Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པའི་མཁའ་འགྲོ་གསང་བའི་གཏོར་ཟློག་གི་ལྷན་ཐབས་ཟིན་བྲིས་རྗེ་དྲུག་པས་མཛད་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོ་ག་དང་འབྲེལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པའི་མཁའ་འགྲོ་གསང་བའི་གཏོར་ཟློག་གི་ལྷན་ཐབས་ཟིན་བྲིས་རྗེ་དྲུག་པས་མཛད་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོ་ག་དང་འབྲེལ་བ།next

ཐུགས་སྒྲུབ་ཡང་སྙིང་འདུས་པའི་མཁའ་འགྲོ་གསང་བའི་གཏོར་ཟློག་གི་ལྷན་ཐབས་ཟིན་བྲིས་རྗེ་དྲུག་པས་མཛད་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོ་ག་དང་འབྲེལ་བ།


CMR025_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པའི་མཁའ་འགྲོ་གསང་བའི་གཏོར་ཟློག་གི་ལྷན་ཐབས་ཟིན་བྲིས་རྗེ་དྲུག་པས་མཛད་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོ་ག་དང་འབྲེལ་བ་བཞུགས་སོ།།


CMR025_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཎཱཀི་ནི་ཧཱུྃ། མཁའ་འགྲོ་གསང་ཟློག་འདི་ཐུགས་སྒྲུབ་ལས་ཚོགས་ཡིན་ཀྱང་ཐུགས་སྒྲུབ་དང་མི་མཐུན་པས་མངོན་རྟོགས་མཛད་ཆོས་མང་། འོན་ཀྱང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཉིད་ལ་སྦྱར་ཚུལ་ནི། འདིའི་ཚིག་རྣམས་རྒྱུད་ཚིག་ལྟ་བུ་གཅིག་ལགས་ཏེ་ཉང་གི་གཏེར་ཁ་མཁའ་འགྲོ་མའི་གཏོར་ཟློག་དང་སྐུ་མདོག་ཙམ་མ་རྟོགས་ཞུས་དག་ཕེར་བར་འདུག །འདིའི་ལས་ཚོགས་ཁ་བསྒྱུར་བདུན་པ་ནས། བྱད་ཟློག་ལ་ཨཀསརsཙབཟླ་བར་གསུངས་པས། དོན་ལ་མཁའ་འགྲོ་སྤྱིའི་བཟློག་པའི་གཞུང་དུ་སྣང་བས་གཡོན་དཔའ་མོ་རྒྱ་མཚོའི་དཀྱིལ་འཁོར་ལ་སྦྱར་རུང་བ་སྟེ། དེ་ལའང་བཅའ་དང་འདོན་བྱ་གཞུང་འགྲིག་ཆོག་ལྟར་ལ། སྔོན་དུ་རྒྱལ་བ་རྒྱ་མཚོའི་བདག་མདུན་ཚར་བར་བྱས་པས་མངོན་རྟོགས་སྤྱན་


CMR025_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མཆོད་བསྟོད་དེས་འཐུས་པ་ཡིན་ནོ། །དེ་ནས་དམིགས་པ་ནི། ཡུམ་གཙོ་ཆེར་སྒྲུབ་པ་ཞེས་བྱ་བའི་མན་ངག་ཉང་གི་གཏེར་ཁ་རས་ཆུང་བ་ནས་བརྒྱུད་པའི་གྲུབ་ཆེན་ཀརྨ་པཀིའི་ཐུགས་དམ་དང་། མཁའ་སྤྱོད་པའི་ཞལ་གདམས་དེ་བཞིན་གཤེགས་པས་ཟིན་བྲིས་མཛད་པ་གཉིས་ཀྱི་དོན་བསྡུས་པ་ནི། རང་ཉིད་རྒྱལ་བ་རྒྱ་མཚོའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆོས་འབྱུང་དམར་པོ་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ། བདེ་ཞིང་གསལ་བའི་རང་བཞིན། རྒྱ་ཁྱོན་ནམ་མཁའ་དང་མཉམ་པར་གྱུར། དེའི་


CMR025_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བདག་མདུན་རྣམས་སྐད་ཅིག་ལ་གནས་འགྱུར་ཏེ་བདག་མདུན་གཉིས་ཀའི་གཙོ་བོ་གསང་བ་ཡེ་ཤེས་ཀྱི་ཌཱཀིར་གནས་པ། རིགས་བཞིའི་ཌཀི་རྒྱ་མཚོའི་དབུས་ན་བཞུགས་པ། གཡས་སུ་རྟ་མགྲིན་ལ་དཔའ་བོ་རྒྱ་མཚོ་དང་བཅས་ནས་བཞུགས་པ། གཡོན་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་གིས་བསྐོར་ནས་བཞུགས་པ། སྟེང་ཕྱོགས་སུ་སློབ་དཔོན་པདྨ་སྣང་བ་མཐའ་ཡས་དང་ཐ་མི་དད་པ་ལ་བཀའ་བརྒྱུད་བླ་མ་དང་སངས་རྒྱས་བྱང་སེམས་དཔག་མེད་ཀྱིས་བསྐོར་ནས་བཞུགས་པ། གདན་གྱི་ཞབས་སུ་ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་རྣམས་དང་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱང་རིགས་བཞི་ཌཀིའི་ངོ་བོར་གྱུར་ནས། གདན་འདེག་པ་དང་སྣང་སྲིད་དབང་དུ་སྡུད་པ་དང་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་གནས་པར་གྱུར། ཨོཾ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱིཿ་ཡ་ཧཱུྃ་ཛ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། སརྦ་ཨ་པ་ན་ཡ་བཟློག ། ཅེས་བརྗོད་པས། རང་ཉིད་ལྷར་གསལ་བའི་གཡས་སུ་བསྲུང་བྱ་ཕོ་རིགས། གཡོན་དུ་མོ་རིགས། རྒྱབ་ཏུ་རྟ་ཕྱུགས་ཐམས་ཅད། མདུན་དུ་ཟས་ནོར་ཐམས་ཅད་ཡོད་པ། དེའི་


CMR025_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དུ་མི་མགོ་སྐམ་པོ་བུམ་རིལ་བསྲུབ་མེད་པའི་གུར། དེ་རྒྱབ་དཔའ་བོ་མཁའ་འགྲོ་གྲངས་མེད་པར་ཞལ་ནང་དུ་གཟིགས་པའི་གུར། དེ་རྒྱབ་རྡོ་རྗེའི་ར་བ་གུར་བར་མཚམས་མེད་པ། དེ་རྒྱབ་ཁྲོ་བོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་ཞལ་ཕྱིར་གཟིགས་པའི་གུར། དེ་རྒྱབ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རལ་གྲི་སོ་གཉིས་ཀྱི་རྩེ་ལྟར་རྣོ་བའི་གུར། དེ་རྒྱབ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་དང་ལྡན་པ་རབ་ཏུ་འབར་ཞིང་འཚུབ་པའི་གུར་དུ་གྱུར། དེའི་ནང་དུ་བདག་མདུན་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱིས་ཨཱ་རལླིའི་སྒྲ་སྒྲོག་ཅིང་གར་བྱས་པས་འོད་ཟེར་མེ་ལྟ་བུ་ཕྱིར་འཕྲོས། ཕྱིའི་གནམ་ལྕགས་ཀྱི་འཁོར་ལོ་ལ་ཕོག་པས་འཁོར་ལོ་དེ་གཡས་སུ་དྲག་ཏུ་འཁོར་བས་གནོད་བྱེད་གདོན་བགེགས་བྱད་མ་ནད་འདྲེ་གཅོང་སྲི་ཐམས་ཅད་གཏུབས་ནས་ཚལ་པར་དམར་ཐ་ར་ར་བཏང་བ། ཕྱིའི་ཡེ་ཤེས་ཀྱི་མེས་གཞོབ་ཐུལ་ཐུལ་བསྲེགས་པས་སྟོང་པར་གྱུར་པར་བསམས་ལ། དེ་ནས་བཀུག་གཞུག་བསྒྲལ་ལས་ཞལ་བསྟབ་བྱ་སྟེ། གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་རང་དབང་མེད་པར་བཀུག་ཅིང་བསྒྲལ་བའི་ཤ་ཁྲག་གཏོར་མ་དང་དབྱེར་མེད་


CMR025_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ། མཁའ་འགྲོ་བྱེ་བ་འབུམ་སྡེས་ཚོགས་འཁོར་བྱས་ནས། གཅན་གཟན་ཤ་ལ་རུབ་པའམ་བྱ་གཅན་ཐེད་ལ་རུབ་པ་ལྟར་ཧབ་ཐོབ་ཏུ་ཟོས། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་སྤྲུལ་པའི་མཁའ་འགྲོ་དམར་ནག་གྲི་གུག་དང་ཐོད་ཁྲག་ཐོགས་པ་བྱེ་བ་དུང་ཕྱུར་དཔག་ཏུ་མེད་པ་མེ་དཔུང་རླུང་ནག་འཚུབ་མ་དང་བཅས་ཏེ་སེར་སྐྱོགས་བབས་པ་ལྟར་སོང་བས། བྱད་ཁ་བན་བྱད་བོན་བྱད། ནད་ཁ་རིམས་ཁ། རྐྱེན་ཁ་གདོན་ཁ་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བའམ་སྤྲིན་ནག་རླུང་གིས་དེད་པ་ལྟར་མཐའི་རྒྱ་མཚོའི་ཕ་རོལ་ཏུ་བདས་པར་གྱུར་པར་བསྒོམ་པ་ནི་བཟློག་པ་གཞུང་འདོན་ཆེའོ། །དེ་ནས་འབུལ་བའི་ཚེ། གཏོར་མ་དེ་ཉིད་གནམ་ལྕགས་ཀྱི་རི་བོ་ཟུར་གསུམ་པ། མཚོན་སྣ་ཚོགས་ཀྱི་རྩི་ཤིང་སྐྱེས་པ། ནད་དང་དུག་གི་རླངས་པ་སྔོ་དམར་དུ་བྱུང་བ། གདུག་པའི་མེ་དཔུང་དམར་འུ་རུ་རུ་འབར་བ་དེ། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་དམར་མོས་ཕྱག་གཡས་ཀྱིས་གཏོར་མ་བླངས་ནས། མཐོ་སྲིད་པའི་རྩེ་མོའི་བར་དུ་ཡར་ཕྱར་ནས། གནོད་བྱེད་དགྲ་བགེགས་བྱད་མ་གང་དུ་གནས་པ་དེའི་སྟེང་དུ་འཕངས་བས་ནམ་མཁའ་ནས་ཐོག་བབ་པ་ལྟར་རམ། གྲོག་ཚང་སེར་བས་


CMR025_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་བའམ། བྱིའུ་ཚང་རྡོག་པས་བརྫིས་པ་ལྟར། ནད་མཚོན་དུག་གསུམ་གྱི་ཆར་གྱིས་བརློག །མེ་དཔུང་གིས་བསྲེགས་ནས་རྗེས་ཀྱང་མེད་པར་གྱུར་པར་དམིགས་ཤིང་། ཕྱིར་ཕུལ་ཚེ་རོལ་མོ་སྔགས་དང་དམིགས་པ་དྲག་ཏུ་གཏད། ཚུར་སླེབས་ནས། གཏོར་གཞོང་རི་རབ་གླིང་བཞིའི་འོག་ཏུ་དམ་སྲི་མནན་པས་བསྐལ་པ་སྟོང་དུའང་མི་ཐར་བར་གྱུར་པར་དམིགས་ལ། ཧཱུྃ༔ ཐུགས་རྗེའི་འགྲོ་འདུལ་སོགས་རྟ་བྲོ་འདོན། དེ་ནས་སྔར་ལྟར་བསྲུང་བའི་དམིགས་རིམ་བསྒོམ་པ་དང་ཚེ་འགུགས་བྱས་ན་ལེགས། རྗེས་ཆོག་བཀྲ་ཤིས་སོགས་རྒྱལ་བ་རྒྱ་མཚོའི་གཞུང་ལྟར་བྱའོ། །ཞེས་བན་ཆུང་བདེ་ཆེན་བྲོ་འཚལ་གྱུར་ནས་གྲིབ་ཆེ་བར་གདའ་ཟེར་བས། བན་ཆུང་སོགས་སྤྱི་རིམ་གྲྭ་མང་གིས་མཁའ་འགྲོ་གཏོར་ཟློག་བརྒྱ་རྩ་བསོག་དགོས་པར་བྱུང་བའི་དུས་དམིགས་པ་སྤྱོད་རྒྱུར། སྔགས་འཆང་རཱ་ག་ཨ་སྱས་རྒྱལ་བ་རྒྱ་མཚོའི་གཞུང་ཆེན་པོ་རྣམས་ནས་མན་ངག་ལག་བླངས་སུ་སྡེབ་པ་སྤྱི། དགེའོ། ཛ་ཡནྟུ། སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་སྒྲུབ་ཡང་སྙིང་འདུས་པའི་མཁའ་འགྲོ་གསང་བའི་གཏོར་ཟློག་གི་ལྷན་ཐབས་ཟིན་བྲིས་རྗེ་དྲུག་པས་མཛད་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོ་ག་དང་འབྲེལ་བ།next