Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་ཉུང་བསྡུས་རྒྱུན་ཁྱེར་གྱི་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བ་རྒྱ་མཚོའི་གཏོར་བསྔོས་ཉུང་བསྡུས་རྒྱུན་ཁྱེར་གྱི་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།next

རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་ཉུང་བསྡུས་རྒྱུན་ཁྱེར་གྱི་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།


CMR025_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་ཉུང་བསྡུས་རྒྱུན་ཁྱེར་གྱི་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ་བཞུགས་སོ།།


CMR025_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ། རྒྱལ་བ་རྒྱ་མཚོའི་རྒྱུན་ཁྱེར་གཏོར་བསྔོས་ནི། །འདོན་ཆ་ཐམས་ཅད་དམིགས་པ་ཡིན་པའི་ཕྱིར། །ལོགས་ཏུ་དམིགས་རིམ་བྲི་ནི་མི་དགོས་ཀྱང་། །གཞུང་ཚིག་ཅུང་ཟད་ཁ་སྦོམ་བཀྲོལ་བ་ནི། །རྒྱས་པར་བདག་མདུན་ཚང་མ་ཚོགས་བཅས་བྱ། །གལ་ཏེ་ཚོགས་མ་འབྱོར་ཀྱང་རུང་བ་ཡིན། །ཚོགས་ཕུད་ཕུལ་ནས་གཏོར་བསྔོས་ཀཾ་ཚང་ལུགས། །འབྲིང་དུ་བདག་བསྐྱེད་ཚར་ནས་གཏོར་བསྔོས་བྱ། །མ་ཁོམ་དྲན་རྫོགས་བདག་བསྐྱེད་བསྒོམས་ཀྱང་རུང་། །རང་ཉིད་ཡི་དམ་གསལ་བའི་ཐུགས་ཀ་ནས། །ཡི་གེ་ཡཾ་རཾ་ཁཾ་གསུམ་འཕྲོས་པ་ཡིས། །རཾ་


CMR025_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེ་བྱུང་མི་གཙང་དྲི་མ་བསྲེགས། །ཡཾ་ལས་རླུང་བྱུང་ཐ་མལ་བག་ཆགས་གཏོར། །ཁཾ་ལས་ཆུ་བྱུང་གཉིས་འཛིན་དྲི་མ་བཀྲུས། །པདྨན་ཀྲྀཏ་འདོན་ཚེ་བསྒོམ་རྒྱུ་ཡིན། །དེ་ནས་གཏོར་མ་སྣོད་བཅས་སྟོང་པར་བསྒོམ། །།སེམས་ངོ་བལྟ་ཞིང་པྲ་བྷའི་སྔགས་བརྗོད་དོ། །དེ་ནི་བསངས་དང་སྦྱངས་བའི་དམིགས་པའོ། །རང་གི་ཐུགས་ལས་ཡི་གེ་ཡཾ་འཕྲོས་པས། །ངོ་བོ་རླུང་ལ་དབྱིབས་ནི་གཞུ་འདྲ་བ། །གཞུ་རྒྱུན་གནམ་བསྟན་ཆང་ཟུང་ཡཾ་གྱིས་མཚན། །གཞུ་མཆོག་གཉིས་ལ་བ་དན་ལྗང་ཁུ་ནི། །ཟུར་གསུམ་རབ་ཏུ་ཆེ་བ་གཉིས་བཏགས་པ། །དེ་སྟེང་རང་གི་ཐུགས་


CMR025_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རཾ་འཕྲོས་པས། །མེ་ཡི་རང་བཞིན་ཟུར་གསུམ་རཾ་གྱིས་མཚན། །དེ་སྟེང་ཀཾ་ཡིག་སྐྱ་བོ་གསུམ་འཕྲོས་པས། །མི་མགོའི་སྒྱེད་པུ་རི་རབ་ཙམ་པ་གསུམ། ཁ་ཕྱིར་བསྟན་ཏེ་ཟུར་གསུམ་སྟེང་དུ་གནས། །དེ་སྟེང་རང་གི་ཐུགས་ལས་ཨ་སྤྲོས་པས། །བྷན་དུམ་གཅིག་དཔྲལ་བ་རང་ལ་བསྟན། །དེ་ཡང་རུས་པའི་བྷན་མ་ཡིན་ཏེ། །ཕྱི་ནི་ཆུ་ཤེལ་ཟླ་བའི་རང་བཞིན་དཀར། །ནང་ནི་མེ་ཤེལ་ཉི་མའི་རང་བཞིན་དམར། །རྒྱ་ནི་སྟོང་གསུམ་འཇིག་རྟེན་ཁྱོན་ཙམ་བསྒོམ། །དེ་ནང་གཞུང་ལྟར་བདུད་རྩི་ལྔ་པོ་ནི། །ངོ་བོ་བདུད་རྩི་ལྔ་པོ་ཡིན་མོད་ཀྱང་། །རྣམ་པ་གཅིན་སྟུག་མི་གཙང་གཟུགས་སུ་མིན། །རྣམ་པ་ཚབ་དང་རཀྟ་འདྲ་བའང་མིན། །རློན་པ་ཆུ་ཡི་རང་བཞིན་ཡིན་ནའང་། །དཔེར་ན་ཆབ་རོམ་ཆེན་པོའི་རི་བོ་བཞིན། །དྲི་ཆུ་བེཊྛར་དྲི་ཆེན་ཤེལ་གྱི་རི། །རཀྟ་གསེར་རི་བྱང་སེམས་དུང་གི་རི། །ཀླད་པ་བྱི་རུ་དཀར་པོའི་རི་འདྲ་བསྒོམ། །ཀུན་ཀྱང་དྲོད་མ་ཡལ་ཞིང་རླངས་པ་ཅན། །བདུད་རྩི་ལྔ་པོ་སྒྲོན་མ་ལྔ་ཞེས་བྱ། །མངོན་ཤེས་ལྔ་པོ་ཐོབ་པའི་དགོས་པ་ཡོད། །གཞུང་ལྟར་མི་ཤ་ལ་སོགས་ཤ་ལྔ་ཡང་། །ལུས་མ་ཚང་བའི་ཤ་གཟུགས་མ་ཡིན་ཏེ། །མི་དང་གླང་སོགས་


CMR025_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ནི་ཆེན་པོ་ལྔ། །དྲོད་མ་ཡལ་ཞིང་དབུགས་ནི་སོང་མ་ཐགེ །ཆེ་ཚོ་སེམས་ཅན་སོ་སོའི་བཀྲག་མདངས་ཅན། །རྐང་མགྱོགས་ལ་སོགས་དངོས་གྲུབ་ལྔ་གྲུབ་རྫས། །དེ་ལྟར་ཤ་ལྔ་བདུད་རྩི་ལྔ་པོ་འདི། །རིགས་ལྔ་ཡུམ་ལྔས་བྱིན་གྱིས་བརླབ་པའི་ཕྱིར། །མཐར་ཐུག་དེ་ཡི་གོ་འཕང་ཐོབ་པ་དང་། །གནས་སྐབས་བཅུད་ལེན་ཀུན་གྱི་མཆོག་ཏུ་བཤད། །དགོས་ཆེད་གཙང་བཙོག་རྣམ་རྟོག་འཇོམས་ཕྱིར་ཡིན། །གོ་བ་མི་གཙང་རྫས་ནི་བཅུ་པོ་སྟེ། །སྔགས་དང་ཏིང་འཛིན་བྱིན་རླབས་བདུད་རྩིར་འགྱུར། །དེ་བཞིན་རང་རེ་སེམས་ཅན་ཐ་མལ་རྣམས། །དབང་དང་གདམས་པས་བྱིན་རླབས་སངས་རྒྱས་འགྱུར། །ཞེས་པའི་བརྡའ་དེ་གོ་བའི་ཆེད་ཡིན་ནོ། །གྲུབ་ཐོབ་ཆེན་པོས་དངོས་སུ་དེ་རྣམས་ལ། །བདུད་རྩི་དངོས་སུ་བསྒྱུར་ནས་གསོལ་བ་དང་། །ལྷ་དང་དཀྱིལ་འཁོར་མཆོད་སོགས་དངོས་སུ་མཛད། །དངོས་སུ་བདུད་རྩིར་བསྒྱུར་བ་མི་ནུས་ན། །གཏོར་མར་གཙང་སྦྲ་བྱེད་ཅིང་ཡིད་ཀྱིས་བསྒོམ། །བསྒོམ་པར་ནུས་ན་ཤ་རྒྱན་མེད་ཀྱང་ཆོག །དེ་ཡང་ཕ་རྒྱུད་གསང་འདུས་རྒྱུད་ལས་གསུངས། །དེ་ནས་གཞུ་ཡི་ཆང་བཟུང་ཡཾ་ཡིག་ལས། །རླུང་བྱུང་གཞུ་མཆོག་


CMR025_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་གཉིས་པོ་བསྐྱོད། །དེ་ཡིས་གཡབ་པས་སྟེང་གི་རཾ་ཡིག་ལས། །མེ་འབར་ཐོད་པ་དྲོས་ཤིང་རྫས་རྣམས་ཁོལ། །ཞུ་ཞིང་འཕྱུར་བའི་མི་གཙང་དྲི་མ་རྣམས། །ལྦུ་བའི་ཚུལ་དུ་ཕྱིར་ལུད་ལྷག་མ་རྣམས། །ལྟེམས་སེ་ཞུ་བ་དམ་ཚིག་བདུད་རྩི་ཡིན། །དེ་སྟེང་ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་གསུམ། །བརྩེགས་མའམ་ནི་སུམ་ཚོམ་བསྒོམས་ཀྱང་རུང་། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །སངས་རྒྱས་ཀུན་གྱི་དཔྲལ་མགྲིན་ཐུགས་ཀ་ནས། །སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང་། །སྤྱན་དྲངས་ཡིག་འབྲུ་གསུམ་ལ་སོ་སོར་ཐིམ། །དེ་ནི་ཡེ་ཤེས་བདུད་རྩི་སྤྱན་འདྲེན་ཡིན། །དེ་ནས་ཡིག་འབྲུ་གསུམ་པོ་གཅིག་བརྗོད་པས། །ཨཱཡིག་ཞུ་ནས་འོག་ཏུ་ཐིམ་པ་ཡིས། །གསུང་གི་བདུད་རྩི་དམར་དང་ལྟེམས་སེ་གྱུར། །འབྲུ་གསུམ་གཅིག་བརྗོད་ཧཱུྃ་ཡིག་ཞུ་ཐིམ་པས། །ཐུགས་ཀྱི་བདུད་རྩི་སྔོ་དང་ལྟེམས་སེ་སོང་། །འབྲུ་གསུམ་གཅིག་བརྗོད་ཨོཾ་ཡིག་ཞུ་ཐིམ་པས། །སྐུ་ཡི་བདུད་རྩི་དཀར་དང་ལྡེམས་སེ་སོང་། །དམ་ཚིག་ཡེ་ཤེས་བདུད་རྩི་གཉིས་མེད་འདྲེས། །ཁ་དོག་མུ་ཏིག་ཁ་དོག་ལྟ་བུ་སྟེ། །དཀར་ལ་ཅུང་ཟད་སྔོ་ཞིང་དམར་མདངས་ཆགས། །རོ་ནི་སྦྱང་དང་


CMR025_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རིམ་ཀ་ར་བཞིན། །ལེགས་པར་བརྟགས་ན་རོ་མཆོག་བརྒྱད་དང་ལྡན། །བཀྲེས་པ་འགྲང་ཞིང་སྐོམ་རྣམས་ངོམ་པ་དང་། །ལུས་ལ་བདེ་བ་སྐྱེ་ཞིང་རིག་པ་གསལ། །དེ་སོགས་ནུས་པ་སྟོང་དང་ལྡན་པར་བསྒོམ། །དེ་ཡི་རླངས་པར་མཆོད་པའི་ལྷ་མོའི་ཚོགས། །མཆོད་རྫས་དུ་མ་འཛིན་པས་བར་སྣང་ཁྱབ། །བདུད་རྩིའི་རྒྱ་མཚོ་དཀྲུགས་པའི་སྒྲ་སྐད་ལ། །རོལ་མོའི་སྒྲ་དང་བསྟོད་དབྱངས་སྣ་ཚོགས་འབྱུང་། །བདུད་རྩིའི་དྲི་ངད་སངས་རྒྱས་ཞིང་ཁམས་ཀུན། །སྤོས་དྲི་སྣ་ཚོགས་རྣམ་པ་དུ་མས་ཁྱབ། །བདུད་རྩི་གཏོར་མ་བསྐྱེད་ལུགས་ཁྱད་མེད་དེ། །བདུད་རྩིའི་ཟེགས་མ་འཐོར་བ་རེག་པས་ཀྱང་། །ལྷ་ལ་ཕོག་ན་ཐུགས་དམ་དབྱིངས་སུ་བསྐང་། །མཆེད་ལྕམ་ལ་ཕོག་ཉམས་ཆག་སྡིག་སྒྲིབ་དག ། དགྲ་དང་བགེགས་ལ་ཕོག་ན་རྡུལ་དུ་བརླག །དམ་སྲི་དམ་ཉམས་ལ་ཕོག་དུག་ཏུ་འགྱུར། །ལྕེ་ལ་བཞག་ན་དངོས་གྲུབ་རྣམ་གཉིས་ཐོབ། །དེ་ནི་གསང་སྔགས་ནང་གཏོར་བསྐྱེད་ཆོག་ཡིན། །ནོར་ལྷ་ཕྱི་རྒྱུད་གཞི་བདག་གཏོར་མ་ནི། །ཧཱུྃ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་སྣོད། །ཡངས་ཤིང་རྒྱ་ཆེ་གླིང་བཞིའི་ཁྱོན་ཙམ་པ། །དེ་ནང་ཨོཾ་ཡིག་གམ་ནི་ཁཾ་ཡིག་ཞུ། །


CMR025_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་མངར་གསུམ་འོ་མའི་རྒྱ་མཚོར་བསམ། །ཨ་ཀཱ་རོ་ཡིས་འབྲུ་གསུམ་བྱིན་གྱིས་རློབས། །གཏོར་མ་བྱིན་རླབས་ཀྱི་ལེའུ་སྟེ་དང་པོའོ།། ༈ །།མདུན་བསྐྱེད་བཏོན་ན་སྤྱན་འདྲེན་དེས་འཐུས་ཀྱང་། །འཕྲལ་དུ་སྤྱན་འདྲེན་དམིགས་པ་རྒྱས་འདེབས་སྲོལ། །པད་ཀོར་དང་བཅས་འབར་བའི་ཕྱག་རྒྱ་ནི། །དཔྲལ་བར་བསྐོར་ཞིང་མིག་གཉིས་ནམ་མཁར་བལྟ་།ལུས་ནི་ཙོག་པུར་རྐང་གཡས་གཡོན་པ་མནན། །ཕོ་ཕོ་བརྗོད་པ་སྤྱན་འདྲེན་མཆོག་ཡིན་ཏེ། །གཏོར་མགྲོན་ཐམས་ཅད་སྐད་ཅིག་ཉིད་ལ་འབྱོན། །དེ་ཡང་དཀྱིལ་འཁོར་གཞན་དང་འབྲེལ་བ་ནི། །མདུན་བསྐྱེད་དཀྱིལ་འཁོར་ཕྱི་ཁྱམས་མགྲོན་ཀུན་བཞུགས། །དཀྱིལ་འཁོར་ཤར་སྒོའི་ཁྱམས་དེར་གཏོར་མ་ཡོད། །ལྷ་དགུ་ལྟ་བུ་བདག་བསྐྱེད་དཀྱིལ་འཁོར་དུས། །དཀྱིལ་འཁོར་ཕྱི་ཡི་ཁྱམས་དེར་གཏོར་མ་དང་། །མགྲོན་རྣམས་ཐམས་ཅད་བཞུགས་པར་བྷེ་པ་ཡིན། །འོན་ཀྱང་མདུན་བསྐྱེད་ལྷ་ལྔ་འབྲེལ་བའི་ཚེ། །ཀཐོག་དམ་པ་བདེ་གཤེགས་ཕྱག་ལེན་ལྟར། །གྲུབ་ཆེན་པཀཱིའི་ཐུགས་དམ་མཛད་པ་ཡིན། །རང་རེ་རྣམས་ཀྱིས་རྒྱུན་དུ་འདི་བྱ་སྟེ། །སྟོང་གསུམ་འཇིག་རྟེན་བདུད་རྩིས་ཁྱབ་པའི་སྟེང་། །བར་


CMR025_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཐོན་པོར་རྒྱལ་བ་རྒྱ་མཚོ་ལ། །ཡི་དམ་ཞི་བའི་ལྷ་ཚོགས་ཀུན་གྱིས་བསྐོར། །གཡས་སུ་རྟ་མགྲིན་ཁྲོ་བོ་ཀུན་གྱིས་བསྐོར། །གཡོན་དུ་གསང་ཡེ་མཁའ་འགྲོ་ཀུན་གྱིས་བསྐོར། །སྟེང་དུ་ཨོ་རྒྱན་བླ་མ་ཀུན་གྱིས་བསྐོར། །འོག་ཏུ་མ་མགོན་ཆོས་སྐྱོང་ཐམས་ཅད་དང་། །ནོར་ལྷ་བཀའ་སྲུང་ཀུན་གྱིས་བསྐོར་བའི་རྒྱབ། །ཡུལ་ལྷ་གཞི་བདག་རིགས་དྲུག་སེམས་ཅན་རྣམས། །རིགས་ལྔའི་དཔའ་བོ་མཁའ་འགྲོའི་སྐུར་གྱུར་བསྒོམ། །དེ་དག་བར་སྣང་ཁམས་སུ་པད་ཉི་སོགས། །རང་རང་གདན་ལ་རྫུ་འཕྲུལ་སྟབས་ཀྱིས་བཞུགས། །སྤྲིན་གྱི་ཕུང་པོ་ཞེས་སོགས་ཚིག་དེ་བརྗོད། །གཏོར་མགྲོན་སྤྱན་འདྲེན་གྱི་ལེའུ་སྟེ་གཉིས་པའོ།། ༈ །།རཏྣ་གུ་རུ་བླ་མ་སྤྱི་ཡི་མཚན། །གཏོར་བསྔོས་འདི་ལ་རྣམ་པ་མང་བ་སྟེ། །བརྗོད་པའི་ཚིག་གིས་བསྔོ་དང་སྔགས་ཀྱིས་བསྔོ། །ཕྱག་རྒྱས་བསྔོ་དང་ཡིད་ཀྱིས་བསྔོ་བ་དང་། །གྱེར་གྱིས་བསྔོ་དང་རྣམ་པ་ལྔ་ཙམ་ལས། །ཕྱོགས་བཅུ་དུས་གསུམ་ཞེས་པ་ནས་བཟུང་སྟེ། །འབུལ་ལོ་ཞེས་པར་ཚིག་གིས་བསྔོ་བ་ཡིན། །ཡི་དམ་སོ་སོའི་སྔགས་ལ་ཨི་དཾ་སོགས། །བརྗོད་པ་དེ་ནི་སྔགས་ཀྱིས་བསྔོ་བ་སྟེ། །ཚིག་དང་སྔགས་


CMR025_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྔོ་བའི་ལེའུ་སྟེ་གསུམ་པའོ།། ༈ །།ཕྱག་རྒྱས་བསྔོ་བ་ཐལ་མོ་ཁ་གྱེན་ཕྱེ། །ཨི་དཾ་བ་ལི་ཟེར་དུས་ཡར་བཏེག་ཚུལ། །ཁཱ་ཧི་ཚར་རྗེས་སེ་གོལ་རེ་རེ་རྡེབ། །དམིགས་པས་བསྔོ་བ་རྣམ་པ་གཉིས་ཡོད་དེ། །གཏོར་བསྔོས་ཚར་ནས་གཏོར་མ་བཀྲོལ་ན་ནི། །ལྷ་ཚོགས་ལྗགས་ལས་འོད་ཀྱི་སྦུ་གུ་བྱུང་། །གཏོར་མ་བདུད་རྩིའི་རྒྱ་མཚོ་ལ་ཟུག་ནས། །བདུད་རྩི་དྲངས་ཤིང་གསོལ་བས་མཉེས་པར་བསྒོམ། །འོད་ཀྱི་སྦུ་གུའང་སོ་སོའི་ཕྱག་མཚན་དབྱིབས། །འདི་ནི་གསར་རྙིང་སྒྲུབ་གཞུང་ཀུན་ནས་གསུངས། །འོན་ཀྱང་། གཏོར་མ་བཞག་རྒྱུར་དེ་བསྒོམ་ན། །གཏོར་མ་ལྷག་མར་གྱུར་པ་དེ་རྗེས་ནས། །གཏོར་བསྔོས་བྱེད་པ་ཅུང་ཟད་མི་ལེགས་པས། །རང་གི་ཐུགས་ལས་མཆོད་པའི་ལྷ་མོ་ནི། །གྲངས་མེད་སྤྲོས་ཏེ་ཕྱག་ན་བྷན་ཐོགས། གཏོར་མ་བདུད་རྩིའི་རྒྱ་མཚོ་ནས་བཅུས་ལ། །མགྲོན་རྣམས་སོ་སོའི་མདུན་དུ་ལྷ་མོས་བཏེག །འོད་ཀྱི་སྤུ་གུས་སྔར་ལྟར་གསོལ་བར་དམིགས། །དེ་ནི་ཏིང་ངེ་འཛིན་གྱི་བསྔོ་བ་ཡིན། །གཏོར་བསྔོས་སྤྱི་ཁོག་རྒྱལ་བ་རྒྱ་མཚོ་འདིར། །བླ་མའི་སྐབས་སུ་གང་འདོད་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོ་སོའི་སྐབས། །རང་


CMR025_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གི་གང་འདོད་བཙུད་པར་རུང་བ་ཡིན། །སྔོན་གྱི་རིག་འཛིན་གོང་མ་རྣམས་ཀྱི་དྲུང་། །གསང་སྔགས་དབང་བསྐུར་ཐོབ་པ་མ་གཏོགས་པའི། །གཞི་བདག་གཏོར་མ་ཕུགས་གཏོར་གྲལ་མི་རུང་། །ནང་མཆོད་ཕྱི་རྒྱུད་གཏོར་མ་བྲན་མི་རུང་། །འོན་ཀྱང་གཞི་བདག་རིགས་དྲུག་སེམས་ཅན་བཅས། །དཔའ་བོ་མཁའ་འགྲོའི་སྐུ་རུ་བསྒོམས་པ་དེས། །ནང་མཆོད་བྲན་རུང་ཕུགས་གཏོར་གྲལ་བཞག་རུང་། །ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བསྔོ་བའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ནས་གྱེར་གྱི་བསྔོ་བ་ཞེས་བྱ་བ། །སྟོན་པས་གསུངས་པའི་མདོ་སྡེ་རྣམས་ལ་ཡང་། །དང་པོ་ཚིག་ལྷུག་རྒྱས་པར་གསུངས་པའི་རྗེས། །དེ་དོན་བསྡུས་པའི་ཚིགས་བཅད་དབྱངས་སུ་གསུངས། །དེ་བཞིན་ཚིག་ལྷུག་གཏོར་བསྔོས་རྒྱས་པའི་རྗེས། །དེ་དོན་བསྡུས་པའི་གཏོར་བསྔོས་དབྱངས་སུ་གྱེར། །དེ་ལ་གྱེར་གྱིས་བསྔོ་བ་ཞེས་བྱ་སྟེ། །གཏོར་མ་བྱིན་རླབས་རྒྱས་པ་སྔར་སོང་ཡང་། །བསྡུས་པ་དྲན་རྫོགས་སླར་ཡང་གསལ་འདེབས་ཏེ། །ཨོཾ་ཞེས་བརྗོད་པས་གཏོར་སྣོད་གཏོར་མ་རྣམས། །མ་དག་དྲི་མ་སྟོང་པ་ཉིད་དུ་བསམ། །དེ་ནས་མཚུངས་མེད་གྱུར་ཞེས་བྱ་བའི་བར། །གཏོར་མ་བྱིན་རླབས་


CMR025_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལྟར་དྲན་ཙམ་བསྒོམ། །དེ་ནས་གཏིབས་པར་གྱུར་ཞེས་བྱ་བའི་བར། །གཏོར་མགྲོན་སྤྱན་འདྲེན་དམིགས་པ་དྲན་ཙམ་བསྒོམ། །དེ་ནས་ཚིག་གིས་བསྔོ་བ་འདི་ཉིད་ལས། །ཏིང་ངེ་འཛིན་གྱིས་བསྔོ་བའི་དམིགས་པ་བྱ། །ཡི་དམ་ཀུན་འདུས་བྱ་བའི་དུས་ཀྱི་ཚེ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མཆོད། །ཀུན་འདུས་རྩ་བའི་བླ་མ་ཟེར་བའི་དོན། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཐམས་ཅད་ནི། །རྩ་བའི་བླ་མའི་ཡོན་ཏན་ངོ་བོ་ཡིན། །བླ་མ་མཆོད་ཅེས་བླ་མ་ཐམས་ཅད་མཆོད། །དཀོན་མཆོག་ཀུན་འདུས་ཟེར་བའི་དུས་ཀྱི་ཚེ། །སངས་རྒྱས་དཀོན་མཆོག་ཐམས་ཅད་མཆོད་པར་ཧཱུྃ། །དེ་ནི་བླ་མའི་ཐུགས་ཀྱི་ངོ་བོ་ཡིན། །དམ་ཆོས་དཀོན་མཆོག་ཐམས་ཅད་མཆོད་པར་བྷྱོ༔ །དེ་ནི་བླ་མའི་གསུང་གི་ངོ་བོ་ཡིན། །དགེ་འདུན་དཀོན་མཆོག་ཐམས་ཅད་མཆོད་པར་བསྒོམ། །དེ་ནི་བླ་མའི་སྐུ་ཡི་ངོ་བོ་ཡིན། །དེ་བཞིན་རང་གི་དྲིན་ཐོབ་བླ་མ་མཆོད། །དེ་ལྟར་དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །དེ་ཕྱིར་རྩ་བའི་བླ་མ་ཞེས་བྱའོ། །ཆོས་སྐྱོང་ཀུན་ཞེས་ཆོས་སྐྱོང་ཐམས་ཅད་མཆོད། །དེ་ནི་བླ་མའི་ཕྲིན་ལས་ངོ་བོ་ཡིན། །དམིགས་པ་གསལ་ན་སྔོན་གྱི་དམིགས་པ་ལྟར། །སོ་སོར་


CMR025_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ནས་སོ་སོར་མཆོད་པར་བྱ། །སོ་སོར་དམིགས་པ་ཟིན་པར་མ་ཐེབ་ན། །རྒྱལ་བའི་དབང་པོའམ་ནི་ཨོ་རྒྱན་བསྒོམ། །དེ་ལ་ཐམས་ཅད་འདུས་པ་ཤེས་བྱས་ལ། །དེ་ཉིད་མཆོད་པས་ཐམས་ཅད་འཐུས་པ་ཡིན། །ཀུན་འདུས་རྩ་བའི་བླ་མ་མཆོད་སོགས་བརྗོད། །དེ་ནི་རྒྱ་ཆེན་སྤྱི་རུ་བསྔོ་བ་ཡིན། །དེ་ནས་བྱེ་བྲག་སོ་སོར་བསྔོ་བ་ནི། །བེར་ནག་ཅན་དང་དེ་ཡི་མཆེད་གྱུར་པ། །གུར་དང་ཕྱག་བཞི་ཕྱག་དྲུག་ཚོགས་བདག་ཡིན། །དེ་ཡི་སྤྲུལ་པའི་མགོན་ཆེན་བཞི་བཅུ་ལྔ། །དེ་རྣམས་བེར་ནག་ཅན་གྱི་མཆེད་ཡིན་ནོ། །ལྕམ་ནི་རང་བྱུང་རྒྱལ་མོ་དུད་སོལ་མ། །རེ་མ་ཏི་སོགས་ལྷ་མོ་སྟོང་རྩ་བརྒྱད། །དེ་དག་མགོན་པོའི་ལྕམ་དུ་གཏོགས་པ་ཡིན། །དབུགས་ལེན་བཅུ་དྲུག་ཕྱོགས་བཅུའི་མགོན་པོ་བཅུ་།དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས་ཏེ། །དེ་དག་བེར་ནག་ཅན་གྱི་འཁོར་ཡིན་ནོ། །མ་བདུན་སྲིང་མོ་དུས་བཞི་འབར་མ་དགུ། །དུས་བཞི་ལྷ་མོ་དམག་གི་རྒྱལ་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་དང་། །སྤུ་གྲི་མཆེད་གསུམ་མ་མགོན་གཉིས་ཀའི་འཁོར། །མཆེད་ལྕམ་འཁོར་དང་བཅས་པ་མཆོད་ཟེར་དུས། །དེ་དག་ཐམས་


CMR025_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཆོད་པར་དམིགས་པར་བྱ། །རྒྱལ་པོ་ཞེས་ནས་ཞིང་སྐྱོང་ཞེས་པའི་བར། །འཁོར་ལྔ་རང་རང་འཁོར་བཅས་མཆོད་པར་དམིགས། །མཁར་ནག་སྤྱིད་ཤོད་ལུང་དུ་གནོད་འཚེ་ཆེ། །དེ་ཕྱིར་མཆོད་པ་བྱེད་མཁན་ཡོད་ནའང་། །ཐང་ལྷ་མཁར་ཆུ་ལ་སོགས་གནས་ཆེན་བརྒྱད། །རྒྱ་གར་གྲོང་ཁྱེར་སྒྲ་སྒྲོག་ཞེས་བྱ་བའི། །ཀླུ་ཡིན་སྟོན་པའི་ཞལ་མཐོང་དམ་ཆོས་ཐོབ། །སྟོན་པ་འདས་དུས་རིང་བསྲེལ་བགོས་པའི་ཚེ། །སངས་རྒྱས་མཆེ་བ་གཡོན་པ་ཁོ་ལ་གནང་། །དུས་ཕྱིས་སོག་ཟམ་མཁར་ནག་བླ་མཚོ་ནས། །འབྲི་གུང་པ་ལ་ཕུལ་བའི་སངས་རྒྱས་ཚེམས། །འབྲི་གུང་མཐིལ་དུ་གདུང་འབུམ་བཞེངས་ནས་ཡོད། །ཀླུ་བདུད་ནག་པོ་མགོ་དགུ་ཞེས་བྱ་བ། །བཀའ་དགོངས་རྒྱུད་སྡེ་ནས་གསུངས་དཀྱིལ་འཁོར་ལྷ། །བྱང་སེམས་ནམ་མཁའི་སྙིང་པོའི་སྤྲུལ་པ་སྟེ། །ས་བརྒྱད་སེམས་དཔའ་ཡིན་པར་ཨོ་རྒྱན་གསུངས། །གྲུབ་ཆེན་པཀཱིར་སྲོག་གི་སྙིང་པོ་ཕུལ། །ཀཾ་ཚང་བསྟན་པ་བསྲུང་བར་དམ་བཅས་པ། །འདི་ཉིད་མི་མཆོད་མི་རུང་མཆོད་དུ་རུང་། །ཤ་ལྔ་བདུད་རྩིའི་མཆོད་རུང་གསང་སྔགས་ལྷ། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ནི། །སྤྱིར་དུ་ཆོས་སྐྱོང་ཐམས་ཅད་ཡིན་མོད་ཀྱི། །ས་བརྒྱད་


CMR025_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སྒམ་པོ་དཔལ་བརྩེགས་དང་། །ཁ་བ་དཀར་པོའི་དགེ་བསྙེན་དྲག་འདུལ་དང་། །ཙཱ་རིའི་སྒམ་པོ་ལྷ་རྩེ་གཡུ་སྒྲོན་མ། །གཉན་ཆེན་ཐང་ལྷ་རོང་ལྷ་རྒྱལ་མཚན་དང་། །ཁྱུང་ཐོ་དུང་རི་དཀར་པོའི་བམ་རྩེ་རི། །དེ་རྣམས་བསྟན་པ་སྐྱོང་བར་ཁས་བླངས་བྱས། །ཀརྨ་པཀྴི་བར་དེར་བཞུགས་པའི་ཚེ། །སྤྱན་རས་གཟིགས་ཀྱིས་འགྲོ་དོན་གྱིས་གསུངས་ཀྱང་། །འགྲོ་དོན་མི་འོང་སྐུ་སྐྱེ་མི་འབྱོན་དགོངས། །དེ་ཚེ་བོད་ཀྱི་བརྟན་མ་བཅུ་གཉིས་དང་། །སྐྱོང་མ་བཅུ་གཉིས་ཡ་མ་བཅུ་གཉིས་ཀྱིས། །།སྐུ་སྐྱེ་བྱོན་དང་བསྟན་པ་སྐྱོང་བ་དང་། །འགྲོ་དོན་འབྱུང་བའི་སྡོང་གྲོགས་ཁས་ལེན་བྱས། །ཁྱད་པར་གཅོད་ཀྱི་བཀའ་བབ་རང་བྱུང་པས། །ཀརྨ་པཀི་པདྨ་ཚུལ་ཁྲིམས་དང་། །ངོམ་རྒྱལ་སྤྱི་འབྱམ་བྱང་གྲགས་ལ་སོགས་པ། །རི་ཆེན་བརྒྱ་ཡི་རྩེར་བཞུགས་གཉན་ཐོག་བཅད། །བསྟན་པ་སྐྱོང་བའི་དགེ་བསྙེན་མིང་རེ་བཏགས། །དེ་དག་ཀུན་གྱིས་གཏོར་མ་ཐོབ་པར་བསྒོམ། །དེ་ནས་སྨན་གཏོར་རཀྟའི་མཆོད་པ་སོགས། །གོ་བར་སླ་བས་འདི་རུ་བཀྲོལ་མི་དགོས། །ཛ་གད་འདི་ལ་འཇུག་པ་མང་ན་ཡང་། །འདི་ཡི་སྐབས་སུ་ཆང་སྣ་བཞི་ལ་འཇུག །གསང་


CMR025_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆོད་པ་རིག་མ་བཅུ་དྲུག་སྤྲོ། །དེ་ཁོ་ན་ཡི་ཀུན་བཟང་མཆོད་པ་ནི། །མཆོད་པ་དེ་དག་ཟག་བཅས་དངོས་པོ་མིན། །ཟག་མེད་སྟོང་ཉིད་ཕྱག་རྒྱ་ཆེན་པོ་ཡི། །ཉམས་ལེན་ངང་ནས་མཆོད་པའི་སྤྲིན་སྤྲོ་བ། །སངས་རྒྱས་ཞིང་ཀུན་རྒྱས་པར་གང་བ་ཡིན། །གཏོར་མའི་མགྲོན་གྱུར་དེ་དག་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་ཡས་པ། །ཤེས་ན་སོ་སོར་བསྟོད་པར་བྷེ་པ་ཡིན། །འདོད་གསོལ་གོ་བར་སླ་ཕྱིར་བཀྲོལ་མི་དགོས། །ཀརྨ་པ་ཡིས་བཞེད་པ་གང་ཡིན་ན། །འགྲོ་དྲུག་སེམས་ཅན་གཅིག་ཀྱང་མ་ལུས་པ། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པ་ཡིན། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །དེ་ལ་བར་དུ་གཅོད་པ་རྣམས་ཡིན་ནོ། །དེ་ལྟར་མཆོད་པའི་དགེ་བའི་རྩ་བ་ནི། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག་ཅིག་བསྒོམ། །དེ་ཡིས་ཀར་ལུགས་གཞུང་གི་གཏོར་བསྔོས་ཚང་། ༈་།དེ་ནས་རྙིང་མ་སྤྱི་འདུས་གཏོར་བསྔོས་ནི། །དམིགས་པ་གོང་ལྟར་རྙིང་མའི་ལྷ་རྣམས་མཆོད། །གུ་རུ་ཞི་དྲག་བཀའ་དགོངས་ཕུར་གསུམ་སོགས། །ཡི་དམ་རྒྱ་མཚོ་ཐེག་པ་དགུ་ཡི་ལྷ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མ་ཚང་མེད། །ནོར་ལྷ་རྒྱ་མཚོ་དམ་ཅན་རྒྱ་མཚོ་


CMR025_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །མ་ཚང་རྙིང་མའི་ལྷ་ནི་གཅིག་ཀྱང་མེད། །དེ་ཡིས་རྙིང་མ་སྤྱི་ཡི་གཏོར་བསྔོས་ཚང་། ༈ །ཕྱི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ་པ་སྟེ།། །ནང་ལྟར་ཡི་དམ་འཁོར་ལོ་སྡོམ་པ་ཉིད། །གསང་བ་དྲུག་པ་རྡོ་རྗེ་འཆང་ཆེན་དང་། །དེ་ཁོ་ན་ཉིད་ཕག་མོ་གྲུ་པ་ཡིན། །འགྲོ་མགོན་བླ་མ་ཞེས་པ་དེ་ཡིན་ལ། །དེ་ཡི་གདན་སར་འཇིག་རྟེན་གསུམ་མགོན་བཞུགས། །དེ་ཡི་གདན་སར་གླང་ཆེན་དཔལ་སེང་བཞུགས། །སྤྱན་སྔ་གྲགས་པ་འབྱུང་གནས་ཞེས་བྱ་བ། །དེ་ནི་ཕག་གྲུ་སྐྱོབ་པ་གཉིས་ཀ་ཡིན། །གདན་ས་འཛིན་ཅིང་དེ་ཡི་སྐུ་རིང་ལ། །དགེ་འདུན་ཁྲི་ཚོ་བཅོ་བརྒྱད་བྱུང་བ་ཡིན། །ཡེ་ཤེས་མགོན་པོ་དངོས་སུ་འགྲུབ་གྱུར་ཏེ། །དེ་ཡི་སྒོ་ནས་དབང་སྡུད་མཛད་པ་ཡིས། །ས་ཧོར་ཡོན་མཆོད་གཉིས་ཀ་དབང་དུ་བསྡུས། །ཉིད་ཀྱི་དབོན་པོ་དབུས་གཙང་རུ་བཞི་ཡི། །སྤྱི་དཔོན་སྣེ་གདོང་རྩེ་པ་ཞེས་བྱར་བསྐོས། །དེ་ཡི་རྒྱུད་ལ་སྤྱན་སྔ་བརྒྱད་བྱུང་སྟེ། །ལྷ་ཆེན་བརྒྱད་དང་སྒོ་མང་བརྒྱད་ཀྱང་བཞེངས། །དེ་ནས་གདན་ས་ཞྭ་དམར་བཞི་པར་ཕུལ། །མཚན་ཡང་སྤྱན་སྔ་ཆོས་ཀྱི་གྲགས་པར་ཐོག །ཕག་མོ་གྲུ་པ་སེངྒེའི་ཁྲི་ལ་བཞུགས། །ཁྲི་དེར་སུ་ཡིན་བླ་མ་བཞུགས་མི་


CMR025_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད། །ཕྱག་བཞི་པ་ཡིས་ཉིན་རེ་ལན་གསུམ་དུ། །སུ་རེད་བཞུགས་དོགས་གྲི་གུག་གཡུག་ཅེས་གྲགས། །དེ་ཕྱིར་ཀརྨ་པ་ཡང་བཞུགས་སྲོལ་མེད། །ཁྲི་དེར་དཀོན་མཆོག་ཡན་ལག་བཞུགས་པའི་དུས། །མགོན་པོས་གྲི་གུག་གཡུག་དང་དུས་མཚུངས་ནས། །ཡེ་ཤེས་མགོན་པོ་དངོས་སུ་ཞལ་གཟིགས་ཏེ། །རྡོ་རྗེ་འཆང་དངོས་མགྲོན་མགོན་བླ་མ་ཞེས། །ཕག་གྲུས་བསྟོད་པ་དང་བཅས་འདི་ཉིད་མཛད། །མདུན་གྱི་ཆོས་སྐྱོང་རྣམས་ཀྱི་གྲལ་དེ་རུ། །མགོན་པོ་འཁོར་བཅས་གསལ་ནི་བཏབ་ནས་ཀྱང་། །གོང་དུ་བཤད་ལྟར་གཏོར་མ་གསོལ་བར་བསྒོམ། །མ་ཧཱ་ཀཱ་ལ་ཞེས་པ་ཕྱག་བཞི་པ། །ཞབས་ཞེས་བྱ་བ་ཞེ་སའི་ཚིག་ཡིན་ནོ། །ཡུམ་ཆེན་དེ་ལ་རྣམ་པ་གསུམ་ཡོད་དེ། །དབྱིངས་ཀྱི་ཡུམ་ནི་ཨེ་ཀ་ཙ་ཏི་མ། །སྦྱོར་བའི་ཡུམ་ནི་ལྷ་མོ་ཙན་ཏི་ཀ །སྒྲོལ་བའི་ཡུམ་ནི་ལྷ་མོ་དུད་སོལ་ཡིན། །ལས་མཁན་དེ་ལ་མང་ཡང་ཚན་བཞིར་འདུས། །བྱ་རོག་གདོང་ཅན་ནག་པོ་སྟོང་དང་བཅས། །སེང་གེའི་གདོང་ཅན་ཤ་ཟ་འབུམ་དང་བཅས། །དམར་མོ་རྩ་འཇིབ་མ་མོ་བྱེ་བའི་ཚོགས། །ལེགས་ལྡན་གནོད་སྦྱིན་ཁྲི་དང་ཁྲབ་ཅན་འབུམ། །སྡེ་བརྒྱད་དཔལ་མགོན་བདུན་ཅུ་བཅས་པའོ། །དེ་


CMR025_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀུན་གྱིས་གཏོར་མ་གསོལ་བར་བསྒོམ། །ཀུན་བཟང་མཆོད་སྤྲིན་སྤུངས་སོགས་ཞེས་པ་ནི། །ཡིད་ཀྱིས་སྤྲུལ་པའི་མཆོད་པས་ནམ་མཁའ་བཀང་། །རང་གི་ལུས་དང་ལོངས་སྤྱོད་བཅས་པ་འབུལ། །མེ་ཏོག་བདུག་སྤོས་ལ་སོགས་ཕྱི་མཆོད་འབུལ། །ཤ་སྣ་སྙིང་སྣ་ཁྲག་སྣ་ཆང་སྣ་དང་། །རིག་མ་བཅུ་དྲུག་ཡིད་ཀྱིས་སྤྲུལ་ལ་མཆོད། །ཐུགས་དང་བསྡོམས་པས་རང་རིག་ཡེ་ཤེས་ནི། །དམིགས་པ་བསྒོམ་ཚེ་སེམས་ངོའི་གཤིས་མ་ཤོར། །བསྐྱེད་རྫོགས་ཟུང་འཇུག་ངང་ནས་བསྒོམ་པ་ཡིན། །འདོད་གསོལ་གཞུང་ལྟར་རྩེ་གཅིག་གསོལ་བ་བཏབ། །དེ་ཡིས་ཞྭ་དམར་ལུགས་ཀྱི་གཏོར་བསྔོས་ཚང་། །གསང་སྔགས་ནང་གཏོར་གྱི་ལེའུ་སྟེ་ལྔ་པའོ།། ༈ །།བསྐང་བ་བཅས་ནས་ཡོད་དམ་ཐང་སྐུའམ། །མེད་ན་གཏོར་མ་ཉིད་ལ་དམིགས་རྟེན་བྱ། །གོང་དུ་བཤད་པའི་བདུད་རྩིའི་རླངས་པ་ལས། །བསྐང་རྫས་སྣ་ཚོགས་འཕྲོ་ཞིང་མཆོད་པར་དམིགས། །ཡིད་ཀྱིས་སྤྲུལ་པ་གླིང་བཞི་རི་རབ་ནི། །ལྷ་མིའི་ལོངས་སྤྱོད་སྲོག་ཚོགས་སྣ་ཚོགས་བཅས། །དངོས་སུ་གྲུབ་པ་གླིང་བཞི་བྱེ་བ་བརྒྱ། །དེ་དག་བློ་ཡིས་བླངས་ཏེ་ཡིད་ཀྱིས་ཕུལ། །དེ་དོན་གྲུབ་ཆེན་


CMR025_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པཀྴི་ཡིས། །མདོས་དང་བསྐང་བ་མཎྜལ་དོན་གཅིག་གསུངས། །དེ་ལྟར་བསྒོམ་ཞིང་བསྐང་ཐུང་ཚར་གཅིག་འདོན། །བཀའ་བརྒྱུད་བསྐང་ཐུང་རང་བྱུང་རྡོ་རྗེས་མཛད། །འདི་གྷལ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དང་། །བེར་ནག་ཅན་གྱི་བསྐང་བ་ཚང་བ་ཡིན། ༈ །གནམ་ཆོས་བསྐང་ཐུང་རྙིང་མ་ཐམས་ཅད་འདུས། །དམ་ཚིག་ཉམས་ཆག་ཕྲ་ཞིབ་བྱུང་བོ་རྣམས། །བསྐང་བ་འདི་ཡིས་དག་པར་གསུངས་པ་ཡིན། །འདུལ་བའི་ལུགས་ལ་གསོ་སྦྱོང་དར་བ་ལྟར། །སྔགས་ཀྱི་ལུགས་ལ་བསྐང་བ་གསུངས་པ་ཡིན། །དམ་ཚིག་ས་ཡ་འབུམ་སྡེ་ཡོད་པའི་ཕྱིར། །ཕྲ་ཞིབ་ཉམས་པ་རང་གིས་མི་ཤེས་པས། །དེ་ཉིད་དག་ཕྱིར་བསྐང་ཐུང་ཆག་མེད་བྱ། །འདི་ནི་སྔགས་ཀྱི་གེགས་སེལ་གནད་ཆེན་ཡིན། །འདི་སྐབས་དམིགས་པ་སྒོམ་པར་འདོད་པ་ན། །ནམ་མཁའ་མཐོན་པོར་སངས་རྒྱས་བྱང་སེམས་ཚོགས། །དཀར་དམར་མཐིང་གསུམ་རིམ་པ་བཞིན་དུ་བསྒོམ། །དེ་ལས་ཡིག་བརྒྱ་དཀར་དམར་མཐིང་གསུམ་འཕྲོས། །ལྷ་ཚོགས་ཀུན་གྱི་གནས་གསུམ་འབྲུ་གསུམ་མཐར། །གཡས་སུ་འཁོར་བས་བདུད་རྩིའི་རྒྱུན་བབས་པས། །སྐུ་ལུས་གང་ཞིང་བཀྲག་མདངས་གཟི་བརྗིད་འབར། །ལྷ་


CMR025_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མི་མཉེས་པ་དག་ཐུགས་དགྱེས་བསྒོམ། །ལྷ་ཚོགས་གནས་གསུམ་ཡིག་བརྒྱ་དཀར་དམར་མཐིང་། །འཕྲོས་པས་བདག་དང་བསྲུང་བྱ་ཐམས་ཅད་ཀྱི། །གནས་གསུམ་འབྲུ་གསུམ་མཐའ་རུ་གཡས་སུ་འཁོར། །དེ་ལས་བདུད་རྩིའི་རྒྱུན་བབ་ལུས་གང་བས། །དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་ཀུན། །འོག་སྒོ་བཤང་ལམ་བ་སྤུ་ནག་ཉིལ་ཐོན། །རང་ལུས་དྲི་མེད་ཤེལ་སྒོང་ལྟ་བུར་བསྒོམ། །ཨོཾ་ས་མ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ༔ ཞེས་སོགས་ཡིག་བརྒྱ་ཅི་རིགས་བརྗོད་བྱ་སྟེ། །ཉམས་ཆག་བསྐང་བའི་སྔགས་དམིགས་ཤིན་ཏུ་ཟབ། །གསར་རྙིང་མགོན་པོའི་སྒྲུབ་སྐོར་རྣམས་ལས་བྱུང་། །བསྐང་ཐུང་འདི་གར་བརྒྱ་རྩ་གསོག་པ་ན། །སྒྲིབ་སྦྱོང་རྐྱེན་ཟློག་གཉིས་ཀའི་མཆོག་ཏུ་འགྱུར། །རྒྱུན་ཁྱེར་བསྐང་ཐུང་གི་ལེའུ་སྟེ་དྲུག་པའོ།། ༈ །།ཕྱི་རྒྱུད་གཞི་བདག་གཏོར་མ་བསྔོ་བ་ནི། །གནམ་ཆོས་སམ་ནི་ཀཾ་ཚང་གཞུང་ལྟར་བྱ། །དེ་ནས་གཏོར་མགྲོན་ཡེ་ཤེས་པ་དེ་རྣམས། །སྐུ་གསུང་ཐུགས་རྟེན་རྣམས་ལ་ཐིམ་པར་དམིགས། །འཇིག་རྟེན་པ་རྣམས་རང་གནས་ཡིད་ཀྱིས་གཤེགས། །


CMR025_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་དེ་ག་ཙམ་གྱིས་ཆོག་པ་སྟེ། །གནས་དེར་མི་འདུག་ཐག་རིང་འགྲོ་དགོས་ན། །རྗེས་ཆོག་རྒྱལ་བ་རྒྱ་མཚོའི་གཞུང་ལྟར་བྱ། །མཚམས་བསྡམས་སྒྲུབ་པ་ལ་སོགས་ཡིན་ན་ཡང་། །ས་གཅིག་ཡུན་རིང་འདུག་ཅིང་བདག་བསྐྱེད་དང་། །བསྙེན་པ་གཏོར་བསྔོས་རྒྱུན་དུ་བྱེད་པ་དེ། །བྱང་ཆུབ་ནར་མར་སྒྲུབ་པ་ཡིན་པའི་ཕྱིར། །རྒྱུན་དུ་རྗེས་ཆོག་མི་དགོས་དེ་ཡི་དོན། །འདི་ནི་གསར་མས་མི་བཞེད་རྙིང་མའི་ལུགས། །དགོན་པ་རྣམས་སུ་གྲྭ་པ་སོ་སོ་ལ། །གཏོར་མ་མེད་ཀྱང་སྤྱི་ཕ་དེར་དམིགས་ནས། །གཏོར་བསྔོས་འདོན་པ་ཆོས་སྡེ་ཀུན་ལ་དར། །སྒར་པ་རྒྱང་རིང་བཀྱག་ཚེ་སྤྱི་ཕ་ལ། །གཏོར་མ་མེད་པས་རྩམ་གཏོར་ཞེས་བྱ་བ། །སྡེར་ཆུང་ངམ་ནི་ཐེབ་ཙེ་གཙང་མའི་ནང་། །མེ་བཤོར་བྱས་པའི་རྩམ་པས་ཕྱུར་བུར་བཀང་། །གྲི་ཡིས་བྱུགས་ཏེ་གྲུ་བཞི་རྩེ་རྒྱལ་བྱས། །ཟུར་དུ་མར་ནི་ཅུང་ཟད་གཅིག་བཞག་སྟེ། །དེ་ཉིད་ནག་ཚང་ཐབ་ཆེན་ཁ་དེར་བཤམས། །ཇ་ཕུད་བྲན་ནས་འཚོགས་པས་གཏོར་བསྔོས་དར། །གྲུ་པ་གཏོར་མར་བརྩོན་པ་ལ་ལ་ཡིས། །ཐེབ་ཙེ་ནང་དུ་དེ་འདྲ་བཤམས་ནས་ཀྱང་། །རང་རང་གཏོར་བསྔོས་ཙོག་པུ་ནང་དུ་བྱེད། །རེས་འགའ་བྲན་པའི་ཆུ་ཡང་རྙེད་དཀའ་


CMR025_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཆུ་ཡི་སྙིང་པོ་ཡིན་ཞེས་ཚྭ་འདེབས་དར། །དེ་ཡང་མ་འཛོམ་མར་དང་ཐུད་དུམ་སོགས། །བྲན་ནས་འདོན་པ་འབྲོག་བླ་སྤྱི་ཡི་ལུགས། །ལ་ལས་ཡིད་ཀྱིས་སྤྲུལ་ནས་མཆོད་ཆོག་ཟེར། །དམིགས་རྟེན་གཏོར་མ་རྫས་ཙམ་མེད་པ་ལ། །ཆོ་ག་གཏོར་བསྔོས་རྒྱས་པ་འདོན་མཁན་གདའ། །རྟོགས་པ་མཐོ་ན་དེ་གས་ཆོག་པ་སྟེ། །ཕྱི་སྣོད་འཇིག་རྟེན་ཐམས་ཅད་གཏོར་གཞོང་ལ། །རི་རབ་གླིང་བཞི་སྐྱེ་འགྲོ་གཏོར་མར་གསུངས། །འོན་ཀྱང་རང་རེར་རྟོགས་པ་དེ་ཙམ་མེད། །གཏོར་མ་མེད་པའི་གཏོར་བསྔོས་གོད་ཀའི་རྒྱུ། །རྗེས་ཆོག་དང་ཞལ་གདམས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ལྟར་གཏོར་བསྔོས་དམིགས་རིམ་བསྡུས་པ་འདི། །གྲྭ་པ་གསར་བུ་རྣམས་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་ཐུན་མཚམས་གཉིས་ལ་སྨྲས། །མཐར་ཕྱིན་ཞེས་བྱས་ཡི་གེར་བཀོད་པའོ།། །།ཤུ་བྷཾ་མ་སྐུ་སརྦ་ཛ་ག་ཏཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱལ་བ་རྒྱ་མཚོའི་གཏོར་བསྔོས་ཉུང་བསྡུས་རྒྱུན་ཁྱེར་གྱི་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།next