙིང་ཁུ་ལགས་པས་ཡི་གེ་དྲུག་པ་


CMR024_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲངས། དེ་ལྟར་བྱས་ན་འདི་དང་ཕྱི་མར་ཇེ་བདེར་འགྲོ། ཞེས་གསུངས་སོ། །གྲུབ་ཐོབ་ཚེམ་བུ་པས་ཀྱང་། འོ་སྐོལ་ཐུགས་རྗེ་ཆེན་པོ་ཁོང་གི་དགོས་མི་དང་འདྲ་བས་ཁོང་བསྒྲུབ་དགོས་གསུངས་པ་དང་། བཀའ་གདམས་གླེགས་བམ་ནས་འབྲོམ་གྱི་ལྷ་བཞི་གདམས་དུས། ཐུགས་རྗེ་ཆེན་པོ་མཚུངས་པ་མེད། །ཁྱད་པར་བོད་ཀྱི་ལྷ་སྐལ་ཡིན། །ཨེ་མ་ལོ་ལྔའི་བུ་ཆུང་ཡང་། །འབྲུ་དྲུག་ཟབ་མོ་ཁ་ནས་འབྱིན། །དབང་པོ་མ་ཚང་དུ་མ་ཡང་། །ཡུལ་མིན་མི་ཟེར་འདི་ཉིད་འབྱིན། །བསྒོམ་ལ་སྙིང་རྗེ་ཆེན་པོ་སྟེ། །ཕན་ཆེ་འཁོར་བའི་མཚོ་ལས་སྒྲོལ། །བོད་ཀྱི་ལྷ་སྐལ་ཉིད་དུ་ངེས། །འབྲུ་དྲུག་ཕ་རོལ་ཕྱིན་དྲུག་གོ །རིགས་དྲུག་སོ་སོའི་དུཁ་ཡང་། །འབྲུ་དྲུག་བརྡ་ཡིས་སེལ་གྱུར་ཏེ། །དུགཁ་ནད་སེལ་སྨན་དུ་བཟང་། །འདི་ལ་བདག་གིས་ལྷ་ཅིག་བགྱི། །ལེགས་ཉེས་ཐམས་ཅད་ཐུགས་རྗེས་མཁྱེན། །ཞེས་གསུངས་སོ། །དེ་ལྟར་བོད་སྤྱིའི་ལྷ་སྐལ་ཡིན་པའི་ནང་ནས་རང་རེ་ཁམས་བར་པ་ལ་ཁྱད་པར་བཀའ་བབས་པ་ནི། ཨོ་རྒྱན་རིན་པོ་ཆེས། ཨེ་མ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རིས་གཟིགས། །བོད་ཡུལ་ཁ་བ་ཅན་གྱི་ལྷ་ཡིན་ཀྱང་། །ཁྱད་པར་ཆོས་འདི་


CMR024_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀོང་ཕྱོགས་སུ་དར། །ཡིག་དྲུག་བསྟན་པ་མདོ་ཁམས་ཕོ་མོས་བཟུང་། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེས་མ་འོངས་ལུང་བསྟན་དུ་མ་ནས། སྙིགས་དུས་ཆོས་གཞན་གྱི་བྱིན་རླབས་ཡལ། ལྷ་གཞན་གྱི་ཐུགས་རྗེ་རྡུགས། མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་གཟིགས། བདུད་རིགས་ཁ་འཕྱུར་ཚུལ་དུ་མ་ལུང་བསྟན་སྐབས་དེ་དུས་ལྷ་གང་ཆེ་ཐུགས་རྗེ། ཆོས་གང་དེར་ཞུས་པས། ལྷ་ཚོགས་ཐུགས་རྗེ་སྤྱན་རས་གཟིགས་ཀྱིས་ཆེ། །ཆོས་ཀྱི་མཇུག་མ་ཡི་གེ་དྲུག་པས་སྡུད། །པདྨེ་གླུ་རུ་ལེན་ཅིང་བྲོ་རུ་བརྡུང་། །པདྨེས་ཚོང་དུས་འདྲེན་ཅིང་རྒྱུན་དུ་འདྲེན། །ཐུགས་རྗེ་ཆེན་པོའི་བསྟན་པ་བག་ཙམ་དར། །ཞེས་རཏྣ་གླིང་པའི་གཏེར་ཁ་དུ་མ་ནས་བྱོན་པ་དང་། ཁྱད་པར་འཇའ་ཚོན་པའི་གཏེར་ཁ་རྟ་ཕག་གསང་བའི་ལུང་བསྟན་ལས། དུས་ད་ལྟ་བཞི་བཅུ་ཁ་རལ་སུམ་ཅུར་ཉེ་བའི་དུས་རྟགས་ཐམས་ཅད་ལུང་བསྟན་སྐབས་སུ། ཤར་དུ་མ་ཎི་ཆོས་སྒྲ་དར། །ཞེས་གསུངས་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོས། དུས་ད་ལྟའི་ལུང་བསྟན་མང་དུ་མཛད་པའི་སྐབས་སུ། ཆོས་དར་ལ་མ་སྨིན་པའི་དུས་གཅིག་བྱུང་ཙ་ན། ཤཱཀྱ་ཐུབ་པའི་བསྟན་པ་ཉམས་དམའ་བས་བཙུན་པས་ཁྱིམ་


CMR024_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད། གནས་གཞི་སྡེ་འཁྲུག་བྱེད། དུས་དེ་ཙམ་ལ་ཐུགས་རྗེ་ཆེན་པོའི་བསྟན་པ་དར་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་དྲུག་པ་རང་བྱུང་རང་ཤར་ནས་བོད་ཁམས་ཐམས་ཅད་ཡིད་ཆེས་པར་བྱེད་པས་དེའི་དུས་སུ་ཐུགས་རྗེ་ཆེན་པོ་སྒྲུབས་ཤིག །ཡིད་བརྟན་པར་གྱིས་ལ་ཐུགས་རྗེ་ཆེན་པོའི་ཆོས་ལ་བློ་མ་ལྡོག་ཅིག །ཅེས་གསུངས་པ་དང་། དུས་ཕྱི་མ་ཁ་བ་ཅན་གྱི་རྒྱལ་ཁམས་ཐུགས་རྗེ་ཆེན་པོས་འདུལ་བར་འགྱུར་རོ། །ཞེས་ལུང་བསྟན་ཅིང་། རྒྱལ་པོ་ཡབ་ཡུམ་གསུམ། ཇོ་བོ་བཅུ་གཅིག་ཞལ་ལ་ཐིམ་དུས། དུས་ཀྱི་ལམཐའ་ལ་བབ་པའི་ཚེ་ཁ་བ་ཅན་བོད་ཀྱི་རྒྱལ་ཁམས་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ཡིན་པས། གསུང་ཡི་གེ་དྲུག་པ་དར་ཞིང་རྒྱས་པར་འགྱུར་རོ། །འགྲུབ་ཐག་ཉེ་བར་འགྱུར་རོ། །བྱིན་རླབས་ཆེ་བར་འགྱུར་རོ། །ཞེས་ལུང་བསྟན་པའི་སྒྲ་རང་གྲག་ཏུ་བྱུང་སྐད་དོ། །དེས་ན་ད་ལྟའི་དུས་ལ་བབ་པའི་ཆོས་ཡིན་པས་བར་ཆད་མེད་པར་འགྲུབ་ཐག་ཉེ་བྱིན་རླབས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། སྤྱན་རས་གཟིགས་ལྷ་ཐམས་ཅད་ལས་ཐུགས་རྗེ་ཆེ་བའི་ཕྱིར། སྙིགས་དུས་ཐུགས་རྗེ་བྱིན་རླབས་འཇུག་ནུས་ཤིང་གཞན་གྱིས་མི་ནུས་སོ། །ཡི་གེ་དྲུག་པ་ཡང་ཟབ་


CMR024_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དྲགས་པས་དར་བ་སྟེ། ཆོས་སྤྱོད་ཐམས་ཅད་མངོན་པར་རྟོགས་པའི་རྒྱུད་ལས། དཔེར་ན་མར་མེ་འཆི་ཁ་རུ། །འོད་དེ་གསལ་བར་འབྱུང་བར་འབྱུང་། །དེ་ནི་ང་ཡི་བསྟན་པ་ཡང་། །ནུབ་ཁར་ཟབ་མོའི་ཆོས་དར་འགྱུར། །ཞེས་གསུངས་སོ། །ཡང་མོའུ་འགལ་གྱི་བུས་མ་ལ་ཕན་བཏགས་པའི་མདོ་སྡེ་ཆེན་པོ་ལས། གཏམ་རྒྱུད་རྒྱ་ཆེར་འབྱུང་བའི་དོན་བསྡུས་ན་ཕ་མའི་དྲིན་ལན་བསབས་ཕྱིར་འཕགས་པ་མོའུ་འགལ་གྱི་བུ་རབ་ཏུ་བྱུང་སྟེ། །ཕ་ནི་དགེ་བ་སྤྱོད་པས་ལྷར་སྐྱེས་ཏེ་བུ་དང་ཡང་འཕྲད། མ་ནི་གར་སྐྱེས་མ་ཤེས་ནས་ཕ་ལྷར་སྐྱེས་པ་ལ་དྲིས་པས་དམྱལ་བར་ཡོད་པར་གསུངས་པས། བཅོམ་ལྡན་འདས་ཀྱིས་བཀའ་གནང་ནས། མ་འཚོལ་ཕྱིར་དམྱལ་བར་མོའུ་འགལ་གྱི་བུ་བྱོན་ནོ། །དེར་དམྱལ་བའི་བཀོད་པ་དང་སྡུག་བསྔལ་རྒྱུ་འབྲས་དཔག་ཏུ་མེད་པ་རྣམས་གཟིགས་སོ། །དེ་རྣམས་སུ་མ་ག་རེ་དྲིས་པས་ཀྱང་མཐོང་མཁན་མ་བྱུང་ནས། དེ་ནས་སྒོ་སྲུང་ལ་ཞུས་པས་གཤིན་རྗེའི་རྒྱལ་པོ་དང་མཇལ་བ་ལས། རྒྱལ་པོས་མའི་ལས་ཅི་བྱས་ཐམས་ཅད་གསལ་བར་གསུངས་པ་དང་། མ་འདི་བཏང་བར་གསོལ་ཞེས་རྒྱལ་པོ་ལ་ལན་དུ་མར་ཞུས་པ་དང་། ཆོས་ཀྱི་རྒྱལ་པོས་ལན་གསུངས་


CMR024_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པ། བཙུན་པས་བདག་གིས་མ་ལ་ཕན་མཛོད་གསུང་། །བདག་གིས་མ་ལ་ཕན་པར་རབ་ཏུ་དཀའ། །བཙུན་པའི་མ་ནི་ཤིན་ཏུ་སྡུག་བསྔལ་བས། །སྡིག་པ་གཞན་ལས་ཆེ་བས་ཐར་བར་དཀའ། །བཙུན་པའི་མ་འདི་བདག་གིས་མི་ཕྱིན་ཏེ། །མ་འདི་ཕྱིན་པར་བྱེད་པ་སངས་རྒྱས་ཡིན། །དེ་བས་བཅོམ་ལྡན་འདས་ལ་གསོལ་བ་ཐོབ། །ཁྱད་པར་ངན་སོང་འདི་ལས་སྐྱབས་མཛད་པ། །ཐུགས་རྗེ་ཚད་མེད་སྤྱན་རས་གཟིགས་དབང་ཡིན། །ལམ་འདི་རྒྱུད་ལྔའི་དབང་པོ་བདག་པོར་འགྱུར། །དེ་ལ་དྲིས་ན་མ་འདི་མཐོང་བར་འགྱུར། །།དེ་བས་འཕགས་པ་དེ་ལ་མ་དྲིས་ཤིག །ཅེས་དང་། བཙུན་པ་ལམ་རྒྱུད་ལྔ་ལ་དབང་བར་བྱེད་པའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་སྔོན་གྱི་སྨོན་ལམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལམ་ལ་དབང་བར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་བསྐྱབས་པར་མཛད་དེ། བཙུན་པ་དེ་ནི་ད་ལྟ་འཛམ་བུ་གླིང་གི་ལྷོ་ཕྱོགས་ཀྱི་རྒྱུད་འདི་ན་རི་པོ་ཏ་ལ་ཞེས་བྱ་བ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་ན། ལྷ་དང་མི་ལ་སོགས་པའི་འཁོར་ཐམས་ཅད་ལ་ཐབས་མཁས་པའི་སྒོ་ནས་ཆོས་བསྟན་ཏོ། བཙུན་པ་དེའི་གན་དུ་སོང་མ་གང་ན་


CMR024_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཆ་ཡོད་པར་འགྱུར་རོ། །ཞེས་སྨྲས་སོ། །དེ་ནས་མོའུ་འགལ་གྱི་བུ་པོ་ཊ་ལར་བྱོན་ནས། སྤྱན་རས་གཟིགས་མཇལ་ནས་ལམ་རྒྱུད་ལྔར་གང་ལགས་ཞུས་པས། ངན་སོང་གསུམ་ལྷ་མི་གཉིས་དང་ལྔའི་རྒྱུ་འབྲས་ཐམས་ཅད་གསུངས་སོ། །དེར་མ་བསྟན་ཅིང་དྲང་བར་ཞུས་པས། ཁྱོད་ཀྱི་མ་ལོག་སྲེད་ཅན་དེ་དེ་བཞིན་གཤེགས་པས་ཀྱང་འདུལ་དཀའ་བར་གསུངས་ནས། དེ་ལན་གཅིག་བདེར་གཏུབ་ཀྱིས་དུས་ཐམས་ཅད་བདེ་བར་དཀའོ་གསུངས་ནས་ཏིང་ངེ་འཛིན་ལ་བཞུགས་པས། འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཞི། སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་པ་ལ་བཀོད། སྐུ་ལས་འོད་ཟེར་ཕྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་ནས་ལྕགས་ཀྱི་རན་འཐག་ཐམས་ཅད་ཁ་ཕྱེས་ནས་ལུས་ལ་ལྕགས་ཀྱི་ཕུར་པ་འདེབས་པ་རྣམས་རིན་པོ་ཆེའི་ཕྲེང་བས་ལུས་བརྒྱན་པར་གྱུར། མི་གཙང་བའི་འདམ་རྫབ་རྣམས་ཡན་ལག་བརྒྱད་ལྡན་གྱི་ཆུར་གྱུར། རལ་གྲི་ནགས་ཚལ་རྣམས་སྐྱེད་མོའི་ཚལ་ཉམས་དགའ་བར་བྱིན་གྱིས་བརླབས། ཤལ་མ་རི་རྣམས་དཔག་བསམ་གྱི་ལྗོན་ཤིང་དུ་


CMR024_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས། རུལ་མྱག་གི་ཆུ་རྣམས་བདུད་རྩི་གཙང་མའི་ཆབ་ཏུ་བྱིན་གྱིས་བརླབས། ལྕགས་ཀྱི་སོག་ལེས་དྲ་བ་རྣམས་རིན་པོ་ཆེའི་ཕྲེང་བས་ལུས་བརྒྱན་པར་མཐོང་། ལྕགས་ཀྱི་གཏུན་ཁུངས་སུ་བརྡུང་བ་རྣམས་མེ་ཏོག་པདྨའི་ནང་ན་འདུག་པར་མཐོང་། ལྕགས་ཀྱི་མཆུ་ཅན་གྱིས་འཇོམས་པ་ངང་ངུར་སྐད་སྙན་ཅིང་ཁ་ནས་མེ་ཏོག་གིས་ཕྲེང་བ་ཁྱེར་བར་མཐོང་། གཤིན་རྗེ་མཐུ་ཆེན་གྱིས་རྒྱག་པ་རྣམས་ལྷའི་བུ་དང་བུ་མོར་མཐོང་། གཤིན་རྗེས་མིག་འབྱིན་ནས་ལག་པ་གཅོད་མཚོན་ཆ་འདེབས་པ་རྣམས་ཡིད་དུ་འོང་བའི་རོལ་མོ་དུ་མ་དང་ལྡན་པར་མཐོང་ངོ་། །དེ་ནས་སྤྱན་རས་གཟིགས་ཀྱིས་མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། ངས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །བདེ་བ་ཆེན་པོ་ཐོབ་པར་བྱས་སོ། །མི་ཁོམ་པ་དང་ངན་སོང་ཐམས་ཅད་རྒྱུན་གཅོད་དོ། །ཁྱོད་ཀྱི་མ་ཡང་ལུས་ལ་ལྕགས་ཀྱི་ཕུར་པ་འདེབས་པའི་སྡུག་བསྔལ་རབ་ཏུ་ཞི་བར་བྱས་སོ། །ད་ཁྱོད་སེམས་ཅན་དམྱལ་བའི་གནས་སུ་སོང་ལ་ངའི་མིང་ནས་བརྗོད་པ་དང་། སེམས་ཅན་དམྱལ་བའི་གནས་ནས་ཐར་བར་འགྱུར་ཞིང་། དམྱལ་བའི་སྡུག་བསྔལ་གྱིས་མི་བརྫི་བར་


CMR024_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཞེས་གསུངས་ཤིང་དེ་བཞིན་དུ་བྱས་པས་མ་ཡང་རིམ་པར་དྲང་ཚུལ་རྒྱས་པར་གསུངས་སོ། །འོ་དེ་ལྟར་མདོ་རྒྱུད་ཚད་ལྡན་གྱི་ལུང་། པཎ་གྲུབ་ཚད་ལྡན་གྱིས་མཛད་པའི་རྒྱ་གཞུང་དང་། ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་གསང་ཚིག་དང་། བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་དེ་རྣམས་མཁས་པ་རྣམས་ཡིད་ཆེས་པའི་གནས་ཡིན་གྱི། །རྣལ་འབྱོར་པ་རྣམས་ལ་ཉམས་ཀྱི་འཁྲུལ་སྣང་རིགས་དྲུག་གི་གནས་སྦྱངས་སྣ་ཚོགས་འཆར་བ་ལ་བདེན་རྫུན་གང་དུ་ཡང་ཁ་ཚོམ་བཅད་དུ་མེད་མོད། འོན་ཀྱང་སྐྱེ་བོ་ཕལ་པ་དང་རབ་ཏུ་བྱུང་ཡང་ཤེས་རབ་དམན་པ་ཁ་ཅིག་གིས་མདོ་རྒྱུད་ཀྱི་ལུང་དྲང་ཡང་དོན་མི་གོ་བར་གཏམ་རྒྱུད་དང་འདྲ་ལ་ངེས་ཤེས་བྱེད་པ་ཡོད་པས། འདིར་ཟུར་ཙམ་བརྗོད་ན། སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྤྲུལ་པའི་ཆ་ཤས་ལ། བོད་དུ་འདས་ལོག་པ་ལྔ་བྱུང་བར་གྲགས་པའི་ནང་ནས་ག་ཟི་ཨ་སྲུང་དེ་བར་དོ་དང་དམྱལ་ཁམས་འགྲིམ་དུས། །ལམ་དེ་ལ་ཡི་གེ་དྲུག་པའི་སྒྲ་དབྱངས་ཆེན་པོ་ཞིག་གྲགས་པས། དེ་མ་ཐག་ཏུ་ནམ་མཁའི་དབྱིངས་ནས་ལྷའི་བུ་དང་བུ་མོ་ལ་སོགས་པ་རྣམས་ཀྱིས་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་མང་པོ་བཟུང་ནས་བསུ་བ་


CMR024_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བྱེད་ཅིང་འདུག་པས། ཆོས་ཀྱི་རྒྱལ་པོ་ཡང་ཁྲི་ཐོག་ནས་བཞེངས་ནས་ལྡང་བ་ཞིག་མཛད་ནས་ཐལ་ཛ། དེ་མ་ཐག་ཏུ་རྣལ་འབྱོར་པ་གཅིག་གིས་རས་དཀར་པོའི་ན་བཟའ་མནབས་ནས་དྲྭ་བ་དམར་པོ་ཞིག་ཁུར། དོམ་ར་ཁམས་སིག་གེ་བ་གྱོན་ནས་དར་ཅོག་ཆེན་པོ་ངང་ཡ་ལེ་བ་ཞིག་ཁུར་ནས་ཡི་གེ་དྲུག་པའི་སྒྲ་དབྱངས་ཆེན་པོ་བྱེད་ཅིང་འགྲོ་བ་ཕོ་མོ་དཔག་ཏུ་མེད་པ་ཁྲིད་ནས། ལམ་དཀར་པོ་ལ་སྲུང་མ་ཚོས་བལྟ་བར་ཡང་མི་བཟོད་པར་བྱོན་ནས་ཐལ། དེ་མ་ཎི་བ་བསམ་པའི་དོན་འགྲུབ་པ་བྱ་བ་གཅིག་ཡིན་ཟེར་རོ། །འགྲོ་བ་ཕོ་མོ་དེ་རྣམས་ནི་རྣལ་འབྱོར་པ་དེ་ལ་འབྲེལ་པ་ཡོད་ཚད་ཚོ་ཡིན་ཟེར་རོ། །ཆོས་ཀྱི་རྒྱལ་པོའི་ཡིག་དྲུག་དར་ལྕོག་གི་ཕན་ཡོན་རྒྱ་ཆེན་པོ་གསུངས་སོ། །དེ་ནས་ཨ་སྲུང་གསོན་བྲ་ང་ཁམས་ན་གཤིན་རྗེའི་རྒྱལ་པོའི་བཏང་ནས། དར་ལྕོག་དང་ཡིག་དྲུག་གི་ཕན་ཡོན་སོགས་ཆོས་རྒྱལ་གྱི་གསུང་ཕྲིན་རྣམས་ཡི་གེར་བཀོད་དོ། །ཡང་བྱང་ཆུབ་སེམས་དཔའ་ཉག་ཕྲུག་བྱང་ཆུབ་སེང་གེ་ཤི་ནས་དམྱལ་ཁམས་འགྲིམ་དུས། ཀྱེ་མ་ཆོས་ཉིད་བར་དོ་ཨ་ཙ་མ། །སྒྲ་འོད་ཟེར་གསུམ་ང་རེ་བསྔངས། །གཤིན་རྗེའི་གཟུགས་བརྙན་མཐོང་ཙ་གློ་སྙིང་འདར། །ཡི་


CMR024_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལྷ་ངོ་མ་ཤེས་ང་རེ་ཕམ། །ཞེས་གསུངས་ཤིང་། ཉི་ཟླའི་ཕོ་བྲང་དུ་ཞྭ་ནག་ཅོད་པན་ལ་རང་དང་མཚུངས་པའི་པཎ་ཆེན་སྟོང་གིས་བསྐོར་ནས་ཞལ་ནས་ཡིག་དྲུག་གསུངས་ནས་ཧཱུྃ་ལས་འོད་ཟེར་མཐིང་ཁ་ཉི་ཟླ་ཙམ་སྟོང་ཕྲག་གི་སྣ་ལ། སེམས་ཅན་དུང་ཕྱུར་ཐར་ལམ་ལ་འདྲེན་དོ་བ་དུས་གསུམ་མཁྱེན་པ་ཡིན་གསུངས། རྣལ་འབྱོར་པ་གཅིག་གིས་མ་ཎི་པདྨེ་འཆམས་ཤིང་བྱུང་ཙ་ན་ཡི་གེ་དེ་ལ་གསེར་གྱི་ཐོ་བ་རི་རབ་ཙམ་ཆད་ནས་ལྕགས་མཁར་གྱིས་སྒོ་བཅོམ་སྟེ། སེམས་ཅན་དུང་ཕྱུར་ཙམ་ཡར་ཁྲིད་ནས་ཐལ་བ་རྨ་སེ་རྟོགས་ལྡན་ཡིན་གསུངས། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཉག་ཕྲུག་ལ་གསུངས་པ། འོ་རིགས་ཀྱི་བུ་ཉོན་དང་། ཆོས་ཐམས་ཅད་ཡི་གེ་དྲུག་མ་ཡིན། བརྒྱ་ཚོ་བཏོན་ན་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །སྟོང་ཚོ་རེ་བཏོན་ན་མི་དགེ་བ་བཅུའི་སྒྲིབ་པ་དག །ཁྲི་ཚོ་རེ་ཚར་ན་དམ་ཚིག་ཉམས་ཆག་བྱུང་། འབུམ་ཐེར་ཚར་ན་དཀོར་གྱི་ཕུང་པོ་རི་རབ་ཙམ་ཟོས་པ་ཡང་དག་གོ །བྱེ་བ་ཚར་ན་མཚམས་མེད་པ་ལྔའི་སྡིག་པ་དག །བྱེ་ཆེན་ཚར་ན་ངན་སོང་དུ་འཕང་ཡང་མི་འགྲོ། དུང་ཕྱུར་ཚང་ན་བདག་གཞན་དུས་གཅིག་ཏུ་སངས་རྒྱས་པ་ལ་ཐེ་ཚོམ་མེད་གསུངས། ལས་རྒྱུ་


CMR024_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་མང་དུ་གཟིགས། རྒྱལ་པོའི་གསུང་ཕྲིན་ཁྱེར་ནས་ཉག་ཕྲུག་གསོན་བྲ་ང་ཁམས་ན་ལོག་ནས་མཐོང་ཚུལ་དང་། གསུང་ཕྲིན་ཡི་གེར་བཀོད་སྐད་དོ། །ཡང་པཎྜི་ཏ་སྨི་ཏི་ཛྙཱ་ནའི་སྐྱེ་བ་ཀུ་སུ་ལུ་པ་དེ་ཤི་ནས་བར་དོ་དང་དམྱལ་ཁམས་བསྒྲོད་དུས། བྱ་བྲལ་དཀོན་མཆོག་སེང་གེ་ཡིན་ཟེར་བ་གཅིག་མ་ཎི་པད་དབྱངས་དི་རི་རི་བྱེད་ཅིང་སེམས་ཅན་འབུམ་ཐེར་སྟོང་དང་ཁྲི་ཚོ་དྲུག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་སྐྱེལ་བ་ཡིན་ཟེར་ནས་ཐལ། ཡང་རྒྱལ་པོས་ཕྱག་དང་མཆོད་པ་ཕུལ། དགེ་སྡིག་གི་གཤག་རལ་མི་དགོས་དང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་གསུངས། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསུང་ཕྲིན་བསྐུར་བ། གཤིན་ཡུལ་ཁྲ་མོ་འགྲིམས་ནས་འོང་བ་ལ། ཟོག་ཡོད་བརྒྱ་བས་མ་ཎི་པདྨེ་རྡོག་གཅིག་གིས་ངོ་ཆེ་དོ་གྱིས། བྲ་ང་ཁམས་ན་བདེ་སྐྱིད་ཕུན་སུམ་ཚོགས་པ་བས་འདི་ན་མུ་གེའི་ཤི་ལ་ཁད་ཅིག་ལ་མ་ཎི་རྡོག་གཅིག་ཁྱེར་རྒྱུ་ཡོད་ན་ངོ་ཆེ་དོ་གྱིས། བྲ་ང་ཁམས་ན་བདག་འཛིན་མགོ་མ་ནོན་པའི་མིའི་ཕྱི་ནང་གསང་གསུམ་གྱི་ཆོས་མ་ལུས་པ་འཆད་ཉན་ཤེས་པ་བས། འདི་ན་འོང་ཆིས་ཀྱི་དམིགས་པའི་མ་ཎི་རྡོག་གཅིག་ཙམ་གྱིས་ངོ་སོ་ཆེ་དོ་གྱིས། བྲ་ང་ཁམས་ན་ཞག་


CMR024_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ནང་དུ་ཆོས་ཐམས་ཅད་ཀྱི་བསྐྱེད་རིམ་ཚར་བ་བས། འདི་ན་སེམས་རང་ཐོག་ན་སེ་གོལ་བརྡབ་པའི་ཡུན་གྱིས་བཞག་པའི་ངོ་སོ་ཆེ་དོ་གྱིས། ཞེས་གསུང་ཕྲིན་རྣམས་ཁྱེར་ཏེ་ལས་མཁན་སེང་གེའི་མགོ་ཅན་གྱིས་བསྐྱེལ་ནས་གསོན་བྲ་ང་ཁམས་ན་ཕྱིན་ཏེ། མཐོང་ཚུལ་དང་གསུང་ཕྲིན་ཡི་གེར་བཀོད་སྐད་དོ། །དེ་ལྟར་རང་གི་སྡིག་སྒྲིབ་སྦྱང་བ་གཞན་ཚེ་འདས་འདྲེན་༈ པ་ལའང་ཡི་དམ་ཐུགས་རྗེ་ཆེན་པོ་བྱས་ནས་ཆོས་ཡི་གེ་མ་ཎི་པདྨེ་བསྒྲང་བ་ལས་ལྷག་མེད་དོ། །དེའི་ཕྱིར་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས། ལྷ་ཐུགས་རྗེ་ཆེན་པོ་འགྲོ་དྲུག་སྤྱིའི་ལྷ་ཡིན་པས་ཉིན་མཚན་མེད་པར་ཐུགས་རྗེས་སྤྱན་གྱིས་གཟིགས་པ་ཡིན། ཁྱད་པར་བོད་ཁ་བ་ཅན་གྱི་མི་རྣམས་ཀྱིས་ལྷ་སྐལ་མཛད་པས་བྱིན་རླབས་ཁྱད་པར་ཆེ་བ་ཡིན་པས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་དགོས། སྙིང་པོ་ཡི་གེ་དྲུག་པ་བཟླ་དགོས། འགྲོ་དྲུག་གཡང་ས་གཅོད་པ་ཡིན། འདི་ཉམས་སུ་ལོངས་ཤིག །ཅེས་དང་། སྡིག་པ་རྩད་ནས་གཅོད་པ་ལྷ་ཐུགས་རྗེ་ཆེན་པོའི་སྙིང་པོ། ཨོཾ་མ་ཎི་པདྨེ་ཧཱུཾ། འདི་སྒྲོངས་ཤིག །སྡིག་པ་མཚམས་མེད་ལྔ་བྱས་པ་ཡང་བྱང་ཞིང་དག་གོ །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་དྲུག་པ་འདི་


CMR024_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཟླའོ། །སྡིག་སྒྲིབ་ཐམས་ཅད་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ། ཡི་དམ་ཐུགས་རྗེ་ཆེན་པོ་བསྒོམ། སྙིང་པོ་ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་ཡི་གེ་དྲུག་པ་བཟླས་སོ། །འགྲོ་དྲུག་གནས་སྦྱངས་པ་ཡིན་ནོ། །ཞེས་དང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ངག་གི་བཟླས་པ་དེའི་ལྟོ་བ་ན་གནས་པའི་སྲིན་བུ་དང་། ལུས་ལ་གནས་པའི་ཤིག་ལྡི་བ་ལ་སོགས་སྲོག་ཆགས་ཐམས་ཅད་ངན་སོང་ནས་ཐར་ལ། གང་གིས་བཟླས་པའི་ལུས་ཀྱིས་རླུང་སེམས་ཅན་ལ་ཕོག་པས་ཀྱང་སྒྲིབ་པ་དག་པར་བཤད་དེ། རྒྱུན་ཏུ་བཟླས་པས་བྱང་ཆུབ་ཐོབ་པ་ལྟ་ཅི་སྨོས། ཐུགས་རྗེ་ཆེན་པོ་ཧྲིལ་གྱིས་དྲིལ་བས་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་སྙིང་པོ་ཡི་གེ་དྲུག་པ་འདི་ལ་འདུས་པ་ཡིན། འགྲོ་བ་རིགས་དྲུག་སྤྱིའི་སྒྲིབ་པ་ཡང་འདིས་སྦྱངས། དངོས་གྲུབ་ཀྱང་འདིས་ཐོབ། བྱིན་རླབས་ཀྱང་འདི་ལས་འབྱུང་བ་ཡིན་པས། རྒྱུན་དུ་ཡི་གེ་དྲུག་པ་བསྒྲུངས་ལ་གསོལ་བ་ཐོབ་ཅིག །ཇི་ལྟར་བསམ་པ་ལྟར་འགྲུབ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ནོ། །རང་བཞིན་གྱི་དོན་དུ་ཐུགས་རྗེ་ཆེན་པོའི་ཡང་སྙིང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི་རྒྱུན་དུ་བཟླས་པས་སྙིང་པོ་བྱང་ཆུབ་ཐོབ་པར་གདོན་མི་ཟའོ། །སྙིང་པོ་ཨོཾ་མ་ཎི་པདྨེ་


CMR024_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཞེས་པ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་བ་ཡིན་པས་འདི་ཟློས་ཤིག །འདི་ལ་ནན་ཏན་བསྐྱེད་ཅི་པོ་མ་ནོར་བ་ཡི་གེ་དྲུག་པ་འདི་ཡིན་ཏེ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི་ཡིས་འགྲོ་དྲུག་སྡུག་བསྔལ་སྦྱོངས་ཤིང་སྐྱེ་སྒོ་གཅོད་པ་ཡིན་པས། རྒྱུན་དུ་བཟླ་བ་པ་གལ་ཆེ། ཞེས་དང་། ཡང་འོད་ཟེར་བླ་མའི་གསུང་སྒྲོས་དེའི་སློབ་མ་བསོད་ནམས་སེང་གེས་འབྱམས་ཡིག་བསྐུར་བ་ལས་ཀྱང་། ཨོཾ་མ་ཎི་པདྨེ་ཧཱུྃ། གཅིག་གམ་བདུན་གྱི་བར་ལ་འདོན་ན། བསྐལ་པ་བརྒྱ་སྟོང་ཇི་སྙེད་ཅིག་འཁོར་བར་འགྱུར་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་འབྱངས་ཤིང་དག་པར་འགྱུར་རོ། །འདི་འདོན་ཅིང་འཛིན་པ་དག་ཆུ་ཀླུང་ངམ་རྒྱ་མཚོར་ཞུགས་ཏེ། ཁྲུས་བྱས་ན་དེར་གནས་པའི་སེམས་ཅན་དེ་དག་གི་ལུས་ལ་ཆུས་རེག་པར་གྱུར་ན། སྡིག་པ་ཐམས་ཅད་བྱང་ཞིང་དག་ནས་པདྨ་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །དེ་རྒྱུ་གཏོང་བ་ལ་མ་རྩིས་ན་ཕྲེང་བསྐོར་གཉིས་ལ་དངུལ་བྲེ་ཆེན་གཅིག་སྟོང་ལ་ལྔ། འབུམ་ཐེར་བརྒྱ་ལ་དངུལ་བྲེ་ཁྲི་ཚོ་ལྔ་བཏང་བའི་བསོད་ནམས་ཡོད་པས། རང་གིས་འདོན་པ་དང་གཞན་ལ་འདོན་བཅོལ་བ་ལ་


CMR024_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པར་བྱེད་དོ། །ཞེས་དང་། མདོ་རྒྱུད་ཀྱི་དགོངས་པ་ལུང་བསྟན་ལྟར་གསུང་མཆོག་ཡི་གེ་དྲུག་པ་རང་གཞན་གྱིས་འདོན་ཅིང་བསྐུལ་བ་ལ་འབད་ན། གནས་སྐབས་ཀྱི་བདེ་སྐྱིད་མཐར་ཐུག་བདེ་བ་ཅན་གྱི་ཞིང་ཁམས་སུ་དོན་གཉིས་མཐར་ཕྱིན་སངས་རྒྱས་ཐོབ་ནས། ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་ལྷུན་གྲུབ་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །མདོར་ན་སྤྱི་སྔགས་ཡིག་དྲུག་དང་། ལྷ་ཐུགས་རྗེ་ཆེན་པོ་ཉམས་སུ་ལེན་པར་བྱ་སྟེ། རྗེ་དབང་ཕྱུག་རྡོ་རྗེས། ཆོས་ཀྱི་སྙིང་པོ་བསྐྱེད་རྫོགས་གཉིས་ལ་འདུས། དེའི་གཙོ་བོ་བོད་གངས་ཅན་པའི་ཆོས་སྐལ་ཡིག་དྲུག །ལྷ་སྐལ་སྤྱན་རས་གཟིགས་ཡིན་པས། འདི་འགྲུབ་ཐག་ཉེ་ཞིང་གང་ལས་བྱིན་རླབས་ཆེ་བ་རྩེ་གཅིག་བསྒྲུབ་པར་བྱ་དགོས་ཞེས་གསུངས་ལ། དེའི་ནང་ནས་ཀྱང་རྒྱལ་བ་རྒྱ་མཚོ་འདི་སྙིང་པོ་ཡང་སྙིང་དམ་པ་ཡིན་ཏེ། རྒྱལ་བ་རྒྱ་མཚོའི་གཞུང་ཉིད་ཡིག་རྙིང་གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ་གནང་བ་ལས་ཚོགས་འཁོར་དཔོན་སློབ་ཡོན་གྱིས་མཉེས་ནས། ཞག་བདུན་བསྒྲུབས་ཀྱང་ཕྲིན་ལས་དུས་གསུམ་སངས་རྒྱས་དང་མཉམ་པར་འགྱུར་རོ། །


CMR024_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་ཟབ་པ་མེད་དོ། །ཞེས་དང་། ཞག་བདུན་གྱིས་ཞལ་མཐོང་དངོས་གྲུབ་མ་ལུས་པ་འབྱུང་བ་ཤིན་ཏུ་གསང་བར་བྱ། ཞེས་དང་། སྐད་ཅིག་དྲན་པ་ཙམ་གྱིས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ནས་མཁའ་སྤྱོད་དུ་ཁྲིད་པར་བྱེད་ཚེ། རྟགས་དང་འཇའ་དང་སྐུ་གདུང་རིང་བསྲེལ་ཤ་རིར་འབྱུང་གྱུར་ཏེ། ཐེ་ཚོམ་ཡོད་པ་མ་ཡིན་ཞེས་གསུངས་སོ། །ཡང་རྒྱལ་བ་རྒྱ་མཚོའི་དབང་ཆོག་ཡིག་རྙིང་ལས། སྣང་བ་མཐའ་ཡས་ཀྱི་བྱིན་རླབས། སློབ་དཔོན་པདྨའི་དགོངས་པ། མཁའ་འགྲོ་རྒྱ་མཚོའི་གསང་སྐོར། དཔའ་བོ་རྣམས་ཀྱི་ཊིཀ །སྤྱན་རས་གཟིགས་དབང་ཕྱུག་གི་གསང་སྒྲུབ། རྒྱུད་སྡེ་བཞིའི་སྤྱི་སྒྲུབ། ཅེས་གསུངས་སོ། །དེ་ཡང་ཆོས་བྱེད་པ་ལ་དོན་ཕྱི་མ་ཅི་འགྱུར་བརྟགས་དགོས། ལྷ་མིར་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། ཞིང་ཁམས་ཆུང་ངུ་རྣམས་སུ་སྐྱེས་ཀྱང་སླར་མི་ལྟུང་བའི་ཐག་ཆོད་མེད། དག་པའི་ཞིང་མཆོག་ཏུ་ནི་སྐྱེས་དཀའ་སྟེ། མ་གཅིག་ལབ་སྒྲོན་གྱི་དམ་ཚིག་ཉེར་གཅིག་མ་ལས། ། བདེ་བ་ཅན་མ་གཏོགས་པའི་ཞིང་ཁམས་རབ་རྣམས་སུ་ས་བརྒྱད་མ་ཐོབ་པར་མི་སྐྱེ། ཞིང་འབྲིང་རྣམས་སུ་ཉོན་སྒྲིབ་ཕྲ་བ་རྣམས་སྤངས། བསྒོམ་ལམ་ཡན་ཐོབ་དགོས་དེ་མིན་


previousཤོག་གྲངས་ ༥༠༡ ནས་ ༦༠༠ བར།next